《地藏菩萨本愿经(汉译藏)》
释迦牟尼佛 说 · 索达吉堪布(汉译藏) 译
第1课
སངས་རྒྱས་ཤཀྱཱ་ཐུབ་པ་ལ་ཕྱག་འཚལ་ལོ།།
བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་ལ་ན་མོ།
༄༅། །བྱང་ཆུབ་སེམས་དཔའ་ས་ཡི་
སྙིང་པོའི་རྩ་བའི་སྨོན་ལམ་གྱི་མདོ་
ཞེས་བྱ་བ་བཞུགས་སོ། །
མཁན་པོ་བསོད་དར་རྒྱས་ཀྱིས་བསྒྱུར།
༄༅། །བྱང་ཆུབ་སེམས་དཔའ་ས་ཡི་
སྙིང་པོའི་རྩ་བའི་སྨོན་ལམ་གྱི་མདོ་
ཞེས་བྱ་བ་བཞུགས་སོ། །
སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་གྱི་གནས་ནས་རང་གི་མ་ཡུམ་གྱི་ཆེད་དུ་ཆོས་གསུང་ནས་བཞུགས་སོ། །
དེའི་ཚེ། ཕྱོགས་བཅུའི་འཇིག་རྟེན་གྲངས་མེད་པ། བརྗོད་དུ་མེད་པའི་བརྗོད་དུ་མེད་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལྷན་གཅིག་ཏུ་འདུས་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་སྙིགས་མ་ལྔ་བདོ་བའི་འཇིག་རྟེན་འདིར་བསམ་གྱིས་མི་ཁྱབ་པའི་ཤེས་རབ་དང་། བསམ་གྱིས་མི་ཁྱབ་པའི་རྫུ་འཕྲུལ་གྱི་སྟོབས་ལ་བརྟེན་ནས་སེམས་ཅན་གདུལ་བར་དཀའ་བ་རྣམས་བཏུལ་ཞིང་། བདེ་སྡུག་གི་ཆོས་རྣམས་ལེགས་པར་མཁྱེན་པ་ལ་རབ་ཏུ་བསྟོད་ཅིང་བསྔགས་པར་མཛད་དོ། །
དེ་དག་གིས་རང་རང་གི་ཉེ་གནས་མངགས་ཏེ་བཅོམ་ལྡན་འདས་ལ་ཁམས་འདྲི་བར་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཞལ་འཛུམ་པ་མཛད་ནས་འོད་གསལ་བའི་སྤྲིན་ཆེན་པོ་བརྒྱ་སྟོང་བྱེ་བ་ཁྲག་ཁྲིག་འཕྲོས་པ་སྟེ། དེ་ཡང་རྫོགས་པ་ཆེན་པོ་འོད་གསལ་བའི་སྤྲིན་དང་། ཤེས་རབ་དང་སྙིང་རྗེ་ཆེན་པོ་འོད་གསལ་བའི་སྤྲིན་དང་། ཤེས་རབ་ཆེན་པོ་འོད་གསལ་བའི་སྤྲིན་དང་། ཕ་རོལ་དུ་ཕྱིན་པ་ཆེན་པོ་འོད་གསལ་བའི་སྤྲིན་དང་། ཏིང་ངེ་འཛིན་ཆེན་པོ་འོད་གསལ་བའི་སྤྲིན་དང་། བཀྲ་ཤིས་པ་ཆེན་པོ་འོད་གསལ་བའི་སྤྲིན་དང་། བསོད་ནམས་ཆེན་པོ་འོད་གསལ་བའི་སྤྲིན་དང་། ཡོན་ཏན་ཆེན་པོ་འོད་གསལ་བའི་སྤྲིན་དང་། སྐྱབས་འགྲོ་ཆེན་པོ་འོད་གསལ་བའི་སྤྲིན་དང་། བསྟོད་བསྔགས་ཆེན་པོ་འོད་གསལ་བའི་སྤྲིན་ནོ། །
དེ་ལྟར་བརྗོད་དུ་མེད་པའི་འོད་གསལ་བའི་སྤྲིན་རྣམས་འཕྲོས་ནས་ངོ་མཚར་བའི་སྒྲ་ཡང་སྣ་ཚོགས་གྲགས་པར་བྱས་ཏེ། དེ་ཡང་སྦྱིན་པའི་ཕ་རོལ་དུ་ཕྱིན་པའི་སྒྲ་དབྱངས་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པའི་སྒྲ་དབྱངས་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པའི་སྒྲ་དབྱངས་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པའི་སྒྲ་དབྱངས་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པའི་སྒྲ་དབྱངས་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་སྒྲ་དབྱངས་དང་། བྱམས་པ་དང་སྙིང་རྗེའི་ཕ་རོལ་དུ་ཕྱིན་པའི་སྒྲ་དབྱངས་དང་། དགའ་བ་དང་བཏང་སྙོམས་ཀྱི་ཕ་རོལ་དུ་ཕྱིན་པའི་སྒྲ་དབྱངས་དང་། རྣམ་པར་གྲོལ་བའི་སྒྲ་དབྱངས་དང་། ཟག་པ་མེད་པའི་སྒྲ་དབྱངས་དང་། ཤེས་རབ་ཀྱི་སྒྲ་དབྱངས་དང་། ཤེས་རབ་ཆེན་པོའི་སྒྲ་དབྱངས་དང་། སེང་གེའི་ང་རོའི་སྒྲ་དབྱངས་དང་། སེང་གེའི་ང་རོ་ཆེན་པོའི་སྒྲ་དབྱངས་དང་། སྤྲིན་དང་འབྲུག་སྒྲའི་སྒྲ་དབྱངས་དང་། སྤྲིན་དང་འབྲུག་སྒྲ་ཆེན་པོའི་སྒྲ་དབྱངས་སོ། །དེ་ལྟར་བརྗོད་དུ་མེད་པའི་སྒྲ་དབྱངས་བསྒྲགས་ནས་མི་མཇེད་ཀྱི་འཇིག་རྟེན་འདི་དང་འཇིག་རྟེན་གཞན་པ་ནས་བསམ་དུ་མེད་པ། གྲངས་ལས་འདས་པའི་ལྷ་དང་ཀླུ་དང་མི་མ་ཡིན་སོགས་སུམ་ཅུ་རྩ་གསུམ་གྱི་གནས་དེར་འདུས་སོ། །
དེ་ཡང་རྒྱལ་ཆེན་རིགས་བཞི་དང་། སུམ་ཅུ་རྩ་གསུམ་དང་། འཐབ་བྲལ་དང་། དགའ་ལྡན་པ་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་རིས་དང་། ཚངས་པ་མདུན་ན་འདོན་དང་། ཚངས་པ་ཆེན་པོ་དང་། འོད་ཆུང་དང་། ཚད་མེད་འོད་དང་། འོད་གསལ་དང་། དགེ་ཆུང་དང་། ཚད་མེད་དགེ་དང་། དགེ་རྒྱས་དང་། བསོད་ནམས་སྐྱེས་དང་། སྤྲིན་མེད་འོད་དང་། བསོད་ནམས་དགའ་བ་དང་། འབྲས་བུ་ཆེ་བ་དང་། འདུ་ཤེས་མེད་དང་། མི་ཆེ་བ་དང་། མི་གདུང་བ་དང་། གྱ་ནོམ་སྣང་བ་དང་། ཤིན་ཏུ་མཐོང་བ་དང་། འོག་མིན་དང་། དབང་ཕྱུག་ཆེན་པོ་དང་། ནམ་མཁའ་མཐའ་ཡས་དང་། རྣམ་ཤེས་མཐའ་ཡས་དང་། ཅི་ཡང་མེད་དང་། ཡོད་མེད་མིན་མེད་བཅས་ལྷ་དང་ཀླུ། འདྲེ་གདོན་ལ་སོགས་པ་ཐམས་ཅད་གནས་དེར་འདུས་སོ། །
དེ་ནས་མི་མཇེད་ཀྱི་འཇིག་རྟེན་འདི་དང་འཇིག་རྟེན་གཞན་པ་ནས་འོངས་པའི་རྒྱ་མཚོའི་ལྷ་དང་། ཆུ་ཀླུང་གི་ལྷ་དང་། ཆུ་བོའི་ལྷ་དང་། ཤིང་གི་ལྷ་དང་། རི་བོའི་ལྷ་དང་། སའི་ལྷ་དང་། མཚེའུའི་ལྷ་དང་། ལོ་ཏོག་གི་ལྷ་དང་། ཉིན་མོའི་ལྷ་དང་། མཚན་མོའི་ལྷ་དང་། ནམ་མཁའི་ལྷ་དང་། གནམ་གྱི་ལྷ་དང་། བཟའ་བཏུང་གི་ལྷ་དང་། རྩི་ཤིང་གི་ལྷ་ལ་སོགས་པ་ཡང་གནས་དེར་འདུས་སོ། །
དེ་ནས་མི་མཇེད་ཀྱི་འཇིག་རྟེན་འདི་དང་འཇིག་རྟེན་གཞན་པ་ནས་ལྷགས་པའི་འདྲེའི་རྒྱལ་པོ་རྣམས་ཏེ། མིག་ངན་པའི་འདྲེའི་རྒྱལ་པོ་དང་། ཁྲག་འབྱིན་པའི་འདྲེའི་རྒྱལ་པོ་དང་། ལུས་ཀྱི་ཟུངས་འབྱིན་པའི་འདྲེའི་རྒྱལ་པོ་དང་། མངལ་དང་ཁམས་དམར་འབྱིན་པའི་འདྲེའི་རྒྱལ་པོ་དང་། དུག་བསྡུ་བའི་འདྲེའི་རྒྱལ་པོ་དང་། བྱམས་པ་ཅན་གྱི་འདྲེའི་རྒྱལ་པོ་དང་། བསོད་ནམས་དང་ཕན་པ་སྦྱིན་པའི་འདྲེའི་རྒྱལ་པོ་དང་། དགའ་གུས་ཆེན་པོའི་འདྲེའི་རྒྱལ་པོ་སོགས་གནས་དེར་འདུས་སོ། །
དེའི་ཚེ། སངས་རྒྱས་ཤཱཀྱ་ཐུབ་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་རྒྱལ་པོའི་སྲས་སུ་གྱུར་པ་འཇམ་དཔལ་དབྱངས་ལ་འདི་སྐད་དུ་བཀའ་སྩལ་པ། འཇམ་དཔལ་དབྱངས། ཁྱོད་ཀྱིས་ལྟོས་དང་། འཇིག་རྟེན་འདི་དང་། འཇིག་རྟེན་གཞན་དང་། ཞིང་ཁམས་འདི་དང་། ཞིང་ཁམས་གཞན་ནས་ལྷགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ལྷ་དང་། ཀླུ་དང་། འདྲེའི་རྒྱལ་པོ་རྣམས་དེང་གི་དུས་སུ་སུམ་ཅུ་རྩ་གསུམ་གྱི་གནས་འདིར་འདུས་པར་གྱུར་ན། ཁྱོད་ཀྱིས་དེ་དག་གི་གྲངས་གཞལ་བར་ནུས་སམ། འཇམ་དཔལ་གྱིས་སངས་རྒྱས་ལ་གསོལ་པ། བཅོམ་ལྡན་འདས། བདག་གིས་རྫུ་འཕྲུལ་གྱི་སྟོབས་ལ་བརྟེན་ནས་བསྐལ་པའི་བར་དུ་གཞལ་ཡང་དེ་དག་གི་གྲངས་འཚལ་བར་མ་ལགས་སོ། །
བཅོམ་ལྡན་འདས་ཀྱིས་འཇམ་དཔལ་ལ་བཀའ་སྩལ་པ། བདག་གིས་སངས་རྒྱས་ཀྱི་སྤྱན་གྱིས་ཡོངས་སུ་གཟིགས་ཏེ་དེ་དག་གི་གྲངས་གཞལ་བའི་མཐའ་ཡང་རྙེད་པ་མ་ལགས་སོ། །དེ་ནི་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོས་བསྐལ་པ་ཆེས་དཔག་ཏུ་མེད་པ་ནས་བཟུང་། བསྒྲལ་བར་གྱུར་པ་དང་། སྒྲོལ་བར་འགྱུར་བ་དང་། མ་བསྒྲལ་བ་དང་། གྲུབ་པར་གྱུར་པ་དང་། འགྲུབ་པར་འགྱུར་བ་དང་། མ་གྲུབ་པའི་སེམས་ཅན་རྣམས་སོ། །
འཇམ་དཔལ་གྱིས་སངས་རྒྱས་ལ་གསོལ་པ། བཅོམ་ལྡན་འདས། བདག་གིས་སྔོན་ཆེས་ཐོག་མ་མེད་པ་ནས་དགེ་བའི་རྩ་བ་རྒྱ་ཆེན་པོ་བསྐྲུན་ཏེ་ཤེས་རབ་ཐོགས་པ་མེད་པ་ཡོངས་སུ་བརྙེས་ནས་སངས་རྒྱས་ཀྱི་གསུང་ཇི་ལྟ་བ་བཞིན་ལེགས་པར་འཛིན་པར་ནུས་ན་ཡང་། འབྲས་བུ་ཆུང་ངུ་ལ་སྤྱོད་པའི་ཉན་ཐོས་དང་། ལྷ་དང་། ཀླུ་དང་། སྡེ་བརྒྱད་དང་། མ་འོངས་པའི་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པའི་བདེན་པ་ཉག་གཅིག་གི་གསུང་དེ་དག་ཐོས་ནའང་ཐེ་ཚོམ་སྐྱེ་བར་འགྱུར་བའོ། །
གལ་ཏེ་གུས་པས་སྤྱི་བོར་བཟུང་བར་གྱུར་ཀྱང་སྐུར་འདེབས་མི་བྱེད་པའི་ངེས་པ་ཡང་མེད་པས་དེ་བཞིན་གཤེགས་པས་བདག་ཅག་རྣམས་ལ་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོས་སློབ་པ་ལམ་གྱི་གནས་སྐབས་སུ་སྤྱོད་པ་ཇི་ལྟར་སྤྱད་པ་དང་སྨོན་ལམ་ཇི་ལྟར་བཏབ་པ་ལ་སོགས་པའི་བསམ་གྱིས་མི་ཁྱབ་པའི་མཛད་པ་དང་སྐྱེས་རབས་རྣམས་རྒྱ་ཆེར་བསྟན་དུ་གསོལ། སངས་རྒྱས་ཀྱིས་འཇམ་དཔལ་དབྱངས་ལ་བཀའ་སྩལ་པ། དཔེར་ན་སྟོང་གསུམ་གྱི་སྟོང་ཆེན་པོ་འདིར་རྩི་ཤིང་དང་། ནགས་ཚལ་དང་། འབྲས་དང་། ཏིལ་དང་། སྨྱུག་མ་དང་། འདམ་རྩྭ་དང་། ས་རྡོ་སོགས་རེ་རེ་ནས་རྡུལ་ཕྲ་རབ་ཏུ་གྱུར། རྡུལ་ཕྲ་རབ་ཀྱི་གྲངས་རེ་རེ་བཞིན་ཆུ་བོ་གང་གཱ་རུ་གྱུར། ཆུ་བོ་གང་གཱའི་བྱེ་མ་རེ་རེ་བཞིན་འཇིག་རྟེན་དུ་གྱུར། འཇིག་རྟེན་རེ་རེའི་ནང་དུ་རྡུལ་རེ་རེ་བཞིན་བསྐལ་པར་གྱུར། བསྐལ་པ་རེ་རེའི་ནང་རྡུལ་ཕྲ་རབ་ཇི་སྙེད་བསགས་པ་རེ་རེ་ནས་མཐའ་ལ་ཐུག་གི་བར་བསྐལ་པར་གྱུར་པ་ཞིག་ན། བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོས་ས་བཅུ་པ་བརྙེས་པ་ནས་བཟུང་མཛད་པ་ཇི་ལྟར་བགྱིས་པའི་གྲངས་ནི་གོང་གི་དཔེ་དེ་ལས་བརྒྱ་སྟོང་གི་ཚད་ལས་གཞལ་དུ་མེད་ན་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་ཉན་ཐོས་དང་རང་སངས་རྒྱས་སུ་གྱུར་པའི་མཛད་པའི་གྲངས་ནི་སྨོས་མ་དགོས་སོ། །
འཇམ་དཔལ་དབྱངས། བྱང་ཆུབ་སེམས་དཔའ་འདིས་བསམ་གྱིས་མི་ཁྱབ་པའི་རྫུ་འཕྲུལ་དང་སྨོན་ལམ་ལ་བརྟེན་ནས་མ་འོངས་པར་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་གང་ཞིག་གིས་བྱང་ཆུབ་སེམས་དཔའ་འདིའི་མཚན་ཐོས་པའམ། བསྟོད་བསྔགས་བྱས་པའམ། ཕྱག་འཚལ་བའམ། མཚན་ནས་བརྗོད་པའམ། མཆོད་པ་ཕུལ་བ་ནས་བཟུང་། དེའི་སྐུ་གཟུགས་ཚོན་རིས་ཀྱིས་བྲིས་པའམ། བརྐོས་པའམ། འདྲ་འབག་བཟོས་པའི་བར་དུ་བྱ་བ་བགྱིས་པའི་གང་ཟག་གང་དག་ལན་བརྒྱ་ཕྲག་ཏུ་སུམ་ཅུ་རྩ་གསུམ་གྱི་གནས་སུ་སྐྱེས་ནས་ངན་སོང་དུ་ལྟུང་བར་མི་འགྱུར་རོ། །
འཇམ་དཔལ་དབྱངས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་ཡི་སྙིང་པོ་ནི་སྔོན་བརྗོད་དུ་མེད་པའི་བརྗོད་དུ་མེད་པའི་བསྐལ་པ་ཆེས་དཔག་ཏུ་མེད་པའི་སྔ་རོལ་ལ་ཁྱིམ་བདག་གི་བུ་ཞིག་ཏུ་སྐྱེས། དེའི་ཚེ། འཇིག་རྟེན་དེར་དེ་བཞིན་གཤེགས་པ་སེང་གེ་རྣམ་པར་བསྒྱིངས་བ་སྤྱོད་པ་ཐམས་ཅད་དང་ལྡན་པ་ཞེས་བྱ་བའི་སངས་རྒྱས་ཤིག་བྱོན་ནོ། །
དེའི་ཚེ། ཁྱིམ་བདག་གི་བུས་བསོད་ནམས་སྟོང་གིས་བརྒྱན་པ། མཚན་དང་དཔེ་བྱད་འབར་བའི་སངས་རྒྱས་ཀྱི་སྐུ་གཟུགས་མཐོང་ནས་དེའི་དྲུང་དུ་ཕྱིན་ནས་དྲིས་པ། ཁྱེད་ཀྱིས་སྔོན་སྤྱོད་པ་ཅི་སྤྱད་པ་དང་སྨོན་ལམ་གང་བཏབ་པས་འདི་འདྲའི་མཚན་དཔེ་ལྡན་པའི་གཟུགས་སྐུ་གྲུབ་པ་ལགས། དེ་ནས་དེ་བཞིན་གཤེགས་པ་སེང་གེ་རྣམ་པར་བསྒྱིངས་བ་སྤྱོད་པ་ཐམས་ཅད་དང་ལྡན་པས་ཁྱིམ་བདག་གི་བུ་ལ་བཀའ་སྩལ་པ། ཁྱིམ་བདག་གི་བུ། ཁྱོད་ཀྱིས་འདི་ལྟའི་སངས་རྒྱས་ཀྱི་སྐུ་མངོན་པར་ཐོབ་པར་འདོད་ན། ཆེས་ཡུན་རིང་པོའི་བར་དུ་སྡུག་བསྔལ་གྱིས་གཟིར་བའི་སེམས་ཅན་རྣམས་བསྒྲལ་བར་བྱ་དགོས་སོ། །
འཇམ་དཔལ་དབྱངས། དེའི་ཚེ། ཁྱིམ་བདག་གི་བུས་འདི་ལྟར་དུ་ཐུགས་བསྐྱེད་པ་སྟེ། བདག་གིས་མ་འོངས་པར་བསྐལ་པ་ཆེས་གྲངས་མེད་པའི་བར་དུ། ཐབས་རྒྱ་ཆེན་པོ་ལ་བརྟེན་ནས་སྡིག་པ་དང་སྡུག་བསྔལ་གྱིས་ཡོངས་སུ་མནར་བའི་འགྲོ་བ་དྲུག་གི་སེམས་ཅན་རྣམས་བསྒྲལ་བར་བྱའོ། །བསྒྲལ་བར་བྱས་ནས་གཟོད་རང་ཉིད་མངོན་པར་འཚང་རྒྱ་བར་བྱའོ། །སངས་རྒྱས་དེའི་མདུན་ནས་དེ་ལྟར་དུ་ཐུགས་བསྐྱེད་དེ་ད་ལྟའི་བར་དུ་བསྐལ་པ་བརྒྱ་སྟོང་བྱེ་བ་ཁྲག་ཁྲིག་བརྗོད་དུ་མེད་པ་འདས་ཀྱང་ད་དུང་ཁོང་བྱང་ཆུབ་སེམས་དཔའི་ཚུལ་མཛད་པའོ། །སྔོན་བསམ་གྱིས་མི་ཁྱབ་པའི་བསྐལ་པ་དཔག་ཏུ་མེད་པའི་དུས་སུ། བདེ་བར་གཤེགས་པ་བྱང་ཆུབ་མེ་ཏོག་ངེས་པ་དབང་གི་རྒྱལ་པོ་ཞེས་བྱ་བ་ཞིག་འཇིག་རྟེན་འདིར་བྱོན་ནོ། །
སངས་རྒྱས་དེའི་སྐུ་ཚེའི་ཚད་ནི་བསྐལ་པ་དུང་ཕྱུར་གྲངས་མེད་བཞི་བཅུའི་བར་དུའོ། །སངས་རྒྱས་དེའི་བསྟན་པའི་གཟུགས་བརྙན་གྱི་དུས་སུ། བྲམ་ཟེའི་བུ་མོ་སྔོན་བསོད་ནམས་རྒྱ་ཆེར་བསགས་ཤིང་འགྲོ་བ་ཐམས་ཅད་ལ་དགའ་ཞིང་བཀུར་བར་བྱེད་པ་དང་། འགྲོ་བ་དང་། གནས་པ་དང་། སྡོད་པ་དང་། ཉལ་བའི་ཚེ་ན་ཡང་ལྷ་རྣམས་ཀྱིས་སྲུང་བར་བྱེད་པ་ཞིག་ཡོད་དོ། །བུ་མོ་དེ་ཉིད་ཀྱི་མ་ནི་ལོག་ལྟ་དང་ལྡན་ཞིང་རྟག་ཏུ་དཀོན་མཆོག་གསུམ་ལ་བརྙས་པར་བྱེད་པ་ཡིན་ནོ། །
དེའི་ཚེ། འཕགས་པའི་བུ་མོ་དེ་ཡིས་ཐབས་རྒྱ་ཆེན་པོ་ལ་བརྟེན་ནས་རང་གི་མ་ལ་སྐུལ་མ་ཡང་ཡང་བྱས་ཏེ་ཡང་དག་པའི་ལྟ་བ་རྒྱུད་ལ་སྐྱེ་རུ་བཅུག དེ་ལྟ་ནའང་། མ་དེ་དད་པའི་གནས་སུ་དད་པ་སྐྱེས་པར་མ་ནུས་ཤིང་མི་རིང་བར་ཚེ་ལས་འདས་སོང་། མོ་ཚེ་འཕོས་ནས་ཀྱང་། རྣམ་ཤེས་དམྱལ་བ་མནར་མེད་དུ་ལྟུང་བར་གྱུར་ཏོ། །
དེའི་ཚེ། བྲམ་ཟེའི་བུ་མོས་རང་གི་མ་དེ་འཇིག་རྟེན་དུ་འཚོ་བའི་དུས་སུ་ལས་རྒྱུ་འབྲས་ལ་མི་དད་པར་ཤེས་ནས་ལས་ཀྱི་སྟོབས་ལ་བརྟེན་ནས་ངན་སོང་དུ་ངེས་པར་སྐྱེས་ཡོད་སྙམ་དུ་དཔགས་སོ། །དེ་ནས་རང་གི་ཁྱིམ་གྱི་དངོས་རྫས་རྣམས་བཙོངས་ཏེ་སྤོས་དང་། མེ་ཏོག་སོགས་མཆོད་རྫས་རྒྱ་ཆེར་བླུས་ནས་དགོན་པ་གང་ཞིག་ཏུ་སྔོན་བྱུང་བདེ་བར་གཤེགས་པའི་མཆོད་རྟེན་གྱི་དྲུང་དུ་མཆོད་པ་རྒྱ་ཆེར་བྱས་སོ། །བུ་མོས་དགོན་པ་དེར་ཆོས་མཇལ་གནང་ནས་མཛེས་སྡུག་དང་གཟི་བརྗིད་ལྡན་པའི་བདེ་བར་གཤེགས་པ་བྱང་ཆུབ་མེ་ཏོག་ངེས་པ་དབང་གི་རྒྱལ་པོའི་སྐུ་གཟུགས་མཐོང་བར་གྱུར་ཏོ། །
དེའི་ཚེ། བྲམ་ཟེའི་བུ་མོས་བདེ་བར་གཤེགས་པའི་སྐུ་གཟུགས་ཀྱི་ཞལ་རས་ལ་ཡང་ཡང་བལྟས་ནས་དད་པ་བརྒྱ་འགྱུར་དུ་འཕེལ་བར་གྱུར་ཏོ། །མོ་རང་གིས་ཡིད་ལ་འདི་ལྟར་དུ་སེམས་ཏེ། སངས་རྒྱས་ཀྱིས་བྱང་ཆུབ་ཆེན་པོ་བརྙེས་པ་ཡིན་ལ། ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པས་གལ་ཏེ་སངས་རྒྱས་འཇིག་རྟེན་འདིར་བཞུགས་ན་བདག་གི་མ་ཤི་རྗེས་གནས་གང་དུ་སྐྱེས་པར་དྲིས་ན་སངས་རྒྱས་ཀྱིས་ངེས་པར་དུ་མཁྱེན་པར་འགྱུར་རོ། །
བྲམ་ཟེའི་བུ་མོས་དེ་ལྟར་དུ་བསམས་ནས་ཡུན་རིང་པོར་མཆི་མ་བཏོན་ཞིང་སངས་རྒྱས་ཀྱི་ཞལ་ལ་མིག་མ་བཙུམས་པར་བལྟ་བར་བྱས། དེའི་ཚེ། ནམ་མཁའ་ནས་སྒྲ་བྱུང་སྟེ། འཕགས་མ་ལགས། ཁྱོད་ཀྱིས་དེ་ལྟར་ཆོ་ངེ་དང་སྨྲེ་སྔགས་མ་འདོན། བདག་གིས་ཁྱོད་ལ་མ་གར་སྐྱེས་ཀྱི་གནས་དེ་བསྟན་འོང་ཞེས་པ་ཐོས་སོ། །དེ་ནས་བྲམ་ཟེའི་བུ་མོས་ལག་གཉིས་ཐལ་མོ་སྦྱར་ཏེ་ནམ་མཁའ་ལ་ལྟ་བཞིན་དུ་འདི་སྐད་དུ་གསོལ་པ། ཁྱེད་ཅི་འདྲའི་རྫུ་འཕྲུལ་དང་ཡོན་ཏན་ལྡན་པས་བདག་གི་སེམས་ལ་དབང་ཡང་སྟེར། བདག་གི་མ་འཇིག་རྟེན་འདི་ནས་ཚེ་འཕོས་པ་ནས་བཟུང་། བདག་གིས་ཉིན་མཚན་ཀུན་ཏུ་ཡིད་ལ་ཡང་ཡང་དྲན་ཞིང་མ་གར་སྐྱེས་ཀྱི་གནས་འདྲི་ས་དང་འདྲི་ཡུལ་མ་རྙེད་དོ། །
དེའི་ཚེ། ནམ་མཁའ་ནས་སླར་ཡང་སྒྲ་བྱུང་སྟེ་བུ་མོ་ལ་བཀའ་སྩལ་པ། བདག་ནི་ཁྱོད་ཀྱིས་ཕྱག་འཚལ་བའི་ཡུལ་ཏེ། སྔོན་གྱི་བདེ་བར་གཤེགས་པ་བྱང་ཆུབ་མེ་ཏོག་ངེས་པ་དབང་གི་རྒྱལ་པོ་དེ་ཡིན། ཁྱོད་ཀྱིས་རང་ཉིད་ཀྱི་མ་ཡུམ་རྗེས་སུ་དྲན་པ་དེ་སེམས་ཅན་གཞན་ལས་ཀྱང་ཤུགས་དྲག་པ་དང་ཚད་ལས་འདས་པས་བདག་གིས་ཁྱོད་ལ་མ་གར་སྐྱེས་ཀྱི་གནས་བསྟན་པར་བྱའོ། །བྲམ་ཟེའི་བུ་མོས་སྒྲ་དེ་ཐོས་རྗེས་ལུས་པོ་ས་ལ་འགྱེལ་ནས་ཡན་ལག་དང་ཉིང་ལག་ཀྱང་རྨས་པར་གྱུར་ཏོ། །དེ་ནས་ཉེ་གནས་རྣམས་ཀྱིས་གཡས་དང་གཡོན་ནས་སྐྱོར་བཞིན་དུ་དུས་རིང་པོར་འགོར་རྗེས་གཟོད་སད་པར་གྱུར་ཏོ། །
བུ་མོས་སླར་ཡང་ནམ་མཁའ་ལ་བལྟས་ཏེ་འདི་སྐད་དུ་གསོལ་པ། སངས་རྒྱས་ཐུགས་རྗེ་ཅན། བདག་ལ་དགོངས་སུ་གསོལ། བདག་གི་མ་ཡུམ་གང་དུ་སྐྱེས་པ་མྱུར་ཏུ་བསྟན་དུ་གསོལ། བདག་ཀྱང་ལུས་སེམས་བྲལ་ཏེ་རིང་པོར་མི་ཐོགས་པར་འཆི་བར་འགྱུར་རོ། །
དེའི་ཚེ། བདེ་བར་གཤེགས་པ་བྱང་ཆུབ་མེ་ཏོག་ངེས་པ་དབང་གི་རྒྱལ་པོས་བཀའ་སྩལ་པ། ཁྱོད་ཀྱིས་མཆོད་པ་ཕུལ་རྗེས་རང་གི་ཁྱིམ་དུ་སོང་ནས་ལུས་གནས་དྲང་པོའི་སྒོ་ནས་རང་ཉིད་ཀྱི་མ་ཡང་ཡང་ཡིད་ལ་བྱོས་དང་མ་གར་སྐྱེས་ཀྱི་གནས་དེ་ཤེས་པར་འགྱུར་རོ། །
དེའི་ཚེ། བྲམ་ཟེའི་བུ་མོས་མྱུར་ཏུ་སངས་རྒྱས་ལ་ཕྱག་འཚལ་ཏེ་རང་གི་གནས་སུ་སླེབས་སོ། །དེ་ནས་ལུས་དྲང་པོར་བསྡད་ཅིང་རང་ཉིད་ཀྱི་མ་ཡིད་ལ་ཡང་ཡང་དྲན་བཞིན་ཉིན་གཅིག་མཚན་གཅིག་གི་བར་དུ་བདེ་བར་གཤེགས་པ་བྱང་ཆུབ་མེ་ཏོག་ངེས་པ་དབང་གི་རྒྱལ་པོ་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་པའོ། །དེའི་ཚེ། གློ་བུར་དུ་རང་ཉིད་མཚོ་འགྲམ་ཞིག་ཏུ་སླེབས་པར་གྱུར། མཚོ་དེའི་ཆུ་ནི་ལྷོག་ལྷོག་ཏུ་ཁོལ་ཞིང་དེར་ལུས་པོ་ཐམས་ཅད་ལྕགས་ལས་གྲུབ་པའི་གཅན་གཟན་མ་རུངས་པ་མང་པོ་མཚོའི་སྟེང་དུ་ཤར་ནས་ནུབ་བར་དུ་ཐད་ཀར་འཕུར་ལྡིང་བྱེད་བཞིན་པ་དང་། སྐྱེས་པ་དང་བུད་མེད་བརྒྱ་སྟོང་ཁྲི་ཕྲག་མང་པོ་མཚོ་ནང་དུ་མར་ལྷུང་ཞིང་ཡར་བུད་དུས་གཅན་གཟན་མ་རུངས་པ་དེ་དག་གིས་འཐབ་ཅིང་རྩོད་བཞིན་དུ་ཟ་བར་བྱེད་པ་དང་། ཡང་གནོད་སྦྱིན་འཇིགས་སུ་རུང་བ་གཟུགས་སྣ་ཚོགས་ཡོད་པ་སྟེ། ལག་མང་དང་། མིག་མང་དང་། རྐང་མང་དང་། མགོ་མང་སོགས་ཀྱིས་རལ་གྲི་ལྟ་བུའི་མཆེ་བ་རྣོན་པོ་དག་ཁ་ནས་ཕྱིར་མངོན་དུ་ཕྱུང་ཞིང་ཉེས་ཆེན་གྱི་མི་རྣམས་གཅན་གཟན་མ་རུངས་པ་དེ་དག་གི་དྲུང་དུ་དེད་ནས་འོང་ངོ་། །
སླར་ཡང་གཅན་གཟན་རྣམས་ཀྱིས་མི་དེ་དག་བརླག་པར་བྱས་ཤིང་མགོ་མཇུག་མེད་པར་བཟའ་བར་བྱས་པ་མཐོང་ངོ་། །དེའི་ཚེ། ཆེས་འཇིགས་སུ་རུང་བའི་སྲོག་ཆགས་ཀྱི་གཟུགས་དང་རིགས་སྣ་ཚོགས་པ་རྣམས་ལ་ཡུན་རིང་པོར་བལྟ་བར་མི་བཟོད་པ་ཞིག་ཏུ་སྣང་ངོ་། །དེའི་དུས་སུ་བྲམ་ཟེའི་བུ་མོ་ནི་སངས་རྒྱས་ཡིད་ལ་བྱས་པའི་སྟོབས་ཀྱིས་རང་བཞིན་གྱིས་འཇིགས་སྐྲག་གང་ཡང་མ་བྱུང་ངོ་། །
དེར་དུག་མེད་པ་ཞེས་པའི་འདྲེའི་རྒྱལ་པོ་ཞིག་གིས་བུ་མོ་ལ་ཕྱག་འཚལ་ཞིང་འདི་སྐད་དུ་གསོལ་པ། ཨེ་མ། བྱང་ཆུབ་སེམས་མ་ལགས། ཁྱེད་ཅིའི་ཕྱིར་དུ་གནས་འདིར་ཕེབས་པ་ཡིན། དེའི་ཚེ། བྲམ་ཟེའི་བུ་མོས་འདྲེའི་རྒྱལ་པོ་ལ་དྲིས་པ། གནས་འདི་གང་ཞིག་ཡིན། དུག་མེད་ཀྱིས་སྨྲས་པ། འདི་ནི་ལྕགས་རི་ཆེན་པོས་བསྐོར་བའི་རི་བོའི་ནུབ་ཕྱོགས་ཀྱི་མཚོ་རིམ་དང་པོ་ཡིན།
བུ་མོས་དྲིས་པ། བདག་གིས་ཐོས་པ་ལ་ལྕགས་རིས་བསྐོར་བའི་ནང་དུ་དམྱལ་བ་དངོས་སུ་ཡོད་པ་དེ་བདེན་ནམ། དུག་མེད་ཀྱིས་སྨྲས་པ། དམྱལ་བ་ནི་དངོས་སུ་ཡོད་པ་ཡིན། བུ་མོས་དྲིས་པ། བདག་རྒྱུ་མཚན་ཅིའི་ཕྱིར་གནས་འདིར་ཐོན་པ་ཡིན། དུག་མེད་ཀྱིས་སྨྲས་པ། གནས་འདིར་རྫུ་འཕྲུལ་དང་ལས་ཀྱི་སྟོབས་གཉིས་ཁོ་ནས་མ་གཏོགས་གཞན་སུ་ཡང་སླེབས་པར་མི་ནུས་སོ། །
བུ་མོས་སྨྲས་པ། འདིར་རྒྱུ་མཚན་ཅིའི་ཕྱིར་མཚོ་ཆུ་རྣམས་ལྷོག་ལྷོག་ཏུ་ཁོལ་བ་དང་། ཉེས་ཅན་གྱི་མི་དང་གཅན་གཟན་མ་རུངས་པ་དེ་འདྲའི་མང་པོ་ཡོད་པ་ཡིན། དུག་མེད་ཀྱིས་སྨྲས་པ། འདིར་འཛམ་བུ་གླིང་དུ་ལས་ངན་བསགས་པའི་སེམས་ཅན་རྣམས་གསར་དུ་ཤི་ནས་ཞག་ཞེ་དགུ་སོང་ཡང་དེ་དག་ལ་དགེ་རྩ་སྒྲུབ་མཁན་གྱི་བུ་རྒྱུད་མེད་པས་སྡུག་བསྔལ་དེ་རྣམས་ལས་ཐར་བར་དཀའ་བ་དང་། གསོན་པའི་དུས་སུ་ཡང་དགེ་བའི་རྒྱུ་མ་བསགས་པས་དམྱལ་བའི་ལས་སྣང་ཉམས་སུ་མྱོང་བ་ཡིན་ནོ། །
གལ་སྲིད་སེམས་ཅན་འདི་དག་མཚོ་འདི་ལས་བརྒལ་ཐུབ་ཀྱང་། འདི་ནས་ཤར་ཕྱོགས་སུ་རྒྱང་གྲགས་འབུམ་ཕྲག་གི་མཚམས་སུ་མཚོ་གཞན་ཞིག་ཡོད་པ་ནི་དེ་ལས་སྡུག་བསྔལ་ཉིས་འགྱུར་གྱིས་ཆེ་བ་ཡིན། མཚོ་དེའི་ཤར་ཕྱོགས་སུ་སླར་ཡང་མཚོ་གཞན་ཞིག་ཡོད་པ་དེ་ནི་དེ་ལས་ཀྱང་སྡུག་བསྔལ་ཉིས་འགྱུར་གྱིས་ཆེ་བ་ཡིན། དེ་ལྟར་ལས་གསུམ་དང་སྡིག་པའི་རྒྱུས་སྡུག་བསྔལ་སྣ་ཚོགས་སུ་མྱོང་བས་ན་ཡོངས་གྲགས་སུ་ལས་ཀྱི་མཚོ་ཞེས་བྱ་བ་དེ་གནས་འདི་ཡིན་ནོ། །
དེ་ནས་བུ་མོས་འདྲེའི་རྒྱལ་པོ་དུག་མེད་ལ་དྲིས་པ། དམྱལ་བ་གང་དུ་ཡོད། དུག་མེད་ཀྱིས་སྨྲས་པ། མཚོ་གསུམ་གྱི་ནང་དུ་དམྱལ་བ་ཆེན་པོ་རིགས་མི་འདྲ་བ་བརྒྱ་ཕྲག་སྟོང་ཕྲག་མང་པོ་ཡོད། དེ་ཡང་དམྱལ་བ་ཆེན་པོ་ཞེས་པ་ནི། དམྱལ་ཁམས་བཅོ་བརྒྱད་ཡོད། དེ་ནས་དམྱལ་ཁམས་ལྔ་བརྒྱ་ལ་སྡུག་བསྔལ་གྲངས་མེད་པ་ཡོད། དེ་ནས་དམྱལ་ཁམས་བརྒྱ་སྟོང་ཕྲག་ཏུ་ཡང་སྡུག་བསྔལ་གྲངས་མེད་པ་ཡོད།
བུ་མོས་དྲིས་པ། བདག་གི་མ་ཤི་ནས་ཡུན་རིང་མ་སོང་ཞིང་ད་ལྟ་ཁོང་གི་རྣམ་ཤེས་གང་དུ་སྐྱེས་པ་ཁྱོད་ཀྱིས་ཤེས་སམ། དུག་མེད་ཀྱིས་དྲིས་པ། བྱང་ཆུབ་སེམས་མའི་མ་དེ་སྔོན་གྱི་དུས་སུ་བྱ་བ་གང་ལ་གོམས་པ་ཡིན། བུ་མོས་སྨྲས་པ། བདག་གི་མ་ནི་ཆེས་ལོག་ལྟ་དང་ལྡན་པ་ཞིག་ཡིན། དཀོན་མཆོག་གསུམ་ལ་སྐུར་འདེབས་བྱས་ཤིང་རྗེས་སུ་དད་པ་ཅུང་ཙམ་སྐྱེས་ཀྱང་སླར་ཡང་མི་གུས་པ་བྱས་པ་ཡིན། ཉིན་ཤས་སྔོན་དུ་ཚེ་འཕོས་པ་དང་ད་ལྟ་གནས་གང་དུ་སྐྱེས་པར་མ་ཤེས་པ་ཡིན་ནོ། །
དུག་མེད་ཀྱིས་སྨྲས་པ། བྱང་ཆུབ་སེམས་མའི་མ་ཡུམ་གྱི་རིགས་གང་ཡིན་པ་དང་མིང་ལ་ཅི་ཟེར། བུ་མོས་སྨྲས་པ། བདག་གི་ཕ་མ་གཉིས་ཀྱི་རིགས་ནི་བྲམ་ཟེ་ཡིན་ལ། ཕ་ཡི་མིང་ལ་ཚུལ་ཁྲིམས་རབ་འབྱོར་དང་མ་ཡི་མིང་ལ་ཡུའུ་ཏུའུ་ལུའུ་ཟེར།
དུག་མེད་ཀྱིས་ཕྱག་གཉིས་ཐལ་མོ་སྦྱར་ཏེ་བྱང་ཆུབ་སེམས་མ་ལ་འདི་སྐད་དུ་སྨྲས་པ། བྱང་ཆུབ་སེམས་མ་ཁྱེད་ད་ལྟ་རང་ཡུལ་དུ་བྱོན་དུ་གསོལ། མྱ་ངན་དང་གདུང་སེམས་གང་ཡང་མི་དགོས་སོ། །སྡིག་ཆེན་གྱི་བུད་མེད་ཡུའུ་ཏུའུ་ལུའུ་ནི་ཞག་གསུམ་གྱི་གོང་དུ་ལྷ་ཡུལ་དུ་སྐྱེས་སོང་། དེ་ནི་དྲིན་ལ་དྲིན་གཞལ་བའི་བུ་མོ་ཁྱེད་ཀྱིས་མ་ཡི་ཆེད་དུ་མཆོད་པ་རྒྱ་ཆེར་བཤམས་ནས་བསོད་ནམས་བསགས་པ་དང་བདེ་བར་གཤེགས་པ་བྱང་ཆུབ་མེ་ཏོག་ངེས་པ་དབང་གི་རྒྱལ་པོའི་དྲུང་དུ་མཆོད་སྦྱིན་རྒྱ་ཆེར་མཛད་པའི་འབྲས་བུ་ཡིན་ནོ། །བྱང་ཆུབ་སེམས་མའི་མ་ཡུམ་ཁོང་རང་ཉིད་སྡུག་བསྔལ་ལས་ཐར་བ་མ་ཟད། ཉིན་དེར། མནར་མེད་པའི་སེམས་ཅན་ཆེས་མང་པོ་ཡང་ཐར་བ་ཐོབ་སྟེ་བདེ་བ་ཉམས་སུ་མྱོང་བར་བྱས་པའོ། །འདྲེའི་རྒྱལ་པོས་དེ་སྐད་དུ་སྨྲས་རྗེས་ལག་གཉིས་ཐལ་མོ་སྦྱར་ཏེ་སོང་ངོ་། །དེ་ནས་བྲམ་ཟེའི་བུ་མོ་རྨི་ལམ་སད་པ་བཞིན་དུ་སྐད་ཅིག་ལ་རང་གི་གནས་སུ་ཐོན་ནོ། །
དེ་ལྟར་ལེགས་པར་རྟོགས་ནས་བདེ་བར་གཤེགས་པ་བྱང་ཆུབ་མེ་ཏོག་ངེས་པ་དབང་གི་རྒྱལ་པོའི་མཆོད་རྟེན་གྱི་དྲུང་དུ་བྲམ་ཟེའི་བུ་མོས་འདི་སྐད་དུ་སེམས་བསྐྱེད་པ་སྟེ། བདག་གིས་མ་འོངས་པར་བསྐལ་པ་དཔག་ཏུ་མེད་པ་ལ་ཐུག་གི་བར་དུ་ཐབས་རྒྱ་ཆེན་པོ་ལ་བརྟེན་ནས་སྡིག་སྡུག་གིས་གཟིར་བའི་སེམས་ཅན་རྣམས་སྒྲོལ་བར་བྱའོ། །
དེའི་ཚེ། སངས་རྒྱས་ཀྱིས་འཇམ་དཔལ་དབྱངས་ལ་བཀའ་སྩལ་པ། འཇམ་དཔལ་དབྱངས། སྐབས་དེ་དུས་ཀྱི་འདྲེའི་རྒྱལ་པོ་དུག་མེད་ནི་ད་ལྟའི་བྱང་ཆུབ་སེམས་དཔའ་ནོར་ཕྱུག་ཡིན་ལ། སྐབས་དེ་དུས་ཀྱི་བྲམ་ཟེའི་བུ་མོ་ནི་ད་ལྟའི་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་ཡིན་ནོ། །ས་ཡི་སྙིང་པོའི་རྩ་བའི་སྨོན་ལམ་གྱི་མདོ་ལས་སུམ་ཅུ་རྩ་གསུམ་གྱི་ལྷའི་ཕོ་བྲང་དུ་རྫུ་འཕྲུལ་བསྟན་པའི་ལེའུ་སྟེ་དང་པོའོ།། །།
དེའི་ཚེ། བསམ་དུ་མེད་པ། བརྗོད་དུ་མེད་པ། གཞལ་དུ་མེད་པ། བསྙད་དུ་མེད་པ། གྲངས་མེད་པའི་འཇིག་རྟེན་བྱེ་བ་ཕྲག་བརྒྱའི་ཞིང་ཁམས་ན། དམྱལ་བ་ཇི་སྙེད་ཡོད་པ་རྣམས་སུ། བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོའི་སྤྲུལ་པ་དེ་སྙེད་དུ་ཡོད་པ་རྣམས་ཀྱང་ཐམས་ཅད་སུམ་ཅུ་རྩ་གསུམ་གྱི་གནས་དེར་འདུས་པར་གྱུར་ཏོ། །
དེ་ནས་དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱི་སྟོབས་ལས་ཕྱོགས་བཅུ་ནས་ལྷགས་པའི་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོའི་སྤྲུལ་པ་རྣམས་དང་དེས་ལས་ཀྱི་ལམ་ནས་གྲོལ་བར་བྱས་པའི་སེམས་ཅན་གྲངས་མེད་བརྒྱ་ཕྲག་མང་པོ་དེ་དག་རང་རང་གིས་སྤོས་དང་མེ་ཏོག་གི་མཆོད་རྫས་ཐོགས་ཏེ་དེ་བཞིན་གཤེགས་པ་ལ་མཆོད་པ་འབུལ་བར་བྱས་སོ། །བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་དང་མཉམ་དུ་ལྷགས་པའི་སེམས་ཅན་དེ་དག་ནི་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོས་སློབ་པ་ལམ་གྱི་གནས་སྐབས་སུ་བཏུལ་བར་བྱས་ཏེ་ཕྱིར་མི་ལྡོག་པའི་བྱང་ཆུབ་ལ་བཀོད་པ་ཤ་སྟག་ཡིན་ནོ། །སེམས་ཅན་དེ་དག་ནི་སྔོན་བསྐལ་པ་ཐོག་མ་མེད་པ་ནས་འཁོར་བའི་གནས་སུ་འཁྱམས་ཤིང་ངལ་གསོ་ཅུང་ཟད་ཀྱང་མེད་པར་འགྲོ་བ་དྲུག་གི་སྡུག་བསྔལ་མྱོང་བའོ། །དེ་དག་ནི་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོའི་རྒྱ་ཆེ་བའི་སྙིང་རྗེ་དང་། བྱམས་པ། ཤིན་ཏུ་ཟབ་པའི་སྨོན་ལམ་ལ་བརྟེན་ནས་རང་རང་གིས་འབྲས་བུ་ཐོབ་པའོ། །
དེའི་ཚེ། དེ་དག་ཐམས་ཅད་སུམ་ཅུ་རྩ་གསུམ་གྱི་གནས་སུ་ལྷགས་ནས་སེམས་ལ་དགའ་བ་དང་སྤྲོ་བ་ཚད་མེད་པ་སྐྱེས་ཏེ་དེ་བཞིན་གཤེགས་པ་ལ་མིག་མ་བཙུམས་པར་བལྟ་བར་བྱས་སོ། །དེའི་ཚེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསེར་གྱི་མདོག་ལྟ་བུའི་དཔུང་པ་བརྐྱངས་ནས་བསམ་དུ་མེད་པ། བརྗོད་དུ་མེད་པ། གཞལ་དུ་མེད་པ། བསྙད་དུ་མེད་པ། གྲངས་མེད་པའི་བྱེ་བ་ཕྲག་བརྒྱའི་འཇིག་རྟེན་ནས་ལྷགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་ཡི་སྙིང་པོའི་སྤྲུལ་པ་རྣམས་ཀྱི་དབུ་ལ་བཞག་སྟེ་འདི་སྐད་དུ་བཀའ་སྩལ་ཏོ། །བདག་གིས་སྙིགས་མ་ལྔ་བདོ་བའི་འཇིག་རྟེན་འདིར། སེམས་ཅན་གདུལ་བར་དཀའ་བ་རྣམས་ཀྱི་སེམས་རབ་ཏུ་འདུལ་བར་བྱས་ཏེ་ཡང་དག་པའི་ལམ་ལ་འཇུག་པར་བྱས་སོ། །
དེ་ལྟ་ན་ཡང་། བཅུ་ཆ་གཅིག་དང་། བཅུ་ཆ་གཉིས་ཀྱི་སེམས་ཅན་རྣམས་ཀྱི་བག་ཆགས་ངན་པ་ནི་སྦྱངས་བར་མ་ནུས་སོ། །དེ་ལ་བདག་གིས་སྤྲུལ་པ་བྱེ་བ་བརྒྱ་ཕྲག་བཀྱེས་ཏེ་ཐབས་རྒྱ་ཆེན་པོ་ལ་བརྟེན་ནས་དབང་པོ་རྣོན་པོ་འགའ་ཞིག་ལ་ཆོས་ཐོས་པར་བྱས་ཤིང་དད་པའི་གནས་ལ་དད་པར་བྱས་པའོ། །དགེ་བའི་འབྲས་བུ་ཅན་འགའ་ཞིག་ལ་ནན་ཏན་གྱིས་བསྐུལ་བས་འབྲས་བུ་གྲུབ་པར་བྱས་པའོ། །རྨོངས་བརྟུལ་འགའ་ཞིག་ཡུན་རིང་པོའི་བར་དུ་གདུལ་བར་བྱས་ཏེ་ལམ་ཡང་དག་པ་ལ་བཙུད་པའོ། །ལས་ངན་པའི་སེམས་ཅན་འགའ་ཞིག་ལ་ཇི་ལྟར་བྱས་ཀྱང་དད་པའི་གནས་ལ་དད་པ་སྐྱེས་པར་མ་ནུས་སོ། །སེམས་ཅན་དེ་དག་ནི་དེ་ལྟ་བུའི་ཁྱད་པར་ཆེན་པོ་ཡོད་པས། བདག་གིས་ཀྱང་སྤྲུལ་པ་སྣ་ཚོགས་བཀྱེས་ནས་བསྒྲལ་བར་བྱས་པ་སྟེ། སེམས་ཅན་ལ་ལར་སྐྱེས་པའི་གཟུགས་སུ་སྣང་བ་དང་། ལ་ལར་བུད་མེད་ཀྱི་གཟུགས་སུ་སྣང་བ་དང་། ལ་ལར་ལྷ་དང་ཀླུའི་གཟུགས་སུ་སྣང་བ་དང་། ལ་ལར་ལྷ་དང་འདྲེའི་གཟུགས་སུ་སྣང་བ་དང་། ལ་ལར་རི་བོ་དང་། ནགས་ཚལ་དང་། ཆུ་ཀླུང་དང་། སྤང་ལྗོངས་དང་། ཆུ་བོ་དང་། རྫིང་བུ་དང་། ཆུ་མིག་དང་། ཁྲོན་པ་ལ་སོགས་པའི་སྒོ་ནས་སེམས་ཅན་དེ་དག་སྒྲོལ་བར་བྱས་པའོ། །
ཡང་ལ་ལར་བརྒྱ་བྱིན་གྱི་གཟུགས་དང་། ལ་ལར་ཚངས་པའི་གཟུགས་དང་། འཁོར་ལོ་བསྒྱུར་བའི་རྒྱལ་པོའི་གཟུགས་དང་། དགེ་བསྙེན་གྱི་གཟུགས་དང་། རྒྱལ་པོའི་གཟུགས་དང་། བློན་པོའི་གཟུགས་དང་། མདུན་ན་འདོན་གྱི་གཟུགས་དང་། དགེ་སློང་དང་། དགེ་སློང་མ། དགེ་བསྙེན་ཕ་དང་། དགེ་བསྙེན་མ་ནས་བཟུང་། ཉན་ཐོས་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ལ་སོགས་པའི་གཟུགས་ཀྱིས་བཏུལ་བར་བྱས་པའོ། །དེ་དག་ཐམས་ཅད་ལ་ཡང་སངས་རྒྱས་ཁོ་ནའི་གཟུགས་སུ་སྣང་ནས་བཏུལ་བ་ནི་མ་ཡིན་ནོ། །ཁྱོད་ཀྱིས་ལྟོས་དང་། བདག་གིས་བསྐལ་པ་ཆེས་མང་པོར་དཀའ་བ་སྤྱད་དེ་གདུལ་བར་དཀའ་ཞིང་སྡིག་སྡུག་གིས་རབ་ཏུ་མནར་བའི་སེམས་ཅན་དེ་དག་བསྒྲལ་བར་བྱས་སོ། །དེ་ལྟ་ན་ཡང་། བདག་གིས་བཏུལ་བར་མ་ནུས་པ་དང་། ལས་ཀྱི་འབྲས་བུ་སྨིན་པའི་སེམས་ཅན་ལ་ལ་ངན་སོང་གི་གནས་སུ་ལྷུང་ནས་སྡུག་བསྔལ་ཆེན་པོ་མྱོང་བའོ། །
དེའི་ཚེ། བདག་གིས་སུམ་ཅུ་རྩ་གསུམ་གྱི་ལྷའི་ཕོ་བྲང་ནས་ནན་ཏན་གྱིས་བསྐུལ་བའི་གཏམ་འདི་རྣམས་ཁྱོད་ཀྱིས་ཡིད་ལ་དྲན་པར་བྱོས་ལ། མི་མཇེད་ཀྱི་འཇིག་རྟེན་འདི་ནས་བཟུང་རྒྱལ་བ་བྱམས་པ་འཇིག་རྟེན་གྱི་ཁམས་སུ་བྱོན་ནས་སེམས་ཅན་དེ་དག་སྡུག་བསྔལ་ཐམས་ཅད་ལས་གཏན་དུ་བྲལ་ཏེ་སངས་རྒྱས་པར་ལུང་བསྟན་མ་ཐོབ་པའི་བར་དུ་བསྒྲལ་བར་བྱའོ། །
ཡང་དེའི་ཚེ། འཇིག་རྟེན་ཐམས་ཅད་ཀྱི་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོའི་སྤྲུལ་པ་རྣམས་རྣམ་པ་གཅིག་གི་གཟུགས་སུ་གྱུར་ཏེ་གདུང་བའི་མཆི་མ་བཞུར་བཞིན་སངས་རྒྱས་བཅོམ་ལྡན་འདས་ལ་འདི་སྐད་དུ་གསོལ་ཏོ། །བདག་ནི་བསྐལ་པ་ཆེས་ཐོག་མ་མེད་པ་ནས་སངས་རྒྱས་ཀྱི་བྱིན་རླབས་ལ་བརྟེན་ནས་རྫུ་འཕྲུལ་གྱི་སྟོབས་བསམ་གྱིས་མི་ཁྱབ་པ་དང་། ཤེས་རབ་ཆེན་པོ་རྣམས་ཐོབ་ནས་ཕྱོགས་བཅུའི་འཇིག་རྟེན་བྱེ་བ་ཕྲག་བརྒྱ་གང་གཱ་ཀླུང་གི་བྱེ་མ་སྙེད་ཀྱི་ཞིང་ཁམས་སུ་འཇིག་རྟེན་རེ་རེ་བཞིན་སྤྲུལ་བའི་སྐུ་ཡང་བྱེ་བ་ཕྲག་བརྒྱ་འགྱེད་པར་བྱས། སྤྲུལ་བའི་སྐུ་རེ་རེ་བཞིན་སེམས་ཅན་བྱེ་བ་ཕྲག་བརྒྱ་བསྒྲལ་བར་བྱས། དེ་དག་ཀྱང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོར་བཅུག་ནས་འཁོར་བའི་སྐྱེ་འཆི་དང་གཏན་དུ་བྲལ་ཏེ་མྱང་འདས་ཀྱི་བདེ་བ་ཐོབ་པར་བྱས། དེ་རྣམས་སངས་རྒྱས་ཀྱི་ཆོས་ལ་དགེ་བའི་བྱ་བ་ཅུང་ཟད་བགྱིས་པ་སྟེ། ཉག་མ་གཅིག་དང་། ཐིགས་པ་གཅིག་དང་། བྱེ་མ་གཅིག་དང་། རྡུལ་ཕྲན་གཅིག་དང་། སྐྲ་ཡི་རྩེ་མོ་གཅིག་ཙམ་གྱི་དགེ་བའི་རྩ་བ་བགྱིས་པ་རྣམས་ཀྱང་བདག་གིས་རིམ་བཞིན་བསྒྲལ་ནས་ཕན་པ་རྒྱ་ཆེར་ཐོབ་པར་བྱས་སོ། །བཅོམ་ལྡན་འདས། ཁྱེད་ཀྱིས་ཕྱི་རབས་པའི་ལས་ངན་པའི་སེམས་ཅན་དེ་དག་ལ་དེ་ལྟར་དུ་ཐུགས་ལས་ཆུང་བ་མཛད་མི་དགོས་ཞེས་ལན་གསུམ་དུ་གསོལ་པ། བཅོམ་ལྡན་འདས། ཕྱི་རབས་ཀྱི་ལས་ངན་པའི་སེམས་ཅན་དེ་དག་ལ་དེ་ལྟར་དུ་ཐུགས་ལས་ཆུང་བ་མཛད་མི་དགོས་སོ། །
དེ་ནས་སངས་རྒྱས་ཀྱིས་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་ལ་བསྟོད་ཅིང་བསྔགས་པའི་སྒོ་ནས་འདི་སྐད་དུ་བཀའ་སྩལ་ཏོ། །ལེགས་སོ། །ལེགས་སོ། །རིགས་ཀྱི་བུ། ཁྱོད་ཀྱིས་ཇི་ལྟར་མཛད་པ་ལ་རྗེས་སུ་ཡི་རང་ངོ་། །ཁྱོད་ཀྱིས་བསྐལ་པ་ཆེས་ཐོག་མ་མེད་པ་ནས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་བསྒྲལ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་དེ་མ་འོངས་པར་དེ་དག་ཐམས་ཅད་ཡོངས་སུ་དྲངས་ནས་མངོན་པར་བྱང་ཆུབ་པར་འགྱུར་རོ། །ས་ཡི་སྙིང་པོའི་རྩ་བའི་སྨོན་ལམ་གྱི་མདོ་ལས་སྤྲུལ་པ་རྣམས་གནས་གཅིག་ཏུ་འདུས་པའི་ལེའུ་སྟེ་གཉིས་པའོ།། །།
དེའི་ཚེ། བཅོམ་ལྡན་འདས་ཀྱི་ཡུམ་སྒྱུ་མ་ལྷ་མཛེས་ཀྱིས་ཕྱག་གཉིས་ཐལ་མོ་སྦྱར་ཏེ་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་ལ་འདི་སྐད་དུ་དྲིས་སོ། །འཕགས་པ་ལགས། འཛམ་བུ་གླིང་གི་སེམས་ཅན་རྣམས་ཀྱིས་ལས་ཇི་ལྟར་གསོག་པ་དང་དེའི་འབྲས་བུ་ཇི་ལྟར་སྨིན་པ་ཡིན། དེ་ནས་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོས་ལན་དུ་སྨྲས་པ། འཇིག་རྟེན་དང་ཞིང་ཁམས་ཁྲི་སྟོང་མང་པོ་ན་ལ་ལར་དམྱལ་བ་ཡོད། ལ་ལར་དམྱལ་བ་མེད། ལ་ལར་བུད་མེད་ཡོད། ལ་ལར་བུད་མེད་མེད། ལ་ལར་སངས་རྒྱས་ཀྱི་ཆོས་ཡོད། ལ་ལར་སངས་རྒྱས་ཀྱི་ཆོས་མེད་པ་ནས་བཟུང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱང་དེ་བཞིན་ནོ། །དེ་ལྟར་དམྱལ་བའི་སེམས་ཅན་རྣམས་ལ་སྡིག་པའི་ལས་ཀྱི་འབྲས་བུ་སྨིན་པ་ནི་གཅིག་ཏུ་འདྲ་བ་མ་ཡིན་ནོ། །
དེ་ནས་ཡུམ་སྒྱུ་མ་ལྷ་མཛེས་ཀྱིས་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་ལ་གསོལ་པ། བདག་གིས་འཛམ་བུ་གླིང་གི་སེམས་ཅན་རྣམས་ཀྱིས་སྡིག་པ་ཇི་ལྟར་བསགས་ནས་ངན་སོང་དུ་ལྟུང་བ་སྟེ་འབྲས་བུ་མྱོང་བའི་སྣང་ཚུལ་ཐོས་པར་འདོད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོས་སྨྲས་པ། འཕགས་མ་ལགས། ཁྱོད་ཀྱིས་ལེགས་པར་ཉོན་དང་ངས་ཁྱོད་ལ་བསྡུས་པའི་སྒོ་ནས་བསྙད་པར་བྱའོ། །
ཡུམ་སྒྱུ་མ་ལྷ་མཛེས་ཀྱིས་གསོལ་པ། འཕགས་པ་ལགས། བསྟན་དུ་གསོལ། དེའི་ཚེ། བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོས་འཕགས་མ་ལ་འདི་སྐད་དུ་སྨྲས་སོ། །ལྷོ་འཛམ་བུ་གླིང་གི་སེམས་ཅན་རྣམས་ཀྱིས་སྡིག་པ་བྱས་ནས་འབྲས་བུ་མྱོང་བའི་རྣམ་གྲངས་ནི་འདི་ལྟ་སྟེ། གང་སེམས་ཅན་འགའ་ཞིག་གིས་ཕ་མ་ལ་བསྙེན་བཀུར་མི་བྱེད་པ་ནས་བཟུང་། ཕ་མ་གསོད་པར་བྱེད་པ་དེ་དག་ནི་བསྐལ་པ་ཁྲི་སྟོང་བྱེ་བ་ཕྲག་བརྒྱའི་བར་དུ་དམྱལ་བ་མནར་མེད་དུ་ལྟུངས་ནས་ཐར་བའི་སྐབས་མ་མཆིས་སོ། །
ཡང་སེམས་ཅན་འགའ་ཞིག་གིས་སངས་རྒྱས་ཀྱི་སྐུ་ལ་ཁྲག་འབྱིན་པ་དང་། དཀོན་མཆོག་གསུམ་ལ་སྐུར་བ་འདེབས་པ་དང་། གསུང་རབ་ལ་མ་གུས་པར་བྱེད་པ་དེ་དག་ནི་བསྐལ་པ་ཁྲི་སྟོང་བྱེ་བ་ཕྲག་བརྒྱའི་བར་དུ་དམྱལ་བ་མནར་མེད་དུ་ལྟུངས་ནས་ཐར་བའི་སྐབས་མ་མཆིས་སོ། །
ཡང་སེམས་ཅན་འགའ་ཞིག་གིས་དགེ་འདུན་ལ་གནོད་པར་བྱེད་པ་དང་། བཙུན་མ་ཕབ་པ་དང་། ཀུན་དགའ་ར་བའི་ནང་དུ་ལོག་པར་གཡེམ་པ་དང་། སེམས་ཅན་གསོད་པ་དང་། སེམས་ཅན་ལ་གནོད་པར་བྱེད་པ་དེ་དག་ནི་བསྐལ་པ་ཁྲི་སྟོང་བྱེ་བ་ཕྲག་བརྒྱའི་བར་དུ་དམྱལ་བ་མནར་མེད་དུ་ལྟུངས་ནས་ཐར་བའི་སྐབས་མ་མཆིས་སོ། །
ཡང་སེམས་ཅན་འགའ་ཞིག་སེམས་དགེ་སྦྱོང་མ་ཡིན་པ་ལ་དགེ་སྦྱོང་གི་ཚུལ་དུ་བརྫུས་ཏེ་དགེ་འདུན་པའི་ནོར་རྫས་རྣམས་བག་མེད་དུ་ལོངས་སུ་སྤྱོད་པ་དང་། གོས་དཀར་པོའི་སྡེ་རྣམས་བསླུ་བ་དང་། ཚུལ་ཁྲིམས་འཆལ་ཏེ་སྡིག་པ་སྣ་ཚོགས་བགྱིས་པ་དེ་དག་ནི་བསྐལ་པ་ཁྲི་སྟོང་བྱེ་བ་ཕྲག་བརྒྱའི་བར་དུ་དམྱལ་བ་མནར་མེད་དུ་ལྷུང་ནས་ཐར་བའི་སྐབས་མ་མཆིས་སོ། །
ཡང་སེམས་ཅན་འགའ་ཞིག་གིས་དགེ་འདུན་པའི་ནོར་རྫས་དང་། འབྲུ་རིགས་དང་། འབྲས་དང་། བཟའ་བཏུང་དང་། གོས་ལ་སོགས་པ་ནས་བཟུང་རྒྱུ་རྫས་གཅིག་ཙམ་ཡན་ཆད་མ་བྱིན་པ་ལེན་པ་དག་ནི་བསྐལ་པ་ཁྲི་སྟོང་བྱེ་བ་ཕྲག་བརྒྱའི་བར་དུ་དམྱལ་བ་མནར་མེད་དུ་ལྟུངས་ནས་ཐར་བའི་སྐབས་མ་མཆིས་སོ། །
བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོས་སྨྲས་པ། འཕགས་མ་ལགས། དམྱལ་བའི་སེམས་ཅན་གང་ཞིག་གིས་དེ་ལྟར་དུ་མཚམས་མེད་ལྔ་པོའི་ལས་བྱས་པས་དམྱལ་བ་མནར་མེད་དུ་ལྷུང་ནས་སྐད་ཅིག་ཙམ་ཡང་མི་སྡོད་པར་སྡུག་བསྔལ་ཉམས་སུ་མྱོང་བའོ། །ཡུམ་སྒྱུ་མ་ལྷ་མཛེས་ཀྱིས་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་ལ་གསོལ་པ། ཅིའི་ཕྱིར་དམྱལ་བ་མནར་མེད་ཅེས་བྱ། བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོས་སྨྲས་པ། འཕགས་མ་ལགས། ལྕགས་ཀྱི་ར་བ་ཆེན་པོས་བསྐོར་བའི་དབུས་སུ་དམྱལ་བ་ཆེས་མང་པོ་ཡོད། དེར་དམྱལ་ཁམས་ཆེན་པོ་བཅོ་བརྒྱད་ཡོད། དེ་ནས་དམྱལ་ཁམས་ལྔ་བརྒྱ་ཡོད། དེ་དག་གི་མིང་གི་རྣམ་གྲངས་སོ་སོར་ཡོད། དེ་ནས་དམྱལ་བ་བརྒྱ་སྟོང་མང་པོ་ཡོད། དེ་དག་གི་མིང་གི་རྣམ་གྲངས་ཀྱང་ཐ་དད་དུ་ཡོད།
དེར་དམྱལ་བ་མནར་མེད་ཅེས་བྱ་བ་ནི། དམྱལ་བའི་གྲོང་ཁྱེར་གྱི་ཁོར་ཡུག་ཏུ་རྒྱ་ཁྱོན་གྱི་ཚད་ལ་དཔག་ཚད་སྟོང་ཕྲག་དྲུག་ལྷག་དང་། མཐོར་དཔག་ཚད་བདུན་བརྒྱ་ལྔ་བཅུ་ལྷག་གི་ལྕགས་ལས་གྲུབ་པའི་ར་བའི་ནང་དུ་ཡོད། ར་བ་དེའི་སྟེང་ཐམས་ཅད་དུ་བར་མཚམས་མེད་པར་མེ་རི་དང་མེ་དཔུང་འབར་བཞིན་ཡོད། དེའི་ནང་དུ་ཡོད་པའི་དམྱལ་བ་རྣམས་ཀྱང་ཕན་ཚུན་གཅིག་གིས་གཅིག་ལ་འབྲེལ་ཞིང་དེ་དག་གི་མིང་གི་རྣམ་གྲངས་ཀྱང་སོ་སོར་ཡོད།
དེ་ལ་གཞན་དང་མི་འདྲ་བའི་དམྱལ་བ་མནར་མེད་ཅེས་བྱ་བ་ནི། དམྱལ་བའི་གྲོང་ཁྱེར་གྱི་ཁོར་ཡུག་ཏུ། རྒྱ་ཁྱོན་གྱི་ཚད་ལ་དཔག་ཚད་དྲུག་བརྒྱ་ལྷག་དང་། མཐོར་དཔག་ཚད་དོན་ལྔ་ལྷག་ཡོད་པའི་ལྕགས་ལས་གྲུབ་པའི་ར་བས་བསྐོར་ནས་ཡོད། ལྕགས་རི་དེའི་སྟེང་ནས་འོག་བར་དང་། འོག་ནས་སྟེང་བར་དུ་མེ་ལྕེ་བར་མེད་དུ་མཆེད་ཅིང་། ལྕགས་རིའི་སྟེང་གི་ཤར་ནས་ནུབ་ཀྱི་བར་དུ་ཁ་ནས་མེ་ལྕེ་མཆེད་པའི་ལྕགས་ཀྱི་སྦྲུལ་དང་ལྕགས་ཀྱི་ཁྱི་སོགས་ཕན་ཚུན་རྒྱུ་ཞིང་སྲུང་བའོ། །དམྱལ་བ་དེའི་ནང་དུ། མལ་ས་ཆེན་པོ་དཔག་ཚད་བདུན་བརྒྱ་ལྔ་བཅུ་ལྷག་ཡོད་པ་ཞིག་གི་སྟེང་དུ་སྡིག་ཆེན་གྱི་སེམས་ཅན་གྱིས་རང་གི་ལུས་དེ་སྙེད་དུ་ཁེབས་པ་ཙམ་དུ་སྣང་ངོ་། །
དེ་བཞིན་དུ་སེམས་ཅན་ཁྲི་སྟོང་མང་པོས་ཀྱང་རང་རང་གི་ལུས་པོ་མལ་ས་དེའི་སྟེང་དུ་ཁེབས་པ་ཙམ་དུ་སྣང་ངོ་། །སྡིག་ཅན་གྱི་སེམས་ཅན་རྣམས་རང་རང་གི་ལས་ཀྱི་རྣམ་པར་སྨིན་པ་དེ་ལྟར་དུ་སྣང་བ་མ་ཚད་སྡུག་བསྔལ་ཀྱང་ཆེས་མང་པོ་ཉམས་སུ་མྱོང་བཞིན་པའོ། །དེར་གནོད་སྦྱིན་དང་། སྲིན་པོ་བརྒྱ་སྟོང་མང་པོས་རལ་གྲི་ལྟ་བུའི་མཆེ་བ་གདེང་ཞིང་གློག་འོད་ལྟ་བུའི་མིག་མདའ་འཕེན་པ་དང་། ཟངས་ཀྱི་སྦར་མོ་ཅན་གྱི་ལག་པ་བརྐྱངས་ནས་སྡིག་ཅན་གྱི་སེམས་ཅན་དེ་དག་བཟུང་ཞིང་འདྲུད་པར་བྱེད་དོ། །
སླར་ཡང་། གནོད་སྦྱིན་དེ་དག་གིས་ལྕགས་ཀྱི་རྩེ་གསུམ་ཆེན་པོ་ཐོགས་ནས་སེམས་ཅན་རྣམས་ཀྱི་ལུས་དང་། ཁ་སྣ་དང་། ལྟོ་རྒྱབ་བཅས་ལ་བསྣུན་ཞིང་ནམ་མཁར་འཕངས་པ་དང་། སླར་ཡང་མཚོན་ཆ་དེ་དག་གིས་བླངས་ནས་མལ་སྟེང་དུ་བཞག དེ་ནས་ལྕགས་ཀྱི་དུར་བྱ་རྣམས་འོངས་ནས་སྡིག་ཅན་དེ་དག་གི་མིག་ཟ་བར་བྱེད་དོ། །སླར་ཡང་ལྕགས་ཀྱི་སྦྲུལ་དག་གིས་སྡིག་ཅན་དེ་དག་གི་སྐེ་ཡོངས་སུ་དཀྲིས་པར་བྱེད་དོ། །
དེ་ནས་དེ་དག་གི་ཡན་ལག་དང་ཉིང་ལག་གི་སོ་སོའི་ལྷུ་ཚིགས་རེ་རེ་བཞིན་ལྕགས་ཀྱི་གཟེར་བུ་གདབ་ཅིང་ལྕེ་ཡི་སྟེང་དུ་ཞིང་རྨོ་བ་དང་། རྒྱུ་མ་རྣམས་ཕྱིར་ཕྱུང་ནས་དུམ་བུར་གཏུབ་པ་དང་། ཁ་ལ་ཟངས་ཞུན་ཁོལ་མ་བླུག་པ་དང་། ལུས་པོ་ལ་ལྕགས་ལེབ་མོས་དཀྲི་བ་ལ་སོགས་པའི་སྡུག་བསྔལ་ཆེས་མང་པོ་མྱོང་བཞིན་སྐྱེ་འཆི་བརྒྱ་སྟོང་མང་པོར་བྱེད་དོ། །སེམས་ཅན་དེ་དག་གིས་ལས་ཀྱི་རྣམ་སྨིན་དེ་ལྟར་དུ་མྱངས་ནས་བསྐལ་པ་དུང་ཕྱུར་སོང་ཡང་ད་དུང་ཐར་བའི་སྐབས་མ་མཆིས་སོ། །འཇིག་རྟེན་འདི་འཇིག་པ་ན་དམྱལ་བ་དེའང་གནས་གཞན་དུ་སྤོ། འཇིག་རྟེན་དེ་འཇིག་པ་ན་དམྱལ་བ་དེའང་སླར་གནས་གཞན་དུ་སྤོ། དེ་ཡང་འཇིག་པ་ན་གནས་གཞན་དུ་བརྒྱུད་མར་སྤོ་བའོ། །འཇིག་རྟེན་འདི་སླར་ཆགས་པ་ན་དམྱལ་བ་ཡང་དེར་གྲུབ་ནས་སྡུག་བསྔལ་བར་མཚམས་མེད་པར་ཉམས་སུ་མྱོང་བའོ། །
ཡང་ལས་ཀྱི་སྣང་བ་ལྔའི་སྒོ་ནས་དམྱལ་བ་མནར་མེད་ཅེས་བྱ་སྟེ། ལྔ་གང་ཞེ་ན། དང་པོ་ནི། བསྐལ་པ་ཆེས་མང་པོའི་བར་དུ་ཉིན་མཚན་རེ་རེ་བཞིན་དུས་ལ་རྒྱུན་ཆད་པ་མེད་པར་སྡུག་བསྔལ་ཉམས་སུ་མྱོང་བས་མཚམས་མེད་པ་ཞེས་བྱའོ། །
གཉིས་པ་ནི། སེམས་ཅན་གཅིག་ཡིན་ཡང་གནས་དེར་གང་བ་དང་། སེམས་ཅན་མང་པོ་ཡིན་ཡང་གནས་དེར་བར་མཚམས་མེད་པར་གང་བས་མཚམས་མེད་པ་ཞེས་བྱའོ། །
གསུམ་པ་ནི། དམྱལ་བའི་མཚོན་ཆ་སྟེ། རྩེ་གསུམ་དང་། དབྱུག་པ་དང་། དུར་བྱ་དང་། སྦྲུལ་དང་། སྤྱང་ཀི་དང་། ཁྱི་དང་། གཏུན་དང་། མཆིག་དང་། སོག་ལེ་དང་། གཟོང་དང་། འཁྲུད་རྡར་དང་། སྟ་རེ་དང་། སླང་ཆེན་དང་། ཆུ་ཚན་དང་། ལྕགས་ཀྱི་དྲ་བ་དང་། ལྕགས་ཀྱི་ཐག་པ་དང་། ལྕགས་ཀྱི་བོང་བུ་དང་། ལྕགས་ཀྱི་རྟ་དང་། རྒྱུན་ཐག་རློན་པས་སྐེ་སྡོམ་པ་དང་། ཆུ་ཚན་གྱིས་ལུས་སྲེག་པ་དང་། ལྕགས་ཀྱི་རིལ་བུ་ཟ་བ་དང་། ལྕགས་ཀྱི་ཞུན་མ་བཏུང་བའོ། །གནས་འདིར་ལྷུང་བ་ནས་བཟུང་བསྐལ་པ་ཁྲི་བརྒྱ་སྟོང་མང་པོར་སྡུག་བསྔལ་རྒྱུན་ཆད་མེད་པར་ཉམས་སུ་མྱོང་བས་མཚམས་མེད་པ་ཞེས་བྱའོ། །
བཞི་བ་ནི། སྐྱེས་པ་དང་། བུད་མེད་དང་། ཤར་དང་། ལྷོ་དང་། ནུབ་དང་། བྱང་གི་སེམས་ཅན་རིགས་མི་འདྲ་བ་རྣམས་དང་། རྒན་པ་དང་། གཞོན་པ་དང་། རིགས་མཐོ་བ་དང་། རིགས་དམན་པ་དང་། ལྷ་དང་། ཀླུ་དང་། མི་མ་ཡིན་ལ་སོགས་པའི་སེམས་ཅན་རྣམས་ཀྱིས་སྡིག་པའི་ལས་མཉམ་པོར་ཉམས་སུ་མྱོང་བས་མཚམས་མེད་པ་ཞེས་བྱའོ། །
ལྔ་བ་ནི། དམྱལ་བ་འདིར་ལྷུང་བ་ནས་བཟུང་བསྐལ་པ་བརྒྱ་ཕྲག་སྟོང་ཕྲག་མང་པོའི་བར་དུ་སྐད་ཅིག་ཙམ་ཡང་སྡོད་ཐབས་མེད་པར་ཉིན་མཚན་རེ་རེ་བཞིན་སྐྱེ་བ་དང་འཆི་བ་ལན་ཁྲི་ཕྲག་གི་བར་དུ་བྱས་ཀྱང་། རང་གི་ལས་འཛད་པ་མ་གཏོགས་མུ་མཐུད་ནས་སྐྱེ་འཆི་བྱེད་དགོས་པས་མཚམས་མེད་པ་ཞེས་བྱ་བའོ། །དེ་ནས་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོས་ཡུམ་སྒྱུ་མ་ལྷ་མཛེས་ལ་སྨྲས་པ། དམྱལ་བ་མནར་མེད་ཅེས་བྱ་བ་རགས་ཙམ་དུ་བསྙད་ན་དེ་ལྟར་དུའོ། །གལ་ཏེ་དམྱལ་བའི་གདུག་པའི་མཚོན་ཆ་ལ་སོགས་པའི་མིང་དང་སྡུག་བསྔལ་གྱི་རྣམ་གྲངས་རྣམས་ཞིབ་ཏུ་བརྗོད་དགོས་ན་བསྐལ་པའི་བར་དུ་ཡང་འཛད་པའི་མཐའ་མ་མཆིས་སོ། །
དེ་ནས་ཡུམ་སྒྱུ་མ་ལྷ་མཛེས་ཀྱིས་དེ་སྐད་དུ་ཐོས་ཏེ་སེམས་སྐྱོ་གདུང་ངང་ཐལ་མོ་སྦྱར་ཞིང་ཕྱག་འཚལ་ནས་སོང་ངོ་། །ས་ཡི་སྙིང་པོའི་རྩ་བའི་སྨོན་ལམ་གྱི་མདོ་ལས་སེམས་ཅན་གྱི་ལས་སྣང་བརྟག་པའི་ལེའུ་སྟེ་གསུམ་པའོ།། །།
དེའི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་ཡི་སྙིང་པོས་བཅོམ་ལྡན་འདས་ལ་འདི་སྐད་དུ་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས། བདག་གིས་དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱི་སྟོབས་ལ་བརྟེན་ནས་འཇིག་རྟེན་གྱི་ཁམས་བྱེ་བ་བརྒྱ་ཕྲག་གྲངས་མེད་རྣམས་སུ། ལུས་ཀྱི་སྤྲུལ་པ་སྣ་ཚོགས་འགྱེད་དེ་ལས་རྣམ་པར་སྨིན་པའི་སེམས་ཅན་དག་བསྒྲལ་བར་བྱས་པའོ། །གལ་སྲིད་དེ་བཞིན་གཤེགས་པའི་བྱམས་པ་ཆེན་པོའི་སྟོབས་མ་ཡིན་ན་བདག་ཁོ་ནས་དེ་ལྟར་དུ་འཕྲུལ་བར་ནུས་པ་མ་ཡིན་ནོ། །བདག་དེང་ནས་བཟུང་སྟེ། བཅོམ་ལྡན་འདས་ཀྱི་བཀའ་ལྟར་རྒྱལ་བ་བྱམས་པ་འཇིག་རྟེན་གྱི་ཁམས་སུ་མ་བྱོན་བར་དུ་འགྲོ་བ་དྲུག་གི་སེམས་ཅན་རྣམས་བསྒྲལ་བར་བྱའོ། །ལགས་སོ། །བཙུན་པ་བཅོམ་ལྡན་འདས། ཁྱེད་ཀྱིས་ཐུགས་ལས་ཆུང་ངུར་མཛད་མི་དགོས་སོ། །
ཡང་དེའི་ཚེ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་ལ་བཀའ་སྩལ་པ། གྲོལ་བ་མ་ཐོབ་པའི་སེམས་ཅན་རྣམས་ཀྱི་སེམས་ཀྱི་ཁམས་ནི་ངེས་པ་མེད་པས། ལ་ལ་ནི་སྡིག་པའི་བག་ཆགས་ཀྱིས་ལས་སུ་མཚམས་སྦྱོར་བ་དང་། ལ་ལ་ནི་དགེ་བའི་བག་ཆགས་ཀྱིས་འབྲས་བུ་ལ་མཚམས་སྦྱོར་བ་དང་། ལ་ལ་ནི་དགེ་བ་བགྱིས་པ་དང་། ལ་ལ་ནི་སྡིག་པ་བགྱིས་པ་ལ་སོགས་པའི་ཡུལ་གྱི་རྗེས་སུ་འབྲངས་ནས་སྐྱེས་པའོ། །སེམས་ཅན་དེ་དག་བསྐལ་པ་རྡུལ་སྙེད་ཀྱི་བར་དུ་སྐད་ཅིག་ཙམ་ཡང་ངལ་གསོ་མེད་པར་འགྲོ་བ་ལྔའི་ལམ་དུ་ཉོན་མོངས་པ་དང་། མ་རིག་པས་སྒྲིབ་པས་གྲོལ་བའི་ཐབས་མེད་པའོ། །
དེ་ཡང་དཔེར་ན་ཉ་རྣམས་རྒྱ་རུ་ཚུད་དེ་ཆུ་ནང་དུ་གནས་པ་ན་སྐབས་རེར་ཅུང་ཟད་ཐར་ཡང་སླར་རྒྱ་གཞན་དུ་ཚུད་པ་ཇི་བཞིན་ནོ། །བདག་གིས་འགྲོ་བ་དེ་རྣམས་ལ་ལྷག་པར་དུ་སེམས་ལས་ཆུང་ངུར་བྱེད་ཀྱང་། བྱང་ཆུབ་སེམས་དཔའ་ཁྱོད་ཀྱིས་སྔོན་བསྐལ་པ་གྲངས་མེད་པ་ནས་བྱང་ཆུབ་ཏུ་ཐུགས་བསྐྱེད་དེ་སྡིག་སྡུག་གིས་ནོན་པའི་འགྲོ་བ་དེ་དག་འདྲེན་པར་འགྱུར་བས། བདག་གིས་དེ་ལྟར་དུ་སེམས་ལས་ཆུང་ངུར་བྱེད་མ་དགོས་སོ། །
དེ་སྐད་དུ་གསུངས་པ་ན་གྲལ་གྱི་ནང་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་དབང་གི་རྒྱལ་པོ་ཞེས་བྱ་བས་བཅོམ་ལྡན་འདས་ལ་འདི་སྐད་དུ་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས། དེང་འདིར། བཅོམ་ལྡན་འདས་ཀྱིས་ཆེས་ནན་ཏན་གྱིས་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་ལ་རྒྱ་ཆེར་བསྔགས་པར་མཛད་ན། ཁོང་གིས་བསྐལ་པ་དུ་མ་ནས་ཐུགས་ཇི་ལྟར་བསྐྱེད་པར་བཅོམ་ལྡན་འདས་ཀྱིས་བསྡུས་པའི་སྒོ་ནས་བདག་ལ་བསྟན་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་དབང་གི་རྒྱལ་པོ་ལ་འདི་སྐད་དུ་བཀའ་སྩལ་ཏོ། །ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་ཁྱོད་ལ་སོ་སོར་བསྟན་པར་བྱའོ། །
དེ་ཡང་སྔོན་བསྐལ་པ་གྲངས་མེད་པ། ཚད་མེད་པ། བརྗོད་དུ་མེད་པའི་གོང་རོལ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བ། ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། ཡེ་ཤེས་ཐམས་ཅད་གྲུབ་པ་ཞེས་བྱ་བའི་སངས་རྒྱས་བྱོན་ནོ། །སངས་རྒྱས་དེའི་སྐུ་ཚེའི་ཚད་ནི་བསྐལ་པ་དྲུག་ཁྲི་ཡིན་ལ། སངས་རྒྱས་དེ་རབ་ཏུ་མ་བྱུང་བའི་དུས་སུ་རྒྱལ་ཕྲན་ཞིག་གི་རྒྱལ་པོ་ཡིན་ཞིང་དེ་དང་ཉེ་བའི་རྒྱལ་ཁམས་ཀྱི་རྒྱལ་པོ་དང་གྲོགས་སུ་གྱུར། རྒྱལ་པོ་དེ་གཉིས་ཀྱིས་དགེ་བ་བཅུའི་སྒོ་ནས་རང་རང་གི་ཡུལ་ཁམས་ཀྱི་སེམས་ཅན་རྣམས་ལ་ཕན་པ་བསྒྲུབས། དེ་ལྟར་ནའང་། ཉེ་ཟུར་གྱི་རྒྱལ་ཁམས་དེའི་མི་རྣམས་ཀྱིས་མི་དགེ་བ་སྣ་ཚོགས་བསླབས། དེ་ནས་རྒྱལ་པོ་དེ་གཉིས་ཀྱིས་སླར་ཡང་ཕན་ཚུན་གྲོས་མོལ་བྱས་ཤིང་ཐབས་རྒྱ་ཆེར་བཀོད་པར་བྱས་སོ། །རྒྱལ་པོ་གཅིག་གིས་བདག་སྔོན་དུ་སངས་རྒྱས་ནས་གཟོད་སེམས་ཅན་མ་ལུས་པ་ཐམས་ཅད་བསྒྲལ་བར་བྱ་བའི་ཐུགས་བསྐྱེད། ཡང་རྒྱལ་པོ་གཅིག་གིས་ཐོག་མར་སྡིག་སྡུག་གིས་ནོན་པའི་སེམས་ཅན་རྣམས་བྱང་ཆུབ་ཀྱི་བདེ་བར་བཀོད་རྗེས་གཟོད་རང་ཉིད་འཚང་རྒྱ་བའི་ཐུགས་བསྐྱེད་དོ། །
བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་དབང་གི་རྒྱལ་པོ་ལ་བཀའ་སྩལ་པ། རྒྱལ་པོ་གང་ཞིག་སྔོན་རང་ཉིད་ཐོག་མར་འཚང་རྒྱ་བར་ཐུགས་བསྐྱེད་པ་དེ་ནི་ད་ལྟའི་སངས་རྒྱས་ཡེ་ཤེས་ཐམས་ཅད་གྲུབ་པ་ཞེས་བྱ་བ་དེ་ཡིན། སྔོན་སྡིག་སྡུག་གིས་ནོན་པའི་སེམས་ཅན་ཐམས་ཅད་གཏན་དུ་བདེ་བར་མ་བཀོད་ཀྱི་བར་དུ་རང་ཉིད་འཚང་མི་རྒྱ་བར་འདོད་པ་དེ་ནི་ད་ལྟའི་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་འདི་ཡིན་ནོ། །
ཡང་བསྐལ་པ་དཔག་ཏུ་མེད་པ། གྲངས་མེད་པའི་སྔ་རོལ་ན། སངས་རྒྱས་རྣམ་པར་དག་པ་པདྨའི་མིག་ཅེས་བྱ་བ་འཇིག་རྟེན་འདིར་བྱོན། སངས་རྒྱས་དེའི་སྐུ་ཚེའི་ཚད་ནི་བསྐལ་པ་བཞི་བཅུ་ཡིན་ལ་དེའི་གཟུགས་བརྙན་གྱི་བསྟན་པའི་དུས་སུ། བསོད་ནམས་ལ་བརྟེན་ནས་འགྲོ་བ་སྒྲོལ་བའི་དགྲ་བཅོམ་པ་ཞིག་བྱོན་ནོ། །དགྲ་བཅོམ་པ་དེ་ཁྱིམ་སོ་སོར་བྱོན་ནས་རིམ་གྱིས་བསོད་སྙོམས་མཛད་པའོ། །དུས་གང་ཞིག་གི་ཚེ་བུད་མེད་གཅིག་དང་འཕྲད་པར་གྱུར། བུད་མེད་དེའི་མིང་ལ་འོད་ཟེར་མིག་ཅེས་བྱ། བུད་མེད་དེས་ཀྱང་ཟས་རྣམ་པ་སྣ་ཚོགས་བཀོད་ནས་དགྲ་བཅོམ་པ་ལ་ཕུལ་བར་བྱས་སོ། །
དགྲ་བཅོམ་པས་དྲིས་པ། བུ་མོ་ཁྱོད་ཀྱིས་ཅི་འདོད། འོད་ཟེར་མིག་གིས་ལན་དུ་སྨྲས་པ། དེང་གི་སྐབས་འདི་བདག་གི་མ་ཤི་བའི་དྲན་གསོའི་ཉིན་མོ་ཡིན་ལ། བདག་གིས་མ་གར་སྐྱེས་མ་ཤེས་པས་བསོད་ནམས་ཀྱི་ཚོགས་ལ་བརྟེན་ནས་དེ་ཉིད་སྐྱོབ་པར་འདོད་དོ། །དགྲ་བཅོམ་པ་དེས་ཐུགས་བརྩེ་བའི་སྒོ་ནས་རྩེ་གཅིག་ཏུ་མཉམ་པར་བཞག་ནས་བལྟས་པས། འོད་ཟེར་མིག་གི་མ་དེ་ངན་སོང་གི་གནས་སུ་ལྷུང་ནས་སྡུག་བསྔལ་ཆེན་པོ་མྱོང་བཞིན་ཡོད་པར་མཐོང་ངོ་། །དགྲ་བཅོམ་པས་འོད་ཟེར་མིག་ལ་དྲིས་པ། བུ་མོ་ཁྱོད་ཀྱི་མ་དེ་ཉིད་གསོན་པའི་དུས་སུ་བྱ་བ་ཅི་ཞིག་ལ་གོམས་པ་ཡིན། ད་ལྟ་ངན་སོང་གི་གནས་སུ་སྡུག་བསྔལ་ཆེན་པོ་མྱོང་བཞིན་འདུག
འོད་ཟེར་མིག་གིས་སྨྲས་པ། བདག་གི་མ་གསོན་པའི་དུས་སུ་གོམས་པར་བྱས་པའི་ལས་གཙོ་བོ་ནི་ཉ་དང་། མཆིག་ལ་སོགས་པའི་ཆུ་གནས་རྣམས་བཟའ་བར་དགའ་ཞིང་། དེར་མ་ཟད་ཉ་དང་མཆིག་གི་ཕྲུ་གུ་སོགས་ཀྱང་བཟའ་བར་ཤིན་ཏུ་དགའ། དེ་དག་རྔོ་བ་དང་འཚོད་པ་ལ་སོགས་པའི་སྒོ་ནས་ཅི་དགར་ལོངས་སུ་སྤྱད་ཅིང་དེའི་གྲངས་ནི་བརྒྱ་སྟོང་ཁྲིའི་ལྡབ་ལས་ཀྱང་བརྗོད་དུ་མེད་པ་ཡིན་ནོ། །བཙུན་པ་དགྲ་བཅོམ་པ་ལགས། ཉིད་ཀྱིས་ཐུགས་བརྩེ་བ་ཆེན་པོས་བདག་གི་མ་བསྐྱབ་ཏུ་གསོལ། དེ་ནས་དགྲ་བཅོམ་པས་བུ་མོ་ལ་ཐུགས་བརྩེ་བའི་སྒོ་ནས་མ་དེ་ཉིད་གྲོལ་བའི་ཐབས་དམ་པ་འདི་སྐད་དུ་སྨྲས། ཁྱོད་ཀྱིས་རྩེ་གཅིག་ཏུ་བདེ་བར་གཤེགས་པ་རྣམ་པར་དག་པ་པདྨའི་མིག་ཡིད་ལ་བྱོས་ལ་དེའི་སྐུ་རི་མོར་འབྲི་བ་དང་། འདྲ་སྐུ་བཞེངས་པ་སོགས་བྱས་ན་གཤིན་པོ་དང་གསོན་པོ་རྣམས་ལ་རྣམ་པར་སྨིན་པའི་འབྲས་བུ་ཡང་དག་ཐོབ་པར་འགྱུར་རོ། །
དེ་ནས་བུ་མོ་འོད་ཟེར་མིག་གིས་དེ་སྐད་དུ་ཐོས་རྗེས་རང་གི་ཁྱིམ་གྱི་དངོས་པོ་རྣམས་སྤངས་ནས་སངས་རྒྱས་དེའི་སྐུ་གཟུགས་བཟོས་ཏེ་མཆོད་པ་རྒྱ་ཆེར་བྱས་པ་དང་མིག་ནས་མཆི་མ་བཞུར་བཞིན་དུ་གུས་པ་ཆེན་པོའི་སེམས་ཀྱིས་སངས་རྒྱས་ཀྱི་སྐུ་ལ་ཕྱག་ཡང་ཡང་འཚལ་བའོ། །ནུབ་གཅིག་རྨི་ལམ་གྱི་སྐབས་སུ། སངས་རྒྱས་ཀྱི་སྐུ་གསེར་གྱི་མདོག་ལྟ་བུ་འོད་འཚེར་བ། གཟི་བརྗིད་དང་ལྡན་པ། རིའི་རྒྱལ་པོ་ལྟ་བུ་ཞིག་མཇལ། སྐུ་དེས་ཀྱང་འོད་ཟེར་རྒྱ་ཆེན་པོ་བཀྱེས་ནས་འོད་ཟེར་མིག་ལ་འདི་སྐད་དུ་བཀའ་སྩལ་ཏོ། །བུ་མོ་འོད་ཟེར་མིག ཁྱོད་ཀྱི་མ་དེ་དུས་མི་རིང་བར་ཁྱོད་ཀྱི་ཁྱིམ་དུ་སྐྱེ་བར་འགྱུར། དེས་བཀྲེས་པ་དང་གྲང་བ་སོགས་ཤེས་པ་ནས་བཟུང་མི་ཡི་སྐད་སྨྲ་ཤེས་པར་འགྱུར་རོ། །
དེ་ནས་དེའི་རྗེས་སུ་ཁྱིམ་གྱི་བྲན་མོ་ཞིག་ལ་བུ་ཞིག་སྐྱེས་ཏེ་ཞག་གསུམ་མ་ལོན་གོང་དུ་མི་སྐད་ལེགས་པོ་སྨྲ་བར་ནུས། བྱིས་པ་དེས་བུ་མོ་ལ་ངུ་ཞིང་ཕྱག་འཚལ་ཏེ་འདི་སྐད་དུ་སྨྲས་པ། འཁོར་བའི་གནས་སུ་ལས་ཇི་ལྟར་བསགས་ཀྱང་འབྲས་བུ་རང་གིས་མྱོང་བར་འགྱུར། བདག་ནི་ཁྱོད་ཀྱི་མ་ཡིན་ལ། ངེད་ཅག་ཁ་བྲལ་ནས་བདག་ཡུན་རིང་པོར་མུན་པའི་གནས་སུ་འཁྱམས་པར་བྱས། དེའི་རྗེས་སུ་སླར་ཡང་དམྱལ་བ་ཆེན་པོའི་གནས་སུ་ཡང་ཡང་ལྷུང་། ད་ལྟ་ཁྱོད་ཀྱིས་བསོད་ནམས་བསགས་པའི་སྟོབས་ལ་བརྟེན་ནས་བདག་གིས་མི་ལུས་ཐོབ་པར་གྱུར། དེ་ལྟར་ནའང་། དམན་པའི་རིགས་སུ་སྐྱེས་ཤིང་རང་གི་ཚེ་ཚད་ཀྱང་ལོ་བཅུ་གསུམ་ཙམ་ལས་མེད་པས་ཚེ་ཐུང་བ་ཡིན་ནོ། །
དེ་རྗེས་བདག་ངན་སོང་གི་གནས་སུ་ལྟུང་བར་འགྱུར་བས་བདག་དེ་ལས་གྲོལ་བའི་ཐབས་ཇི་ལྟར་ཡོད། འོད་ཟེར་མིག་གིས་དེ་སྐད་དུ་ཐོས་ནས་རང་གི་མ་ཡིན་པར་ཐེ་ཚོམ་བྲལ་ཏེ་སྐད་འགག་ཅིང་མིག་ནས་མཆི་མ་བཞུར་བཞིན་དུ་བྲན་མོའི་བུ་ལ་སྨྲས་པ། ཁྱེད་བདག་གི་མ་ཡིན་ན་ཁྱེད་ཀྱིས་སྡིག་པ་ཅི་འདྲ་བྱས་པས་ལན་པ་ཡིན་པར་ཤེས་ངེས། དེ་ལྟ་ན། ཁྱེད་ཀྱིས་སྡིག་པའི་ལས་ཅི་ཞིག་བྱས་ཏེ་ངན་སོང་གི་གནས་སུ་ལྟུང་བ་ཡིན། དེ་ནས་བྲན་མོའི་བུ་ཡིས་ལན་དུ་སྨྲས་པ། བདག་གིས་སྲོག་བཅད་པ་དང་། ངན་བརྗོད་བྱས་པ་དང་། སྐུར་འདེབས་བྱས་པས་འབྲས་བུ་དེ་ལྟར་མྱངས་བ་ཡིན། གལ་ཏེ་ཁྱེད་ཀྱིས་དགེ་རྩ་དེ་ཙམ་དུ་མ་བསྒྲུབས་ན་ད་དུང་ཡང་བདག་བསྐྱབ་པའི་ཐབས་མ་མཆིས་པའོ། །ལས་ཀྱི་སྟོབས་དེ་ལ་བརྟེན་ནས་བདག་ལ་ཐར་བ་ཐོབ་པ་ཡང་མེད་དོ། །
དེ་ནས་འོད་ཟེར་མིག་གིས་སྨྲས་པ། དམྱལ་བའི་གནས་སུ་སྡིག་པའི་ལས་རྣམ་པར་སྨིན་པ་ནི་ཇི་ལྟར་ཡིན། བྲན་མོའི་བུ་ཡིས་སྨྲས་པ། དམྱལ་བའི་གནས་སུ་སྡིག་པའི་ལས་རྣམ་པར་སྨིན་པའི་སྡུག་བསྔལ་ནི་བརྗོད་དུ་མི་བཟོད་པ་སྟེ། ལོ་བརྒྱ་ཕྲག་སྟོང་ཕྲག་མང་པོའི་ནང་དུ་ཇི་ལྟར་སྨྲས་ཀྱང་དེའི་མཐའ་ནི་ཟད་དུ་མེད་པའོ། །བུ་མོ་འོད་ཟེར་མིག་གིས་དེ་སྐད་དུ་ཐོས་རྗེས་སེམས་སྐྱོ་ཞིང་མིག་ནས་མཆི་མ་བཞུར་བཞིན་དུ་ནམ་མཁའི་དབྱིངས་སུ་བལྟས་ཏེ་འདི་སྐད་དུ་གསོལ་ཏོ། །ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་ཐུགས་རྗེ་ཅན་རྣམས་བདག་ལ་དགོངས་སུ་གསོལ། བདག་གིས་མའི་ཆེད་དུ་སེམས་རྒྱ་ཆེན་པོ་བསྐྱེད་པར་གསན་དུ་གསོལ། བདག་གི་མ་དེ་ཉིད་དམྱལ་བའི་གནས་ནས་ཐར་བ་དང་ལོ་བཅུ་གསུམ་སོང་རྗེས་སྡིག་པའི་ལས་རྣམས་ཟད་ནས་ངན་སོང་གི་གནས་སུ་མི་ལྟུང་བར་མཛད་དུ་གསོལ། བདག་གི་མ་ངན་སོང་གི་གནས་དང་གཏན་དུ་བྲལ་ཏེ་རིགས་དམན་པ་ནས་བཟུང་ཐ་ན་བུད་མེད་ཀྱི་ལུས་སུ་ཡང་གཏན་དུ་མི་སྐྱེ་བར་མཛད་དུ་གསོལ། བདག་གིས་དེང་ནས་བཟུང་དེ་བཞིན་གཤེགས་པ་རྣམ་པར་དག་པ་པདྨའི་མིག་གི་སྤྱན་སྔར་འདི་སྐད་དུ་སེམས་བསྐྱེད་པར་བྱའོ། །
བདག་དེང་ནས་བསྐལ་པ་བརྒྱ་སྟོང་བྱེ་བ་གྲངས་མེད་ཀྱི་བར་དུ། ཕྱོགས་སོ་སོར་འཇིག་རྟེན་ཇི་སྙེད་ཅིག་ཡོད་པ་རྣམས་ཀྱི་དམྱལ་བ་སོགས་ངན་སོང་གི་གནས་ཀྱི་སེམས་ཅན་དེ་དག་ཡོངས་སུ་བསྒྲལ་བར་བྱའོ། །སེམས་ཅན་དེ་དག་དམྱལ་བ་དང་། བྱོལ་སོང་དང་། ཡི་དྭགས་ཀྱི་གནས་ནས་བྲལ་ཏེ་རྣམ་མཁྱེན་གཏན་གྱི་བདེ་བ་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་ཀྱི་བར་དུ་བདག་མངོན་པར་འཚང་རྒྱ་བར་མི་བྱའོ། །བུ་མོས་དེ་སྐད་དུ་སེམས་བསྐྱེད་པ་དང་། དེ་བཞིན་གཤེགས་པ་རྣམ་པར་དག་པ་པདྨའི་མིག་གིས་དེ་སྐད་དུ་གསུངས་པ་རྣམས་ཐོས་པར་གྱུར་ཏོ། །
འོད་ཟེར་མིག ཁྱོད་ཀྱིས་བྱམས་བརྩེ་ཆེན་པོ་ལ་བརྟེན་ནས་མའི་ཆེད་དུ་དེ་ལྟར་རྒྱ་ཆེ་བའི་སྨོན་ལམ་བཏབ་པ་ནི་ཤིན་ཏུ་ལེགས་ཏེ། ཁྱོད་ཀྱི་མ་ད་ལྟའི་ལོ་བཅུ་གསུམ་གྱི་དུས་སུ་ཚེ་འཕོས་ནས་བྲམ་ཟེའི་རིགས་སུ་སྐྱེ་བར་འགྱུར་ཞིང་ལོ་ཡང་བརྒྱ་ཕྲག་ཏུ་གནས་པའོ། །ཡང་དེ་ནས་ཚེ་འཕོས་རྗེས་མྱ་ངན་མེད་པའི་ཞིང་ཁམས་སུ་སྐྱེ་བར་འགྱུར་ཞིང་དེའི་སྐུ་ཚེའི་ཚད་ཀྱང་བསྐལ་པ་བརྗོད་དུ་མེད་པའི་བར་དུ་བཞུགས་ནས་མཐར་མངོན་པར་རྫོགས་པའི་སངས་རྒྱས་ཏེ་ལྷ་དང་མི་ལ་སོགས་པ་འགྲོ་བ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་དང་མཉམ་པ་རྣམས་བསྒྲལ་བར་འགྱུར་རོ། །
དེ་ནས་སངས་རྒྱས་ཀྱིས་ཏིང་ངེ་འཛིན་དབང་གི་རྒྱལ་པོ་ལ་བཀའ་སྩལ་པ། དེའི་ཚེ། དགྲ་བཅོམ་པ་བསོད་ནམས་ལ་བརྟེན་ནས་འོད་ཟེར་མིག་སྒྲོལ་བ་པོ་ནི་ད་ལྟའི་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་ཞེས་བྱ་བའོ། །དེའི་ཚེ། འོད་ཟེར་མིག་གི་མ་ནི་ད་ལྟའི་བྱང་ཆུབ་སེམས་དཔའ་རྣམ་པར་གྲོལ་བའོ། །དེའི་ཚེ། བུ་མོ་འོད་ཟེར་མིག་ནི་ད་ལྟའི་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་ཡིན་ནོ། །སྔོན་བསྐལ་པ་ཆེས་མང་པོའི་ནང་དུ་ཁོང་གིས་དེ་ལྟར་བྱམས་པ་དང་སྙིང་རྗེ་ལ་བརྟེན་ནས་གང་གཱ་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་བཞིན་དུ་ཐུགས་བསྐྱེད་ནས་འགྲོ་བ་རྣམས་བསྒྲལ་བར་བྱས་པའོ། །
ཡང་མ་འོངས་པར་འཇིག་རྟེན་གང་ན་སྐྱེས་པ་དང་བུད་མེད་གང་ཞིག་གིས་དགེ་བའི་ལས་མི་བྱེད་པ་དང་། མི་དགེ་བའི་ལས་བྱེད་པ་ནས་བཟུང་ལས་རྒྱུ་འབྲས་ལ་མི་དད་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། རྫུན་དུ་སྨྲ་བ་དང་། ཕྲ་མ་བྱེད་པ་དང་། ཚིག་རྩུབ་སྨྲ་བ་དང་། འཕགས་པ་ཆེན་པོའི་ཆོས་ལ་སྐུར་བ་འདེབས་པ་ལ་སོགས་པའི་ལས་བྱེད་པའི་སེམས་ཅན་རྣམས་ངན་སོང་གི་གནས་སུ་ངེས་པར་ལྟུང་བར་འགྱུར་ན་ཡང་། གལ་སྲིད་དགེ་བའི་བཤེས་གཉེན་དང་འཕྲད་ནས་དེས་ཀྱང་སེམས་ཅན་དེ་དག་ལ་ཡང་ཡང་བསྐུལ་ཏེ་ཐ་ན་སེ་གོལ་གཏོགས་པ་གཅིག་གི་ཡུད་ཙམ་ཞིག་ཏུ་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་ལ་སྐྱབས་སུ་སོང་ན། སེམས་ཅན་དེ་དག་ངན་སོང་གི་རྣམ་པར་སྨིན་པ་ལས་གྲོལ་བར་འགྱུར་རོ། །
དེ་ལས་ཀྱང་གལ་སྲིད་སེམས་རྩེ་གཅིག་པས་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་ལ་གུས་པས་བལྟ་བ་དང་། ཕྱག་འཚལ་བ་དང་། བསྟོད་པ་དང་། བསྔགས་པ་དང་། སྤོས་དང་། མེ་ཏོག་དང་། གོས་དང་། རིན་པོ་ཆེ་སྣ་ཚོགས་དང་། བཟའ་བཏུང་སོགས་ཀྱིས་བསྙེན་བཀུར་བྱས་ན། དེ་དག་ནི་མ་འོངས་པའི་བསྐལ་པ་ཁྲི་སྟོང་བྱེ་བ་ཕྲག་བརྒྱར་རྟག་ཏུ་ལྷ་ཡི་བདེ་བ་ཕུན་སུམ་ཚོགས་པ་ལ་ལོངས་སུ་སྤྱོད་པར་འགྱུར་རོ། །ནམ་ཞིག་ལྷའི་བསོད་ནམས་དེ་དག་ཟད་ནས་མིའི་འཇིག་རྟེན་དུ་སྐྱེ་བ་ན་བསྐལ་པ་བརྒྱ་སྟོང་མང་པོར་རྟག་ཏུ་མིའི་རྒྱལ་པོར་གྱུར་ཏེ་ཚེ་རབས་དང་ལས་རྒྱུ་འབྲས་ཀྱི་རྣམ་གཞག་ཐམས་ཅད་ལེགས་པར་དྲན་པར་འགྱུར་རོ། །
ཏིང་ངེ་འཛིན་དབང་གི་རྒྱལ་པོ། བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོས་དེ་ལྟར་བསམ་གྱིས་མི་ཁྱབ་བརྗོད་དུ་མི་ལང་བའི་རྫུ་འཕྲུལ་གྱི་སྟོབས་ལ་བརྟེན་ནས་སེམས་ཅན་རྣམས་ལ་ཕན་པ་བྱས་པ་ཡིན་ནོ། །དེས་ན། ཁྱོད་ཅག་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མདོ་འདི་ཡིད་ལ་བཟུང་ནས་གཞན་ལ་རྒྱ་ཆེར་བསྒྲག་པར་བྱའོ། །
དེ་ནས་ཏིང་ངེ་འཛིན་དབང་གི་རྒྱལ་པོས་སངས་རྒྱས་ལ་འདི་སྐད་དུ་གསོལ་པ། བཙུན་པ་བཅོམ་ལྡན་འདས། ཉིད་ཀྱིས་ཐུགས་ལས་ཆུང་ངུར་མཛད་མི་དགོས་དང་། འུ་ཅག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྲི་སྟོང་བྱེ་བ་ཕྲག་བརྒྱ་རྣམས་ཀྱིས་དེ་བཞིན་གཤེགས་པའི་རྫུ་འཕྲུལ་དང་བྱིན་རླབས་ལ་བརྟེན་ནས་མདོ་འདི་ཉིད་རྒྱ་ཆེར་བསྒྲགས་ནས་འཛམ་བུ་གླིང་གི་སེམས་ཅན་རྣམས་ལ་ཕན་པ་སྒྲུབ་པར་བྱའོ། །བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་དབང་གི་རྒྱལ་པོས་བཅོམ་ལྡན་འདས་ལ་དེ་སྐད་དུ་ཞུས་ནས་གུས་པའི་ཐལ་མོ་སྦྱར་ཞིང་ཕྱག་འཚལ་ཏེ་སོང་ངོ་། །
དེའི་ཚེ། ཕྱོགས་བཞི་ནས་རྒྱལ་པོ་ཆེན་པོ་སྡེ་བཞི་རང་རང་གི་སྟན་ནས་བཞེངས་ཏེ་གུས་པས་ཐལ་མོ་སྦྱར་ཞིང་བཅོམ་ལྡན་འདས་ལ་འདི་སྐད་དུ་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོས་བསྐལ་པ་ཆེས་ཐོག་མ་མེད་པ་ནས་དེ་ལྟར་དུ་སྨོན་ལམ་ཆེན་པོ་བཏབ་པ་ཡིན་ན། ད་ལྟ་ཡང་སེམས་ཅན་དེ་དག་སྒྲོལ་བར་མ་ནུས་པར་སླར་ཡང་སེམས་རྒྱ་ཆེན་པོ་བསྐྱེད་ནས་དམ་བཅའ་བྱས་པ་ལྟར་ན། དེའི་རྒྱུ་མཚན་གང་ལགས། བཅོམ་ལྡན་འདས་ཀྱིས་བདག་ཅག་རྣམས་ལ་བསྟན་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་སྡེ་བཞི་ལ་བཀའ་སྩལ་པ། ལེགས་སོ། །ལེགས་སོ། །བདག་གིས་ཁྱོད་ཅག་དང་། ད་ལྟ་དང་། མ་འོངས་པའི་ལྷ་དང་མིའི་འགྲོ་བ་རྣམས་ལ་ཕན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོས་མི་མཇེད་ཀྱི་འཇིག་རྟེན་འཛམ་བུ་གླིང་དུ་སྐྱེ་འཆིའི་ལམ་བརྒྱུད་ནས་སྡིག་སྡུག་གིས་གཟིར་བའི་སེམས་ཅན་རྣམས་ཐུགས་བརྩེ་བས་ཇི་ལྟར་བསྒྲལ་བའི་ཚུལ་གྱི་ཐབས་རྣམས་བསྟན་པར་བྱའོ། །དེ་ནས་རྒྱལ་པོ་ཆེན་པོ་སྡེ་བཞིས་གསོལ་པ། ལགས་སོ། །བཅོམ་ལྡན་འདས། བདག་ཅག་གསན་པར་འདོད་དོ། །
བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་སྡེ་བཞི་ལ་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོས་བསྐལ་པ་ཆེས་མང་པོ་ནས་ད་ལྟ་ལ་ཐུག་གི་བར་དུ། སེམས་ཅན་རྣམས་སྒྲོལ་བའི་སྨོན་ལམ་མ་རྫོགས་པ་ནི་གཙོ་བོ་ཞིང་འདིའི་སྡིག་སྡུག་གིས་ནོན་པའི་སེམས་ཅན་རྣམས་ལ་ཐུགས་བརྩེ་བས་དགོངས་པ་ཡིན་ནོ། །སླར་ཡང་མ་འོངས་པའི་བསྐལ་པ་གྲངས་མེད་པའི་ནང་དུ་ཐུགས་བསྐྱེད་ནས་རྒྱུན་ཆད་མེད་པར་མཛད་པའོ། །
དེ་ལྟར་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོས་མི་མཇེད་ཀྱི་འཇིག་རྟེན་འཛམ་བུ་གླིང་དུ་ཐབས་བརྒྱ་སྟོང་བྱེ་བ་ཕྲག་བརྒྱ་ལ་བརྟེན་ནས་སེམས་ཅན་དེ་དག་སྒྲོལ་བར་བྱེད་པའོ། །རྒྱལ་པོ་ཆེན་པོ་བཞི། བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོས་སྲོག་གཅོད་པ་རྣམས་ལ་དེ་ཡི་རྣམ་སྨིན་ཚེ་ཐུང་བར་འགྱུར་བའི་ཆོས་བཤད་དོ། །མ་བྱིན་པར་ལེན་པ་རྣམས་ལ་དེའི་རྣམ་སྨིན་དབུལ་བ་དང་སྡུག་བསྔལ་བར་འགྱུར་བའི་ཆོས་བཤད་དོ། །འདོད་པས་ལོག་པར་གཡེམ་པ་རྣམས་ལ་དེ་ཡི་རྣམ་སྨིན་བྱེའུ་དང་ངུར་པ་རྣམས་སུ་སྐྱེ་བར་འགྱུར་བའི་ཆོས་བཤད་དོ། །
ཚིག་རྩུབ་སྨྲ་བ་རྣམས་ལ་དེ་ཡི་རྣམ་སྨིན་འཁོར་ཕན་ཚུན་དུ་རྩོད་ཅིང་འཐབ་པར་འགྱུར་བའི་ཆོས་བཤད་དོ། །གཞན་ལ་སྐུར་བ་འདེབས་པ་རྣམས་ལ་དེ་ཡི་རྣམ་སྨིན་ལྕེ་མེད་པ་དང་ཁ་ལ་རྨ་ཁ་འབྱུང་བའི་ཆོས་བཤད་དོ། །ཁོང་ཁྲོ་འབར་བ་རྣམས་ལ་དེའི་རྣམ་སྨིན་གཟུགས་མི་སྡུག་པ་དང་དབང་པོ་སྐྱོན་ཅན་དུ་འགྱུར་བའི་ཆོས་བཤད་དོ། །སེར་སྣ་ཅན་རྣམས་ལ་དེའི་རྣམ་སྨིན་རང་གི་འདོད་པའི་ཐོག་ཏུ་མི་འཁེལ་བར་འགྱུར་བའི་ཆོས་བཤད་དོ། །བཟའ་བཏུང་བག་མེད་དུ་སྤྱོད་པ་རྣམས་ལ་དེའི་རྣམ་སྨིན་བཀྲེས་སྐོམ་དང་མིད་པ་ནད་ཅན་དུ་འགྱུར་བའི་ཆོས་བཤད་དོ། །གང་འདོད་འདོད་དུ་རྔོན་བྱེད་པ་རྣམས་ལ་དེའི་རྣམ་སྨིན་སེམས་དངངས་སྐྲག་དང་སྨྱོ་འབོག་གིས་གཟིར་ནས་ཚེ་འཕོ་བར་འགྱུར་བའི་ཆོས་བཤད་དོ། །
ཕ་མ་ལ་བསྙེན་བཀུར་མི་བྱེད་པ་རྣམས་ལ་དེའི་རྣམ་སྨིན་རང་བྱུང་ཁམས་ཀྱིས་གནོད་པས་འཆི་བར་འགྱུར་བའི་ཆོས་བཤད་དོ། །རི་ཀླུང་དང་ནགས་ཚལ་རྣམས་མེར་སྲེག་པ་རྣམས་ལ་དེའི་རྣམ་སྨིན་སེམས་སྨྱོ་འབོག་དང་རྨོངས་རྟུལ་གྱིས་གཟིར་ནས་འཆི་བར་འགྱུར་བའི་ཆོས་བཤད་དོ། །ཕ་མ་དངོས་དང་ཆུང་ནས་གསོས་པའི་ཕ་ཡར་དང་མ་ཡར་རྣམས་ཀྱིས་བུ་ཕྲུག་ལ་མནར་གཅོད་བྱེད་པ་རྣམས་ལ་དེའི་རྣམ་སྨིན་ལྕག་ཚན་གྱིས་བྲབ་པ་སོགས་མཐོང་ཆོས་མྱོང་འགྱུར་གྱི་ལས་མྱོང་བར་འགྱུར་བའི་ཆོས་བཤད་དོ། །དྲ་རྒྱ་སོགས་ཀྱིས་སེམས་ཅན་གཞན་བཟུང་བར་བྱེད་པ་རྣམས་ལ་དེའི་རྣམ་སྨིན་ཤ་རུས་སོ་སོར་འཐོར་བར་འགྱུར་བའི་ཆོས་བཤད་དོ། །དཀོན་མཆོག་གསུམ་ལ་སྐུར་འདེབས་བྱེད་པ་རྣམས་ལ་དེའི་རྣམ་སྨིན་ལོང་བ་དང་། འོན་པ། ལྐུགས་པ་སོགས་སུ་འགྱུར་བའི་ཆོས་བཤད་དོ། །
ཆོས་ལ་བརྙས་བཅོས་བྱེད་ཅིང་རང་ཉིད་ང་རྒྱལ་བ་རྣམས་ལ་དེའི་རྣམ་སྨིན་ངན་སོང་གི་གནས་ནས་གཏན་དུ་མི་ཐར་བར་འགྱུར་བའི་ཆོས་བཤད་དོ། །དགེ་འདུན་པའི་རྒྱུ་རྫས་རྣམས་གཏོར་བརླག་བྱེད་པ་རྣམས་ལ་དེའི་རྣམ་སྨིན་བསྐལ་པའི་བར་དུ་དམྱལ་བ་ལས་གཏན་དུ་ཐར་བར་མི་འགྱུར་བའི་ཆོས་བཤད་དོ། །ཚངས་པར་སྤྱོད་པའི་སྡོམ་པ་ལ་གོས་པ་བྱེད་པ་དང་དགེ་འདུན་པ་ལ་བརྙས་བཅོས་བྱེད་པ་རྣམས་ལ་དེའི་རྣམ་སྨིན་བྱོལ་སོང་གི་གནས་ནས་གཏན་དུ་ཐར་བར་མི་འགྱུར་བའི་ཆོས་བཤད་དོ། །
ཆུ་ཚན་དང་མེས་སེམས་ཅན་གཞན་སྲེག་པ་དང་མཚོན་གྱིས་གཅོད་པར་བྱེད་པ་རྣམས་ལ་དེའི་རྣམ་སྨིན་སྔོན་གཞན་ཇི་ལྟར་བསད་པ་བཞིན་དུ་རང་ཉིད་ཀྱིས་དེ་ལྟར་ཉམས་སུ་མྱོང་བར་འགྱུར་བའི་ཆོས་བཤད་དོ། །
ཚུལ་ཁྲིམས་འཆལ་ཞིང་སྨྱུང་སྡོམ་རལ་བ་རྣམས་ལ་དེའི་རྣམ་སྨིན་འདབ་ཆགས་དང་གཅན་གཟན་དུ་གྱུར་ནས་བཀྲེས་སྐོམ་ཉམས་སུ་མྱོང་བར་འགྱུར་བའི་ཆོས་བཤད་དོ། །གཞན་གྱི་ནོར་ཚུལ་བཞིན་མ་ཡིན་པར་ལོག་པར་སྤྱོད་པ་རྣམས་ལ་དེའི་རྣམ་སྨིན་རེ་བ་འདོད་ཐོག་ཏུ་མི་འབབ་པར་འགྱུར་བའི་ཆོས་བཤད་དོ། །ང་རྒྱལ་དང་རང་མཐོ་ཆེ་བ་རྣམས་ལ་དེའི་རྣམ་སྨིན་བྲན་གཡོག་དང་རིགས་དམན་པར་སྐྱེ་བར་འགྱུར་བའི་ཆོས་བཤད་དོ། །ཕྲ་མ་དང་འཁྲུག་སློང་བྱེད་པ་རྣམས་ལ་དེའི་རྣམ་སྨིན་ལྕེ་མེད་པ་དང་ལྕེ་བརྒྱ་ཅན་དུ་འགྱུར་བའི་ཆོས་བཤད་དོ། །ལོག་པར་རྟོག་པར་རྣམས་ལ་དེའི་རྣམ་སྨིན་ཡུན་རིང་མཐའ་འཁོབ་ཏུ་སྐྱེ་བར་འགྱུར་བའི་ཆོས་བཤད་དོ། །
དེ་ལྟར་འཛམ་བུ་གླིང་གི་སེམས་ཅན་རྣམས་ཀྱིས་རང་རང་གི་ལུས་ངག་ཡིད་གསུམ་ལ་བརྟེན་ནས་སྡིག་པ་མི་དགེ་བ་བྱེད་པའི་རྣམ་པར་སྨིན་པའི་འབྲས་བུ་ཡང་བརྒྱ་སྟོང་མང་པོར་འགྱུར་བའོ། །དེ་དག་ནི་བསྡུས་པའི་སྒོ་ནས་བསྟན་པའོ། །
དེ་ལྟར་འཛམ་བུ་གླིང་གི་སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་སྨིན་མྱོང་བའི་ཁྱད་པར་མི་འདྲ་བས། བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོས་ཐབས་བརྒྱ་སྟོང་དུ་མ་ལ་བརྟེན་ནས་དེ་དག་འདྲེན་པར་བྱས་པ་ཡིན་ནོ། །སེམས་ཅན་རྣམས་ཀྱིས་སྔོན་དེ་ལྟར་དུ་རང་རང་གིས་ལས་ཉམས་སུ་མྱངས་ནས་མཐར་དམྱལ་བའི་གནས་སུ་ལྷུངས་ཏེ་བསྐལ་པ་དུང་ཕྱུར་གྱི་བར་དུ་ཡང་ཐར་བའི་སྐབས་མ་མཆིས་སོ། །དེས་ན་རྒྱལ་པོ་ཆེན་པོ་སྡེ་བཞི། ཁྱོད་ཅག་གིས་སེམས་ཅན་དེ་དག་སྲུང་བ་དང་། ཡུལ་ཁམས་དེ་དག་སྲུང་བ་དང་། སེམས་ཅན་རྣམས་ཀྱི་སེམས་གཞན་དུ་བསླུ་རུ་མི་གཞུག་པར་བྱའོ། །རྒྱལ་པོ་ཆེན་པོ་སྡེ་བཞིས་དེ་སྐད་དུ་ཐོས་རྗེས་སེམས་པ་ཆེས་གདུང་ནས་མཆི་མ་བཞུར་བཞིན་ཕྱག་ཐལ་མོ་སྦྱར་ནས་རང་རང་གི་གནས་སུ་སོང་ངོ་། །ས་ཡི་སྙིང་པོའི་རྩ་བའི་སྨོན་ལམ་གྱི་མདོ་ལས་འཛམ་བུ་གླིང་གི་སེམས་ཅན་གྱི་ལས་སྣང་བསྟན་པའི་ལེའུ་སྟེ་བཞི་པའོ།། །།
དེའི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་ཀུན་ཏུ་བཟང་པོས་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་ལ་འདི་སྐད་དུ་གསོལ་པ། འཕགས་པ་ལགས། ཁྱེད་ཀྱིས་ལྷ་ཀླུ་སྡེ་བརྒྱད་དང་། ད་ལྟ་དང་། མ་འོངས་པའི་སེམས་ཅན་རྣམས་ཀྱི་ཆེད་དུ་མི་མཇེད་ཀྱི་འཇིག་རྟེན་དང་། ཁྱད་པར་དུ་ལྷོ་འཛམ་བུ་གླིང་གི་སྡིག་སྡུག་གིས་གཟིར་བའི་སེམས་ཅན་རྣམས་ལ་ལས་ཀྱི་རྣམ་པར་སྨིན་པའི་གནས་ཏེ། དམྱལ་བའི་མིང་དང་སྡིག་པ་སྨིན་པའི་འབྲས་བུའི་རྣམ་པར་གཞག་པ་རྣམས་བསྟན་དུ་གསོལ། དེ་ལ་བརྟེན་ནས་མ་འོངས་དུས་ཀྱི་མཐའ་མའི་སེམས་ཅན་རྣམས་ཀྱིས་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུའི་རྣམ་གཞག་ཤེས་པར་འགྱུར་རོ། །
དེ་ནས་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོས་ལན་འདི་སྐད་དུ་སྨྲས་པ། འཕགས་པ་ལགས། བདག་གིས་སངས་རྒྱས་ཀྱི་རྫུ་འཕྲུལ་དང་སྐྱེས་བུ་ཆེན་པོའི་སྟོབས་ལ་བརྟེན་ནས་དམྱལ་བའི་མིང་དང་། སྡིག་སྡུག་གི་རྣམ་པར་སྨིན་པའི་རྣམ་གཞག་རྣམས་བསྡུས་ཏེ་བསྙད་པར་བྱའོ། །འཕགས་པ་ལགས། འཛམ་བུ་གླིང་འདི་ནས་ཤར་ཕྱོགས་ཀྱི་མཚམས་སུ། ལྕགས་ཀྱི་ར་བས་ཡོངས་སུ་བསྐོར་བའི་རི་བོ་ཞིག་ཡོད། རི་བོ་དེ་ནི་གནག་ཅིང་གཏིང་ཤིན་ཏུ་ཟབ་པ་དང་ཉི་མ་དང་ཟླ་བའི་འོད་ཀྱང་མེད་པའོ། །ཡུལ་དེར་ཆེས་མནར་དུ་མེད་པའི་དམྱལ་བ་ཞེས་བྱ་བ་ཡོད། དེ་བཞིན་དུ་མནར་མེད་ཆེན་པོ་ཞེས་བྱ་བའི་དམྱལ་བ་དང་། ཟུར་བཞི་པ་ཞེས་བྱ་བའི་དམྱལ་བ་དང་། གྲི་འཕུར་ཞེས་བྱ་བའི་དམྱལ་བ་དང་། མེ་མདའ་ཞེས་བྱ་བའི་དམྱལ་བ་དང་། རི་འཚིད་ཅེས་བྱ་བའི་དམྱལ་བ་དང་། མདུང་བསྣུན་ཞེས་བྱ་བའི་དམྱལ་བ་དང་། ལྕགས་འཁོར་ཞེས་བྱ་བའི་དམྱལ་བ་དང་། ལྕགས་མལ་ཞེས་བྱ་བའི་དམྱལ་བ་དང་། ལྕགས་ཟོག་ཅེས་བྱ་བའི་དམྱལ་བ་དང་། ལྕགས་གོས་ཞེས་བྱ་བའི་དམྱལ་བ་དང་། མཚོན་སྟོང་ཞེས་བྱ་བའི་དམྱལ་བ་དང་། ལྕགས་བོང་ཞེས་བྱ་བའི་དམྱལ་བ་དང་། ཟངས་ཞུན་ཞེས་བྱ་བའི་དམྱལ་བ་དང་། ཀ་འཁྱུད་ཅེས་བྱ་བའི་དམྱལ་བ་དང་། མེ་བཞུར་ཞེས་བྱ་བའི་དམྱལ་བ་དང་། ལྕེ་རྨོ་ཞེས་བྱ་བའི་དམྱལ་བ་དང་། མགོ་གཅོད་ཅེས་བྱ་བའི་དམྱལ་བ་དང་། རྐང་སྲེག་ཅེས་བྱ་བའི་དམྱལ་བ་དང་། མིག་ཟ་ཞེས་བྱ་བའི་དམྱལ་བ་དང་། ལྕགས་རིལ་ཞེས་བྱ་བའི་དམྱལ་བ་དང་། འཁྲུག་རྩོད་ཅེས་བྱ་བའི་དམྱལ་བ་དང་། ལྕགས་ཀྱི་སྟ་རེ་ཞེས་བྱ་བའི་དམྱལ་བ་དང་། ཁྲོ་མང་ཞེས་བྱ་བའི་དམྱལ་བ་བཅས་ཡོད་དོ། །
བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོས་སྨྲས་པ། འཕགས་པ་ལགས། ལྕགས་རིས་བསྐོར་བའི་ནང་དུ་དེ་ལྟར་དམྱལ་བ་རྣམས་ཀྱི་གྲངས་གཞལ་དུ་མེད་པ་ཡོད་ལ། དེ་བཞིན་དུ་ངུ་འབོད་ཅེས་བྱ་བའི་དམྱལ་བ་དང་། ལྕེ་ཕྱུང་ཞེས་བྱ་བའི་དམྱལ་བ་དང་། བཤང་གཅི་ཞེས་བྱ་བའི་དམྱལ་བ་དང་། ཟངས་སྒྲོག་ཅེས་བྱ་བའི་དམྱལ་བ་དང་། མེ་གླང་ཞེས་བྱ་བའི་དམྱལ་བ་དང་། མེ་ཁྱི་ཞེས་བྱ་བའི་དམྱལ་བ་དང་། མེ་རྟ་ཞེས་བྱ་བའི་དམྱལ་བ་དང་། མེ་ཟོག་ཅེས་བྱ་བའི་དམྱལ་བ་དང་། མེ་རི་ཞེས་བྱ་བའི་དམྱལ་བ་དང་། མེ་རྡོ་ཞེས་བྱ་བའི་དམྱལ་བ་དང་། མེ་མལ་ཞེས་བྱ་བའི་དམྱལ་བ་དང་། མེའི་གདུང་མ་ཞེས་བྱ་བའི་དམྱལ་བ་དང་། མེའི་བྱ་རྒོད་ཅེས་བྱ་བའི་དམྱལ་བ་དང་། སོ་འབྲེག་ཅེས་བྱ་བའི་དམྱལ་བ་དང་། པགས་བཤུ་ཞེས་བྱ་བའི་དམྱལ་བ་དང་། ཁྲག་འཐུང་ཞེས་བྱ་བའི་དམྱལ་བ་དང་། ལག་སྲེག་ཅེས་བྱ་བའི་དམྱལ་བ་དང་། རྐང་སྲེག་ཅེས་བྱ་བའི་དམྱལ་བ་དང་། ཚེར་ལོག་ཅེས་བྱ་བའི་དམྱལ་བ་དང་། མེ་ཁྱིམ་ཞེས་བྱ་བའི་དམྱལ་བ་དང་། ལྕགས་ཁྱིམ་ཞེས་བྱ་བའི་དམྱལ་བ་དང་། མེ་སྤྱང་ཞེས་བྱ་བའི་དམྱལ་བ་ལ་སོགས་པ་ཡོད་ཅིང་དེ་དག་སོ་སོར་ཡང་དེ་ལས་མང་བའི་དམྱལ་བ་ཆུང་བ་དང་། གཅིག་དང་། གཉིས་དང་། གསུམ་དང་། བཞི་ནས་བརྒྱ་སྟོང་གི་བར་དུ་རྣམ་གྲངས་མི་འདྲ་བ་དང་རྣམ་པ་ཐ་དད་མང་དུ་ཡོད་དོ། །
བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོས་འཕགས་པ་ཀུན་ཏུ་བཟང་པོ་ལ་སྨྲས་པ། འཕགས་པ་ལགས། དེ་དག་ནི་ལྷོ་འཛམ་བུ་གླིང་གི་སེམས་ཅན་རྣམས་ཀྱིས་སྡིག་པ་བྱས་པའི་ལས་ཀྱི་སྣང་བ་ཡིན་ནོ། །དེ་ཡང་ལས་ཀྱི་ནུས་པ་ནི་ཤིན་ཏུ་ཆེ་བའི་ཕྱིར་རི་རབ་ལས་ཀྱང་དཔངས་མཐོ་བ་དང་། རྒྱ་མཚོ་ལས་ཀྱང་གཏིང་ཟབ་པ་དང་། འཕགས་པའི་ལམ་རྣམས་ཀྱང་སྒྲིབ་པར་བྱས་པས་ན། སེམས་ཅན་རྣམས་ཀྱིས་སྡིག་པའི་ལས་ཆུང་ངུ་ཡང་མི་གནོད་སྙམ་དུ་སེམས་པར་མི་བྱ་སྟེ། ཤི་བའི་རྗེས་སུ་སྐྲ་ཉག་མ་ཙམ་ཡང་ཆུད་ཟོས་མེད་པར་ལས་ཀྱི་རྣམ་པར་སྨིན་པ་ཉམས་སུ་མྱོང་བར་འགྱུར་རོ། །
ཕ་བུ་ལྟ་བུའི་གཉེན་ཉེ་ཡིན་ཡང་འཆི་བའི་ཚེ་ལམ་སོ་སོར་རྒྱུ་སྟེ་འགྲོ་བར་འགྱུར་ལ། གལ་སྲིད་ཅུང་ཟད་འཕྲད་པར་གྱུར་ཀྱང་རང་རང་གིས་རྣམ་སྨིན་མྱོང་བ་ལས་གཞན་གྱིས་ལེན་པའི་སྐབས་མ་མཆིས་སོ། །བདག་གིས་དེང་འདིར་སངས་རྒྱས་ཀྱི་མཐུ་ལ་བརྟེན་ནས་སྡིག་པའི་རྣམ་པར་སྨིན་པའི་དོན་རྣམས་བསྡུས་པའི་སྒོ་ནས་བསྙད་པ་ཡིན་ལ། འཕགས་པས་ཀྱང་དེ་ལྟར་དུ་གསན་པར་འཚལ། དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་ལན་དུ་སྨྲས་པ། བདག་གིས་ཆེས་ཐོག་མ་མེད་པ་ནས་ངན་སོང་གསུམ་གྱི་ལས་ཀྱི་རྣམ་པར་གཞག་པ་ཡོངས་སུ་ཤེས་ན་ཡང་། མ་འོངས་དུས་ཀྱི་མཐའ་མའི་སེམས་ཅན་རྣམས་ཀྱིས་ངན་པར་སྤྱོད་པ་རྣམས་སྤངས་ནས་སངས་རྒྱས་ཀྱི་ལམ་ལ་བགྲོད་པའི་ཆེད་དུ་དེ་ལྟར་དུ་བསྟན་པ་ཡིན་ནོ། །
དེ་ནས་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོས་སྨྲས་པ། འཕགས་པ་ལགས། ཡང་དམྱལ་བའི་སེམས་ཅན་རྣམས་ཀྱི་སྡིག་པའི་རྣམ་སྨིན་ནི་འདི་ལྟ་སྟེ། དམྱལ་བ་འགའ་ཞིག་ན་སེམས་ཅན་གྱི་ལྕེ་འཐེན་ནས་དེའི་སྟེང་དུ་ཞིང་རྨོ་བ་དང་། དམྱལ་བ་འགའ་ཞིག་ན་སྡིག་ཅན་སེམས་ཅན་གྱི་སྙིང་བླངས་ནས་དེ་གནོད་སྦྱིན་རྣམས་ཀྱིས་ཟ་བ་དང་། དམྱལ་བ་འགའ་ཞིག་ན་སླ་ང་ཆེན་པོའི་ཆུ་ཁོལ་གྱི་ནང་དུ་སྡིག་ཅན་སེམས་ཅན་གྱི་ལུས་འཚེད་པ་དང་། དམྱལ་བ་འགའ་ཞིག་ན་ཟངས་ཀྱི་གདུང་མ་རབ་ཏུ་འབར་བར་སྡིག་ཅན་གྱི་སེམས་ཅན་དེ་དག་འཁྱུད་དུ་འཇུག་པ་དང་། དམྱལ་བ་འགའ་ཞིག་ན་རབ་ཏུ་འབར་བའི་མེ་ལྕེ་ཡིས་སྡིག་ཅན་གྱི་སེམས་ཅན་དེ་དག་སྙེག་པར་བྱེད་པ་དང་། དམྱལ་བ་འགའ་ཞིག་ན་གྲང་ངར་རབ་ཏུ་ལྡང་བས་སེམས་ཅན་དེ་དག་འཁེང་བར་བྱེད་པ་དང་། དམྱལ་བ་འགའ་ཞིག་ན་བཤང་གཅིས་བར་མཚམས་མེད་པར་གང་བ་དང་། དམྱལ་བ་འགའ་ཞིག་ན་གྲི་འཕུར་བྱེད་པ་དང་། དམྱལ་བ་འགའ་ཞིག་ན་མེ་མདའ་འཚུབ་པ་དང་། དམྱལ་བ་འགའ་ཞིག་ན་མདུན་རྒྱབ་རྡེབ་པ་དང་། དམྱལ་བ་འགའ་ཞིག་ན་སེམས་ཅན་དེ་དག་གི་རྐང་ལག་བྲེག་པར་བྱེད་པ་དང་། དམྱལ་བ་འགའ་ཞིག་ན་ལྕགས་སྦྲུལ་གྱིས་ཀུན་ནས་འཁྱུད་པར་བྱེད་པ་དང་། དམྱལ་བ་འགའ་ཞིག་ན་ལྕགས་ཁྱིས་ཀུན་ནས་སྐྲོད་པར་བྱེད་པ་དང་། དམྱལ་བ་འགའ་ཞིག་ན་ལྕགས་དྲེལ་གྱིས་ཀུན་ནས་འདྲུད་པར་བྱེད་པའོ། །
འཕགས་པ་ལགས། དམྱལ་བ་སོ་སོའི་ལས་ཀྱི་རྣམ་པར་སྨིན་པ་ནི་དེ་ལྟར་དུ་ཡིན་ནོ། །དེར་ལས་ལས་གྲུབ་པའི་དམྱལ་བའི་མཚོན་ཆ་བརྒྱ་སྟོང་མང་པོ་ནི་འདི་ལྟ་སྟེ། ཟངས་དང་། ལྕགས་དང་། རྡོ་དང་། མེའི་དངོས་པོ་བཞི་ལས་གྲུབ་པ་ཤ་སྟག་ཡིན་ནོ། །དམྱལ་བའི་སེམས་ཅན་རྣམས་ཀྱི་ལས་ཀྱི་སྣང་བའི་ཁྱད་པར་ནི་དེ་ལྟ་བུའོ། །གལ་སྲིད་དམྱལ་བའི་སེམས་ཅན་རྣམས་ཀྱི་སྡིག་པའི་ལས་ཀྱི་རྣམ་སྨིན་གྱི་རྣམ་གཞག་ནི་དམྱལ་བ་རེ་རེའི་ནང་དུ་ཡང་བརྒྱ་སྟོང་དུ་མའི་སྡུག་བསྔལ་དང་ལྡན་ན་དམྱལ་བ་མང་པོའི་ནང་དུ་དེ་ལས་ཀྱང་སྨོས་མ་དགོས་སོ། །བདག་གིས་དེང་འདིར་སངས་རྒྱས་ཀྱི་རྫུ་འཕྲུལ་དང་འཕགས་པ་ཉིད་ཀྱི་དྲི་བ་ལ་བརྟེན་ནས་དེ་ལྟར་བསྡུས་པའི་སྒོ་ནས་བསྙད་པ་ལགས་སོ། །
གལ་སྲིད་རྒྱས་པར་བཤད་ན་བསྐལ་པའི་བར་དུ་ཡང་འཛད་པའི་མཐའ་མ་མཆིས་སོ། །ས་ཡི་སྙིང་པོའི་རྩ་བའི་སྨོན་ལམ་གྱི་མདོ་ལས་དམྱལ་བའི་མིང་གི་རྣམ་གཞག་གི་ལེའུ་སྟེ་ལྔ་པའོ།། །།
ཡང་དེའི་ཚེ། བཅོམ་ལྡན་འདས་ཀྱི་སྐུ་ལས་འོད་ཟེར་ཆེན་པོ་འཕྲོས་ཏེ་བརྒྱ་སྟོང་བྱེ་བ་གྲངས་མེད་གང་གཱ་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་དང་མཉམ་པའི་སངས་རྒྱས་ཀྱི་ཞིང་ཁམས་རྣམས་སུ་ཁྱབ་པར་བྱས།
སླར་ཡང་སྒྲ་དབྱངས་ཆེན་པོ་བྱུང་སྟེ། སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། མི་དང་། མི་མ་ཡིན་རྣམས་ལ་འདི་སྐད་དུ་བཀའ་སྩལ་ཏོ། །དེང་འདིར་བདག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་ཡི་སྙིང་པོས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་བསམ་གྱིས་མི་ཁྱབ་པའི་རྫུ་འཕྲུལ་དང་། བྱམས་པ་དང་། བརྩེ་བའི་མཐུ་ལ་བརྟེན་ནས་སྡིག་སྡུག་གིས་ནོན་པའི་སེམས་ཅན་རྣམས་བསྒྲལ་བའི་ཚུལ་གྱི་རྣམ་པར་གཞག་པ་རྣམས་ལ་བསྟོད་ཅིང་བསྔགས་པར་བྱའོ། །
བདག་མྱ་ངན་ལས་འདས་པའི་རྗེས་སུ་ཁྱོད་ཅག་བྱང་ཆུབ་སེམས་དཔའ་སྐྱེས་བུ་ཆེན་པོ་རྣམས་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་ལ་སོགས་པས་ཐབས་རྒྱ་ཆེན་པོ་ལ་བརྟེན་ནས་མདོ་སྡེ་འདི་སྲུང་བར་བྱས་ཏེ་སེམས་ཅན་ཐམས་ཅད་ཀྱིས་མྱ་ངན་ལས་འདས་པའི་བདེ་བ་འཐོབ་པར་བྱའོ། །
དེ་སྐད་དུ་གསུངས་པ་ན། གྲལ་གྱི་ནང་དུ་བྱང་ཆུབ་སེམས་དཔའ་ཀུན་ཏུ་ཡངས་པ་ཞེས་བྱ་བས་གུས་པས་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་འདི་སྐད་དུ་གསོལ་ཏོ། །དེང་འདིར། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོའི་བསམ་གྱིས་མི་ཁྱབ་པའི་རྫུ་འཕྲུལ་རྣམས་ལ་བསྟོད་ཅིང་བསྔགས་པར་མཛད་ན། བཅོམ་ལྡན་འདས་ཀྱིས་མ་འོངས་དུས་ཀྱི་ཐ་མའི་སེམས་ཅན་རྣམས་ལ་ཕན་པའི་ཆེད་དུ། བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོས་ལྷ་དང་མིའི་འགྲོ་བ་རྣམས་ལ་ཕན་པར་མཛད་པའི་རྒྱུ་འབྲས་ཀྱི་རྣམ་གཞག་སོགས་བསྟན་ན། ལྷ་དང་། ཀླུ་དང་། ལྷ་ཀླུ་སྡེ་བརྒྱད་དང་། མ་འོངས་པའི་སེམས་ཅན་རྣམས་ཀྱིས་སངས་རྒྱས་ཀྱི་གསུང་གུས་པས་སྤྱི་བོར་བླངས་ཏེ་ཉམས་སུ་ལེན་པར་འགྱུར་རོ། །
དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཀུན་ཏུ་ཡངས་པ་དང་འཁོར་སྡེ་བཞི་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལེགས་པར་ཉོན་དང་། ངས་ཁྱོད་ཅག་རྣམས་ལ་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོས་ལྷ་དང་མིའི་འགྲོ་བ་རྣམས་ལ་ཕན་པར་མཛད་པའི་བསོད་ནམས་ལས་བྱུང་བའི་རྣམ་པར་གཞག་པ་རྣམས་བསྡུས་པའི་སྒོ་ནས་བསྟན་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་ཡངས་པས་གསོལ་པ། ལགས་སོ། །བཅོམ་ལྡན་འདས། བདག་ཅག་རྣམས་གསན་པར་འདོད་དོ། །
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ཀུན་ཏུ་ཡངས་པ། མ་འོངས་པའི་འཇིག་རྟེན་འདིར་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཞིག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་ཡི་སྙིང་པོའི་མཚན་ཐོས་ནས་དེ་ལ་ཐལ་མོ་སྦྱར་བའམ། བསྟོད་པར་བྱེད་པའམ། ཕྱག་འཚལ་བའམ། དད་པར་བྱེད་པའི་གང་ཟག་རྣམས་བསྐལ་པ་སུམ་ཅུའི་སྡིག་པ་ལས་འདས་པར་འགྱུར་རོ། །
ཀུན་ཏུ་ཡངས་པ། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་གང་ཞིག་གིས་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོའི་སྐུ་ཚོན་རིས་སུ་བྱས་པའམ། དབྱིབས་རིས་སུ་བྱས་པའམ། ཡང་ན་ས་དང་། རྡོ་དང་། འགྱིག་དང་། རྩི་དང་། གསེར་དང་། དངུལ་དང་། ཟངས་དང་། ལྕགས་སོགས་ཀྱིས་བཞེངས་ནས་དེ་ལ་ལན་གཅིག་བལྟ་བའམ། ཕྱག་ལན་གཅིག་འཚལ་བའི་གང་ཟག་ནི་ལན་བརྒྱའི་བར་དུ་སུམ་ཅུ་རྩ་གསུམ་གྱི་གནས་སུ་སྐྱེས་ནས་ངན་སོང་རྣམས་སུ་གཏན་དུ་ལྟུང་བར་མི་འགྱུར་རོ། །གལ་སྲིད་ལྷའི་བསོད་ནམས་ཟད་པར་གྱུར་ནས་མིའི་ཡུལ་དུ་སྐྱེས་ཀྱང་རྒྱལ་པོ་ཉིད་དུ་གྱུར་ནས་དེའི་དཔལ་རྣམས་ཡོངས་སུ་ཉམས་པར་མི་འགྱུར་རོ། །
ཡང་བུད་མེད་གང་ཞིག་གིས་རང་གི་ལུས་ལ་སུན་ནས་ལྷག་བསམ་དག་པས་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོའི་བྲིས་སྐུ་དང་། ས་དང་། རྡོ་དང་། འགྱིག་དང་། རྩི་དང་། གསེར་དང་། དངུལ་དང་། ཟངས་དང་། ལྕགས་སོགས་ཀྱིས་བཞེངས་པའི་འདྲ་སྐུ་ལ་ཉིན་རེ་བཞིན་ཆད་པ་མེད་པར་དུས་རྟག་ཏུ་མེ་ཏོག་དང་། སྤོས་དང་། བཟའ་བཏུང་དང་། གོས་དང་། གོས་ཆེན་དང་། རྒྱལ་མཚན་དང་། བ་དན་དང་། དངུལ་དང་། རིན་པོ་ཆེ་སོགས་ཀྱིས་མཆོད་པ་དབུལ་བར་བྱས་ན་བུད་མེད་ཀྱི་སྐྱེ་བའི་ཐ་མར་གྱུར་ཅིང་། བསྐལ་པ་བརྒྱ་སྟོང་ཁྲི་ཕྲག་རྣམས་སུ་བུད་མེད་ཀྱི་ཞིང་དུའང་སྐྱེ་བར་མི་འགྱུར་ན་དེའི་ལུས་ལེན་པར་ནི་ལྟ་ཅི་སྨོས། དེ་ཡང་བྱམས་པ་དང་སྨོན་ལམ་གྱི་སྟོབས་ལ་བརྟེན་ནས་ཆེད་དུ་བུད་མེད་ཀྱི་ལུས་བླངས་ནས་འགྲོ་བ་འདྲེན་པ་ནི་མ་གཏོགས་སོ། །
དེ་ལྟར་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་ལ་མཆོད་པ་ཕུལ་བའི་སྟོབས་དང་བསོད་ནམས་བསགས་པའི་སྟོབས་ཀྱིས་བསྐལ་པ་བརྒྱ་སྟོང་ཁྲི་ཕྲག་གི་བར་དུ་བུད་མེད་ཀྱི་སྐྱེ་བ་ལེན་པར་མི་འགྱུར་རོ། །ཀུན་ཏུ་ཡངས་པ། བུད་མེད་གང་ཞིག་གིས་རང་གི་གཟུགས་མི་སྡུག་པ་དང་། ནད་མང་བ་ལ་སུན་ནས་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོའི་འདྲ་སྐུའི་མདུན་དུ་བསམ་པ་དག་པས་ཇ་ཡུན་ཙམ་གྱི་རིང་ལ་དེར་བལྟ་བ་དང་། ཕྱག་འཚལ་བས་ནི་བསྐལ་པ་སྟོང་ཕྲག་གི་བར་དུ་གཟུགས་ཕུན་སུམ་ཚོགས་པ་ཉིད་དུ་སྐྱེ་བར་འགྱུར་རོ། །
གཟུགས་མི་སྡུག་པའི་བུད་མེད་ཀྱིས་རང་གི་ལུས་ལ་མ་སུན་པར་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་ལ་མཆོད་པ་དབུལ་བར་བྱས་ན་བསྐལ་པ་བརྒྱ་སྟོང་བྱེ་བ་ཕྲག་བརྒྱའི་བར་དུ། དུས་རྟག་པར་རྒྱལ་པོའི་སྲས་མོ་དང་། བཙུན་མོ་དང་། ཡང་ན་བློན་པོ་དང་། ཁྱིམ་བདག་སོགས་རིགས་ཅན་གྱི་བུད་མེད་དུ་སྐྱེས་ནས་མཛེས་སྡུག་དང་མཚན་ཕུན་སུམ་ཚོགས་པ་ལྡན་པར་འགྱུར་རོ། །གང་ཟག་གང་གིས་ལྷག་བསམ་དག་པས་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོའི་སྐུ་ལ་བལྟ་བ་དང་ཕྱག་འཚལ་བས་བསོད་ནམས་ཐོབ་པ་ནི་དེ་ལྟར་དུའོ། །
ཀུན་ཏུ་ཡངས་པ། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་གང་ཞིག་གིས་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོའི་འདྲ་སྐུའི་མདུན་དུ་གླུ་དང་། གར་དང་། སྙན་ངག་དང་། བསྟོད་དབྱངས་དང་། མེ་ཏོག་དང་། བདུག་སྤོས་སོགས་ཀྱིས་མཆོད་པ་འབུལ་ཞིང་། ཡང་ན་གཞན་མི་གཅིག་གམ་མི་མང་པོ་ལ་དེ་ལྟར་མཆོད་པ་དབུལ་བར་བསྐུལ་ན་ཚེ་འདིའི་འཇིག་རྟེན་འདིའམ་ཡང་ན་ཕྱི་མའི་འཇིག་རྟེན་རྣམས་སུ། ལྷ་འདྲེ་ལ་སོགས་པ་བརྒྱ་སྟོང་མང་པོས་ཉིན་མཚན་རྟག་ཏུ་གང་ཟག་དེ་སྲུང་བར་བྱེད་དོ། །
གང་ཟག་དེས་བྱ་བ་ངན་པ་རྣམས་རྣ་བས་ཐོས་པར་ཡང་མི་འགྱུར་ན་དངོས་སུ་དེའི་ཐོག་ཏུ་འབབ་པར་སྨོས་ཅི་དགོས། ཀུན་ཏུ་ཡངས་པ། མ་འོངས་པའི་འཇིག་རྟེན་ན། མི་མ་རུངས་པ་དང་། ལྷ་མ་རུངས་པ་དང་། འདྲེ་མ་རུངས་པ་དག་གིས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཞིག་གིས་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོའི་སྐུ་གཟུགས་ལ་གུས་པར་བྱེད་པ་དང་། མཆོད་པ་འབུལ་བ་དང་། བསྟོད་བསྔགས་བྱེད་པ་དང་། ཕྱག་འཚལ་བ་རྣམས་མཐོང་ནས་དེ་ལ་གང་འདོད་འདོད་དུ་བརྙས་བཅོས་བྱེད་པ་དང་། ཡོན་ཏན་དང་ཕན་ཡོན་མེད་པར་སྐུར་བ་འདེབས་པ་དང་། འཕྱ་བགད་བྱེད་པ་དང་། ལྐོག་ནས་སྨོད་པ་དང་། ཡང་ན་གཞན་ལ་སྨོད་དུ་འཇུག་པ་དང་། ཐ་ན་སྐུར་བ་འདེབས་པའི་སེམས་སྐད་ཅིག་ཙམ་སྐྱེ་རུ་བཅུག་པ་དེ་དག་ནི་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་རྩ་གཅིག་མྱ་ངན་ལས་འདས་ཀྱང་དེ་དག་གིས་སྐུར་བ་བཏབ་པའི་རྣམ་སྨིན་གྱིས་བསྐལ་པ་སྟོང་གི་བར་དུ་ད་དུང་དམྱལ་བ་མནར་མེད་དུ་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ། །དེ་ལས་ཐར་ནས་ཡི་དྭགས་ཀྱི་གནས་སུ་བསྐལ་པ་སྟོང་གི་བར་དུ་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ། །ཡང་དེ་ལས་ཐར་ནས་བྱོལ་སོང་གི་གནས་སུ་བསྐལ་པ་སྟོང་གི་བར་དུ་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ། །
སླར་མིའི་ལུས་རྟེན་ཐོབ་ཀྱང་དབུལ་བ་དང་། རིགས་དམན་པ་དང་། དབང་པོ་མི་ཚང་བ་དང་། རྟག་ཏུ་ལས་ངན་པའི་ཀུན་དཀྲིས་ཀྱིས་སེམས་རྒྱུད་བཅིངས་པར་འགྱུར་ཞིང་མི་རིང་བར་སླར་ཡང་ངན་སོང་གི་གནས་སུ་སྐྱེ་བར་འགྱུར་རོ། །དེས་ན་ཀུན་ཏུ་ཡངས་པ། བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོའི་སྐུ་གཟུགས་ལ་མཆོད་པ་བྱེད་པ་རྣམས་ལ་སྐུར་བ་བཏབ་པས་དེ་ལྟར་རྣམ་སྨིན་ཉམས་སུ་མྱོང་ན། དངོས་སུ་ལོག་པར་ལྟ་བ་རྒྱུད་ལ་སྐྱེས་ནས་ལོག་པར་སྤྱོད་པའི་རྣམ་པར་སྨིན་པ་ནི་དེ་ལས་ཀྱང་སྨོས་མ་དགོས་སོ། །
ཀུན་ཏུ་ཡངས་པ། མ་འོངས་པའི་འཇིག་རྟེན་རྣམས་སུ། སྐྱེས་པའམ་བུད་མེད། ནད་པ་གང་ཞིག་ཡུན་རིང་པོའི་བར་དུ་མལ་སར་ལྷུང་ནས་འཆི་ཡང་མ་ཐུབ་ཅིང་གསོན་ཡང་མ་ནུས་ཅི་བྱ་གཏོལ་མེད་ཀྱི་ངང་ནས་ལོ་དང་། ཟླ་བ་དང་། ཞག་མང་པོར་རྨི་ལམ་དུ་ཡང་འདྲེ་གདོན་དག་གིས་འཚེ་བ་དང་། ཁྱིམ་མི་ཉེ་འབྲེལ་གཤིན་པོ་རྣམས་ཀྱིས་འཚེ་བ་དང་། ལམ་འཕྲང་ངན་པར་རྒྱུ་བ་དང་། འདྲེ་གདོན་དག་གིས་ཉལ་གནོན་བྱེད་པ་དང་། ལྷ་འདྲེ་རྣམས་དང་མཉམ་དུ་འཁྱམ་པའི་སྣང་བ་ལ་སོགས་པས་ཡང་ཡང་གཟིར་ནས། ནད་པ་དེ་དག་གི་ལུས་པོ་ཡང་རིད་ཅིང་སྐེམ་པར་གྱུར་ཏེ་མལ་ས་ནས་སེམས་མི་བདེ་བར་བཟོད་དུ་མེད་པའི་སྨྲེ་སྔགས་ཡང་ཡང་འདོན་པ་ནི། དེ་དག་གི་ལས་ལམ་ལ་ཡང་དག་པར་ཤན་འབྱེད་མ་བྱུང་བར་དུ་དགེ་སྡིག་ལྕི་ཡང་གི་ངེས་གཏན་ཡང་མ་བྱུང་ནས་ཚེ་འདོར་ཡང་མ་ཐུབ་ནད་དྲག་ཀྱང་མ་ནུས་པ་ཡིན་མོད། དེ་ལྟ་ན་ཡང་ཁྱིམ་པ་ཕོ་མོ་དེ་དག་གིས་དེ་ལྟའི་རྣམ་གཞག་འབྱེད་མ་ནུས་པས་ཡིན་ནོ། །
དེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐུ་གཟུགས་ཀྱི་མདུན་ནས་སྒྲ་ཆེན་པོས་མདོ་སྡེ་འདི་ལན་གཅིག་བཀླགས་པའམ། ཡང་ན་ནད་པ་དེའི་ཡིད་དུ་འོང་བའི་དངོས་རྫས་དང་། གོས་དང་། རིན་པོ་ཆེ་དང་། ར་བ་དང་། ཁང་ཁྱིམ་རྣམས་བླངས་ནས་ནད་པ་དེའི་མདུན་དུ་སྒྲ་ཆེན་པོས་བདག་ག་གེ་མོ་ཞེས་བྱ་བས་ནད་པ་གང་གི་ཆེད་དུ་དངོས་རྫས་རྣམས་སྤངས་ཏེ་གླེགས་བམ་ལ་མཆོད་པ་ཕུལ་བའམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུ་གཟུགས་བཞེངས་པ་དང་། མཆོད་རྟེན་དང་དགོན་པ་བཞེངས་པ་དང་། མར་མེ་སྦར་བ་དང་། དགེ་འདུན་པ་ལ་གསོལ་སྟོན་དྲངས་པ་ལ་སོགས་བྱེད་པ་ཡིན་ཞེས་ལན་གསུམ་གྱི་བར་དུ་སྨྲས་པས། ནད་པ་གང་གིས་ཀྱང་ཐོས་ཤིང་གོ་བར་འགྱུར་རོ། །
ཡང་ན་ནད་པ་དེའི་དབུགས་ཆད་ནས་ལུས་སེམས་སོ་སོར་བྲལ་བར་གྱུར་ནས་ཞག་གཅིག་དང་། ཞག་གཉིས་དང་། ཞག་གསུམ་དང་། ཞག་བཞི་ནས་ཞག་བདུན་གྱི་བར་དུ། སྒྲ་ཆེན་པོས་མདོ་སྡེ་འདི་བཀླགས་པ་ན་གང་ཟག་དེ་ཚེ་འཕོས་མ་ཐག་ཏུ་སྡིག་པ་ཆེན་པོ་ནས་བཟུང་། མཚམས་མེད་པ་ལྔའི་བར་གྱི་སྡིག་པ་རྣམས་ལས་ཀྱང་ཡོངས་སུ་ཐར་བར་འགྱུར་རོ། །གང་ཟག་དེ་དག་གིས་སྐྱེ་བ་རྣམས་སུ་ཚེ་རབས་དྲན་པར་གྱུར་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཞིག་གིས་མདོ་སྡེ་འདི་དངོས་སུ་བྲིས་པའམ། གཞན་ལ་འབྲི་རུ་བཅུག་པ་དང་། བྱང་ཆུབ་སེམས་དཔའི་འདྲ་སྐུ་བྱས་པ་དང་། རི་མོ་བྲིས་པ་དང་། གཞན་ལ་འདྲ་སྐུ་བྱེད་དུ་བཅུག་པ་དང་། རི་མོ་འབྲི་རུ་བཅུག་པ་དེ་དག་ལ་བརྟེན་ནས་རྣམ་པར་སྨིན་པའི་འབྲས་བུ་ནི་ཆེས་རྒྱ་ཆེན་པོ་འཐོབ་པར་འགྱུར་བ་ནི་སྨོས་མ་དགོས་སོ། །
དེས་ན། ཀུན་ཏུ་ཡངས་པ། གང་ཟག་གང་ཞིག་གིས་མདོ་འདི་ཀློག་པ་དང་། ཐ་ན་སྐད་ཅིག་ཙམ་ལ་མདོ་འདིར་བསྟོད་བསྔགས་བྱེད་པ་དང་། བཀུར་སྟི་བྱེད་པར་མཐོང་ན། ཁྱོད་ཀྱིས་ཐབས་བརྒྱ་སྟོང་དུ་མ་ལ་བརྟེན་ནས་གང་ཟག་དེ་དག་གི་བརྩོན་པའི་སེམས་ལྡོག་ཏུ་མི་གཞུག་པར་བྱའོ། །དེ་ལྟར་བྱས་ན་ད་ལྟ་དང་མ་འོངས་པར་ཡང་ཡོན་ཏན་གྱི་ཚོགས་བརྒྱ་སྟོང་བྱེ་བ་ཕྲག་བརྒྱ་བསམ་མི་ཁྱབ་པ་ཐོབ་པར་འགྱུར་རོ། །
ཀུན་ཏུ་ཡངས་པ། མ་འོངས་འཇིག་རྟེན་གྱི་སེམས་ཅན་དག་རྨི་ལམ་མམ་གཉིད་དུ་ཡུར་བ་ན། ལྷ་དང་། འདྲེ་དང་། གཟུགས་རྣམ་པ་སྣ་ཚོགས་པ་སྟེ། ཤིན་ཏུ་སྐྱོ་བའི་རྣམ་པ་དང་། སྨྲེ་སྔགས་འདོན་པའི་རྣམ་པ་དང་། སྡུག་བསྔལ་བའི་རྣམ་པ་དང་། དབུགས་ངན་འབྱིན་པའི་རྣམ་པ་དང་། དངངས་སྐྲག་པའི་རྣམ་པ་རྣམས་ཀྱི་གཟུགས་དག་མཐོང་ན། དེ་དག་ནི་སྐྱེ་བ་གཅིག་དང་། སྐྱེ་བ་བཅུ་དང་། སྐྱེ་བ་བརྒྱ་དང་། སྐྱེ་བ་སྟོང་རྣམས་སུ་སྔོན་རང་གི་ཕ་མ་དང་། ཕོ་མོ་དང་། མིང་སྲིང་དང་། བཟའ་ཟླ་ལ་སོགས་པའི་ཉེ་འཁོར་རྣམས་ངན་སོང་གི་གནས་སུ་ལྷུང་ནས་ཐར་བའི་སྐབས་མེད་པར་རང་གི་ཤ་རུས་གཅིག་ཏུ་འབྲེལ་བའི་གཉེན་ཉེ་རྣམས་ལ་སྐྱབས་དང་སྐྱོབ་པ། མགོན་དང་དཔུང་གཉེན་འཚོལ་ཞིང་བསོད་ནམས་ཀྱི་ཚོགས་ལ་བརྟེན་ནས་ངན་སོང་དེ་དག་ལས་ཡོངས་སུ་ཐར་བའི་ཆེད་དུ་དེ་ལྟར་སྣང་བ་ཡིན་ནོ། །
ཀུན་ཏུ་ཡངས་པ། ཁྱོད་ཀྱིས་རྫུ་འཕྲུལ་གྱི་སྟོབས་ལ་བརྟེན་ནས་སེམས་ཅན་གང་ཞིག་གིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུ་གཟུགས་ཀྱི་མདུན་ནས་སེམས་རྩེ་གཅིག་གིས་མདོ་འདི་རང་གིས་ཀློག་པའམ། གཞན་ལ་ཀློག་ཏུ་བཅུག་ནས་ཚར་གསུམ་མམ། ཚར་བདུན་ཡོངས་སུ་རྫོགས་པ་ན་སེམས་ཅན་དེ་དག་ངན་སོང་གི་གནས་ནས་ཐར་བར་འགྱུར་རོ། །
དེ་ནས་བཟུང་། རྨི་ལམ་དང་གཉིད་དུ་ཡུར་བའི་དུས་སུ་ཡང་སེམས་ཅན་དེ་དག་གཏན་དུ་སྣང་བར་མི་འགྱུར་རོ། །ཀུན་ཏུ་ཡངས་པ། མ་འོངས་འཇིག་རྟེན་རྣམས་སུ། གང་ཟག་རིགས་དམན་པ་སྟེ། བྲན་ཕོ་དང་བྲན་མོ་ལ་སོགས་པ་རང་དབང་མེད་པའི་མི་རྣམས་ཀྱིས་རང་རང་གི་ཚེ་རབས་སྔ་མའི་ལས་ཡིན་པར་ཤེས་ནས་བཤགས་པར་འདོད་པ་དག་ནི། ཉིན་བདུན་གྱི་རིང་ལ་སེམས་རྩེ་གཅིག་པས་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོའི་སྐུ་གཟུགས་ལ་བལྟ་བ་དང་། ཕྱག་འཚལ་བ་དང་། བྱང་ཆུབ་སེམས་དཔའི་མཚན་བརྗོད་ནས་ཁྲི་ཕྲག་གཅིག་གང་བ་ན། དེ་དག་གི་ལས་ཀྱི་རྣམ་སྨིན་ཟད་ནས་སྐྱེ་བ་སྟོང་ཕྲག་ཁྲི་ཕྲག་རྣམས་སུ་རྟག་ཏུ་རིགས་མཐོ་བ་ཤ་སྟག་ཏུ་སྐྱེ་བར་འགྱུར་ཞིང་ངན་སོང་གནས་གསུམ་གྱི་སྡུག་བསྔལ་མྱོང་བར་མི་འགྱུར་རོ། །
ཀུན་ཏུ་ཡངས་པ། མ་འོངས་འཇིག་རྟེན་གྱི་འཛམ་བུ་གླིང་དུ། རྒྱལ་རིགས་དང་། བྲམ་ཟེའི་རིགས་དང་། ཁྱིམ་བདག་དང་། དགེ་བསྙེན་ལ་སོགས་པ་མི་ཡི་རིས་དང་། གཞན་ཡང་རིགས་དང་རིས་ཐ་དད་པའི་མི་རྣམས་ལ་གསར་དུ་བུའམ་བུ་མོ་གང་ཞིག་བཙས་པ་ན། ཞག་བདུན་གྱི་ནང་དུ་བསམ་གྱིས་མི་ཁྱབ་པའི་མདོ་སྡེ་འདི་ཉིད་བཀླགས་ཤིང་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོའི་མཚན་བརྗོད་དེ་ཁྲི་ཕྲག་གཅིག་གང་བ་ན། གསར་དུ་སྐྱེས་པའི་བུའམ་བུ་མོ་གང་ཞིག་བསོད་ནམས་མ་ཡིན་པའི་ལས་དང་ལྡན་ཡང་། དེ་དག་ལས་ཡོངས་སུ་གྲོལ་བར་གྱུར་ནས་བདེ་བར་འཚོ་ཞིང་ཚེ་ཡང་འཕེལ་བར་འགྱུར་རོ། །
གལ་སྲིད་བསོད་ནམས་དང་ལྡན་པའི་བུ་རུ་སྐྱེས་ན་དེ་ལས་ཀྱང་བདེ་བར་འཚོ་ཞིང་ཚེ་ཡང་འཕེལ་བར་འགྱུར་རོ། །ཀུན་ཏུ་ཡངས་པ། མ་འོངས་འཇིག་རྟེན་གྱི་སེམས་ཅན་རྣམས་ཟླ་བ་བྱུང་ངོ་ཅོག་གི་ཚེས་གཅིག་དང་། ཚེས་བརྒྱད་དང་། ཚེས་བཅུ་བཞི་དང་། ཚེས་བཅོ་ལྔ་དང་། ཚེས་བཅོ་བརྒྱད་དང་། ཚེས་ཉེར་གསུམ་དང་། ཚེས་ཉེར་བཞི་དང་། ཚེས་ཉེར་བརྒྱད་དང་། ཚེས་ཉེར་དགུ་ནས་ཚེས་སུམ་ཅུའི་བར་དུ། ཉིན་རེ་བཞིན་དུ་སྡིག་པའི་ལས་རྣམས་འདུ་བའི་དུས་ཞེས་བྱ་བ་ཡིན་པས་ཉིན་དེ་དག་ལ་ལས་ཀྱི་ཡང་ལྗིད་ངེས་གཏན་བྱེད་པ་ཡིན་ནོ། །
ལྷོ་འཛམ་བུ་གླིང་གི་སེམས་ཅན་རྣམས་ཀྱི་ཀུན་སློང་དང་ཀུན་སྤྱོད་ཐམས་ཅད་ལས་མ་ཡིན་པ་དང་། སྡིག་པ་མ་ཡིན་པ་མེད་ན། གང་འདོད་འདོད་དུ་སེམས་ཅན་གསོད་པ་དང་། མ་བྱིན་པ་ལེན་པ་དང་། འདོད་པའི་ལོག་པར་གཡེམ་པ་དང་། རྫུན་དུ་སྨྲ་བ་རྣམས་ཀྱི་སྡིག་པའི་རྣམ་གྲངས་ནི་སྨོས་མ་དགོས་སོ། །
དེས་ན། དུས་ཆེན་གྱི་ཉིན་བཅུ་པོ་དེ་དག་རྣམས་སུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། དམ་པ་དག་གི་སྐུ་གཟུགས་ཀྱི་མདུན་ནས་མདོ་འདི་ཚར་གཅིག་བཀླགས་ན། ཤར་ལྷོ་ནུབ་བྱང་རེ་རེ་ནས་དཔག་ཚད་བརྒྱ་ཕྲག་གི་ནང་དུ་འཇིག་པ་ཐམས་ཅད་ཡོངས་སུ་ཞི་བར་འགྱུར་རོ། །མདོ་ཀློག་པའི་ཁྱིམ་མི་རྒན་གཞོན་ཐམས་ཅད་ཀྱང་ད་ལྟ་དང་། མ་འོངས་པའི་ལོ་བརྒྱ་ཕྲག་སྟོང་ཕྲག་རྣམས་སུ་ངན་སོང་གི་གནས་སུ་ལྟུང་བར་མི་འགྱུར་རོ། །
དུས་ཆེན་གྱི་ཉིན་བཅུ་པོ་དེ་དག་རྣམས་སུ། ཉིན་རེ་བཞིན་དུ་མདོ་འདི་ཚར་གཅིག་བཀླགས་ན་ཁྱིམ་མི་དེ་དག་ཀྱང་ནམ་ཡང་དུས་མ་ཡིན་པའི་འཆི་བ་དང་། དུས་མ་ཡིན་པའི་ནད་རྣམས་འབྱུང་བར་མི་འགྱུར་ཞིང་ཟས་དང་གོས་ཕུན་སུམ་ཚོགས་པ་དང་ལྡན་པར་འགྱུར་རོ། །དེས་ན་ཀུན་ཏུ་ཡངས་པ། བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་ལ་དེ་ལྟར་རྫུ་འཕྲུལ་གྱི་སྟོབས་དང་ཕན་ཡོན་བརྗོད་དུ་མེད་པ་བརྒྱ་སྟོང་ཕྲག་བྱེ་བ་ཕྲག་བརྒྱ་ལྡན་ནོ། །
སྐྱེས་བུ་ཆེན་པོ་འདི་ནི་འཛམ་བུ་གླིང་གི་སེམས་ཅན་རྣམས་ལ་ཡང་ལས་ཀྱི་འབྲེལ་བ་ཁྱད་པར་ཅན་ཡོད་པས། སེམས་ཅན་གང་ཞིག་གིས་བྱང་ཆུབ་སེམས་དཔའ་འདིའི་མཚན་ཐོས་པ་དང་། བྱང་ཆུབ་སེམས་དཔའ་འདིའི་སྐུ་གཟུགས་མཇལ་བ་ནས་བཟུང་། ཐ་ན་མདོ་སྡེ་འདིའི་ཡིག་འབྲུ་གསུམ་མམ། ཡིག་འབྲུ་ལྔའམ། ཡང་ན་ཚིག་གཅིག་གམ། ཚིགས་བཅད་གཅིག་ཐོས་པར་གྱུར་ན། དེ་ནི་ཚེ་འདིར་བདེ་བ་ཕུན་སུམ་ཚོགས་པ་དང་ལྡན་ཞིང་མ་འོངས་འཇིག་རྟེན་དུ་ཡང་ཚེ་རབས་བརྒྱ་ཕྲག སྟོང་ཕྲག ཁྲི་ཕྲག་རྣམས་སུ་གཟུགས་བྱད་ཕུན་སུམ་ཚོགས་པར་འགྱུར་བ་དང་། རིགས་བཟང་པོའི་ཁྱིམ་དུ་སྐྱེ་བར་འགྱུར་རོ། །
དེའི་ཚེ། བྱང་ཆུབ་སེམས་དཔའ་ཀུན་ཏུ་ཡངས་པས་དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོའི་ཡོན་ཏན་ལ་བསྔགས་པར་བརྗོད་པ་ཐམས་ཅད་ཐོས་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་ཐལ་མོ་སྦྱར་ཞིང་སླར་ཡང་བཅོམ་ལྡན་འདས་ལ་འདི་སྐད་དུ་གསོལ་པ། བཙུན་པ་བཅོམ་ལྡན་འདས། བདག་གིས་ཆེས་ཐོག་མ་ནས་སྐྱེས་བུ་ཆེན་པོ་འདིའི་བསམ་གྱིས་མི་ཁྱབ་པའི་རྫུ་འཕྲུལ་གྱི་སྟོབས་དང་། དམ་བཅའ་དང་། སྨོན་ལམ་གྱི་སྟོབས་རྣམས་ཤེས་ཟིན་ཀྱང་། མ་འོངས་སེམས་ཅན་རྣམས་ཀྱིས་དེའི་ཕན་ཡོན་ཤེས་པའི་སླད་དུ་སླར་ཡང་བཅོམ་ལྡན་འདས་ལ་ཆེད་དུ་དྲིས་པ་ཡིན་ལ། བདག་ཅག་གིས་ཀྱང་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་གསུངས་པ་བཞིན་དེ་ལྟར་དུ་གཟུང་བར་བྱའོ། །
བཅོམ་ལྡན་འདས། མདོ་འདིའི་མིང་ལ་ཇི་སྐད་དུ་བྱ། བདག་ཅག་གིས་ཇི་ལྟར་སྤེལ་བར་བྱ། བཅོམ་ལྡན་འདས་ཀྱིས་ཀུན་ཏུ་ཡངས་པ་ལ་བཀའ་སྩལ་པ། མདོ་འདིའི་མིང་ལ་གསུམ་དུ་བྱ་སྟེ། ས་ཡི་སྙིང་པོའི་རྩ་བའི་སྨོན་ལམ་ཞེས་བྱ་བའི་མདོ་དང་། ས་ཡི་སྙིང་པོའི་རྩ་བའི་སྤྱོད་པ་ཞེས་བྱ་བའི་མདོ་དང་། ས་ཡི་སྙིང་པོའི་རྩ་བའི་དམ་བཅའི་སྟོབས་ཀྱི་མདོ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་འདིས་བསྐལ་པ་ཆེས་མང་པོ་ནས་སེམས་རྒྱ་ཆེན་པོ་བསྐྱེད་དེ་སེམས་ཅན་རྣམས་ལ་ཕན་པར་མཛད་ན་ཁྱེད་ཅག་གིས་ཀྱང་དེའི་ཐུགས་བསྐྱེད་བཞིན་དུ་མདོ་འདི་ཉིད་ཡོངས་སུ་སྤེལ་བར་བྱའོ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་ཡངས་པས་དེ་སྐད་དུ་ཐོས་ནས་གུས་པས་ཐལ་མོ་སྦྱར་ཞིང་ཕྱག་འཚལ་ནས་སོང་ངོ་། །ས་ཡི་སྙིང་པོའི་རྩ་བའི་སྨོན་ལམ་གྱི་མདོ་ལས་དེ་བཞིན་གཤེགས་པས་བསྔགས་པ་བརྗོད་པའི་ལེའུ་སྟེ་དྲུག་པའོ།། །།
དེའི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་ཡི་སྙིང་པོས་བཅོམ་ལྡན་འདས་ལ་འདི་སྐད་དུ་གསོལ་པ། བཙུན་པ་བཅོམ་ལྡན་འདས། བདག་གིས་བལྟས་ན་འཛམ་བུ་གླིང་གི་སེམས་ཅན་རྣམས་ཀྱི་ཀུན་སློང་དང་ཀུན་སྤྱོད་ཐམས་ཅད་སྡིག་པ་མ་ཡིན་པ་མེད་ལ། གལ་སྲིད་དགེ་བའི་ཕན་པ་ཅུང་ཟད་ཐོབ་ཀྱང་རྐྱེན་མང་པོས་ཐོག་མའི་སེམས་ཉམས་པར་གྱུར་བ་དང་། གལ་སྲིད་མི་དགེ་བའི་རྐྱེན་དང་འཕྲད་ན་དེ་ཉིད་སྐད་ཅིག་རེ་རེ་བཞིན་འཕེལ་བར་འགྱུར་བས། གང་ཟག་འདི་དག་ནི་དཔེར་ན། རྡོ་ལྗིད་པོ་ཁུར་ནས་འདམ་རྫབ་ཀྱི་ནང་དུ་བགྲོད་ཅིང་ཇི་སྲིད་བགྲོད་པ་བཞིན་དུ་ངལ་ཞིང་དུབ་ནས་ཁུར་ཡང་ཇེ་ལྗིད་དུ་སོང་ནས་གོམ་སྟབས་འདོར་མི་ཐུབ་པ་ལྟ་བུར་གྱུར་པ་ན། སྐྱེས་བུ་ངོ་ཤེས་པ་གང་ཞིག་འོངས་ནས་དེས་དེ་ལ་གྲོགས་བྱས་ཏེ་ཁུར་ཆ་ཤས་སམ་ཁུར་ཐམས་ཅད་ཁུར་བ་ན། སྐྱེས་བུ་དེ་ནི་མཐུ་སྟོབས་ཆེན་པོ་དང་ལྡན་པས་དེའི་གྲོགས་ལ་བརྟེན་ནས་གོམ་སྟབས་ཀྱང་བརྟན་པོར་གྱུར་ནས་མཐར་རང་གི་དམིགས་ཡུལ་དེར་སླེབས་ཐུབ་ཅིང་དེ་ནས་བཟུང་ལམ་ངན་པ་དེ་དག་ལ་མི་བགྲོད་པར་ཤེས་པ་བཞིན་ནོ། །
བཙུན་པ་བཅོམ་ལྡན་འདས། སྡིག་པར་གོམས་པའི་སེམས་ཅན་རྣམས་ཀྱིས་སྡིག་པ་ཆེས་ཕྲ་བ་ནས་དཔག་ཏུ་མེད་པའི་བར་བསགས་ཤིང་དེ་ལྟའི་སྡིག་པའི་བག་ཆགས་ཅན་གྱི་སེམས་ཅན་རྣམས་ནམ་ཞིག་ཚེ་འཕོས་པ་ན་དེའི་ཕ་མ་དང་ཉེ་འཁོར་རྣམས་ཀྱིས་དེ་ལ་ལམ་རྒྱགས་ཀྱི་ཆེད་དུ། བསོད་ནམས་ཀྱི་ཚོགས་བསགས་པ་སྟེ། གདུགས་དང་ཇོ་དར་བསྒྲེང་བ་དང་། མར་མེ་སྦར་བ་དང་། རྟག་ཏུ་མདོ་འདོན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུ་གཟུགས་ལ་མཆོད་པ་ཕུལ་བ་ནས་བཟུང་། ཡང་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། རང་སངས་རྒྱས་ཀྱི་མཚན་ལན་གཅིག་ཙམ་བརྗོད་ནས་དེའི་སྒྲ་རྣམས་འཆི་ཁ་མའི་རྣ་ལམ་དུ་བླུག་པའམ། ཡང་ན་སྒྲ་དེ་དག་ཐོས་ནས་གང་ཟག་དེའི་ཀུན་གཞིའི་ཁམས་སུ་བག་ཆགས་བཞག་པར་གྱུར་ན། སྤྱིར་སེམས་ཅན་དེ་དག་རང་རང་གིས་ལས་ངན་པ་བསགས་པའི་སྟོབས་ཀྱིས་ངེས་པར་དུ་ངན་སོང་གི་གནས་སུ་སྡུག་བསྔལ་མྱོང་བར་འགྱུར་ནའང་། ཉེ་འཁོར་རྣམས་ཀྱིས་དེ་ལྟར་དགེ་བའི་རྩ་བ་བསྐྲུན་པའི་རྒྱུ་དང་རྐྱེན་ལ་བརྟེན་ནས་སེམས་ཅན་དེ་དག་གི་སྡིག་པ་རྣམས་ཡོངས་སུ་བྱང་བར་འགྱུར་རོ། །གལ་སྲིད་མུ་མཐུད་དུ་གཤིན་པོ་དེའི་རྗེས་སུ་ཞག་བདུན་ཕྲག་བདུན་གྱི་ནང་དུ་དགེ་རྩ་རྒྱ་ཆེན་པོ་བསྐྲུན་པ་ན། སེམས་ཅན་དེ་དག་ངན་སོང་གི་གནས་དང་གཏན་དུ་བྲལ་ཏེ་ལྷ་དང་མིའི་བདེ་བ་ཕུན་སུམ་ཚོགས་པ་མྱོང་བར་འགྱུར་རོ། །
དེ་ལ་བརྟེན་ནས་ད་ལྟའི་ཉེ་འཁོར་རྣམས་ལའང་ཕན་པ་དཔག་ཏུ་མེད་པ་འཐོབ་པར་འགྱུར་རོ། །དེས་ན་བདག་གིས་དེ་རིང་བཅོམ་ལྡན་འདས་དང་། ལྷ་ཀླུ་སྡེ་བརྒྱད་དང་། མི་དང་མི་མ་ཡིན་རྣམས་དཔང་པོར་བྱས་ནས་འཛམ་བུ་གླིང་གི་སེམས་ཅན་རྣམས་ལ་འདི་ལྟར་བསྐུལ་བར་བྱ་སྟེ། གང་ཟག་གང་ཞིག་འཇིག་རྟེན་འདི་ནས་ཚེ་འཕོས་པ་ན་དེའི་ཆེད་དུ་སེམས་ཅན་བསད་པ་དང་། སྡིག་པའི་ལས་བྱས་ཏེ་ལྷ་འདྲེ་དང་འབྱུང་པོ་རྣམས་ལ་དམར་མཆོད་བྱེད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གང་ཟག་གང་གིས་དམར་མཆོད་བྱས་པས་གཤིན་པོ་རྣམས་ལ་ཕན་པ་སྤུ་ཙམ་མེད་པ་མ་ཟད། དེ་ལས་ལྡོག་སྟེ་སྡིག་པའི་ལས་དེའི་སྟོབས་ཀྱིས་རྣམ་སྨིན་ཆེས་ལྕི་བར་འགྱུར་རོ། །
གལ་སྲིད་འཇིག་རྟེན་འདིའམ་མ་འོངས་འཇིག་རྟེན་རྣམས་སུ། གང་ཟག་གང་གིས་དགེ་བའི་ལས་ཅུང་ཟད་བྱས་ཏེ་ལྷ་དང་མིའི་ནང་དུ་སྐྱེ་བར་འགྱུར་བ་ཡིན་ནའང་། དེའི་གཉེན་ཉེ་རྣམས་ཀྱིས་སྡིག་པའི་ལས་བྱས་པས་གང་ཟག་དེ་ཉིད་ཚེ་འཕོས་པ་ན་ཡིད་དུ་མི་འོང་བའི་རྣམ་སྨིན་དུ་མ་ཉམས་སུ་མྱངས་ནས་བདེ་འགྲོའི་གནས་སུ་སྐྱེ་བའང་འགྱང་བར་འགྱུར་ན། གང་ཟག་གང་ཞིག་འཇིག་རྟེན་འདི་ནས་ཚེ་འཕོས་པ་ན། དེས་དགེ་བའི་རྩ་བ་ཅུང་ཟད་ཀྱང་མ་བྱས་པ་ཡིན་ན་དེའི་ལས་ཀྱི་སྟོབས་ཀྱིས་ངན་སོང་གི་གནས་སུ་སྡུག་བསྔལ་ཉམས་སུ་མྱོང་བ་ནི་སྨོས་མ་དགོས་སོ། །
དེས་ན་གཉེན་ཉེ་གང་ཞིག་གིས་གང་ཟག་དེའི་ཆེད་དུ་ད་དུང་སྡིག་པའི་ལས་གསོག་པ་ནི་ཇི་ལྟར་བཟོད་དེ་མི་བཟོད་དོ། །དཔེར་ན། མི་འགའ་ཞིག་ཐག་རིང་པོ་ནས་འོངས་ཏེ་ཉིན་གསུམ་གྱི་རིང་ལ་ཟས་ཀྱང་མ་ཟོས། དེ་ལས་ཀྱང་རྒྱ་མ་བརྒྱའི་ལྗིད་ཚད་ཀྱི་ཁུར་ཆེན་པོ་ཡང་འཁུར་དགོས་པ་དང་། སླར་ཡང་དེའི་ཁྱིམ་མཚེས་ཀྱི་མི་གང་ཞིག་གིས་དེ་ལ་ནོར་རྫས་གཞན་པ་ཡང་བསྣན་ནས་ཁུར་དུ་བཅུག་པ་ན། དེས་ནི་ཆེས་ལྗིད་དེ་ལམ་དུ་ཡང་བགྲོད་མི་ཐུབ་པར་འགྱུར་བ་ལྟ་བུའོ། །བཅོམ་ལྡན་འདས། བདག་གིས་བལྟས་ན། འཛམ་བུ་གླིང་གི་སེམས་ཅན་རྣམས་ཀྱིས་སངས་རྒྱས་ཀྱི་བསྟན་པ་འདིར་ཐ་ན་དགེ་བའི་རྩ་བ་ཅུང་ཟད་བགྱིས་པ་སྟེ། སྐྲ་ཉག་ཙམ་དང་། ཆུ་ཐིགས་ཙམ་དང་། བྱེ་མ་གཅིག་ཙམ་དང་། རྡུལ་ཕྲན་གཅིག་ཙམ་བྱས་ནའང་དེའི་ཕན་ཡོན་ཐམས་ཅད་རང་རང་ལ་འཐོབ་པར་འགྱུར་བ་ཡིན་ནོ། །
དེའི་ཚེ། གྲལ་གྱི་ནང་དུ་ཁྱིམ་བདག་གཅིག་ཡོད་པ་མིང་ལ་སྤོབས་པ་ཆེན་པོ་ཞེས་བྱ། དེ་ནི་ཆེས་ཐོག་མ་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ཅིང་ཕྱོགས་བཅུ་རྣམས་སུ་སྤྲུལ་པས་འགྲོ་བ་འདྲེན་པར་བྱེད་པ་ཞིག་ཡིན་ན་ཡང་། ལྟར་སྣང་ལ་ཁྱིམ་བདག་གི་ལུས་རྟེན་བཟུང་བ་དེས་གུས་པས་ཐལ་མོ་སྦྱར་ཏེ་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་ལ་འདི་སྐད་དུ་དྲིས་པ། སྐྱེས་བུ་ཆེན་པོ། ལྷོ་འཛམ་བུ་གླིང་གི་སེམས་ཅན་གང་ཞིག་ནམ་ཞིག་ཚེ་འཕོས་པ་ན། དེའི་ཉེ་འཁོར་ཆེན་པོ་དང་ཆུང་ངུ་རྣམས་ཀྱིས་བསོད་ནམས་བསགས་ཤིང་དགེ་འདུན་པ་ལ་བསོད་སྙོམས་དྲངས་ནས་དགེ་རྩ་མང་པོ་སྒྲུབ་པར་བྱས་ན། ཚེ་འཕོས་པའི་གང་ཟག་དེ་ལ་ཕན་པ་དང་ཐར་བ་ཇི་ལྟར་འཐོབ་པར་འགྱུར། དེ་ནས་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོས་ལན་དུ་སྨྲས་པ། སྤོབས་པ་ཆེན་པོ། བདག་གིས་སངས་རྒྱས་ཀྱི་བྱིན་རླབས་ལ་བརྟེན་ནས། མ་འོངས་དང་ད་ལྟའི་སེམས་ཅན་རྣམས་ལ་ཕན་པའི་ཆེད་དུ་ཅུང་ཟད་བརྗོད་པར་བྱ་སྟེ། སྤོབས་པ་ཆེན་པོ། མ་འོངས་དང་ད་ལྟའི་སེམས་ཅན་གང་ཞིག་ཚེ་འཕོས་པ་ན། སངས་རྒྱས་ཀྱི་མཚན་ལན་གཅིག་ཐོས་པ་དང་། བྱང་ཆུབ་སེམས་དཔའི་མཚན་ལན་གཅིག་ཐོས་པ་དང་། རང་སངས་རྒྱས་ཀྱི་མཚན་ལན་གཅིག་ཙམ་ཐོས་པར་གྱུར་ན། དེ་ནི་སྡིག་པ་དང་ལྡན་པའམ་སྡིག་པ་དང་མི་ལྡན་པའི་གང་ཟག་སུ་ཡིན་ཡང་ཐམས་ཅད་ཐར་བ་འཐོབ་པར་འགྱུར་རོ། །
གལ་སྲིད་སྐྱེས་པའམ་བུད་མེད་གང་ཞིག་གསོན་པའི་དུས་སུ་དགེ་བའི་རྩ་བ་མི་སྒྲུབ་ཅིང་སྡིག་པའི་ལས་ཆེས་མང་པོ་གསོག་མཁན་ཞིག་ཡིན་ན། ཚེ་འདི་འཕོས་པའི་རྗེས་སུ་དེའི་ཉེ་འཁོར་ཆེན་པོ་དང་ཆུང་ངུ་དག་གིས་དེ་ལ་དགེ་བའི་བསོད་ནམས་བསྐྲུན་པ་ན། དེ་ལ་དགེ་བ་དེ་དག་ལས་བདུན་ཆ་གཅིག་ཙམ་ཐོབ་པ་ཡིན་ནོ། །དེའི་ཆ་དྲུག་ནི་དགེ་བ་བྱེད་པ་པོ་རང་ཉིད་ལ་ཕན་པ་ཡིན་ནོ། །དེས་ན་མ་འོངས་དང་ད་ལྟའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཞིག་གིས་བདེ་བར་འཚོ་བའི་དུས་སུ་དགེ་བ་སྒྲུབ་པར་བྱས་ན་དེའི་དགེ་རྩ་ཐམས་ཅད་རང་རང་ལ་ཐོབ་པ་ཡིན་ནོ། །
མི་རྟག་པའི་འཆི་བདག་གི་བདུད་ཆེན་པོ་དེ་ནམ་ཞིག་སླེབས་པར་ཆ་མ་མཆིས་ལ། ནམ་ཞིག་དེ་སླེབས་ཏེ་ཤི་ནས་བར་སྲིད་དུ་འཁྱམས་པར་གྱུར་པ་ན། རང་རང་གི་དགེ་བ་དང་སྡིག་པའི་རྣམ་གྲངས་ཀྱང་མི་ཤེས། ཞག་བདུན་ཕྲག་བདུན་གྱི་ནང་དུ་རྨོངས་པ་དང་ལོང་བ་ལྟ་བུར་ཆགས་ནས་གཤིན་རྗེའི་ལས་མཁན་རྣམས་ཀྱིས་དེའི་དགེ་སྡིག་གི་དྲང་ཤན་མ་ཕྱེ་བར་དུ་ལུས་ལེན་མི་ཐུབ་ཅིང་། ནམ་ཞིག་དེ་དག་གིས་དྲང་ཤན་ཕྱེས་རྗེས་རང་རང་གི་ལས་དང་མཐུན་པའི་སྐྱེ་བ་ལེན་པ་ཡིན་ནོ། །དེའི་སྐྱེ་བ་མ་ལོན་གྱི་བར་དུ། གདུང་བ་དང་སྡུག་བསྔལ་བརྒྱ་ཕྲག་སྟོང་ཕྲག་མང་པོ་ཉམས་སུ་མྱོང་དགོས་ན་དངོས་སུ་ངན་སོང་གི་གནས་སོགས་སུ་ལྟུང་བའི་སྡུག་བསྔལ་ནི་སྨོས་མ་དགོས་སོ། །
དེས་ན་ཚེ་འཕོས་པའི་གང་ཟག་གང་ཞིག་སྐྱེ་བ་ལེན་མ་ཐུབ་པའི་བར་དུ་ཞག་བདུན་ཕྲག་བདུན་གྱི་ནང་དུ་སྐད་ཅིག་རེ་རེ་བཞིན་རང་གི་ཉེ་འབྲེལ་དང་ཤ་རུས་གཅིག་པའི་བུ་རྒྱུད་རྣམས་ལ་དགེ་བའི་བསོད་ནམས་ལ་བརྟེན་ནས་རང་ཉིད་དེ་ལས་གྲོལ་བའི་རེ་སྨོན་བཅོལ་བཞིན་ཡོད་ཅིང་། ནམ་ཞིག་དུས་དེ་ལས་བརྒལ་བ་ན་སེམས་ཅན་རང་གི་ལས་ལ་བརྟེན་ནས་རྣམ་སྨིན་ཉམས་སུ་མྱོང་བ་ཡིན་ནོ། །གལ་སྲིད་སྡིག་པ་ཆེན་པོའི་གང་ཟག་ཡིན་ན་ལོ་བརྒྱ་ཕྲག་སྟོང་ཕྲག་གི་ནང་དུ་ཐར་བའི་སྐབས་མ་མཆིས་སོ། །གལ་སྲིད་མཚམས་མེད་པ་ལྔ་བྱས་པའི་གང་ཟག་ཡིན་ན་བསྐལ་པ་སྟོང་ཕྲག་ཁྲི་ཕྲག་གི་བར་དུ་དམྱལ་བ་ཆེན་པོར་ལྟུངས་ནས་གཏན་གྱི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ། །
དེ་ནས་སྤོབས་པ་ཆེན་པོ། སྡིག་ཅན་གྱི་སེམས་ཅན་གང་ཞིག་ཚེ་འཕོས་པ་ན། དེའི་ཤ་རུས་གཅིག་པའི་ཉེ་འབྲེལ་རྣམས་ཀྱིས་དེ་ལ་དགེ་བ་སྒྲུབ་པའི་ཆེད་དུ་དགེ་འདུན་པ་ལ་གདུགས་ཚོད་དྲང་བར་བྱའོ། །དེ་ལྟ་ནའང་གདུགས་ཚོད་ཀྱི་ཡུལ་དང་གདུགས་ཚོད་ཀྱི་བྱ་བའི་རིམ་པ་རྣམས་མ་རྫོགས་པའི་བར་དུ། འབྲས་ཆན་གྱི་ཁུ་བ་དང་ཚོད་མའི་ལོ་མ་སོགས་གང་འདོད་འདོད་དུ་ས་ལ་འདོར་བར་མི་བྱའོ། །ཐོག་མར་སངས་རྒྱས་དང་དགེ་འདུན་རྣམས་ལ་ཟས་ཀྱི་ཕུད་མ་མཆོད་པར་དེའི་སྔོན་དུ་རང་གིས་ལོངས་སུ་སྤྱད་པར་མི་བྱའོ། །གལ་ཏེ་དེ་ལྟར་བྱས་ནས་བརྩོན་པ་མི་བྱེད་པའི་གང་ཟག་དེ་ཚེ་འཕོས་པར་གྱུར་པ་ན་དེའི་ཕན་ཡོན་རྣམས་ཐོབ་པར་མི་ནུས་སོ། །
ཡང་གང་ཟག་གང་ཞིག་བརྩོན་འགྲུས་བརྩམས་ཤིང་དེ་དག་ལེགས་པར་སྲུང་ནས་ཐོག་མར་སངས་རྒྱས་དང་། དགེ་འདུན་རྣམས་ལ་ཟས་ཕུད་ཀྱི་མཆོད་པ་བྱས་ན་ཚེ་འཕོས་མ་ཐག་དེའི་དགེ་རྩའི་བདུན་ཆ་གཅིག་ཐོབ་པར་འགྱུར་རོ། །དེས་ན་སྤོབས་པ་ཆེན་པོ། འཛམ་བུ་གླིང་གི་སེམས་ཅན་གང་ཞིག་རང་གི་ཕ་མ་དང་ཉེ་འབྲེལ་སོགས་ནམ་ཞིག་ཚེ་འཕོས་པ་ན་ལྷག་བསམ་དག་པས་དགེ་འདུན་རྣམས་ལ་གདུགས་ཚོད་དྲང་བའི་བྱ་བ་ལ་བརྩོན་པར་བྱའོ། །
དེ་ལྟར་བྱས་པས་གཤིན་པོ་དང་གསོན་པོ་གཉིས་ཀ་ལ་ཕན་པ་འཐོབ་པར་འགྱུར་རོ། །དེ་སྐད་དུ་གསུངས་པ་ན་སུམ་ཅུ་རྩ་གསུམ་གྱི་ལྷ་ཡི་ཕོ་བྲང་ནས་སྟོང་ཕྲག་ཁྲི་ཕྲག་བྱེ་བ་ཕྲག་བརྒྱའི་འཛམ་བུ་གླིང་གི་སེམས་ཅན་ལྷ་འདྲེ་ཐམས་ཅད་ཀྱིས་བླ་ན་མེད་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་གྱུར་ཏོ། །དེ་ནས་ཁྱིམ་བདག་སྤོབས་པ་ཆེན་པོས་ཀྱང་གུས་པས་ཕྱག་འཚལ་ནས་སོང་ངོ་། །ས་ཡི་སྙིང་པོའི་རྩ་བའི་སྨོན་ལམ་གྱི་མདོ་ལས་གཤིན་པོ་དང་གསོན་པོ་རྣམས་ལ་ཕན་པར་སྒྲུབ་པའི་ལེའུ་སྟེ་བདུན་པའོ།། །།
ཡང་དེའི་ཚེ། ལྕགས་རིའི་ནང་དུ་འཁོད་པའི་གྲངས་མེད་པའི་འདྲེའི་རྒྱལ་པོ་དང་། གཤིན་རྗེའི་ལྷའི་བུ་རྣམས་ཐམས་ཅད་སུམ་ཅུ་རྩ་གསུམ་གྱི་གནས་སུ་བཅོམ་ལྡན་འདས་ག་ལ་བ་དེར་དོང་ངོ་། །དེ་ལ་དུག་ངན་ཅན་གྱི་འདྲེའི་རྒྱལ་པོ་དང་། སྡིག་པ་མང་བའི་འདྲེའི་རྒྱལ་པོ་དང་། རྩོད་པ་ཆེན་པོའི་འདྲེའི་རྒྱལ་པོ་དང་། དཀར་མདོག་སྟག་གི་འདྲེའི་རྒྱལ་པོ་དང་། ཁྲག་མདོག་སྟག་གི་འདྲེའི་རྒྱལ་པོ་དང་། དམར་མདོག་སྟག་གི་འདྲེའི་རྒྱལ་པོ་དང་། ལྟས་ངན་སངས་པའི་འདྲེའི་རྒྱལ་པོ་དང་། ལུས་པོ་འཕུར་བའི་འདྲེའི་རྒྱལ་པོ་དང་། ཐོག་འོད་དུ་སྣང་བའི་འདྲེའི་རྒྱལ་པོ་དང་། སྤྱང་སོ་ཅན་གྱི་འདྲེའི་རྒྱལ་པོ་དང་། མིག་སྟོང་ཅན་གྱི་འདྲེའི་རྒྱལ་པོ་དང་། གཅན་གཟན་བཟའ་བའི་འདྲེའི་རྒྱལ་པོ་དང་། རྡོ་ཁུར་བའི་འདྲེའི་རྒྱལ་པོ་དང་། འཛད་བྱེད་བདག་པོ་འདྲེའི་རྒྱལ་པོ་དང་། གནོད་འཚེའི་བདག་པོ་འདྲེའི་རྒྱལ་པོ་དང་། ཟས་ཀྱི་བདག་པོ་འདྲེའི་རྒྱལ་པོ་དང་། ནོར་གྱི་བདག་པོ་འདྲེའི་རྒྱལ་པོ་དང་། ཕྱུགས་ཀྱི་བདག་པོ་འདྲེའི་རྒྱལ་པོ་དང་། བྱའི་བདག་པོ་འདྲེའི་རྒྱལ་པོ་དང་། གཅན་གཟན་བདག་པོ་འདྲེའི་རྒྱལ་པོ་དང་། གདོན་བགེགས་བདག་པོ་འདྲེའི་རྒྱལ་པོ་དང་། བྱིས་པའི་བདག་པོ་འདྲེའི་རྒྱལ་པོ་དང་། སྲོག་གི་བདག་པོ་འདྲེའི་རྒྱལ་པོ་དང་། ནད་ཀྱི་བདག་པོ་འདྲེའི་རྒྱལ་པོ་དང་། ཉེན་ཁའི་བདག་པོ་འདྲེའི་རྒྱལ་པོ་དང་། མིག་གསུམ་ཅན་གྱི་འདྲེའི་རྒྱལ་པོ་དང་། མིག་བཞི་ཅན་གྱི་འདྲེའི་རྒྱལ་པོ་དང་། མིག་ལྔ་ཅན་གྱི་འདྲེའི་རྒྱལ་པོ་དང་། ཁྲུ་ལུ་ཧྲུ་འདྲེའི་རྒྱལ་པོ་དང་། ཁྲུ་ལུ་ཧྲུ་ཆེན་པོའི་འདྲེའི་རྒྱལ་པོ་དང་། ཁྲུ་ལུ་ཁྲ་འདྲེའི་རྒྱལ་པོ་དང་། ཁྲུ་ལུ་ཁྲ་ཆེན་པོའི་འདྲེའི་རྒྱལ་པོ་དང་། ཨ་ནོ་ཀྲ་འདྲེའི་རྒྱལ་པོ་དང་། ཨ་ནོ་ཀྲ་ཆེན་པོའི་འདྲེའི་རྒྱལ་པོ་ཆེན་པོ་ལ་སོགས་པ་དེ་དག་གིས་རང་རང་གི་འཁོར་བརྒྱ་ཕྲག་སྟོང་ཕྲག་གི་འདྲེའི་རྒྱལ་པོ་ཆུང་ངུ་རྣམས་དང་ལྷན་གཅིག་ཏུ་འཛམ་བུ་གླིང་གི་གནས་སོ་སོ་ནས་རང་རང་གི་ལས་སྣང་ལ་སྤྱད་དེ་དབང་བསྒྱུར་བར་བྱེད་དོ། །འདྲེའི་རྒྱལ་པོ་དེ་དག་དང་གཤིན་རྗེའི་ལྷའི་བུ་རྣམས་དེ་བཞིན་གཤེགས་པའི་རྫུ་འཕྲུལ་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་ས་ཡི་སྙིང་པོའི་བྱིན་རླབས་མཐུ་སྟོབས་ལ་བརྟེན་ནས་སུམ་ཅུ་རྩ་གསུམ་གྱི་གནས་འདིར་འོངས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །
དེའི་ཚེ། གཤིན་རྗེའི་ལྷའི་བུས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་འདི་སྐད་དུ་གསོལ་པ། བཙུན་པ་བཅོམ་ལྡན་འདས། དེང་འདིར་བདག་ཅག་རྣམས་དང་འདྲེའི་རྒྱལ་པོ་རྣམས་དེ་བཞིན་གཤེགས་པའི་རྫུ་འཕྲུལ་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་ས་ཡི་སྙིང་པོའི་བྱིན་རླབས་ནུས་མཐུ་ལ་བརྟེན་ནས་སུམ་ཅུ་རྩ་གསུམ་གྱི་གནས་འདིར་ཆོས་ཀྱི་གྲལ་ཆེན་པོ་ལ་འཁོད་དེ་བདག་ཅག་རྣམས་ཀྱིས་ཀྱང་དགེ་བ་དང་ཕན་པ་ཅི་དགར་ཐོབ་པ་ལགས་ན། བདག་ལ་ད་དུང་དྲི་བ་ཅུང་ཟད་བདོག་པས་བཅོམ་ལྡན་འདས་ལ་གུས་པས་དྲི་བར་བྱ་ན། བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བ་ཆེན་པོས་དགོངས་ཏེ་བདག་ཅག་ལ་བསྟན་དུ་གསོལ།
དེ་ནས་བཅོམ་ལྡན་འདས་ཀྱིས་གཤིན་རྗེའི་ལྷའི་བུ་ལ་བཀའ་སྩལ་པ། ཁྱོད་ཀྱིས་ཇི་ལྟར་འདོད་པ་བཞིན་དུ་དྲི་བར་གྱིས་དང་བདག་གིས་ལན་བསྟན་པར་བྱའོ། །དེའི་ཚེ། གཤིན་རྗེའི་ལྷའི་བུས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཞིང་མིག་མི་འཛུམ་པར་བལྟ་བ་དང་། བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་ལ་ཡང་བལྟས་ནས་བཅོམ་ལྡན་འདས་ལ་འདི་སྐད་དུ་གསོལ་པ། བཙུན་པ་བཅོམ་ལྡན་འདས། བདག་གིས་བལྟས་ན། བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་འདིས་འགྲོ་བ་རིགས་དྲུག་གི་ནང་དུ་ཐབས་ཚུལ་བརྒྱ་ཕྲག་སྟོང་ཕྲག་དུ་མ་ལ་བརྟེན་ཅིང་ཡེ་ནས་སྐྱོ་བ་དང་ངལ་དུབ་མེད་པར་སྡིག་སྡུག་གིས་ནོན་པའི་སེམས་ཅན་འདི་དག་སྒྲོལ་བར་མཛད་ཅིང་། བྱང་ཆུབ་སེམས་དཔའ་ཆེན་པོ་འདི་ལ་དེ་ལྟའི་བསམ་གྱིས་མི་ཁྱབ་པའི་རྫུ་འཕྲུལ་མངའ་བས་སེམས་ཅན་རྣམས་སྡིག་པའི་རྣམ་སྨིན་ལས་ཡོངས་སུ་གྲོལ་བར་མཛད་ནའང་། དུས་མི་རིང་བར་སླར་ཡང་ངན་སོང་གི་གནས་སུ་ལྟུང་བར་འགྱུར་བ་མཐོང་ངོ་། །
བཙུན་པ་བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་ལ་དེ་ལྟའི་བསམ་གྱིས་མི་ཁྱབ་པའི་རྫུ་འཕྲུལ་གྱི་སྟོབས་དང་ལྡན་ན། སེམས་ཅན་འདི་དག་ཅིའི་ཕྱིར་དགེ་བའི་ལམ་ལ་བརྟེན་ནས་གཏན་གྱི་ཐར་བའི་གོ་འཕང་ཐོབ་པར་མི་བྱེད། བཅོམ་ལྡན་འདས་ཀྱིས་དེའི་དོན་བདག་ལ་བསྟན་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་གཤིན་རྗེའི་ལྷའི་བུ་ལ་འདི་སྐད་དུ་བཀའ་སྩལ་པ། ལྷོ་འཛམ་བུ་གླིང་གི་སེམས་ཅན་རྣམས་ནི་གཤིས་རྒྱུད་གྱོང་ཞིང་གདུལ་བར་དཀའ་བ་ཡིན་པས། བྱང་ཆུབ་སེམས་དཔའ་ཆེན་པོ་འདིས་བསྐལ་པ་བརྒྱ་ཕྲག་སྟོང་ཕྲག་རྣམས་སུ་སེམས་ཅན་རེ་རེ་བཞིན་དུ་སྒྲོལ་བར་མཛད་དེ་སྔ་མོ་ནས་ཐར་བ་ཐོབ་པར་བྱས་ནའང་། སྡིག་ཅན་གྱི་གང་ཟག་འགའ་ཞིག་ད་དུང་སླར་ཡང་ངན་སོང་ཆེན་པོར་ལྟུང་བར་གྱུར་ཏོ། །
བྱང་ཆུབ་སེམས་དཔའ་འདིས་ཐབས་ལ་མཁས་པའི་སྟོབས་ལ་བརྟེན་ནས་སེམས་ཅན་མང་པོའི་ལས་ཀྱི་རྩ་བ་བཅོམ་པར་བྱས་ནས་དེ་དག་ལ་ཚེ་རབས་སྔོན་མ་རྣམས་དྲན་པར་བྱས་ནའང་། འཛམ་བུ་གླིང་གི་སེམས་ཅན་རྣམས་རང་རང་གི་ལས་ངན་པའི་བག་ཆགས་སྟུག་པོ་དེས་ཐར་མ་ཐག་སླར་ཡང་ལྟུང་བར་གྱུར་བས། བྱང་ཆུབ་སེམས་དཔའ་ཆེན་པོ་འདི་ལ་བསྐལ་པ་དུ་མ་རུ་སེམས་ཅན་སྒྲོལ་བར་མཛད་པ་ལ་འོ་བརྒྱལ་ཆེས་མང་པོ་གཏད་པ་ཡིན་ནོ། །
དཔེར་ན། གང་ཟག་གང་ཞིག་གིས་ཁྱིམ་དོར་ཞིང་ལམ་ནོར་ཏེ་གཡང་སར་ཞུགས་པ་ན། གཡང་ས་དེར་གནོད་སྦྱིན་དང་། སྟག་དང་། སྤྱང་ཀི་དང་། སེང་གེ་དང་། དུག་སྦྲུལ་དང་། དུག་འབུ་དང་། སྡིག་སྲིན་ལ་སོགས་པས་ཡོངས་སུ་གང་ནས་སྐད་ཅིག་ཡུད་ཙམ་ཞིག་ཏུ་མི་དེ་དག་ལ་དུག་བཏང་ནས་འཚེ་བ་བྱེད་པར་གྱུར་པ་ན། དགེ་བའི་བཤེས་གཉེན་གང་ཞིག་འཆིང་བ་གྲོལ་བ་ལ་མཁས་པ་དང་། དུག་འགོག་པ་ལ་མཁས་པ་དང་། གནོད་སྦྱིན་གྱི་འཇིགས་པ་གྲོལ་བ་ལ་མཁས་པ་དེ་ཉིད་གློ་བུར་དུ་ལྷགས་ནས་ལམ་ནོར་བའི་གང་ཟག་ལ་འདི་སྐད་དུ་སྨྲས་པ། ཀྱེ། སྐྱེས་བུ་ལགས། ཁྱོད་ཅིའི་ཕྱིར་གཡང་ས་འདིར་ཞུགས་པ་ཡིན། ཁྱོད་དུག་འགོག་པའི་ཐབས་མི་འདྲ་བ་དུ་མ་ལ་མཁས་པ་ཡིན་ནམ་ཞེས་པ་ན། ལམ་ནོར་བའི་གང་ཟག་གིས་དེ་སྐད་དུ་ཐོས་ནས་གཟོད་རང་ཉིད་གཡང་ས་ཆེན་པོར་ཞུགས་པར་ཤེས་ནས་དེ་ལས་སླར་ལྡོག་པར་བྱས་སོ། །དེ་ནི་དགེ་བའི་བཤེས་གཉེན་གྱིས་ལག་ནས་བཟུང་སྟེ་གཡང་ས་ཆེན་པོ་ལས་དྲངས་ཤིང་དུག་ལ་སོགས་པའི་འཚེ་བ་མ་བྱུང་བར་ཡང་དག་པའི་ལམ་དུ་ཞུགས་ཏེ་བདེ་བ་ཐོབ་པར་བྱེད་པ་ཡིན་ནོ། །
ཡང་སྐྱེས་བུ་དེས་ལམ་ནོར་བའི་གང་ཟག་ལ་སྨྲས་པ། ཀྱེ། སྐྱེས་བུ་ལགས། ཁྱོད་དེང་ནས་བཟུང་སྟེ་ལམ་ངན་པ་འདིར་མ་ཞུགས་ཤིག ལམ་འདིར་ཞུགས་པའི་གང་ཟག་ནི་ནམ་ཡང་དེ་ལས་ཐར་བར་དཀའ་ཞིང་རང་གི་སྲོག་ཀྱང་འདོར་བར་འགྱུར་རོ། །དེ་ནས་ལམ་ནོར་བའི་གང་ཟག་གིས་ཀྱང་དེ་ལ་བཀའ་དྲིན་ཚད་མེད་དུ་ཞུས་ནས་དེ་དང་ཁ་བྲལ་བའི་དུས་སུའང་། དགེ་བའི་བཤེས་གཉེན་དེས་སླར་ཡང་སྨྲས་པ། ཁྱོད་ཀྱིས་གཉེན་ཉེ་དང་ལམ་དུ་ཞུགས་པའི་གང་ཟག་རྣམས་མཐོང་ན་དེ་དག་ལ་འདི་སྐད་དུ་སྨྲ་བར་བྱའོ། །སྐྱེས་པའམ་བུད་མེད་གང་ཞིག་དུག་དང་ཉེན་ཁ་མང་བའི་ལམ་འདིར་འཇུག་པར་མི་བྱའོ། །གལ་ཏེ་ཞུགས་ན་རང་གི་ཚེ་སྲོག་ཀྱང་འདོར་བར་འགྱུར་བས་གང་ཟག་སུ་ཡང་རང་ཉིད་ཀྱིས་འཆི་བ་ལྷུར་ལེན་པར་མི་བྱའོ། །དེས་ན་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་ནི་བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་དང་ལྡན་པ་ཡིན་པས། དེ་ལྟར་སྡིག་སྡུག་གིས་ནོན་པའི་སེམས་ཅན་རྣམས་ངན་སོང་གི་གནས་ལས་དྲངས་ཤིང་ལྷ་དང་མིའི་གོ་འཕང་ལ་བཀོད་དེ་བདེ་བ་ཐོབ་པར་བྱས་པའོ། །
ཡང་སྡིག་སྡུག་གིས་ནོན་པའི་སེམས་ཅན་དེ་དག་གིས་རང་རང་གི་ལས་ཀྱི་ལམ་ལ་བརྟེན་ནས་སྡུག་བསྔལ་མྱོང་བར་ཤེས་ཏེ་ནམ་ཞིག་དེ་ལས་ཐར་བ་ན་སླར་དེ་ལ་འཇུག་པར་མི་བྱའོ། །དཔེར་ན། ལམ་ནོར་བར་ཞུགས་ནས་གཡང་སར་ལྷུང་བའི་གང་ཟག་དགེ་བའི་བཤེས་གཉེན་དང་འཕྲད་ན་སླར་དེ་ཉིད་ལ་འཇུག་པར་མི་འགྱུར་བ་དང་གཞན་དེ་ལ་འཇུག་པར་མཐོང་ན། རང་ཉིད་ཀྱི་ཚུལ་སྨྲས་ཏེ་ལམ་ནོར་བ་དེ་ཉིད་ལ་མི་གཞུག་པར་སླར་དེ་ལས་ཐར་བའི་བྱ་བ་ལ་བརྩོན་པ་བཞིན་ནོ། །
དེ་ལྟར་ནའང་། གང་ཟག་འགའ་ཞིག་ད་དུང་ལམ་ནོར་བར་ཞུགས་ནས་རང་ཉིད་གཡང་སར་ལྷུང་སྟེ་ཐ་ན་སྲོག་ཀྱང་དོར་བ་སོགས་མི་ཤེས་པར་ད་དུང་མུ་མཐུད་དུ་ལྟུང་བ་བཞིན་གང་ཟག་གང་ཞིག་ངན་སོང་དུ་ལྟུང་པའི་ཚུལ་ཡང་དེ་བཞིན་ནོ། །བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོས་ཐབས་ལ་མཁས་པའི་སྟོབས་ལ་བརྟེན་ནས་སེམས་ཅན་དེ་དག་བསྒྲལ་ཏེ་ལྷ་དང་མིའི་གོ་འཕང་ལ་བཀོད་ཀྱང་། སེམས་ཅན་དེ་དག་གིས་སྡིག་པའི་ལས་ཧ་ཅང་ཆེན་པོ་བསགས་པའི་རྐྱེན་གྱིས་སླར་ཡང་དམྱལ་བའི་གནས་སུ་ལྷུང་ནས་ཐར་བའི་སྐབས་མེད་པ་ཡང་ཡོད་དོ། །
དེའི་ཚེ། འདྲེའི་རྒྱལ་པོས་ཐལ་མོ་སྦྱར་ཏེ་སངས་རྒྱས་བཅོམ་ལྡན་འདས་ལ་འདི་སྐད་དུ་གསོལ་པ། བཙུན་པ་བཅོམ་ལྡན་འདས། བདག་ཅག་འདྲེའི་རྒྱལ་པོ་རྣམས་ཀྱི་གྲངས་ནི་ཚད་དུ་བཟུང་བར་དཀའ་བ་དང་། བདག་ཅག་གིས་འཛམ་བུ་གླིང་དུ་སེམས་ཅན་འགའ་ལ་ཕན་པ་བྱེད་པ་དང་། སེམས་ཅན་འགའ་ལ་གནོད་པ་བྱེད་པ་ལ་སོགས་པ་རང་རང་གི་ལས་ལ་བརྟེན་ནས་བྱ་བ་རྣམས་སྒྲུབ་བཞིན་ཡོད། བདག་ཅག་འཁོར་དང་བཅས་པ་རྣམས་འཇིག་རྟེན་གྱི་ཁམས་ཀུན་ཏུ་འཁྱམ་ཞིང་རྒྱུ་བ་ན། གང་ཟག་རྣམས་ཀྱི་ཁྱིམ་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། གྲོང་ཚོ་དང་། སྐྱེད་ཚལ་དང་། ཁང་ཁྱིམ་སོགས་སུ་བགྲོད་སྐབས། བུའམ་བུ་མོ་གང་ཞིག་གིས་དགེ་བའི་རྩ་བ་སྤུ་ཉག་ཙམ་བྱེད་པའམ། ཡང་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུ་གཟུགས་ཀྱི་མདུན་ནས་བ་དན་དཔྱང་བ་དང་། གདུགས་སྒྲེང་བ་དང་། སྤོས་དང་མེ་ཏོག་ཅུང་ཟད་ཙམ་མཆོད་པར་བྱེད་པའམ། ཡང་ན་མདོ་སྡེ་དམ་པ་འདོན་པ་དང་དེ་ལ་བདུག་སྤོས་མཆོད་པ་དང་། དེའི་ཚིག་གཅིག་གམ་ཚིགས་བཅད་ཅིག་འདོན་པར་བྱེད་པ་དག་མཐོང་ན། བདག་ཅག་འདྲེའི་རྒྱལ་པོ་རྣམས་ཀྱིས་གང་ཟག་དེ་ལ་འདས་པ་དང་། ད་ལྟ་དང་། མ་འོངས་པའི་སངས་རྒྱས་རྣམས་སུ་བལྟ་བ་དང་གུས་པར་བྱེད་དོ། །
བདག་ཅག་གིས་རང་རང་གི་འཁོར་རྣམས་ལ་སོ་སོའི་སྟོབས་དང་བསྟུན་ནས་དབང་བསྒྱུར་བའི་སེམས་ཅན་དེ་དག་སྲུང་བར་བྱེད་དུ་བཅུག་པ་སྟེ། དེ་དག་ལ་འཇིགས་པ་དང་དུས་མ་ཡིན་པའི་འཇིགས་པ་དང་། ནད་དང་དུས་མ་ཡིན་པའི་ནད་དང་། ཐ་ན་ཡིད་དུ་མི་འོང་བའི་བྱ་བ་རྣམས་ཀྱང་དེའི་ཉེ་ཟུར་དུ་མི་སླེབ་ན་དངོས་སུ་དེ་དག་གི་ཁྱིམ་དུ་ཞུགས་པར་སྨོས་ཅི་དགོས། དེ་ནས་སངས་རྒྱས་ཀྱིས་འདྲེའི་རྒྱལ་པོ་ལ་བསྔགས་ཏེ་འདི་སྐད་དུ་བཀའ་སྩལ་པ། ལེགས་སོ། །ལེགས་སོ། །ཁྱོད་ཅག་དང་གཤིན་རྗེ་རྣམས་ཀྱིས་དེ་ལྟར་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་སྲུང་བར་བྱེད་ན། བདག་གིས་ཀྱང་བཀའ་སྩལ་ཏེ་ལྷའི་དབང་པོ་བརྒྱ་བྱིན་དང་ཚངས་པ་སོགས་ལ་ཁྱོད་ཅག་སྲུང་དུ་འཇུག་གོ །
དེ་སྐད་དུ་སྨྲས་པ་དེའི་ཚེ། གྲལ་གྱི་ནང་དུ་འདྲེའི་རྒྱལ་པོ་སྲོག་གི་བདག་པོ་དེས་སངས་རྒྱས་བཅོམ་ལྡན་འདས་ལ་འདི་སྐད་དུ་གསོལ་པ། བཙུན་པ་བཅོམ་ལྡན་འདས། བདག་གི་རྩ་བའི་ལས་ནི་འཛམ་བུ་གླིང་གི་མི་རྣམས་ཀྱི་སྲོག་གི་བདག་པོ་ཡིན་ལ། སེམས་ཅན་དེ་དག་སྐྱེ་བ་དང་འཆི་བའི་ཚེ་ཐམས་ཅད་ནི་བདག་ལ་དབང་བ་ཡིན་ནོ། །
སྤྱིར་བདག་གི་སེམས་བསྐྱེད་ནི་སེམས་ཅན་དེ་དག་ལ་ཤིན་ཏུ་ཕན་པ་སྒྲུབ་པར་འདོད་ནའང་། སེམས་ཅན་དེ་དག་གིས་བདག་གི་དགོངས་པ་མ་རྟོགས་ནས་སྐྱེ་བ་དང་འཆི་བ་གཉིས་ཀའི་ཚེ་ནའང་བདེ་བ་ཐོབ་པ་མ་གྱུར་ཏོ། །
དེ་ཅིའི་ཕྱིར་ཞེ་ན། འཛམ་བུ་གླིང་གི་མི་རྣམས་ཐོག་མར་སྐྱེ་བའི་ཚེ་ན། སྐྱེས་པ་དང་བུད་མེད་གང་ཞིག་སྐྱེ་བ་འདོད་པ་དག་གིས་དགེ་བའི་ལས་ལ་བརྩོན་ཏེ་རང་གི་ཉེ་འཁོར་དང་ཁང་ཁྱིམ་རྣམས་སུ་དག་པར་བྱས་ན། དེས་ཡུལ་ལྷ་དང་གཞི་བདག་གྲངས་མེད་པ་རྣམས་མཉེས་པར་བྱས་ཏེ་མ་བུ་གཉིས་ཀ་སྲུང་བར་འགྱུར་ཞིང་བདེ་བ་ཐོབ་ནས་ཉེ་འཁོར་རྣམས་ལའང་ཕན་པར་འགྱུར་རོ། །
དེ་ཡང་སེམས་ཅན་བསད་དེ་དེའི་ཤ་ཁྲག་རྣམས་ཕྲུ་གུ་བཙས་པའི་མ་ལ་དྲང་བར་མི་བྱའོ། །གལ་ཏེ་དེ་ལྟར་བྱས་ཤིང་གཉེན་ཉེ་རྣམས་བསྡུས་ཏེ་ཤ་ཆང་ལ་ལོངས་སུ་སྤྱོད་པ་དང་། གླུ་དང་། གར་དང་། རོལ་མོ་ལ་སོགས་པའི་རྣམ་པར་གཡེང་བ་སྣ་ཚོགས་ལ་རོལ་ན་མ་བུ་གཉིས་ཀར་བདེ་བ་འཐོབ་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། བུ་ཕྲུག་གང་ཞིག་བཙས་པའི་ཚེ་ན། འདྲེ་ངན་དང་། གདོན་བགེགས་དང་། འབྱུང་པོ་གྲངས་མེད་པ་ཞིག་ལྷགས་ནས་དེའི་དྲི་ང་བའི་ཁྲག་ལ་རོལ་བར་འདོད་ནའང་། བདག་གིས་སྔ་མོ་ནས་ཡུལ་ལྷ་དང་གཞི་བདག་རྣམས་སྦྲན་ཏེ་མ་བུ་གཉིས་ཀ་སྲུང་བ་དང་དེ་དག་ལ་བདེ་བ་དང་ཕན་པ་ཐོབ་པ་བྱས་པའོ། །
དེ་ལྟར་བདེ་བ་ཐོབ་པ་མཐོང་ནས་བསོད་ནམས་དགེ་བའི་ལས་སྒྲུབ་སྟེ་ཡུལ་ལྷ་གཞི་བདག་ལྷ་འདྲེ་རྣམས་ལ་བཀའ་དྲིན་གཟོ་བར་རིགས་ནའང་། གལ་སྲིད་དེ་ལས་ལྡོག་སྟེ་གཉེན་ཉེ་རྣམས་འདུས་ཏེ་སེམས་ཅན་གསོད་པར་བྱས་ན་དེས་རང་བྱས་རང་ལ་སྨིན་པས་མ་བུ་གཉིས་ཀ་ལ་གནོད་པར་འགྱུར་བ་ཡིན་ནོ། །འཛམ་བུ་གླིང་གི་སེམས་ཅན་གང་ཞིག་ཚེ་འཕོས་པ་ན། དགེ་བ་ཅུང་ཟད་སྒྲུབ་པའམ་སྡིག་པ་སྒྲུབ་པའི་གང་ཟག་གང་ཡིན་རུང་། བདག་ནི་དེ་དག་ཚེ་འཕོས་ནས་ངན་སོང་གི་གནས་སུ་ལྟུང་བར་མི་འདོད་ན། གང་དག་དགེ་རྩ་སྒྲུབ་པའི་གང་ཟག་རྣམས་ཀྱིས་ནི་བདག་ལ་ཡང་ནུས་པ་སྤེལ་བས། དེ་དག་ངན་སོང་དུ་ལྟུང་བར་མི་འདོད་པ་སྨོས་ཅི་དགོས། འཛམ་བུ་གླིང་གི་སེམས་ཅན་གང་ཞིག་དགེ་བ་སྒྲུབ་པ་དག་ཚེ་འཕོས་པ་ན། དེ་ལ་ངན་སོང་དུ་གནས་པའི་ལྷ་འདྲེ་བརྒྱ་ཕྲག་སྟོང་ཕྲག་མང་པོ་དེས་ཕ་མའི་གཟུགས་སུ་སྣང་བའམ། ཉེ་འཁོར་གྱི་གཟུགས་སུ་སྣང་བར་བྱས་ནས་ངན་སོང་གི་གནས་སུ་ཁྲིད་པར་བྱེད་པ་ཡིན་ན། དངོས་སུ་སྡིག་པ་བསགས་པའི་གང་ཟག་དེ་ངན་སོང་གི་གནས་སུ་ཁྲིད་པ་ནི་སྨོས་མ་དགོས་སོ། །
བཙུན་པ་བཅོམ་ལྡན་འདས། དེ་ལྟར་འཛམ་བུ་གླིང་གི་བུའམ་བུ་མོ་གང་ཞིག་ཚེ་འཕོས་པ་ན། དེའི་རྣམ་པར་ཤེས་པ་རྣམས་མི་གསལ་ཞིང་དགེ་བ་དང་སྡིག་པའི་རྣམ་གཞག་མི་ཤེས་པ་དང་། མིག་དང་རྣ་བས་ཀྱང་མཐོང་ཐོས་མེད་པས་དེའི་ཉེ་འཁོར་རྣམས་ཀྱིས་གཤིན་པོ་དེའི་ཆེད་དུ་མཆོད་པ་རྒྱ་ཆེར་འབུལ་བ་དང་། མདོ་དམ་པ་ཀློག་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཚན་བརྗོད་པ་ལ་སོགས་པ་དགེ་བའི་རྩ་བ་སྒྲུབ་ན། དེས་གཤིན་པོ་དེ་ཡང་ངན་སོང་གི་གནས་ལས་ཐར་བ་དང་། བདུད་དང་ལྷ་འདྲེའི་ཚོགས་རྣམས་ཀྱང་རང་ཤུགས་ཀྱིས་འཐོར་བར་འགྱུར་རོ། །
བཙུན་པ་བཅོམ་ལྡན་འདས། འདི་ལྟར་བདག་གིས་བརྟག་པར་བྱ་སྟེ། སེམས་ཅན་གང་དག་ནམ་ཞིག་ཚེ་འཕོས་པ་ན། སངས་རྒྱས་ཀྱི་མཚན་ལན་གཅིག་ཐོས་པ་དང་། བྱང་ཆུབ་སེམས་དཔའི་མཚན་ལན་གཅིག་ཐོས་པ་དང་། ཐེག་པ་ཆེན་པོའི་མདོ་སྡེའི་ཚིག་གཅིག་གམ་ཚིག་བཞི་གཅིག་ཐོས་པར་གྱུར་ན། མཚམས་མེད་པ་ལྔ་བྱས་པའི་གང་ཟག་མ་གཏོགས་པ་གཞན་ངན་སོང་དུ་ལྟུང་བའི་སྡིག་པ་བསགས་པའི་གང་ཟག་ཡིན་ཡང་དེ་ཉིད་ཡོངས་སུ་གྲོལ་བར་འགྱུར་རོ། །
དེ་ནས་བཅོམ་ལྡན་འདས་ཀྱིས་སྲོག་གི་བདག་པོ་འདྲེའི་རྒྱལ་པོ་ལ་བཀའ་སྩལ་པ། ཁྱོད་ནི་བྱམས་པ་ཆེན་པོ་དང་ལྡན་པས་དེ་ལྟར་སེམས་བསྐྱེད་དེ་སྐྱེ་བ་དང་འཆི་བའི་སེམས་ཅན་རྣམས་སྲུང་བར་བྱས་པ་ཡིན་ནོ། །མ་འོངས་འཇིག་རྟེན་རྣམས་སུ། སྐྱེས་པའམ་བུད་མེད་གང་ཞིག་སྐྱེ་བ་དང་འཆི་བའི་ཚེ་ན། ཁྱོད་ཀྱིས་སེམས་བསྐྱེད་དམ་པ་དེ་མི་ཉམས་པར་སེམས་ཅན་དེ་དག་བསྒྲལ་ཏེ་གཏན་གྱི་བདེ་བ་ལ་དགོད་པར་བྱའོ། །
དེ་ནས་འདྲེའི་རྒྱལ་པོས་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་པ། བདག་གིས་ཇི་སྲིད་འཚོ་བའི་བར་དུ་ཕྱིར་མི་ལྡོག་པའི་སེམས་བསྐྱེད་དེ་སྐད་ཅིག་རེ་རེ་བཞིན་དུ་འཛམ་བུ་གླིང་གི་སེམས་ཅན་རྣམས་སྲུང་བར་བྱེད་པ་དང་། སྐྱེ་བ་དང་འཆི་བའི་ཚེ་ནའང་སེམས་ཅན་དེ་དག་ཕན་བདེ་ལ་འགོད་པ་ཡིན་ནོ། །དེ་ལྟར་ནའང་། སེམས་ཅན་དེ་དག་སྐྱེ་བ་དང་འཆི་བའི་ཚེ་བདག་གི་ཚིག་ལ་ཡིད་ཆེས་པར་བྱས་ན་ཐར་བ་མི་ཐོབ་པ་དང་ཕན་པ་མི་ཐོབ་པ་མེད་དོ། །
དེའི་ཚེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་ལ་བཀའ་སྩལ་པ། སྲོག་གི་བདག་པོ་འདྲེའི་རྒྱལ་པོ་འདི་ནི་སྔོན་ཚེ་རབས་བརྒྱ་སྟོང་རྣམས་སུ་འདྲེའི་རྒྱལ་པོ་ཆེན་པོར་བྱས་ཏེ་སྐྱེ་བ་དང་འཆི་བའི་སེམས་ཅན་རྣམས་སྲུང་བར་བྱས་པ་ཡིན་ནོ། །སྐྱེས་བུ་ཆེན་པོ་འདི་ལ་དེ་ལྟར་བྱམས་དང་། སྙིང་རྗེ་དང་། སྨོན་ལམ་གྱི་སྟོབས་དང་ལྡན་ཞིང་ལྟར་སྣང་དུ་འདྲེའི་རྒྱལ་པོའི་གཟུགས་སུ་སྣང་བ་ཡིན་ནའང་དངོས་སུ་དེ་ལྟར་མ་ལགས་སོ། །ད་ལྟའི་བསྐལ་པ་བརྒྱ་དང་བདུན་ཅུའི་རྗེས་སུ། འདི་ཉིད་སངས་རྒྱས་ནས་མཚན་ནི་དེ་བཞིན་གཤེགས་པ་མཚན་མ་མེད་པ་ཞེས་བྱའོ། །དེའི་བསྐལ་པའི་མིང་ལ་བདེ་བ་དང་ཞིང་ཁམས་ཀྱི་མིང་ལ་ཡང་དག་པར་གནས་པ་ཞེས་བྱའོ། །
དེའི་ཚེ། སངས་རྒྱས་དེའི་སྐུ་ཚེའི་ཚད་ཀྱང་བསྐལ་པ་བརྗོད་དུ་མེད་པ་ཡིན་ནོ། །ས་ཡི་སྙིང་པོ། འདྲེའི་རྒྱལ་པོ་དེའི་མཛད་པ་ནི་བསམ་གྱིས་མི་ཁྱབ་པ་ཡིན་ལ། དེས་ལྷ་དང་མིའི་འགྲོ་བ་བསྒྲལ་བའི་གྲངས་ཀྱང་གཞལ་དུ་མེད་པའོ། །ས་ཡི་སྙིང་པོའི་རྩ་བའི་སྨོན་ལམ་གྱི་མདོ་ལས་གཤིན་རྗེའི་རྒྱལ་པོ་རྣམས་ཀྱིས་བསྟོད་ཅིང་བསྔགས་པའི་ལེའུ་སྟེ་བརྒྱད་པའོ།། །།
ཡང་དེའི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་དུ་གསོལ་པ། བཙུན་པ་བཅོམ་ལྡན་འདས། བདག་ལ་དགོངས་སུ་གསོལ། བདག་གིས་དེང་འདིར་མ་འོངས་པའི་སེམས་ཅན་རྣམས་སྐྱེ་བ་དང་འཆི་བའི་ཚེ་ན་ཕན་པ་རྒྱ་ཆེར་འཐོབ་པའི་ཕྱིར་ཕན་བྱེད་ཀྱི་ཆོས་བསྟན་པར་བྱའོ། །
དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་ལ་བཀའ་སྩལ་པ། ས་ཡི་སྙིང་པོ། ཁྱོད་ནི་བྱམས་པ་དང་སྙིང་རྗེ་ཆེ་བས་སྡིག་སྡུག་གིས་གཟིར་བའི་འགྲོ་བ་དྲུག་གི་སེམས་ཅན་ཐམས་ཅད་བསྒྲལ་བར་འདོད་ནས་བསམ་གྱིས་མི་ཁྱབ་པའི་ཆོས་བསྟན་པར་བྱ་ན། བདག་གིས་ཁྱོད་ལ་དེའི་སྐབས་དབྱེ་བར་བྱའོ། །ཁྱོད་ཀྱིས་མྱུར་དུ་བསྟན་པར་བྱོས་དང་བདག་མྱ་ངན་ལས་འདས་པ་ན་ཁྱོད་ཀྱི་དགོངས་པ་སྔ་ནས་རྫོགས་པར་འགྱུར་བ་ཡིན་ནོ། །བདག་གིས་ཀྱང་ད་ལྟ་དང་མ་འོངས་པའི་སེམས་ཅན་རྣམས་ལ་སེམས་ལས་ཆུང་བར་མི་དགོས་སོ། །
དེ་ནས་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོས་བཅོམ་ལྡན་འདས་ལ་འདི་སྐད་དུ་གསོལ་པ། བཙུན་པ་བཅོམ་ལྡན་འདས། སྔོན་འདས་པའི་བསྐལ་པ་དཔག་མེད་པ་གྲངས་མེད་པའི་དུས་སུ། དེ་བཞིན་གཤེགས་པ་སྐུ་མཐའ་ཡས་པ་ཞེས་བྱ་བ་འཇིག་རྟེན་འདིར་བྱོན་ནོ། །སྐྱེས་པའམ་བུད་མེད་གང་ཞིག་གིས་སངས་རྒྱས་དེའི་མཚན་ཐོས་ནས་དེ་ལ་དུས་ཐུང་ངུ་ཙམ་གྱི་རིང་ལ་གུས་པའི་སེམས་སྐྱེས་ན། བསྐལ་པ་བཞི་བཅུའི་སྐྱེ་འཆིའི་སྡིག་པ་ཆེན་པོ་རྣམས་ཟད་པར་འགྱུར་ན་དངོས་སུ་དེའི་འདྲ་སྐུ་དང་བྲིས་སྐུ་རྣམས་ལ་མཆོད་པ་བྱས་པ་དང་། བསྟོད་བསྔགས་བྱས་པ་ན་གང་ཟག་དེས་བསོད་ནམས་མཐའ་ཡས་པ་དཔག་མེད་པ་ཐོབ་པར་སྨོས་མ་དགོས་སོ། །
ཡང་སྔོན་བསྐལ་པ་གང་གཱ་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་དང་མཉམ་པའི་དུས་སུ། དེ་བཞིན་གཤེགས་པ་རིན་པོ་ཆེའི་རང་བཞིན་ཞེས་བྱ་བ་འཇིག་རྟེན་འདིར་བྱོན་ནོ། །སྐྱེས་པའམ་བུད་མེད་གང་ཞིག་གིས་སངས་རྒྱས་དེའི་མཚན་ཐོས་ནས་སྐད་ཅིག་ཡུད་ཙམ་གྱི་བར་དུ་སྐྱབས་སུ་འགྲོ་བའི་སེམས་སྐྱེས་ན། གང་ཟག་དེ་ནི་བླ་ན་མེད་པའི་ལམ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །
ཡང་སྔོན་འདས་པའི་དུས་སུ། དེ་བཞིན་གཤེགས་པ་པོ་ཐོ་མོ་ཧྲུན་ཞེས་བྱ་བ་འཇིག་རྟེན་འདིར་བྱོན་ནོ། །སྐྱེས་པའམ་བུད་མེད་གང་ཞིག་གིས་སངས་རྒྱས་དེའི་མཚན་ཐོས་པ་དང་། མཚན་དེ་རྣ་བའི་དབང་པོར་བརྒྱུད་ནའང་གང་ཟག་དེ་ལན་སྟོང་ཕྲག་གི་བར་དུ་འདོད་ལྷ་དྲུག་གི་ནང་དུ་སྐྱེ་བར་འགྱུར་ན་སེམས་རྩེ་གཅིག་པས་དེའི་མཚན་བརྗོད་ན་སྨོས་མ་དགོས་སོ། །ཡང་སྔོན་བརྗོད་དུ་མེད་པ་བརྗོད་དུ་མེད་པའི་འདས་པའི་བསྐལ་པ་གྲངས་མེད་པའི་དུས་སུ། དེ་བཞིན་གཤེགས་པ་སེང་གེ་ང་རོ་ཞེས་བྱ་བ་འཇིག་རྟེན་འདིར་བྱོན་ནོ། །སྐྱེས་པའམ་བུད་མེད་གང་ཞིག་གིས་སངས་རྒྱས་དེའི་མཚན་ཐོས་ནས་སྐད་ཅིག་གཅིག་ཙམ་ལ་སྐྱབས་སུ་སོང་ན། གང་ཟག་དེས་སངས་རྒྱས་གྲངས་མེད་པ་དང་མཇལ་ཞིང་དེ་དག་གིས་ཕྱག་སྤྱི་བོར་བཞག་ནས་ལུང་བསྟན་པ་འཐོབ་པར་འགྱུར་རོ། །
ཡང་སྔོན་འདས་པའི་དུས་སུ། དེ་བཞིན་གཤེགས་པ་འཁོར་བ་འཇིག་ཅེས་བྱ་བ་འཇིག་རྟེན་འདིར་བྱོན་ནོ། །སྐྱེས་པའམ་བུད་མེད་གང་ཞིག་གིས་སངས་རྒྱས་དེའི་མཚན་ཐོས་ནས་སེམས་རྩེ་གཅིག་པུས་དེའི་སྐུ་གཟུགས་ལ་ལྟ་བ་དང་། ཕྱག་འཚལ་བ་དང་། བསྟོད་ཅིང་བསྔགས་པར་བྱས་ན། གང་ཟག་དེ་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་གི་དུས་སུ་ཚངས་ཆེན་རྒྱལ་པོར་གྱུར་ནས་ལུང་བསྟན་པ་འཐོབ་པར་འགྱུར་རོ། །
ཡང་སྔོན་འདས་པའི་དུས་སུ། དེ་བཞིན་གཤེགས་པ་གསེར་ཐུབ་ཅེས་བྱ་བ་འཇིག་རྟེན་འདིར་བྱོན་ནོ། །སྐྱེས་པའམ་བུད་མེད་གང་ཞིག་གིས་སངས་རྒྱས་དེའི་མཚན་ཐོས་པར་གྱུར་ན། ངན་སོང་གི་གནས་སུ་ནམ་ཡང་མི་ལྟུང་ཞིང་རྟག་ཏུ་ལྷ་མིའི་བདེ་བ་ཕུན་སུམ་ཚོགས་པ་ལ་ལོངས་སུ་སྤྱད་པར་འགྱུར་རོ། །
ཡང་སྔོན་བསྐལ་པ་དཔག་མེད་པ་གྲངས་མེད་པ་གང་གཱ་ཀླུང་གི་བྱེ་མ་སྙེད་འདས་པའི་དུས་སུ། དེ་བཞིན་གཤེགས་པ་རིན་པོ་ཆེ་རྣམ་པར་རྒྱལ་བ་ཞེས་བྱ་བ་འཇིག་རྟེན་འདིར་བྱོན་ནོ། །སྐྱེས་པའམ་བུད་མེད་གང་ཞིག་གིས་སངས་རྒྱས་དེའི་མཚན་ཐོས་པར་གྱུར་ན། ངན་སོང་གི་གནས་སུ་ནམ་ཡང་མི་ལྟུང་ཞིང་རྟག་ཏུ་ལྷའི་བདེ་བ་ཕུན་སུམ་ཚོགས་པ་འཐོབ་པར་འགྱུར་རོ། ། ཡང་སྔོན་འདས་པའི་དུས་སུ། དེ་བཞིན་གཤེགས་པ་རིན་པོ་ཆེ་མཚན་བཟང་ཞེས་བྱ་བ་འཇིག་རྟེན་འདིར་བྱོན་ནོ། །སྐྱེས་པའམ་བུད་མེད་གང་ཞིག་གིས་སངས་རྒྱས་དེའི་མཚན་ཐོས་ནས་དེ་ལ་གུས་པའི་སེམས་སྐྱེས་ན་གང་ཟག་དེ་མི་རིང་བར་དགྲ་བཅོམ་པའི་གོ་འཕང་འཐོབ་པར་འགྱུར་རོ། །
ཡང་སྔོན་བསྐལ་པ་དཔག་མེད་པ་གྲངས་མེད་པ་འདས་པའི་དུས་སུ། དེ་བཞིན་གཤེགས་པ་ཆོས་གོས་རྒྱལ་མཚན་ཞེས་བྱ་བ་འཇིག་རྟེན་འདིར་བྱོན་ནོ། ། སྐྱེས་པའམ་བུད་མེད་གང་ཞིག་གིས་སངས་རྒྱས་དེའི་མཚན་ཐོས་པར་གྱུར་ན་བསྐལ་པ་ཆེན་པོ་བརྒྱ་ཕྲག་གཅིག་གི་སྐྱེ་འཆིའི་སྡིག་པ་འཛད་པར་འགྱུར་རོ། །
ཡང་སྔོན་འདས་པའི་དུས་སུ། དེ་བཞིན་གཤེགས་པ་ཐོགས་མེད་ཆེན་པོ་རིའི་རྒྱལ་པོ་ཞེས་བྱ་བ་འཇིག་རྟེན་འདིར་བྱོན་ནོ། སྐྱེས་པའམ་བུད་མེད་གང་ཞིག་གིས་སངས་རྒྱས་དེའི་མཚན་ཐོས་པར་གྱུར་ན། གང་ཟག་དེ་གང་གཱ་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་རྣམས་ཀྱིས་ཆོས་རྒྱ་ཆེར་བསྟན་པ་དང་འཕྲད་ནས་ངེས་པར་དུ་བྱང་ཆུབ་ཀྱི་གོ་འཕང་འཐོབ་པར་འགྱུར་རོ། །
དེ་བཞིན་དུ་སྔོན་གྱི་དུས་སུ། དེ་བཞིན་གཤེགས་པ་ཟླ་བ་ཡང་དག་དང་། དེ་བཞིན་གཤེགས་པ་རིའི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་ཡེ་ཤེས་རྣམ་པར་རྒྱལ་བ་དང་། དེ་བཞིན་གཤེགས་པ་མཚན་རྣམ་པར་དག་པ་དང་། དེ་བཞིན་གཤེགས་པ་ཡེ་ཤེས་ཡོངས་སུ་གྲུབ་པ་དང་། དེ་བཞིན་གཤེགས་པ་བླ་ན་མེད་པ་དང་། དེ་བཞིན་གཤེགས་པ་སྒྲ་དབྱངས་སྙན་པ་དང་། དེ་བཞིན་གཤེགས་པ་ཟླ་བ་ཉ་གང་དང་། དེ་བཞིན་གཤེགས་པ་ཟླ་བའི་བཞིན་རས་ལ་སོགས་པ་བརྗོད་དུ་མེད་པའི་སངས་རྒྱས་རྣམས་འཇིག་རྟེན་འདིར་བྱོན་ནོ། །
བཙུན་པ་བཅོམ་ལྡན་འདས། ད་ལྟ་དང་མ་འོངས་པའི་སེམས་ཅན་རྣམས་ལས་ལྷ་འམ་མི། སྐྱེས་པའམ་བུད་མེད་གང་ཞིག་གིས་སངས་རྒྱས་ཀྱི་མཚན་ལན་གཅིག་ཐོས་པར་གྱུར་ནའང་ཕན་ཡོན་དཔག་ཏུ་མེད་པ་ཐོབ་ན་སངས་རྒྱས་མང་པོའི་མཚན་ཐོས་པ་ནི་སྨོས་མ་དགོས་སོ། །དེས་སེམས་ཅན་དེ་དག་སྐྱེ་བ་དང་འཆི་བའི་ཚེ་ན་ཡང་ཕན་པ་རྒྱ་ཆེར་ཐོབ་ནས་ངན་སོང་གི་གནས་སུ་ནམ་ཡང་ལྟུང་བར་མི་འགྱུར་རོ། །
གང་ཟག་གང་ཞིག་ཚེ་འཕོས་པ་ན། དེའི་ཁྱིམ་མི་ཉེ་འཁོར་རྣམས་ཐ་ན་མི་གཅིག་གིས་ནད་པའི་ཆེད་དུ་སྐད་གསང་མཐོན་པོས་སངས་རྒྱས་ཀྱི་མཚན་ལན་གཅིག་བརྗོད་ན། གང་ཟག་དེས་མཚམས་མེད་པ་ལྔ་བྱས་པ་མ་གཏོགས་སྡིག་པ་ཇི་ལྟར་བསགས་ཀྱང་ཐམས་ཅད་ཟད་པར་འགྱུར་རོ། །མཚམས་མེད་པ་ལྔའི་སྡིག་པ་ནི་ཤིན་ཏུ་ལྕི་བས་བསྐལ་པ་དུང་ཕྱུར་གྱི་བར་དུ་ཐར་བའི་སྐབས་མ་མཆིས་སོ། །གང་ཟག་འཆི་ཁ་མར་གཞན་གྱིས་སངས་རྒྱས་ཀྱི་མཚན་བརྗོད་པས་དེ་དག་གི་སྡིག་པ་རྣམས་རིམ་གྱིས་ཟད་པར་འགྱུར་ན་གང་ཟག་རང་གིས་སངས་རྒྱས་ཀྱི་མཚན་བརྗོད་ན་ཕན་ཡོན་དཔག་ཏུ་མེད་པ་འཐོབ་པ་དང་། སྡིག་པ་དཔག་ཏུ་མེད་པ་འཛད་པ་ནི་སྨོས་མ་དགོས་སོ། །ས་ཡི་སྙིང་པོའི་རྩ་བའི་སྨོན་ལམ་གྱི་མདོ་ལས་སངས་རྒྱས་ཀྱི་མཚན་ལ་བསྔགས་པའི་ལེའུ་སྟེ་དགུ་པའོ།། །།
དེའི་ཚེ། དེ་བཞིན་གཤེགས་པའི་རྫུ་འཕྲུལ་དང་བྱིན་རླབས་ཀྱི་སྟོབས་ལས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་ཡི་སྙིང་པོ་གྲལ་ནས་བཞེངས་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་བཅོམ་ལྡན་འདས་ལ་འདི་སྐད་དུ་གསོལ་པ། བཙུན་པ་བཅོམ་ལྡན་འདས། བདག་ནི་འདི་ལྟར་བལྟ་བར་བྱ་སྟེ། ལས་ལམ་ལ་སྤྱོད་པའི་སེམས་ཅན་རྣམས་ཀྱིས་སྦྱིན་པ་བཏང་བའི་འབྲས་བུ་ཆེ་ཆུང་ལ་གཞལ་ན། འགའ་རེས་སྐྱེ་བ་གཅིག་ཏུ་བསོད་ནམས་ལ་ལོངས་སུ་སྤྱོད་པ་དང་། འགའ་རེས་སྐྱེ་བ་བཅུར་བསོད་ནམས་ལ་ལོངས་སུ་སྤྱོད་པ་དང་། འགའ་རེས་སྐྱེ་བ་བརྒྱ་ཕྲག་སྟོང་ཕྲག་གི་བར་དུ་བསོད་ནམས་ཆེན་པོ་ལ་ལོངས་སུ་སྤྱོད་པ་ཡོད་ན། དེ་ནི་རྒྱུ་མཚན་ཅིའི་ཕྱིར་ལགས། བཅོམ་ལྡན་འདས་ཀྱིས་བདག་ལ་བསྟན་དུ་གསོལ།
དེའི་ཚེ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་ལ་བཀའ་སྩལ་པ། བདག་གིས་དེང་འདིར་སུམ་ཅུ་རྩ་གསུམ་གྱི་ལྷའི་ཕོ་བྲང་གི་ཆོས་གྲལ་དུ་འཁོད་པའི་གང་ཟག་རྣམས་ལ་འཛམ་བུ་གླིང་གི་སེམས་ཅན་རྣམས་ཀྱིས་སྦྱིན་པ་བཏང་བའི་འབྲས་བུ་ཆེ་ཆུང་གི་རྣམ་གཞག་བརྗོད་པར་བྱའོ། །
ས་ཡི་སྙིང་པོ། ཁྱོད་ཀྱིས་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང་། ངས་ཁྱོད་ལ་བསྟན་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོས་བཅོམ་ལྡན་འདས་ལ་གསོལ་པ། ལགས་སོ་བཅོམ་ལྡན་འདས། བདག་གནས་འདིར་དོགས་པ་བདོག་པས་གསན་པར་འདོད་དོ། །
དེ་ནས་བཅོམ་ལྡན་འདས་ཀྱིས་ས་ཡི་སྙིང་པོ་ལ་བཀའ་སྩལ་པ། འཛམ་བུ་གླིང་གི་རྒྱལ་པོ་དང་། རྒྱལ་པོའི་མདུན་ན་འདོན་དང་། བློན་པོ་ཆེན་པོ་དང་། ཁྱིམ་བདག་ཆེན་པོ་དང་། རྒྱལ་རིགས་ཆེན་པོ་དང་། བྲམ་ཟེ་ཆེན་པོ་ལ་སོགས་པ་དེ་དག་ཤིན་ཏུ་རིགས་དམའ་བའི་དབུལ་པོ་ནས་བཟུང་། ཞ་བོ་དང་། ལྐུགས་པ་དང་། འོན་པ་དང་། ལོང་བ་དང་། བླུན་རྨོངས་ལ་སོགས་པ་དབང་པོ་མི་ཚང་བ་རྣམས་དང་འཕྲད་པ་ན། རྒྱལ་པོ་ཆེན་པོ་ལ་སོགས་པས་དེ་དག་ལ་སྦྱིན་པ་བྱེད་འདོད་པའི་ཚེ། བྱམས་བརྩེ་ཆེན་པོ་དང་། དམའ་བའི་སེམས་དང་། འཛུམ་པའི་མདངས་སོགས་ལྡན་པའི་སྒོ་ནས་སྐུ་དངོས་ཀྱིས་སེམས་ཅན་ཐམས་ཅད་ལ་ཁྱབ་པའི་སྦྱིན་པ་བྱས་པའམ། གཞན་ལ་སྦྱིན་དུ་བཅུག་པ་དང་། སྙན་པར་སྨྲ་ཞིང་དབུགས་དབྱུང་བར་བྱས་ན། རྒྱལ་པོ་ཆེན་པོ་དེ་དག་ལ་སོགས་པས་གང་གཱ་ཀླུང་གི་བྱེ་མ་སྙེད་བརྒྱ་ཕྲག་གི་གྲངས་དང་མཚུངས་པའི་སངས་རྒྱས་ལ་མཆོད་པ་ཕུལ་བའི་བསོད་ནམས་དང་མཉམ་པར་ཐོབ་བོ། །
དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་ལ་སོགས་པས་ཤིན་ཏུ་དབུལ་བ་དང་། རིགས་དམའ་བ་དང་། དབང་པོ་མི་ཚང་བ་སོགས་ལ་བྱམས་པའི་སེམས་ཆེན་པོ་སྐྱེས་ནས་དེ་ལྟར་སྦྱིན་པ་བྱས་པས་སོ། །དེ་དག་ནི་སྐྱེ་བ་བརྒྱ་ཕྲག་སྟོང་ཕྲག་གི་ནང་དུ་རིན་པོ་ཆེ་སྣ་བདུན་དང་ལྡན་པར་འགྱུར་ན། ཟས་དང་གོས་དང་ལོངས་སྤྱོད་སོགས་ལྡན་པ་ནི་སྨོས་མ་དགོས་སོ། །
ས་ཡི་སྙིང་པོ། མ་འོངས་འཇིག་རྟེན་རྣམས་སུ། རྒྱལ་པོ་ཆེན་པོ་དང་མདུན་ན་འདོན་སོགས་ནས་བཟུང་། བྲམ་ཟེ་ཆེན་པོའི་བར་གྱི་སེམས་ཅན་དེ་དག་དགོན་པ་དང་། མཆོད་རྟེན་དང་། སངས་རྒྱས་ཀྱི་སྐུ་གཟུགས་དང་། བྱང་ཆུབ་སེམས་དཔའི་སྐུ་གཟུགས་དང་། ཉན་ཐོས་ཀྱི་སྐུ་གཟུགས་དང་། རང་སངས་རྒྱས་ཀྱི་སྐུ་གཟུགས་སོགས་མཇལ་བར་གྱུར་ན། རྒྱལ་པོ་ཆེན་པོ་ལ་སོགས་པས་དངོས་སུ་རང་རང་གིས་དེ་དག་ལ་མཆོད་པ་འབུལ་བའམ་སྦྱིན་པ་བཏང་ན། དེས་ནི་བསྐལ་པ་གསུམ་གྱི་བར་དུ་བརྒྱ་བྱིན་གྱི་གོ་འཕང་ཐོབ་ནས་བདེ་བ་ཕུན་སུམ་ཚོགས་པ་ལ་ལོངས་སུ་སྤྱོད་པར་འགྱུར་རོ། །
གལ་སྲིད་སྦྱིན་པའི་དགེ་བའི་རྩ་བ་དེ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བར་བྱས་ན། དེས་ནི་རྒྱལ་པོ་ཆེན་པོ་ལ་སོགས་པ་བསྐལ་པ་བཅུའི་ནང་དུ་རྟག་ཏུ་ཚངས་ཆེན་རྒྱལ་པོའི་གོ་འཕང་འཐོབ་པར་འགྱུར་རོ། །
ས་ཡི་སྙིང་པོ། མ་འོངས་འཇིག་རྟེན་རྣམས་སུ། རྒྱལ་པོ་ནས་བཟུང་བྲམ་ཟེ་ལ་སོགས་པ་དེ་དག་གིས་སྔོན་གྱི་སངས་རྒྱས་ཀྱི་མཆོད་རྟེན་དང་། དགོན་པ་དང་། གསུང་རབ་དང་། སྐུ་གཟུགས་ལ་སོགས་པ་གང་ཟག་གཞན་གྱིས་བཅོམ་ཞིང་བརླག་པར་བྱས་པ་མཐོང་ན། རྒྱལ་པོ་ལ་སོགས་པ་རྣམས་ཀྱིས་དེ་དག་ཞིག་གསོ་བྱེད་པའི་སེམས་སྐྱེས་ནས་རང་གིས་བྱས་པའམ་གཞན་ལ་བྱེད་དུ་བཅུག་པ་ནས་བཟུང་། གང་ཟག་བརྒྱ་ཕྲག་སྟོང་ཕྲག་རྣམས་ཀྱིས་སྦྱིན་པ་བྱེད་པ་སོགས་འབྲེལ་བ་འཇོག་པར་བྱེད་དུ་བཅུག་ན། རྒྱལ་པོ་ལ་སོགས་པ་དེ་དག་ཐམས་ཅད་སྐྱེ་བ་བརྒྱ་ཕྲག་སྟོང་ཕྲག་རྣམས་སུ་རྟག་ཏུ་འཁོར་ལོ་བསྒྱུར་བའི་རྒྱལ་པོའི་ལུས་རྟེན་འཐོབ་པར་འགྱུར་རོ། །དེ་དག་དང་མཉམ་དུ་གཞན་སྦྱིན་པ་བྱེད་པ་དག་ཀྱང་སྐྱེ་བ་བརྒྱ་ཕྲག་སྟོང་ཕྲག་རྣམས་སུ་རྟག་ཏུ་རྒྱལ་ཕྲན་རྣམས་ཀྱི་རྒྱལ་པོའི་ལུས་རྟེན་འཐོབ་པར་འགྱུར་རོ། །
གལ་སྲིད་མཆོད་རྟེན་དང་དགོན་པ་རྣམས་ཀྱི་མདུན་དུ་དགེ་རྩ་དེ་དག་བླ་མེད་བྱང་ཆུབ་ཏུ་བསྔོ་བའི་རྩིས་ཟིན་ན། རྒྱལ་པོ་ནས་བཟུང་གང་ཟག་དེ་དག་ཐམས་ཅད་སངས་རྒྱས་ཀྱི་ལམ་འགྲུབ་པར་འགྱུར་རོ། །དེས་ན་འདི་དག་གི་རྣམ་པར་སྨིན་པའི་འབྲས་བུ་ནི་དཔག་ཏུ་མེད་པ་དང་མཐའ་ཡས་པ་ཡིན་ནོ། །
ས་ཡི་སྙིང་པོ། མ་འོངས་འཇིག་རྟེན་རྣམས་སུ། རྒྱལ་པོ་ནས་བཟུང་བྲམ་ཟེ་ལ་སོགས་པ་དེ་དག་རྣམས་ཀྱིས་རྒན་པོ་དང་། ནད་པ་དང་། སྦྲུམ་མ་ལ་སོགས་པ་མཐོང་བ་ན། དེ་ལ་བྱམས་པ་ཆེན་པོ་དང་ལྡན་པའི་སེམས་སྐད་ཅིག་ཙམ་སྐྱེས་ནས་དེ་དག་ལ་སྨན་དང་། བཟའ་བཏུང་དང་། མལ་ཆས་སོགས་སྦྱིན་པ་བཏང་ནས་བདེ་བ་ལ་བཀོད་པར་བྱས་ན། དེས་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཐོབ་པ་སྟེ། བསྐལ་པ་བརྒྱ་ཕྲག་གི་ནང་དུ་རྟག་ཏུ་གནས་གཙང་མའི་ལྷའི་བདག་པོར་འགྱུར་བ་དང་། བསྐལ་པ་བརྒྱ་ཕྲག་གཉིས་ཀྱི་ནང་དུ་རྟག་ཏུ་འདོད་ལྷ་དྲུག་གི་བདག་པོར་འགྱུར་རོ། །
སླར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་ནས་ངན་སོང་གི་གནས་སུ་གཏན་དུ་མི་ལྟུང་བ་ནས་བཟུང་། བསྐལ་པ་བརྒྱ་ཕྲག་སྟོང་ཕྲག་རྣམས་སུ་སྡུག་བསྔལ་གྱི་སྒྲ་ཙམ་ཡང་རྣ་བས་མི་ཐོས་པར་འགྱུར་རོ། །ས་ཡི་སྙིང་པོ། མ་འོངས་འཇིག་རྟེན་རྣམས་སུ། རྒྱལ་པོ་ནས་བཟུང་བྲམ་ཟེ་ལ་སོགས་པ་དེ་དག་གིས་དེ་ལྟར་སྦྱིན་པ་བྱས་ན་བསོད་ནམས་དཔག་ཏུ་མེད་པ་ཐོབ་པ་ཡིན་ནོ། །གལ་ཏེ་བླ་མེད་བྱང་ཆུབ་ཀྱི་བསྔོ་བས་རྩིས་ཟིན་ན་དགེ་རྩ་མང་ཉུང་གང་ཡང་རུང་ཐམས་ཅད་མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་རྒྱུ་རུ་གྱུར་ན། གནས་སྐབས་ཚངས་པ་དང་། བརྒྱ་བྱིན། འཁོར་ལོ་བསྒྱུར་བའི་རྒྱལ་པོའི་གོ་འཕང་ཐོབ་པ་ནི་སྨོས་མ་དགོས་སོ། །དེས་ན་ས་ཡི་སྙིང་པོ། ཁྱོད་ཀྱིས་སེམས་ཅན་རྣམས་ལ་ཡོངས་སུ་བསྐུལ་ནས་ཐམས་ཅད་ཀྱིས་དེ་ལྟར་དུ་བསླབ་པར་བྱའོ། །
ས་ཡི་སྙིང་པོ། མ་འོངས་འཇིག་རྟེན་རྣམས་སུ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཞིག་གིས་སངས་རྒྱས་ཀྱི་བསྟན་པ་འདིར་དགེ་རྩ་ཅུང་ཟད་སྒྲུབ་པ་སྟེ། སྐྲ་ཉག་དང་། བྱེ་མ་དང་། རྡུལ་ཕྲན་ཙམ་བྱས་པས་ཀྱང་། དེ་ལས་ཐོབ་པའི་ཕན་ཡོན་ནི་དཔེས་མཚོན་དུ་མེད་པའོ། །
ས་ཡི་སྙིང་པོ། མ་འོངས་འཇིག་རྟེན་རྣམས་སུ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཞིག་གིས་སངས་རྒྱས་ཀྱི་སྐུ་གཟུགས་དང་། བྱང་ཆུབ་སེམས་དཔའི་སྐུ་གཟུགས་དང་། རང་སངས་རྒྱས་ཀྱི་སྐུ་གཟུགས་དང་། འཁོར་ལོ་བསྒྱུར་བའི་རྒྱལ་པོའི་སྐུ་གཟུགས་རྣམས་མཐོང་ནས་དེ་ལ་སྦྱིན་པའམ་མཆོད་པ་བྱས་ན། བསོད་ནམས་དཔག་ཏུ་མེད་པ་ཐོབ་སྟེ་རྟག་ཏུ་ལྷ་མིའི་བདེ་བ་ཕུན་སུམ་ཚོགས་པ་ལ་ལོངས་སུ་སྤྱད་པར་འགྱུར་རོ། །གལ་ཏེ་བླ་མེད་བྱང་ཆུབ་ཏུ་བསྔོ་བས་རྩིས་ཟིན་ན་དེའི་བསོད་ནམས་དཔེས་མཚོན་དུ་མེད་པའོ། །
ས་ཡི་སྙིང་པོ། མ་འོངས་འཇིག་རྟེན་རྣམས་སུ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཞིག་ཐེག་པ་ཆེན་པོའི་མདོ་སྡེ་དང་འཕྲད་ནས་དེའི་ཚིག་གཅིག་གམ། ཚིག་བཞི་གཅིག་ཙམ་ཐོས་པར་གྱུར་ནས་དེ་ལ་ལྷག་པའི་བསམ་པ་སྐྱེས་ཤིང་བསྟོད་པ་དང་། གུས་པར་བྱས་པ་དང་། སྦྱིན་པའམ་མཆོད་པ་འབུལ་བར་བྱས་ན་གང་ཟག་དེས་འབྲས་བུ་ཆེན་པོ་དཔག་ཏུ་མེད་པ་དང་མཐའ་ཡས་པ་ཐོབ་པའོ། །གལ་ཏེ་བླ་མེད་བྱང་ཆུབ་ཏུ་བསྔོ་བས་རྩིས་ཟིན་ན་དེའི་བསོད་ནམས་ནི་དཔེས་མཚོན་དུ་མེད་པའོ། །
ས་ཡི་སྙིང་པོ། མ་འོངས་འཇིག་རྟེན་རྣམས་སུ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཞིག་སངས་རྒྱས་ཀྱི་མཆོད་རྟེན་དང་། དགོན་པ་དང་། ཐེག་པ་ཆེན་པོའི་གསུང་རབ་དང་འཕྲད་ནས་རྟེན་གསར་པ་དེ་དག་ལ་སྦྱིན་པའམ་མཆོད་པ་འབུལ་བ་དང་། ལྟ་བ་དང་། ཕྱག་འཚལ་བ་དང་། བསྟོད་བསྔགས་བྱེད་པ་དང་། གུས་པས་ཐལ་མོ་སྦྱར་བའམ་རྟེན་རྙིང་པ་ཞིག་རལ་དུ་གྱུར་བ་རྣམས་སླར་ཞིག་གསོ་བྱེད་པ་དང་། གསར་བཞེངས་བྱེད་པར་དགོངས་ཏེ་མི་གཅིག་ནས་མི་མང་པོ་ལ་སྐུལ་མ་བྱས་ན། དེ་དག་ཐམས་ཅད་སྐྱེ་བ་སུམ་བཅུའི་ནང་དུ་རྟག་ཏུ་རྒྱལ་ཕྲན་རྣམས་ཀྱི་རྒྱལ་པོར་འགྱུར་རོ། །དེ་དག་ལས་སྦྱིན་པ་བྱེད་པའི་གང་ཟག་རྣམས་ཀྱང་རྟག་ཏུ་འཁོར་ལོ་བསྒྱུར་བའི་རྒྱལ་པོར་གྱུར་ནས་དམ་པའི་ཆོས་ལ་བརྟེན་ནས་རྒྱལ་ཕྲན་དེ་དག་གདུལ་བར་བྱེད་པ་ཡིན་ནོ། །
ས་ཡི་སྙིང་པོ། མ་འོངས་འཇིག་རྟེན་རྣམས་སུ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཞིག་གིས་སངས་རྒྱས་ཀྱི་བསྟན་པ་འདིར་དགེ་རྩ་ཕྲན་བུ་བྱས་པ་སྟེ། དེ་ཡང་གལ་ཏེ་སྦྱིན་པའམ་མཆོད་པ་འབུལ་བ་དང་། མཆོད་རྟེན་དང་དགོན་པ་ཞིག་གསོ་བྱེད་པ་དང་། གསུང་རབ་ཀྱི་རྟེན་བཞེངས་པ་ནས་བཟུང་། སྤུ་ཉག་གཅིག་དང་། རྡུལ་ཕྲན་གཅིག་དང་། བྱེ་མ་གཅིག་དང་། ཆུ་ཐིགས་གཅིག་གི་དགེ་རྩ་རྣམས་ཀྱང་བླ་མེད་བྱང་ཆུབ་ཏུ་བསྔོ་བས་རྩིས་ཟིན་ན། དེའི་ཕན་ཡོན་སྐྱེ་བ་སྟོང་ཕྲག་བརྒྱ་ཕྲག་རྣམས་སུ་བླ་ན་མེད་པའི་བདེ་བ་ལ་ལོངས་སུ་སྤྱད་པར་འགྱུར་རོ། །
གལ་ཏེ་དགེ་རྩ་དེ་དག་རང་གི་ཁྱིམ་མི་དང་། ཉེ་འཁོར་དང་། རང་ཉིད་ལ་ཕན་པའི་ཆེད་དུ་བསྔོ་བར་བྱས་ན། དེའི་འབྲས་བུ་ཡང་སྐྱེ་བ་གསུམ་གྱི་བར་དུ་བདེ་བ་ལ་ལོངས་སུ་སྤྱད་པར་འགྱུར་རོ། །དེ་ལ་འབྲས་བུ་ཁྲི་ཐོབ་པའི་རྒྱུ་སྤོང་བ་ཞེས་བྱའོ། །ས་ཡི་སྙིང་པོ། སྦྱིན་པ་གཏོང་བའི་རྒྱུ་དང་རྐྱེན་གྱི་རྣམ་པར་གཞག་པ་ནི་དེ་ལྟར་ཡིན་ནོ། །ས་ཡི་སྙིང་པོའི་རྩ་བའི་སྨོན་ལམ་གྱི་མདོ་ལས་སྦྱིན་པའི་ཕན་ཡོན་བརྗོད་པའི་ལེའུ་སྟེ་བཅུ་པའོ།། །།
དེའི་ཚེ། ས་ཡི་ལྷ་མོ་བརྟན་མས་བཅོམ་ལྡན་འདས་ལ་འདི་སྐད་དུ་གསོལ་པ། བཙུན་པ་བཅོམ་ལྡན་འདས། བདག་ཆེས་ཐོག་མ་ནས་བཟུང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲངས་མེད་པ་རྣམས་ལ་ལྟ་ཞིང་ཕྱག་འཚལ་བ་ཡིན་ལ། བྱང་ཆུབ་སེམས་དཔའ་དེ་དག་གིས་བསམ་གྱིས་མི་ཁྱབ་པའི་རྫུ་འཕྲུལ་དང་ཤེས་རབ་ལ་བརྟེན་ནས་འགྲོ་བ་ཆེས་མང་པོ་ཞིག་བསྒྲལ་བ་ཡིན་ནོ། །
དེ་ལྟ་ནའང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་ཡི་སྙིང་པོའི་དམ་བཅའ་དང་སྨོན་ལམ་ནི་བྱང་ཆུབ་སེམས་དཔའ་གཞན་གང་གིས་ཀྱང་འགྲན་དུ་མ་མཆིས་པ་དང་གཏིང་ཟབ་པ་ཡིན་ནོ། །བཙུན་པ་བཅོམ་ལྡན་འདས། བྱང་ཆུབ་སེམས་དཔལ་ས་ཡི་སྙིང་པོར་ནི་འཛམ་བུ་གླིང་གི་སེམས་ཅན་རྣམས་དང་ལས་ཀྱི་འབྲེལ་བ་ཁྱད་པར་ཅན་ཡོད་དོ། །
དེ་ཡང་། འཇམ་དཔལ་དབྱངས་དང་། ཀུན་ཏུ་བཟང་པོ་དང་། སྤྱན་རས་གཟིགས་དང་བྱམས་པ་རྣམས་ཀྱིས་སྤྲུལ་པ་བརྒྱ་སྟོང་མང་པོ་བཀྱེ་ནས་འགྲོ་བ་དྲུག་གི་སེམས་ཅན་རྣམས་བསྒྲལ་བར་བྱས་ཀྱང་དེ་དག་གི་སྨོན་ལམ་གྱི་མཐའ་ནི་ཟད་པ་དང་བཅས་པའོ། །བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོའི་སྤྲུལ་པས་འགྲོ་བ་དྲུག་གི་སེམས་ཅན་རྣམས་བསྒྲལ་བའི་དམ་བཅའ་དང་སྨོན་ལམ་གྱི་བསྐལ་པའི་གྲངས་ནི་བརྒྱ་སྟོང་བྱེ་བ་ཕྲག་གི་གང་གཱ་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་དང་མཉམ་ཞིང་དེའི་མཐའ་ཡང་ཟད་དུ་མེད་པའོ། །
བཙུན་པ་བཅོམ་ལྡན་འདས། བདག་ནི་འདི་ལྟར་བལྟ་བར་བྱ་སྟེ། མ་འོངས་དང་ད་ལྟའི་གང་ཟག་གང་ཞིག་གིས་རང་གི་སྡོད་གནས་ཀྱི་ལྷོ་ཕྱོགས་གཙང་སར། ས་དང་། རྡོ་དང་། སྨྱུག་མ་དང་། ཤིང་ལ་སོགས་པས་མཆོད་སྟེགས་བྱས་ཏེ་དེར་འཇིམ་པ་དང་རི་མོ་ནས་བཟུང་། གསེར་དང་། དངུལ་དང་། ཟངས་དང་། ལྕགས་ལ་སོགས་ཀྱིས་བྱས་པའི་ས་ཡི་སྙིང་པོའི་སྐུ་གཟུགས་ལ་བདུག་སྤོས་ཀྱིས་མཆོད་པ་དབུལ་བ་དང་། གུས་པས་བལྟ་བ་དང་། ཕྱག་བཙལ་བ་དང་། བསྟོད་བསྔགས་བགྱི་བ་སོགས་བྱས་ན། གང་ཟག་དེའི་ཕྱོགས་སུ་ཕན་ཡོན་གྱི་རྣམ་པ་བཅུ་མྱུར་དུ་འཐོབ་པར་འགྱུར་རོ། །
བཅུ་གང་ཞེ་ན། ས་གནས་བཅུད་དང་ལྡན་པ་དང་། ཁང་ཁྱིམ་གཏན་དུ་བདེ་བ་དང་། གཤིན་པོ་རྣམས་བདེ་འགྲོར་སྐྱེ་བ་དང་། གསོན་པོ་རྣམས་ཚེ་རིང་བ་དང་། ཅི་བསམ་ཡིད་བཞིན་དུ་འགྲུབ་པ་དང་། ཆུ་དང་མེའི་འཇིགས་པ་ཞི་བ་དང་། ནོར་རྣམས་རང་གར་མི་འཛད་པ་དང་། རྨི་ལམ་ངན་པ་མི་འབྱུང་བ་དང་། འགྲོ་འོང་ལྷ་ཡིས་སྲུང་བ་དང་། རྟག་ཏུ་འཕགས་པའི་སྐྱེས་བུ་དང་འཕྲད་པ་བཅས་སོ། །བཙུན་པ་བཅོམ་ལྡན་འདས། མ་འོངས་དང་ད་ལྟའི་འཇིག་རྟེན་གྱི་སེམས་ཅན་རྣམས་ཀྱིས་རང་གི་སྡོད་གནས་སུ་བྱང་ཆུབ་སེམས་དཔའི་སྐུ་གཟུགས་ལ་མཆོད་པ་བྱས་པས་དེ་ལྟ་བུའི་ཕན་ཡོན་ཐོབ་པའོ། །
དེ་ནས་ས་ཡི་ལྷ་མོ་བརྟན་མས་སླར་ཡང་བཅོམ་ལྡན་འདས་ལ་འདི་སྐད་དུ་གསོལ་པ། བཙུན་པ་བཅོམ་ལྡན་འདས། མ་འོངས་འཇིག་རྟེན་རྣམས་སུ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཞིག་གིས་རང་གི་སྡོད་གནས་སུ་མདོ་སྡེ་འདི་དང་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོའི་སྐུ་བཞེངས་ནས་མདོ་སྡེ་དམ་པ་འདི་རྟག་ཏུ་ཀློག་པ་དང་། བྱང་ཆུབ་སེམས་དཔའི་སྐུ་ལ་མཆོད་པ་དབུལ་བར་བྱས་ན། བདག་གིས་རྫུ་འཕྲུལ་ལ་བརྟེན་ནས་གང་ཟག་དེ་དག་ཉིན་མཚན་མེད་པར་རྟག་ཏུ་སྲུང་བར་བྱའོ། །དེ་བཞིན་དུ་མེ་དང་། ཆུ་དང་། ཆོམ་རྐུན་ལ་སོགས་པ་དུས་མ་ཡིན་པའི་འཇིགས་པ་ཆེ་ཆུང་ཡིད་དུ་མི་འོང་བ་ཐམས་ཅད་ངེས་པར་དུ་ཞི་བར་འགྱུར་རོ། །
དེ་ནས་བཅོམ་ལྡན་འདས་ཀྱིས་ས་ཡི་ལྷ་མོ་བརྟན་མ་ལ་འདི་སྐད་དུ་བཀའ་སྩལ་པ། ས་ཡི་ལྷ་མོ། ཁྱོད་ཀྱི་རྫུ་འཕྲུལ་གྱི་ནུས་པ་ཤིན་ཏུ་ཆེ་བས་ལྷ་གཞན་གྱིས་འགྲན་དུ་མ་མཆིས་པའོ། །དེ་ཅིའི་ཕྱིར་ཞེ་ན། འཛམ་བུ་གླིང་གི་ས་གཞི་ཐམས་ཅད་ཁྱོད་ཀྱིས་སྲུང་བ་ཡིན་ལ། ཐ་ན་རྩི་ཤིང་དང་། རྡོ་གསེག་དང་། འབྲས་དང་། ཏིལ་དང་། སྨྱུག་མ་དང་། འདམ་རྩྭ་དང་། འབྲུ་དང་། འབྲས་དང་རིན་པོ་ཆེ་ལ་སོགས་པ་ས་འདིར་གནས་པ་ཐམས་ཅད་ཀྱང་ཁྱོད་ཀྱི་ནུས་པ་ལ་རག་ལས་པས་སོ། །ད་དུང་དེ་ལྟར་ས་ཡི་སྙིང་པོའི་ཡོན་ཏན་ལ་བསྔགས་པས་ཁྱོད་ཀྱི་ཡོན་ཏན་དང་རྫུ་འཕྲུལ་ནི་ལྷ་གཞན་ལས་བརྒྱ་འགྱུར་དང་སྟོང་འགྱུར་ལས་ཀྱང་འཕགས་པའོ། །
མ་འོངས་འཇིག་རྟེན་རྣམས་སུ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཞིག་གིས་བྱང་ཆུབ་སེམས་དཔའི་སྐུ་གཟུགས་ལ་མཆོད་པ་བྱེད་པ་དང་། ས་ཡི་སྙིང་པོའི་སྨོན་ལམ་གྱི་མདོ་ཀློག་པའམ་ཡང་ན་དེའི་དོན་གཅིག་ཙམ་ཉམས་སུ་ལེན་པའི་གང་ཟག་དེ་དག་ཁྱོད་ཀྱིས་རྫུ་འཕྲུལ་ལ་བརྟེན་ནས་སྲུང་ཞིང་སྐྱོབ་པར་བྱའོ། །དེ་དག་ལ་འཇིགས་པ་དང་མི་འདོད་པ་ཐམས་ཅད་ཐ་ན་རྣ་ལམ་དུ་ཡང་ཐོས་པར་མི་གཞུག་ན། དངོས་སུ་དེའི་ཐོག་ཏུ་འབབ་པ་ནི་སྨོས་མ་དགོས་སོ། །
ས་ཡི་ལྷ་མོ། གང་ཟག་དེ་དག་སྲུང་བ་ནི་ཁྱོད་གཅིག་པུ་མ་ལགས་ཏེ། ད་དུང་བརྒྱ་བྱིན་འཁོར་དང་བཅས་པ་དང་། ཚངས་པ་འཁོར་དང་བཅས་པ་དང་། ལྷ་ཡི་བདག་པོ་གཞན་འཁོར་དང་བཅས་པས་ཀྱང་གང་ཟག་དེ་ཉིད་སྲུང་ཞིང་སྐྱོབ་པར་བྱེད་པ་ཡིན་ནོ། །དེ་དག་གིས་ཅིའི་ཕྱིར་དུ་དེ་ལྟར་སྲུང་ཞིང་སྐྱོབ་པར་བྱེད་ཅེ་ན། དེ་ནི་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོའི་སྐུ་གཟུགས་ལ་གུས་པས་བལྟ་བ་དང་། ཕྱག་འཚལ་བ་དང་། རྩ་བའི་སྨོན་ལམ་གྱི་མདོ་སྡེ་འདི་ཉིད་བཀླགས་པས་སྡུག་བསྔལ་འཁོར་བའི་རྒྱ་མཚོ་ལས་གཏན་དུ་ཐར་ནས་མྱ་ངན་ལས་འདས་པའི་བདེ་བ་ཐོབ་པར་འགྱུར་བ་ཡིན་པས་དམ་པ་དེ་དག་གིས་གང་ཟག་དེ་ཉིད་སྲུང་ཞིང་སྐྱོབ་པ་ཡིན་ནོ། །ས་ཡི་སྙིང་པོའི་རྩ་བའི་སྨོན་ལམ་གྱི་མདོ་ལས་ས་ཡི་ལྷ་མོས་ཆོས་སྲུང་བའི་ལེའུ་སྟེ་བཅུ་གཅིག་པའོ།། །།
དེའི་ཚེ། བཅོམ་ལྡན་འདས་ཀྱི་སྤྱི་བོ་ནས་བརྒྱ་སྟོང་ཕྲག་བྱེ་བ་ཕྲག་བརྒྱའི་མཛོད་སྤུའི་འོད་ཟེར་ཆེན་པོ་རྣམས་སྤྲོས་པ་སྟེ། དེ་ཡང་དཀར་པོའི་མཛོད་སྤུའི་འོད་ཟེར་དང་། དཀར་པོ་ཆེན་པོའི་མཛོད་སྤུའི་འོད་ཟེར་དང་། བཀྲ་ཤིས་པའི་མཛོད་སྤུའི་འོད་ཟེར་དང་། བཀྲ་ཤིས་པ་ཆེན་པོའི་མཛོད་སྤུའི་འོད་ཟེར་དང་། གཡང་ཌིའི་མཛོད་སྤུའི་འོད་ཟེར་དང་། གཡང་ཌི་ཆེན་པོའི་མཛོད་སྤུའི་འོད་ཟེར་དང་། སྨུག་པོའི་མཛོད་སྤུའི་འོད་ཟེར་དང་། སྨུག་པོ་ཆེན་པོའི་མཛོད་སྤུའི་འོད་ཟེར་དང་། སྔོན་པོའི་མཛོད་སྤུའི་འོད་ཟེར་དང་། སྔོན་པོ་ཆེན་པོའི་མཛོད་སྤུའི་འོད་ཟེར་དང་། གཡུ་མདོག་གི་མཛོད་སྤུའི་འོད་ཟེར་དང་། གཡུ་མདོག་ཆེན་པོའི་མཛོད་སྤུའི་འོད་ཟེར་དང་། དམར་པོའི་མཛོད་སྤུའི་འོད་ཟེར་དང་། དམར་པོ་ཆེན་པོའི་མཛོད་སྤུའི་འོད་ཟེར་དང་། ལྗང་ཁུའི་མཛོད་སྤུའི་འོད་ཟེར་དང་། ལྗང་ཁུ་ཆེན་པོའི་མཛོད་སྤུའི་འོད་ཟེར་དང་། གསེར་མདོག་གི་མཛོད་སྤུའི་འོད་ཟེར་དང་། གསེར་མདོག་ཆེན་པོའི་མཛོད་སྤུའི་འོད་ཟེར་དང་། སྤྲིན་ཕུང་གི་མཛོད་སྤུའི་འོད་ཟེར་དང་། སྤྲིན་ཕུང་ཆེན་པོའི་མཛོད་སྤུའི་འོད་ཟེར་དང་། འཁོར་ལོ་རྩིབས་སྟོང་གི་མཛོད་སྤུའི་འོད་ཟེར་དང་། འཁོར་ལོ་རྩིབས་སྟོང་ཆེན་པོའི་མཛོད་སྤུའི་འོད་ཟེར་དང་། འཁོར་ལོ་རིན་པོ་ཆེའི་མཛོད་སྤུའི་འོད་ཟེར་དང་། འཁོར་ལོ་རིན་པོ་ཆེ་ཆེན་པོའི་མཛོད་སྤུའི་འོད་ཟེར་དང་། ཉི་མའི་དཀྱིལ་འཁོར་གྱི་མཛོད་སྤུའི་འོད་ཟེར་དང་། ཉི་མའི་དཀྱིལ་འཁོར་ཆེན་པོའི་མཛོད་སྤུའི་འོད་ཟེར་དང་། ཟླ་བའི་དཀྱིལ་འཁོར་གྱི་མཛོད་སྤུའི་འོད་ཟེར་དང་། ཟླ་བའི་དཀྱིལ་འཁོར་ཆེན་པོའི་མཛོད་སྤུའི་འོད་ཟེར་དང་། ཕོ་བྲང་གི་མཛོད་སྤུའི་འོད་ཟེར་དང་། ཕོ་བྲང་ཆེན་པོའི་མཛོད་སྤུའི་འོད་ཟེར་དང་། མཚོ་སྤྲིན་གྱི་མཛོད་སྤུའི་འོད་ཟེར་དང་། མཚོ་སྤྲིན་ཆེན་པོའི་མཛོད་སྤུའི་འོད་ཟེར་དེ་དག་ལ་སོགས་པ་མཛོད་སྤུའི་འོད་ཟེར་རྣམས་སངས་རྒྱས་ཀྱི་སྤྱི་བོ་ནས་འཕྲོས་པ་དང་མཉམ་དུ་དབྱངས་སྙན་པའི་སྒྲ་དང་བཅས་ཏེ་འཁོར་རྣམས་ལ་འདི་སྐད་དུ་བཀའ་སྩལ་པ། ལྷ་ཀླུ་སྡེ་བརྒྱད་དང་། མི་དང་མི་མ་ཡིན་རྣམས་ཀྱིས་འདི་ལྟར་གསན་པར་གྱིས། དེང་འདིར་བདག་གིས་སུམ་ཅུ་རྩ་གསུམ་གྱི་ལྷའི་ཕོ་བྲང་ནས་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་ལ་བསྔགས་པ་སྟེ། ལྷ་དང་མིའི་འགྲོ་བ་རྣམས་ལ་ཕན་པའི་མཛད་པ་དང་། བསམ་གྱིས་མི་ཁྱབ་པའི་མཛད་པ་དང་། ཉན་རང་ལས་འདས་པའི་མཛད་པ་དང་། ས་བཅུར་བགྲོད་པའི་མཛད་པ་དང་། མཐར་ཐུག་ཕྱིར་མི་ལྡོག་པའི་བྱང་ཆུབ་ཀྱི་གོ་འཕང་བརྙེས་པའི་མཛད་པ་རྣམས་བསྟན་པར་བྱའོ། །
དེ་སྐད་དུ་གསུངས་པའི་ཚེ། གྲལ་གྱི་ནང་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་སྟན་ལས་ལངས་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་བཅོམ་ལྡན་འདས་ལ་འདི་སྐད་དུ་གསོལ་པ། བཙུན་པ་བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་ཡི་སྙིང་པོ་ནི་བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་དང་ལྡན་པས། སྡིག་སྡུག་གིས་གཟིར་བའི་འགྲོ་བ་རྣམས་ལ་ཐུགས་བརྩེ་བས་དགོངས་ཏེ་འཇིག་རྟེན་བརྒྱ་སྟོང་བྱེ་བ་ཕྲག་བརྒྱ་རྣམས་སུ། སྤྲུལ་པ་བརྒྱ་སྟོང་བྱེ་བ་ཕྲག་བརྒྱ་བཀྱེ་ནས་འགྲོ་བའི་དོན་མཛད་པ་དང་། རྫུ་འཕྲུལ་གྱི་སྟོབས་རྣམས་ནི་བསམ་གྱིས་མི་ཁྱབ་པ་ཡིན་ནོ། །
བདག་གིས་བཅོམ་ལྡན་འདས་དང་ཕྱོགས་བཅུའི་འཇིག་རྟེན་གྱི་དེ་བཞིན་གཤེགས་པ་གྲངས་མེད་པ་རྣམས་ཀྱིས་དགོངས་པ་གཅིག་དང་དབྱངས་གཅིག་གིས་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོའི་ཡོན་ཏན་ལ་བསྔགས་པར་བརྗོད་པ་རྣམས་ཐོས་སོ། །དེ་ནི་འདས་པ་དང་། ད་ལྟ་དང་། མ་འོངས་པའི་སངས་རྒྱས་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་དེའི་ཡོན་ཏན་བརྗོད་ཀྱང་ཟད་པའི་མཐའ་མ་མཆིས་སོ། །དེང་འདིར་བཅོམ་ལྡན་འདས་ཀྱིས་འཁོར་འདུས་པ་རྣམས་ལ་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོའི་ཡོན་ཏན་དང་མཛད་པ་རྣམས་བསྟན་པར་དགོངས་ན། བཅོམ་ལྡན་འདས་ཀྱིས་ད་ལྟ་དང་མ་འོངས་པའི་སེམས་ཅན་རྣམས་ལ་ཕན་པའི་ཕྱིར་དུ་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོའི་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་རྣམས་བསྟན་དུ་གསོལ། དེ་ལྟར་བསྟན་པས་ལྷ་ཀླུ་སྡེ་བརྒྱད་ལ་སོགས་པའི་འགྲོ་བ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་ལ་བལྟ་བ་དང་། གུས་པས་ཕྱག་བཙལ་ན་བསོད་ནམས་དམ་པ་འཐོབ་པར་འགྱུར་རོ། །
དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ལ་འདི་སྐད་དུ་བཀའ་སྩལ་པ། སྤྱན་རས་གཟིགས། ཁྱོད་ནི་མི་མཇེད་ཀྱི་འཇིག་རྟེན་འདིའི་སེམས་ཅན་རྣམས་ལ་ལས་འབྲེལ་ཁྱད་པར་ཅན་ལྡན་ནོ། །དེ་ཡང་ལྷའམ་ཀླུ། བུའམ་བུ་མོ། ལྷའམ་འདྲེ་ནས་བཟུང་སྟེ་སྡིག་སྡུག་གིས་ནོན་པའི་འགྲོ་བ་དྲུག་གི་སེམས་ཅན་གང་ཞིག་གིས་ཁྱོད་ཀྱི་མཚན་ཐོས་པ་དང་། ཁྱོད་ཀྱི་སྐུ་གཟུགས་མཇལ་བ་དང་། ཁྱོད་ལ་དགའ་ཞིང་དད་པ་དང་། ཁྱོད་ལ་བསྟོད་ཅིང་བསྔགས་པ་ལ་སོགས་པའི་གང་ཟག་དེ་དག་ནི་རྟག་ཏུ་མཐོ་རིས་ཀྱི་གནས་སུ་སྐྱེས་ཏེ་བདེ་བ་ཕུན་སུམ་ཚོགས་པ་ལ་ལོངས་སུ་སྤྱོད་ཅིང་མཐར་འབྲས་བུ་སྨིན་ནས་སངས་རྒྱས་ཀྱི་ལུང་བསྟན་ཐོབ་སྟེ་བླ་ན་མེད་པའི་ལམ་ལས་ཕྱིར་མི་ལྡོག་པ་འཐོབ་པར་འགྱུར་རོ། །
སྤྱན་རས་གཟིགས། ཁྱོད་ནི་བྱམས་པ་དང་སྙིང་རྗེ་ཆེན་པོ་ལྡན་པ་དང་། འགྲོ་བ་སྤྱི་དང་ཁྱད་པར་དུ་ལྷ་ཀླུ་སྡེ་བརྒྱད་རྣམས་ལ་ཐུགས་ཤིན་ཏུ་བརྩེ་ཞིང་བདག་ལ་ཡང་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོའི་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་བརྗོད་པར་བསྐུལ་བར་བྱས་ན། ཁྱོད་ཀྱིས་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་ཁྱོད་ལ་བསྟན་པར་བྱའོ། །
དེ་ནས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱིས་གསོལ་པ། ལགས་སོ། །བཅོམ་ལྡན་འདས། བདག་གསན་པར་འདོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ལ་བཀའ་སྩལ་པ། མ་འོངས་དང་ད་ལྟའི་འཇིག་རྟེན་རྣམས་སུ། ལྷ་རྣམས་ཀྱི་ལྷའི་བསོད་ནམས་ཟད་ནས་འཆི་ལྟས་ལྔ་བྱུང་བའམ་ངན་སོང་གི་གནས་སུ་ལྟུང་བར་འགྱུར་ན། དེ་ལྟ་བུའི་ལྷའི་བུའམ་བུ་མོ་གང་ཞིག་གིས་རང་ལ་འཆི་ལྟས་བྱུང་བར་ཤེས་ནས་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོའི་སྐུ་གཟུགས་མཐོང་ནས་ལན་གཅིག་ཏུ་བལྟ་བའམ་ཡང་ན་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོའི་མཚན་ཐོས་ནས་དེ་ལ་ཕྱག་ལན་གཅིག་ཏུ་བཙལ་བར་བྱས་ན། ལྷའི་བསོད་ནམས་རྣམས་འཕེལ་ཏེ་བདེ་བ་ཆེན་པོ་ལ་ལོངས་སུ་སྤྱོད་ཅིང་ངན་སོང་གི་གནས་སུ་གཏན་དུ་མི་ལྟུང་བར་འགྱུར་ན། དངོས་སུ་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོའི་སྐུ་གཟུགས་མཐོང་བ་དང་དེའི་མཚན་ཐོས་ནས་དེ་ལ་བདུག་སྤོས་དང་། མེ་ཏོག་དང་། གོས་དང་། བཟའ་བཏུང་དང་། རིན་པོ་ཆེ་དང་། དྲ་བ་དྲ་ཕྱེད་སོགས་ཀྱིས་སྦྱིན་པའམ་མཆོད་པར་བྱས་ན། དེ་ལས་ཐོབ་པའི་ཕན་ཡོན་ནི་གྲངས་མེད་པ་དང་མཐའ་མེད་པ་སྨོས་མ་དགོས་སོ། །སྤྱན་རས་གཟིགས། མ་འོངས་དང་ད་ལྟའི་འཇིག་རྟེན་རྣམས་སུ། འགྲོ་བ་དྲུག་གི་སེམས་ཅན་གང་ཞིག་ཚེ་འཕོས་པ་ན་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོའི་མཚན་ལན་གཅིག་ཐོས་པས་སེམས་ཅན་དེ་དག་གིས་ངན་སོང་གསུམ་གྱི་སྡུག་བསྔལ་གཏན་དུ་མྱོང་བར་མི་འགྱུར་རོ། །
ཡང་གང་ཟག་གང་ཞིག་ཚེ་འཕོས་པ་ན། དེའི་ཕ་མ་གཉེན་ཉེ་རྣམས་ཀྱིས་གང་ཟག་དེའི་ཁང་ཁྱིམ་དང་། ནོར་རྫས་དང་། རིན་པོ་ཆེ་དང་། རྒྱན་གོས་སོགས་བཙོངས་ནས་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོའི་འདྲ་སྐུ་དང་། བྲིས་སྐུ་བཞེངས་པའམ་ཡང་ན་གང་ཟག་དེ་མ་ཤི་གོང་དུ་ཚུལ་དེ་དག་དེའི་མཐོང་ཐོས་སུ་བྱེད་དུ་བཅུག་ནས་རང་གི་ཆེད་དུ་ཁང་ཁྱིམ་ནོར་རྫས་སོགས་བཙོངས་ནས་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོའི་འདྲ་སྐུ་དང་བྲིས་སྐུ་བཞེངས་པར་ཤེས་པར་གྱུར་ན། སྤྱིར་གང་ཟག་དེ་ལས་ཀྱི་སྟོབས་ཀྱིས་ནད་ཤིན་ཏུ་ལྕི་བོ་ཞིག་ཐེབས་ཀྱང་དེས་དེ་ལྟར་བསོད་ནམས་བསགས་པས་མྱུར་དུ་ནད་ལས་ཐར་ཞིང་ཚེ་ཡང་རིང་བར་འགྱུར་རོ། །
གལ་སྲིད་གང་ཟག་དེ་ཚེ་ཟད་པ་ཞིག་ཡིན་ན་སྤྱིར་སྡིག་སྒྲིབ་དང་ལས་སྒྲིབ་ཆེ་བས་ངན་སོང་གི་གནས་སུ་ལྟུང་བར་འགྱུར་བ་ཡིན་ཡང་། དེས་དེ་ལྟར་བསོད་ནམས་བསགས་པའི་མཐུས་ཚེ་འདི་འཕོས་མ་ཐག་ཏུ་ལྷ་དང་མིའི་གོ་འཕང་ཐོབ་ནས་བདེ་བ་ཕུན་སུམ་ཚོགས་པ་ལ་ལོངས་སུ་སྤྱོད་ཅིང་སྡིག་སྒྲིབ་དེ་དག་ཐམས་ཅད་འདག་པར་འགྱུར་རོ། །
སྤྱན་རས་གཟིགས། མ་འོངས་འཇིག་རྟེན་རྣམས་སུ། བུས་པ་བུའམ་བུ་མོ་གང་ཞིག་འོ་མ་ནུ་བའི་དུས་དང་། ལོ་གསུམ་ལོན་པའི་དུས་དང་། ལོ་ལྔ་ལོན་པའི་དུས་དང་། ལོ་བཅུ་ལོན་པའི་དུས་མན་ཆད་དུ། རང་གི་ཕ་མ་དང་ཕུ་ནུ་མིང་སྲིང་ལ་སོགས་པ་ཤི་ནས་ནམ་ཞིག་ནར་སོན་ཏེ་ཆེར་སྐྱེས་པ་ན། རང་གི་ཕ་མ་དང་ཉེ་འབྲེལ་དེ་དག་དྲན་ནས་དེ་རྣམས་གནས་གང་དུ་སྐྱེས་པ་དང་། འཇིག་རྟེན་གང་དུ་སྐྱེས་པ་དང་། ལྷ་ཡུལ་གང་དུ་སྐྱེས་པ་སོགས་མ་ཤེས་པར་གྱུར་ན། གང་ཟག་དེས་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོའི་འདྲ་སྐུ་དང་། བྲིས་སྐུ་སོགས་མཇལ་བའམ་ཡང་ན་དེའི་མཚན་ཐོས་ནས་ཉིན་གཅིག་ནས་ཉིན་བདུན་གྱི་བར་དུ་ཐོག་མའི་སེམས་མ་ཉམས་པར་དེ་ལ་གུས་པས་ཐེངས་གཅིག་བལྟ་བ་དང་། ཕྱག་ལན་གཅིག་བཙལ་བ་ཚུན་ཆད་བྱའོ། །
དེ་ལྟར་མཚན་ཐོས་པ་དང་སྐུ་གཟུགས་མཇལ་ནས་དེ་ལ་བལྟ་བ་དང་། ཕྱག་བགྱི་བ་དང་། མཆོད་པ་དབུལ་བས་གཉེན་ཉེ་དེ་དག་སྤྱིར་ལས་ཀྱི་སྟོབས་ཀྱིས་བསྐལ་པ་དུ་མར་ངན་སོང་གི་གནས་སུ་ལྟུང་བ་ཡིན་ཡང་། བུའམ་བུ་མོ་དེ་དག་གིས་ཕུ་ནུ་མིང་སྲིང་རྣམས་ཀྱི་ཆེད་དུ་བྱང་ཆུབ་སེམས་དཔའི་འདྲ་སྐུ་དང་བྲིས་སྐུ་ལ་བལྟ་བ་དང་། ཕྱག་བགྱི་བའི་བསོད་ནམས་ཀྱིས་དེ་དག་ཐམས་ཅད་མྱུར་དུ་ཐར་བར་འགྱུར་རོ། །དེས་ནི་ལྷ་དང་མིའི་ནང་དུ་སྐྱེས་ནའང་བདེ་བ་ཕུན་སུམ་ཚོགས་པ་ལ་ལོངས་སུ་སྤྱོད་པར་འགྱུར་རོ། །
གཉེན་ཉེ་དེ་དག་རང་ཉིད་ལ་བསོད་ནམས་ཀྱི་སྟོབས་ལྡན་པ་ཡིན་ན། དེ་དག་ལྷ་དང་མིའི་ནང་དུ་སྐྱེས་ནས་བདེ་བ་ཕུན་སུམ་ཚོགས་པ་ལ་ལོངས་སུ་སྤྱོད་ཅིང་། དེའི་བསོད་ནམས་ཀྱི་སྟོབས་ཀྱིས་འཕགས་པའི་རྒྱུ་རིམ་གྱིས་འཕེལ་ཏེ་བདེ་བ་དཔག་ཏུ་མེད་པ་ལ་ལོངས་སུ་སྤྱད་པར་འགྱུར་རོ། །གང་ཟག་དེས་ཞག་བདུན་ཕྲག་གསུམ་གྱི་ནང་དུ་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོའི་སྐུ་གཟུགས་ལ་རྩེ་གཅིག་ཏུ་བལྟ་བ་དང་། ཕྱག་འཚལ་བ་དང་། དེའི་མཚན་བརྗོད་ནས་ཁྲི་གཅིག་གང་བ་ན། བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོའི་སྐུ་མཐའ་མེད་པ་སྣང་ནས་གཉེན་ཉེ་དེ་དག་གང་དུ་སྐྱེས་པའི་གནས་ཀྱང་བརྗོད་པར་འགྱུར་རོ། །
ཡང་ན་རྨི་ལམ་གྱི་དུས་སུ། བྱང་ཆུབ་སེམས་དཔས་རྫུ་འཕྲུལ་གྱི་སྟོབས་ཀྱིས་གང་ཟག་དེ་གཉེན་ཉེ་ཡོད་པའི་འཇིག་རྟེན་སོགས་སུ་འཁྲིད་པར་འགྱུར་རོ། །གལ་སྲིད་ཉིན་རེ་བཞིན་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོའི་མཚན་སྟོང་གཅིག་རེ་བཏོན་ནས་ཞག་སྟོང་གཅིག་སོང་བ་ན། བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོས་གང་ཟག་དེ་གནས་པའི་ཡུལ་ལྷ་གནས་བདག་རྣམས་སྦྲན་ནས་དེ་ཉིད་ཚེ་གཅིག་ཏུ་བསྲུང་བར་འགྱུར་རོ། །དེ་ནས་བཟུང་། ཚེ་འདི་ཡང་ཟས་གོས་ཕུན་སུམ་ཚོགས་པ་དང་ནད་ཀྱི་སྡུག་བསྔལ་མི་འབྱུང་བ་ནས་བཟུང་། དུས་མ་ཡིན་པའི་འཇིགས་པ་རྣམས་གང་ཟག་དེའི་སྒོ་ལའང་མི་ཐོན་ན་དངོས་སུ་དེའི་ཐོག་ཏུ་འབབ་པ་ནི་སྨོས་མ་དགོས་སོ། །ནམ་ཞིག་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོས་ཕྱག་སྤྱི་བོར་བཞག་སྟེ་ལུང་བསྟན་པ་འཐོབ་པར་འགྱུར་རོ། །
སྤྱན་རས་གཟིགས། མ་འོངས་འཇིག་རྟེན་རྣམས་སུ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཞིག་གིས་བྱམས་པའི་སེམས་རྒྱ་ཆེན་པོ་བསྐྱེད་ནས་སེམས་ཅན་ཐམས་ཅད་སྒྲོལ་བར་འདོད་པ་དང་། བླ་ན་མེད་པའི་བྱང་ཆུབ་སྒྲུབ་པར་འདོད་པ་དང་། ཁམས་གསུམ་ཀྱི་གནས་ནས་ཐར་བར་འདོད་པ་དག་གིས་ཀྱང་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོའི་སྐུ་གཟུགས་མཇལ་བ་དང་། དེའི་མཚན་ཐོས་ནས་སེམས་རྩེ་གཅིག་པས་སྐྱབས་སུ་འགྲོ་བ་དང་། སྤོས་དང་། མེ་ཏོག་དང་། གོས་དང་། རིན་པོ་ཆེ་དང་། ཟས་གོས་སོགས་མཆོད་པ་དབུལ་ཞིང་དེ་ལ་བལྟ་བ་དང་ཕྱག་བཙལ་བར་བྱས་ན། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་གི་འདོད་པ་ཐམས་ཅད་ཐོགས་པ་མེད་པར་མྱུར་དུ་འགྲུབ་པ་ཡིན་ནོ། །
སྤྱན་རས་གཟིགས། མ་འོངས་འཇིག་རྟེན་རྣམས་སུ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཞིག་གིས་ད་ལྟ་དང་མ་འོངས་པའི་རེ་བ་བརྒྱ་སྟོང་ཕྲག་བྱེ་བ་ཕྲག་བརྒྱ་རྣམས་འགྲུབ་པར་འདོད་པ་དང་། བྱ་བ་བརྒྱ་སྟོང་ཕྲག་བྱེ་བ་ཕྲག་བརྒྱ་རྣམས་འགྲུབ་པར་འདོད་པས་ཀྱང་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོའི་སྐུ་གཟུགས་ལ་སྐྱབས་སུ་འགྲོ་བ་དང་། གུས་པས་བལྟ་བ་དང་། ཕྱག་བཙལ་བ་དང་། མཆོད་པ་དབུལ་བ་དང་། བསྟོད་ཅིང་བསྔགས་པར་བྱས་ན་གང་ཟག་དེའི་ཇི་ལྟར་སྨོན་པའི་རེ་བ་ཐམས་ཅད་ཡོངས་སུ་འགྲུབ་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་ནི་བརྩེ་བ་ཆེན་པོ་དང་སྙིང་རྗེ་ཆེན་པོ་ལྡན་པས་གང་ཟག་དེ་ཉིད་རྟག་ཏུ་སྲུང་ཞིང་སྐྱོབ་པ་ཡིན་ནོ། །གང་ཟག་དེ་ལ་རྨི་ལམ་གྱི་ནང་དུ་ཡང་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོས་ཕྱག་སྤྱི་བོར་བཞག་སྟེ་ལུང་བསྟན་པ་ཐོབ་པར་འགྱུར་རོ། །
སྤྱན་རས་གཟིགས། མ་འོངས་འཇིག་རྟེན་རྣམས་སུ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཞིག་གིས་ཐེག་པ་ཆེན་པོའི་མདོ་སྡེ་ལ་བསམ་གྱིས་མི་ཁྱབ་ཅིང་བརྗོད་དུ་མེད་པའི་དད་པ་དང་འདུན་པ་གཏིང་ཟབ་པོ་སྐྱེས་ཤིང་། མདོ་སྡེ་དེ་དག་འདོན་པ་དང་བློར་ཆུད་པར་འདོད་ནས་དགེ་བའི་བཤེས་གཉེན་གང་གི་མདུན་དུ་གདམས་པ་ཐོབ་ཀྱང་དེ་མ་ཐག་ཏུ་བརྗེད་དེ་ལོ་དང་ཟླ་བ་མང་པོའི་བར་དུ་མདོ་སྡེ་དེ་འདོན་པ་དང་བློར་ཆུད་པར་མ་ནུས་ན། དེ་ནི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་གིས་ཚེ་རབས་སྔ་མའི་ལས་ཀྱི་སྒྲིབ་པ་མ་དག་པས་ཐེག་པ་ཆེན་པོའི་མདོ་སྡེ་ཀློག་པ་དང་བློར་ཆུད་པར་མ་ནུས་པ་ཡིན་ནོ། །
དེ་ལྟར་གང་ཟག་གང་གིས་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོའི་མཚན་ཐོས་པ་དང་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོའི་སྐུ་གཟུགས་མཐོང་ནས་དེ་ལ་གུས་པའི་སེམས་ཀྱིས་གསོལ་བ་འདེབས་པ་དང་། སྤོས་དང་། མེ་ཏོག་དང་། གོས་དང་། བཟའ་བཏུང་དང་། རྩེད་ཆས་ལ་སོགས་པས་མཆོད་པ་འབུལ་བ་དང་། དེ་བཞིན་དུ་ཆུ་གཙང་མའི་ཀོང་བུ་ཞིག་ཉིན་མཚན་གཅིག་ཏུ་བྱང་ཆུབ་སེམས་དཔའི་སྐུ་གཟུགས་ཀྱི་མདུན་དུ་བཞག་ནས་ཡིད་དྭངས་པའི་སྒོ་ནས་ཐལ་མོ་སྦྱར་ཏེ་ཞལ་ལྷོ་ཕྱོགས་སུ་འཁོར་ནས་ཆུ་དེ་རང་གི་ཁར་བཏུང་བར་བྱའོ། །
དེ་ནས་ཞག་བདུན་ཕྲག་གཅིག་ནས་གསུམ་གྱི་བར་དུ་སྒོག་པ་ལ་སོགས་པའི་དྲི་ང་བ་ལྔ་དང་། ཤ་ཆང་དང་། དེ་བཞིན་དུ་འདོད་པའི་ལོག་པར་གཡེམ་པ་དང་། རྫུན་དུ་སྨྲ་བ་དང་། སྲོག་གཅོད་པ་རྣམས་ཀྱང་སྤང་བར་བྱའོ། །དེས་ནི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ལ་རྨི་ལམ་དུ་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོའི་སྐུ་མཐའ་ཡས་པ་སྣང་ནས་ཆུའི་དབང་བསྐུར་ཐོབ་པའོ། །གང་ཟག་དེ་ཉིད་གཉིད་ལས་སད་པ་ན་བློ་རྣོ་བོར་གྱུར་ནས་མདོ་སྡེ་དེ་དག་རྣ་བར་ཐོན་པ་ཙམ་གྱིས་ཡོངས་སུ་འཛིན་པར་ནུས་ཤིང་ཐ་ན་དེའི་ཚིག་གཅིག་གམ་ཚིགས་བཅད་གཅིག་ཙམ་ཡང་གཏན་དུ་བརྗེད་པར་མི་འགྱུར་རོ། །
སྤྱན་རས་གཟིགས། མ་འོངས་འཇིག་རྟེན་རྣམས་སུ། གང་ཟག་གང་ཞིག་ཟས་གོས་ཀྱིས་དབུལ་བ་དང་། འདོད་པ་ཐོག་ཏུ་མི་འཁེལ་བ་དང་། ནད་མང་པོ་བྱུང་བ་དང་། ཉམས་ཉེས་མང་དུ་བྱུང་བ་དང་། ཁྱིམ་ཚང་མི་བདེ་བ་དང་། འཁོར་རྣམས་འཐོར་བ་དང་། དུས་མ་ཡིན་པའི་འཇིགས་པ་སོགས་ཐོག་ཏུ་འབབ་པའམ། ཡང་ན་རྨི་ལམ་དུ་ཡང་འཇིགས་པ་སོགས་བྱུང་བ་ན། དེས་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོའི་མཚན་ཐོས་པ་དང་། དེའི་སྐུ་གཟུགས་མཇལ་ཏེ་གུས་པའི་ཡིད་ཀྱིས་མཚན་ཁྲི་གཅིག་བཏོན་པ་ན། དེས་ནི་མི་འདོད་པ་ཐམས་ཅད་རིམ་གྱིས་ཞི་ནས་བདེ་བ་འཐོབ་པར་འགྱུར་བ་དང་། ཟས་གོས་ཕུན་སུམ་ཚོགས་པ་འབྱུང་བ་ནས་བཟུང་རྨི་ལམ་ཐམས་ཅད་ཀྱང་བདེ་བར་འགྱུར་རོ། །
སྤྱན་རས་གཟིགས། མ་འོངས་འཇིག་རྟེན་རྣམས་སུ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཞིག་གིས་རང་ཉིད་འཚོ་བའི་ཆེད་དུའམ། སྤྱིའི་ཆེད་དུའམ། སྒེར་གྱི་ཆེད་དུའམ། སྐྱེ་འཆིའི་ཆེད་དུའམ། ཡང་ན་བྲེལ་བའི་བྱ་བ་རྣམས་ཀྱི་ཆེད་དུ་རི་ཀླུང་དང་། ནགས་ཚལ་དང་། རྒྱ་མཚོ་དང་། ཆུ་ཀླུང་དང་། ཆུ་ཆེན་པོ་དང་། ལམ་འཕྲང་ངན་པ་སོགས་བརྒྱུད་དགོས་ན། ཐོག་མར་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོའི་མཚན་ཁྲི་གཅིག་བཏོན་ནས་སོང་ན། དེའི་ཡུལ་ལྷ་ས་བདག་རྣམས་ཀྱིས་གང་ཟག་དེ་སྲུང་བ་དང་། དེ་བཞིན་དུ་འགྲོ་བ་དང་། གནས་པ་དང་། སྡོད་པ་དང་། ཉལ་བ་ལ་སོགས་པའི་སྐབས་སུ་ཡང་གཏན་དུ་བདེ་བར་འགྱུར་རོ། །
ཐ་ན་སྟག་དང་། སྤྱང་ཀི་དང་། སེང་གེ་དང་། དུག་རྣམས་ཀྱིས་ཀྱང་གནོད་པ་མི་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་སྤྱན་རས་གཟིགས་ལ་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་ནི་འཛམ་བུ་གླིང་གི་སེམས་ཅན་རྣམས་ལ་ལས་འབྲེལ་ཁྱད་པར་ཅན་ཡོད་དོ། །དེ་ལྟར་འགྲོ་བ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་མཐོང་བ་དང་ཐོས་པའི་ཕན་ཡོན་ནི་བསྐལ་པ་བརྒྱ་ཕྲག་སྟོང་ཕྲག་གི་ནང་དུ་བརྗོད་ཀྱང་མཐའ་མ་མཆིས་པའོ། །
དེས་ན་སྤྱན་རས་གཟིགས། ཁྱོད་ཀྱིས་རྫུ་འཕྲུལ་ལ་བརྟེན་ནས་མདོ་སྡེ་འདི་ཉིད་ཕྱོགས་སོ་སོར་དར་བར་གྱིས་ཤིག དེ་ལྟར་བྱས་ན། མི་མཇེད་འཇིག་རྟེན་གྱི་འགྲོ་བ་རྣམས་བསྐལ་པ་བརྒྱ་སྟོང་ཁྲི་ཕྲག་གི་བར་དུ་བདེ་བ་ལ་ལོངས་སུ་སྤྱོད་པར་འགྱུར་རོ། །
དེའི་ཚེ། བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་སྐད་དུ་བཀའ་སྩལ་ཏོ། །བདག་ནི་ས་སྙིང་རྫུ་འཕྲུལ་སྟོབས། །བསྐལ་པ་བྱེ་སྙེད་བརྗོད་མི་འཛད། །མཐོང་ཐོས་དྲན་དང་ཕྱག་བྱས་ན། །ལྷ་མི་དཔག་མེད་ཕན་པར་འགྱུར། །བུའམ་བུ་མོ་ལྷ་ཀླུ་རྣམས། །ལས་ཀྱིས་ངན་སོང་ལྟུང་འགྱུར་ཀྱང་། །སྐྱེས་བུ་ཆེ་ལ་སྐྱབས་སོང་ན། །ཚེ་འཕེལ་སྡིག་སྒྲིབ་དག་པར་འགྱུར། །བུས་པ་ཕ་མ་གཉེན་དོར་ནས། །རྣམ་ཤེས་གར་སྐྱེས་མ་ཤེས་པ། །ཕུ་ནུ་མིང་སྲིང་གཉེན་ཉེ་རྣམས། །ཆེར་སྐྱེས་ངོ་ཡང་མ་ཤེས་ན། །སྐྱེས་བུ་ཆེན་པོའི་སྐུ་གཟུགས་ལ། །དད་པས་བལྟ་ཞིང་རྟག་ཕྱག་འཚལ། །བདུན་ཕྲག་གསུམ་ཞག་མཚན་བརྗོད་ན། །བྱང་ཆུབ་སེམས་དཔའི་མཐའ་ཡས་སྐུ། །སྣང་ནས་གཉེན་ཉེ་གར་སྐྱེས་སྟོན། །ངན་སོང་སྐྱེས་ཀྱང་དེ་ལས་ཐར། །ཐོག་མའི་སེམས་བསྐྱེད་མ་དོར་ན། །སྤྱི་བོར་ཕྱག་བཞག་ལུང་བསྟན་ཐོབ། །བླ་མེད་བྱང་ཆུབ་སྒྲུབ་འདོད་པས། །ཁམས་གསུམ་འཁོར་བའི་སྡུག་བསྔལ་ལས། །སྒྲོལ་བའི་སྙིང་རྗེ་སེམས་བསྐྱེད་ནས། །ས་སྙིང་སྐུ་གཟུགས་ཕྱག་བགྱིས་ན། །རེ་འདོད་ཐམས་ཅད་མྱུར་འགྲུབ་ཅིང་། །ལས་ཀྱི་སྒྲིབ་ལས་གཏན་དུ་གྲོལ། །གང་ཞིག་མདོ་སྡེ་ཀློག་པ་ཡིས། །མ་རིག་སེམས་ཅན་སྒྲོལ་འདོད་པས། །བསམ་མི་ཁྱབ་པའི་དམ་བཅས་ཀྱང་། །མདོ་སྡེ་བཀླགས་རྗེས་མྱུར་བརྗེད་གྱུར། །དེ་དག་ལས་ཀྱི་སྒྲིབ་པས་ཏེ། །ཐེག་ཆེན་མདོ་སྡེ་འཛིན་མི་ནུས། །མེ་ཏོག་སྤོས་དང་བཟའ་བཏུང་དང་། །རྩེད་ཆས་གོས་ཀྱིས་ས་སྙིང་མཆོད། །ཆུ་གཙང་ས་སྙིང་མདུན་བཞག་སྟེ། །ཉིན་མཚན་གཅིག་གིས་བཏུང་བྱས་ནས། །སེམས་བསྐྱེད་དྲི་ང་ལྔ་སྤོང་ཞིང་། །ཤ་ཆང་འདོད་ལོག་རྫུན་ཚིག་དང་། །སྲོག་གཅོད་བདུན་ཕྲག་གསུམ་ཞག་སྤོང་། །རྩེ་གཅིག་སེམས་དཔའི་མཚན་བརྗོད་ན། །རྨི་ལམ་མཐའ་ཡས་སྐུ་མཐོང་ཞིང་། །སད་ནས་དབང་པོ་རྣོ་བར་གྱུར། །དེ་ནས་མདོ་སྡེ་ཐོས་པ་རྣམས། །ཚེ་རབས་ཁྲི་སྟོང་བརྗེད་མེད་འགྱུར། །གང་ཟག་དེས་ནི་སེམས་དཔའ་ཡི། །བསམ་མི་ཁྱབ་པའི་ཤེས་རབ་ཐོབ། །སེམས་ཅན་དབུལ་ཕོངས་ནད་བྱུང་དང་། །ཁྱིམ་གཞིས་ཉམས་རྒུད་འཁོར་རྣམས་འཐོར། །རྨི་ལམ་ཐམས་ཅད་མི་བདེ་དང་། །འདོད་པ་བཞིན་དུ་མི་འགྲུབ་པས། །ས་སྙིང་སྐུ་ལ་གུས་བཏུད་ན། །མི་འདོད་ཀུན་ཀྱང་ཞི་བར་འགྱུར། །རྨི་ལམ་ཐམས་ཅད་བདེ་བར་སྣང་། །ཟས་གོས་ཕུན་ཚོགས་ལྷ་ཡིས་སྲུང་། །གང་ཞིག་ནགས་རི་ཆུ་མཚོ་དང་། །མ་རུངས་དུག་ཅན་གཅན་གཟན་མི། །འདྲེ་གདོན་རླུང་ནག་ཐར་དཀའ་བའི། །གནས་སུ་ཞུགས་པར་འདོད་པ་ཡིས། །ས་སྙིང་སེམས་དཔའི་སྐུ་གཟུགས་ལ། །བལྟ་ཞིང་ཕྱག་མཆོད་བྱས་གྱུར་ན། །རི་དང་ནགས་ཚལ་རྒྱ་མཚོ་ཡི། །འཇིགས་པ་ཐམས་ཅད་ཞི་བར་འགྱུར། །སྤྱན་གཟིགས་བདག་གིས་ཚིག་ལ་གསོན། །ས་སྙིང་ཡོན་ཏན་བསམ་མི་ཁྱབ། །བསྐལ་པ་ཁྲི་སྟོང་བར་དུ་ཡང་། །སྐྱེས་བུའི་ནུས་མཐུ་བརྗོད་མཐའ་བྲལ། །གང་ཞིག་ས་སྙིང་མཚན་ཐོས་ནས། །སྐུ་གཟུགས་མཇལ་ཞིང་ཕྱག་བྱས་ཏེ། །མེ་ཏོག་སྤོས་གོས་བཟའ་བཏུང་སོགས། །བརྒྱ་སྟོང་མཆོད་པས་བདེ་ལ་སྤྱོད། །བྱང་ཆུབ་མཆོག་ཏུ་བསྔོ་བྱས་ན། །མཐར་ཐུག་སངས་རྒྱས་སྐྱེ་འཆི་འདས། །དེས་ན་སྤྱན་གཟིགས་ཁྱོད་མཁྱེན་འཚལ། །བྱེ་སྙེད་ཞིང་ལ་བརྗོད་པར་བྱ། །ས་ཡི་སྙིང་པོའི་རྩ་བའི་སྨོན་ལམ་གྱི་མདོ་ལས་མཐོང་ཐོས་ཀྱི་ཕན་ཡོན་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།
དེའི་ཚེ། བཅོམ་ལྡན་འདས་ཀྱིས་དཔུང་པ་གསེར་གྱི་མདོག་ཅན་དེ་བརྐྱངས་ནས་སླར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་ཡི་སྙིང་པོའི་སྤྱི་བོར་བཞག་སྟེ་འདི་སྐད་དུ་བཀའ་སྩལ་པ། ས་ཡི་སྙིང་པོ། ས་ཡི་སྙིང་པོ། ཁྱོད་ཀྱི་རྫུ་འཕྲུལ་གྱི་སྟོབས་ནི་བསམ་གྱིས་མི་ཁྱབ། ཁྱོད་ཀྱི་བྱམས་པ་དང་སྙིང་རྗེ་བསམ་གྱིས་མི་ཁྱབ། ཁྱོད་ཀྱི་ཤེས་རབ་བསམ་གྱིས་མི་ཁྱབ། ཁྱོད་ཀྱི་སྤོབས་པ་བསམ་གྱིས་མི་ཁྱབ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་ཁྱོད་ཀྱི་བསམ་གྱིས་མི་ཁྱབ་པའི་མཛད་པ་ལ་བསྐལ་པ་ཁྲི་ཕྲག་སྟོང་ཕྲག་རྣམས་སུ་བསྔགས་པར་མཛད་ཀྱང་དེའི་མཐའ་ནི་ཟད་པར་མ་མཆིས་སོ། །
ས་ཡི་སྙིང་པོ། ས་ཡི་སྙིང་པོ། དེང་འདིར་བདག་གིས་སུམ་ཅུ་རྩ་གསུམ་གྱི་ལྷའི་གནས་ནས་བརྒྱ་སྟོང་ཕྲག་བྱེ་བ་ཕྲག་བརྒྱའི་བརྗོད་དུ་མེད་པའི་བརྗོད་དུ་མེད་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་། ལྷ་ཀླུ་སྡེ་བརྒྱད་ལ་སོགས་པའི་འགྲོ་བ་རྣམས་ཀྱི་གྲལ་ནས། སླར་ཡང་ཁམས་གསུམ་འཁོར་བ་མེའི་འོབས་ལྟ་བུར་གནས་པའི་ལྷ་དང་མིའི་འགྲོ་བ་རྣམས་ཀྱི་ཆེད་དུ་ཆོས་འདི་ཁྱོད་ལ་གཏད་པར་བྱའོ། །ཁྱོད་ཀྱིས་འགྲོ་བ་འདི་དག་ཉིན་གཅིག་དང་ཞག་གཅིག་ཏུ་ཡང་ངན་སོང་གི་གནས་སུ་ལྟུང་དུ་མི་གཞུག་ན། བསྐལ་པ་བརྒྱ་སྟོང་ཕྲག་བྱེ་བ་ཕྲག་བརྒྱའི་བར་དུ་ཐར་བ་མ་མཆིས་པའི་མཚམས་མེད་པ་ལྔའི་དམྱལ་བ་དང་། མནར་མེད་པའི་དམྱལ་བ་རྣམས་སུ་ལྟུང་དུ་མི་གཞུག་པ་ནི་སྨོས་མ་དགོས་སོ། །
ས་ཡི་སྙིང་པོ། འཛམ་བུ་གླིང་གི་སེམས་ཅན་འདི་དག་ནི་གཤིས་རྒྱུད་མ་ངེས་པ་དང་། བག་ཆགས་ངན་པ་མང་བས། དགེ་བའི་སེམས་ཅུང་ཟད་སྐྱེས་ཀྱང་མྱུར་དུ་འཇིག་པར་འགྱུར་ལ། མི་མཐུན་པའི་རྐྱེན་ངན་པ་དང་འཕྲད་ན་སྐད་ཅིག་རེ་རེ་བཞིན་འཕེལ་བར་འགྱུར་རོ། །དེས་ན། བདག་གིས་ཀྱང་བརྒྱ་ཕྲག་སྟོང་ཕྲག་བྱེ་བ་ཕྲག་བརྒྱའི་གཟུགས་རྣམ་པ་སྣ་ཚོགས་ཀྱིས་འགྲོ་བ་རྣམས་ཀྱི་ཁམས་དང་། དབང་པོ་དང་། མོས་པ་དང་བསྟུན་ནས་འདུལ་བར་བྱས་པ་ཡིན་ནོ། །
ས་ཡི་སྙིང་པོ། བདག་གིས་སླར་ཡང་འགྲོ་བ་ལྷ་དང་མི་རྣམས་ཁྱོད་ལ་གཏད་པར་བགྱི་བ་ཡིན་ནོ། །མ་འོངས་འཇིག་རྟེན་རྣམས་སུ། ལྷའམ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཞིག་གིས་སངས་རྒྱས་ཀྱི་བསྟན་པ་ལ་དགེ་བ་ཅུང་ཟད་བསྐྲུན་པ་སྟེ། སྤུ་ཉག་གཅིག་དང་། རྡུལ་ཕྲན་གཅིག་དང་། བྱེ་མ་གཅིག་དང་། ཆུ་ཐིགས་གཅིག་ཙམ་བྱས་པ་དེ་ཡང་ཁྱོད་ཀྱིས་བྱིན་རླབས་དང་ནུས་པ་ལ་བརྟེན་ནས་གང་ཟག་དེ་དག་སྲུང་ཞིང་སྐྱོབ་པར་བྱའོ། །དེ་ནས་རིམ་གྱིས་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་བྱའོ། །
ས་ཡི་སྙིང་པོ། མ་འོངས་འཇིག་རྟེན་རྣམས་སུ། ལྷ་དང་མི་གང་ཞིག་རང་གི་ལས་རྣམ་པར་སྨིན་ནས་ངན་སོང་གི་གནས་སུ་ལྟུང་བར་གྱུར་པའམ། ངན་སོང་གི་གནས་སུ་ལྟུང་དུ་ཉེ་བའམ། དེའི་སྒོར་ཐོན་པའི་གང་ཟག་དེ་དག་གིས་སངས་རྒྱས་ཀྱི་མཚན་ལན་གཅིག་ཐོས་པའམ། བྱང་ཆུབ་སེམས་དཔའི་མཚན་ལན་གཅིག་ཐོས་པའམ། ཐེག་པ་ཆེན་པོའི་མདོ་སྡེའི་ཚིག་གཅིག་གམ་ཚིགས་བཅད་གཅིག་ཐོས་པར་གྱུར་ན། འགྲོ་བ་དེ་དག་ལ་ཁྱོད་ཀྱི་རྫུ་འཕྲུལ་དང་བྱིན་མཐུ། ཐབས་མཁས་ཀྱིས་སྐྱོབ་ཅིང་འདྲེན་པར་བྱའོ། །དེ་དག་ལ་མཐའ་ཡས་པའི་སྐུ་སྣང་ནས་དམྱལ་བ་ཐམས་ཅད་ཞིག་རལ་དུ་གྱུར་ཅིང་། སེམས་ཅན་དེ་དག་ཀྱང་ལྷའི་ཡུལ་དུ་སྐྱེས་ནས་བདེ་བ་ཕུན་སུམ་ཚོགས་པ་ལ་ལོངས་སུ་སྤྱད་པར་འགྱུར་རོ། །
དེའི་ཚེ། བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་འདི་སྐད་དུ་བཀའ་སྩལ་པ། ད་ལྟ་མ་འོངས་ལྷ་མིའི་འགྲོ། །བདག་གིས་ནན་ཏན་ཁྱོད་ལ་གཏད། །ཉིད་ཀྱི་རྫུ་འཕྲུལ་ཐབས་མཁས་མཐུས། །ངན་སོང་གནས་སུ་ལྟུང་མ་གཞུག །དེའི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་ཡི་སྙིང་པོས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་བཅོམ་ལྡན་འདས་ལ་འདི་སྐད་དུ་གསོལ་པ། བཙུན་པ་བཅོམ་ལྡན་འདས། ཉིད་ཀྱིས་དེ་ལྟར་ཐུགས་ལས་ཆུང་བར་མཛད་མི་དགོས་ཏེ། མ་འོངས་འཇིག་རྟེན་རྣམས་སུ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཞིག་གིས་སངས་རྒྱས་ཀྱི་བསྟན་པ་འདིར། གུས་པའི་ཡིད་ལན་གཅིག་སྐྱེས་པ་ཚུན་ཆད་བདག་གིས་ཐབས་བརྒྱ་ཕྲག་སྟོང་ཕྲག་དུ་མ་ལ་བརྟེན་ནས་གང་ཟག་དེ་དག་སྐྱེ་འཆི་ལས་བསྒྲལ་ཏེ་ཐར་བའི་གོ་འཕང་ལ་མྱུར་དུ་བཀོད་པར་བྱས་ན། དགེ་བའི་ཆོས་ཐོས་པ་དང་། རྟག་ཏུ་སྒྲུབ་པ་དང་། ཉམས་ལེན་བྱས་པས་ནི་རང་ཤུགས་ཀྱིས་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་སྨོས་མ་དགོས་སོ། །
དེ་ལྟར་གསུངས་པ་དེའི་ཚེ། གྲལ་གྱི་ནང་ནས་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ཞེས་བྱ་བས་བཅོམ་ལྡན་འདས་ལ་འདི་སྐད་དུ་གསོལ་པ། བཙུན་པ་བཅོམ་ལྡན་འདས། བདག་སུམ་ཅུ་རྩ་གསུམ་གྱི་གནས་འདིར་ལྷགས་པ་ནས་བཟུང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོའི་བསམ་གྱིས་མི་ཁྱབ་པའི་རྫུ་འཕྲུལ་གྱི་སྟོབས་ལ་བསྟོད་ཅིང་བསྔགས་པར་མཛད་ན། མ་འོངས་འཇིག་རྟེན་རྣམས་སུ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དང་། ལྷ་དང་ཀླུ་ལ་སོགས་པའི་འགྲོ་བ་རྣམས་ཀྱིས་མདོ་སྡེ་འདི་ཐོས་པ་དང་། བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོའི་མཚན་ཐོས་པ་དང་། དེའི་སྐུ་གཟུགས་ལ་བལྟ་བ་དང་། ཕྱག་བཙལ་བར་བྱས་ན་ཕན་ཡོན་གྱི་རྣམ་པ་ཇི་ཙམ་ཐོབ་པར་འགྱུར་བ་དེ་བཅོམ་ལྡན་འདས་ཀྱིས་མ་འོངས་དང་ད་ལྟའི་སེམས་ཅན་རྣམས་ལ་ཕན་པའི་སླད་དུ་བསྡུས་ཏེ་བསྟན་དུ་གསོལ།
བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ལ་འདི་སྐད་དུ་བཀའ་སྩལ་པ། ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང་། ངས་ཁྱོད་ལ་བྱེ་བྲག་ཏུ་བསྟན་པར་བྱའོ། །མ་འོངས་འཇིག་རྟེན་རྣམས་སུ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཞིག་གིས་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོའི་སྐུ་གཟུགས་མཐོང་བ་དང་། མདོ་སྡེ་འདི་ཐོས་པ་དང་། མདོ་སྡེ་འདི་བཀླགས་པ་དང་། བློར་ཆུད་པ་དང་། སྤོས་དང་། མེ་ཏོག་དང་། བཟའ་བཏུང་དང་། གོས་དང་། རིན་པོ་ཆེ་ལ་སོགས་པས་སྦྱིན་པའམ་མཆོད་པ་དབུལ་བ་དང་། བསྟོད་ཅིང་བསྔགས་པ་དང་། བལྟ་བ་དང་། གུས་པས་ཕྱག་བཙལ་བར་བྱས་ན། ཕན་ཡོན་ཉེར་བརྒྱད་ཐོབ་པ་སྟེ། ལྷ་ཀླུ་རྣམས་ཀྱིས་དགོངས་ཤིང་སྲུང་བ་དང་གཅིག དགེ་བའི་འབྲས་བུ་ཉིན་རེ་བཞིན་འཕེལ་བ་དང་གཉིས། ཐར་བ་ཆ་མཐུན་གྱི་དགེ་རྩ་འགྲུབ་པ་དང་གསུམ། བྱང་ཆུབ་ལས་ཕྱིར་མི་ལྡོག་པ་དང་བཞི། ཟས་གོས་ཕུན་སུམ་ཚོགས་པར་འགྱུར་པ་དང་ལྔ། ནད་དང་རིམས་ནད་མི་འབྱུང་བ་དང་དྲུག མེ་ཆུའི་འཇིགས་པ་རྣམས་ཞི་བ་དང་བདུན། ཆོམ་རྐུན་གྱི་གནོད་པ་མེད་པ་དང་བརྒྱད། མི་རྣམས་ཀྱིས་མཐོང་ན་དགའ་ཞིང་གུས་པ་དང་དགུ། ལྷ་འདྲེ་རྣམས་ཀྱིས་སྡོང་གྲོགས་བྱེད་པ་དང་བཅུ། བུད་མེད་ཀྱི་ལུས་རྟེན་དུ་སྐྱེས་པར་འགྱུར་བ་དང་བཅུ་གཅིག རྒྱལ་པོ་དང་བློན་པོའི་སྲས་མོར་འགྱུར་པ་དང་བཅུ་གཉིས། གཟུགས་བྱད་མཛེས་ཤིང་ལྟ་ན་སྡུག་པ་དང་བཅུ་གསུམ། ལྷ་ཡུལ་ལ་མང་དུ་སྐྱེ་བ་དང་བཅུ་བཞི། ཡུལ་འཁོར་སྲུང་བའི་རྒྱལ་པོར་འགྱུར་བ་དང་བཅོ་ལྔ། སྔོན་གནས་རྗེས་དྲན་གྱི་མངོན་ཤེས་དང་ལྡན་པ་དང་བཅུ་དྲུག རེ་བ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པ་དང་བཅུ་བདུན། ཉེ་འཁོར་རྣམས་དགའ་ཞིང་མཐུན་པ་དང་བཅོ་བརྒྱད། དུས་མ་ཡིན་པའི་འཇིགས་པ་རྣམས་ཞི་བ་དང་བཅུ་དགུ། ལས་ཀྱི་ལམ་ཡོངས་སུ་ཟད་པ་དང་ཉི་ཤུ། གང་དུ་བགྲོད་ཀྱང་ཐོགས་པ་མེད་པ་དང་ཉེར་གཅིག མཚན་མོའི་རྨི་ལམ་བདེ་ཞིང་སྐྱིད་པ་དང་ཉེར་གཉིས། གཤིན་པོ་རྣམས་སྡུག་བསྔལ་དང་བྲལ་བ་དང་ཉེར་གསུམ། ཚེ་རབས་སྔ་མའི་བསོད་ནམས་ཀྱིས་སྐྱེ་བ་ལེན་པ་དང་ཉེར་བཞི། འཕགས་པ་རྣམས་ཀྱིས་བསྟོད་ཅིང་བསྔགས་པ་དང་ཉེར་ལྔ། སྤྱང་གྲུང་འཛོམས་ཤིང་དབང་པོ་རྣོ་བ་དང་ཉེར་དྲུག བྱམས་དང་སྙིང་རྗེས་སེམས་རྒྱུད་ཕྱུག་པ་དང་ཉེར་བདུན། མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དང་ཉེར་བརྒྱད་དོ། །
ནམ་མཁའི་སྙིང་པོ། ད་ལྟ་དང་མ་འོངས་པའི་ལྷ་དང་། ཀླུ་དང་། འདྲེ་གདོན་ལ་སོགས་པས་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོའི་མཚན་ཐོས་པ་དང་། དེའི་སྐུ་གཟུགས་ལ་ཕྱག་བགྱི་བ་དང་། ས་ཡི་སྙིང་པོའི་རྩ་བའི་མདོ་སྡེ་འདི་ཉིད་ཐོས་ནས་དེ་ལ་བསྟོད་ཅིང་བསྔགས་པ་དང་། ལྟ་བ་དང་། ཕྱག་འཚལ་བར་བྱས་ན་ཕན་ཡོན་རྣམ་པ་བདུན་འཐོབ་པ་སྟེ། མྱུར་དུ་ཉན་རང་གི་ས་ལས་འདས་པ་དང་གཅིག ལས་ངན་པ་རྣམས་ཟད་པ་དང་གཉིས། སངས་རྒྱས་རྣམས་ཀྱིས་སྲུང་བ་དང་གསུམ། བྱང་ཆུབ་ལས་ཕྱིར་མི་ལྡོག་པ་དང་བཞི། རྫུ་འཕྲུལ་གྱི་སྟོབས་འཕེལ་ཞིང་བརྟས་པ་དང་ལྔ། སྔོན་གནས་རྗེས་དྲན་གྱི་མངོན་ཤེས་དང་ལྡན་པ་དང་དྲུག མཐར་ཐུག་སངས་རྒྱས་ཐོབ་པ་དང་བདུན་ནོ། །
དེའི་ཚེ། ཕྱོགས་བཅུའི་སངས་རྒྱས་རྣམས་དང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། ལྷ་ཀླུ་སྡེ་བརྒྱད་ལ་སོགས་པའི་འགྲོ་བ་རྣམས་ཀྱིས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོའི་བསམ་གྱིས་མི་ཁྱབ་པའི་རྫུ་འཕྲུལ་གྱི་སྟོབས་ལ་བསྔགས་པར་མཛད་པ་དེ་ཐོས་ནས་སྔོན་དུ་བྱུང་བ་མེད་པའི་ཡ་མཚན་རྨད་དུ་བྱུང་བར་གྱུར་ཏོ། །
དེའི་ཚེ། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱིས་སྤོས་དང་། མེ་ཏོག་དང་། ལྷའི་གོས་དང་། རིན་པོ་ཆེའི་དོ་ཤལ་ལ་སོགས་པའི་མཆོད་པ་དཔག་ཏུ་མེད་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་། བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་ལ་ཕུལ་ཞིང་འཁོར་འདུས་པ་རྣམས་ཀྱིས་ཀྱང་ཐལ་མོ་སྦྱར་ཏེ་གུས་པས་བལྟ་ཞིང་ཕྱག་བྱས་ནས་སོང་ངོ་། །ས་ཡི་སྙིང་པོའི་རྩ་བའི་སྨོན་ལམ་གྱི་མདོ་ལས་ལྷ་དང་མི་རྣམས་ལ་ཆོས་གཏད་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོའི་རྩ་བའི་སྨོན་ལམ་གྱི་མདོ་ཞེས་བྱ་བ་རྫོགས་སོ།། །།
སྔོན་ཐང་རྒྱལ་རབས་ཀྱི་སྡེ་སྣོད་གསུམ་འཛིན་ལོ་ཙཱ་བ་ཆེན་པོ་ཧྲུ་ཁྲ་ལོ་ཐོས་ལེགས་སྦྱར་གྱི་སྐད་ནས་རྒྱ་སྐད་དུ་བསྒྱུར་བ་དང་། འདིར་དུས་རབས་ཉེར་གཅིག་པའི་སྟོད་དེ། ཕྱི་ལོ་ཉིས་སྟོང་ཉི་ཤུའི་ཟླ་གསུམ་པའི་ཚེས་དྲུག བོད་རབ་རྒྱན་ལྕགས་བྱི་ལོར་གྲོང་ཁྱེར་པདྨ་ཅན་དུ་བོད་ཀྱི་བན་དེ་བསོད་དར་རྒྱས་ཀྱིས་རྒྱ་ནག་གི་སྐད་ནས་བོད་སྐད་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༩ རྡོ་རྗེ་ཕ་ལམ་གྱི་ཕྲེང་རྡོག་༣༦༥
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡ བསླབ་བྱ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༢ འོད་དཔག་མེད་ཀྱི་ཞིང་ཡིད་ལ་བྱེད་པའི་མདོ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༣ ས་ཡི་སྙིང་པོའི་རྩ་བའི་སྨོན་ལམ་གྱི་མདོ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༤ བཀྲ་ཤིས་པའི་མདོ་ཞེས་བྱ་བ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༥ ཕ་མའི་དྲིན་ལན་གཞལ་དཀའ་བའི་མདོ་ཞེས་བྱ་བ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༦ ཕ་མ་སྐྱོབ་པའི་མདོ་ཞེས་བྱ་བ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༧ བུ་མོ་མ་ཏཾ་གའི་མདོ་ཞེས་བྱ་བ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༨ ལུང་དག་ལྡན་ཞེས་བྱ་བ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༩ སངས་རྒྱས་འདའ་ཁའི་ཞལ་ཆེམས་ཀྱི་མདོ་ཞེས་བྱ་བ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༠ རབ་བྱེད་ཞེ་གཉིས་པའི་མདོ་ཞེས་བྱ་བ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༡ རབ་ཏུ་བྱུང་བའི་ཕན་ཡོན་ལ་བསྟོད་པ་ཚིགས་སུ་བཅད་པའི་མདོ་ཞེས་བྱ་བ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༢ བདེ་ཆེན་ཞིང་སྦྱོང་གི་བསྟན་བཅོས་ཚིགས་བཅད་མའི་རྣམ་པར་བཤད་པ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༣ རྒྱ་ནག་རི་བོ་རྩེ་ལྔའི་གནས་བཤད་མཐོང་ལྡན།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༤ སྙིང་གཏམ་སྙིང་གི་ཐིག་ལེའི་འགྲེལ་བ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༥ དྲན་ངོགས་ཀྱི་ནུབ་བསྐྱོད།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༦ དྲན་ངོགས་ཀྱི་རྨི་སྣང་།
འབྲེལ་ཡོད་ཀློག་དེབ།
只有你自己能看到