纽约佛学会

《佛遗教经(汉译藏)》

释迦牟尼佛 说 · 索达吉堪布(汉译藏) 译

第1课

སངས་རྒྱས་ཤཀྱཱ་ཐུབ་པ་ལ་ཕྱག་འཚལ་ལོ།།

༄༅། །སངས་རྒྱས་འདའ་ཁའི་ཞལ་ཆེམས་ཀྱི་མདོ་ཞེས་བྱ་བ་བཞུགས་སོ། །

མཁན་པོ་བསོད་དར་རྒྱས་ཀྱིས་བསྒྱུར།

༄༅། །སངས་རྒྱས་འདའ་ཁའི་ཞལ་ཆེམས་ཀྱི་མདོ་ཞེས་བྱ་བ་བཞུགས་སོ། །

གང་གི་ཚེ་སྟོན་པ་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་ཐོག་མ་བསྐོར་ནས་ཀུན་ཤེས་ཀཽཎྜི་ནྱ་སོགས་བཏུལ་བ་དང་ཆོས་ཀྱི་འཁོར་ལོ་ཐ་མ་བསྐོར་ནས་ལེགས་བཟང་གདུལ་བར་བྱས་སོ། །དེ་ནས་སྐུ་ཚེ་གང་གི་གདུལ་བྱ་འདུལ་བའི་མཛད་པ་ཡོངས་སུ་རྫོགས་ནས་འཇམ་ཐིང་ངེའི་མཚན་དགུང་དུ་ཤིང་སཱ་ལ་ཟུང་གི་དྲུང་དུ་སྐུ་མྱ་ངན་ལས་འདའ་བར་བརྩམས་སོ། །

དེའི་ཚེ། སྟོན་པས་སློབ་མ་རྣམས་ལ་བསྡུས་པའི་ཆོས་འདི་ལྟར་དུ་བཀའ་སྩལ་ཏོ། །དགེ་སློང་དག་བདག་མྱ་ངན་ལས་འདས་པའི་འོག་ཏུ། ཁྱེད་ཅག་གིས་སོ་སོར་ཐར་བའི་ཚུལ་ཁྲིམས་འདི་གཅེས་པར་བཟུང་སྟེ་ལེགས་པར་སྲུང་བར་བྱའོ། །

འདི་ནི་མུན་པ་ལ་སྣང་བ་འབྱུང་བ་དང་། དབུལ་པོས་ནོར་བུ་རྙེད་པ་ལྟ་བུའོ། །ཁྱེད་ཅག་གི་སྟོན་པ་ནི་ཚུལ་ཁྲིམས་འདི་ཡིན་པར་ཤེས་པར་བྱ་སྟེ། བདག་འཇིག་རྟེན་འདིར་གནས་པ་དང་ཁྱད་མ་མཆིས་སོ། །ཚུལ་ཁྲིམས་ཡང་དག་པ་འཛིན་པའི་གང་ཟག་གིས་ཉོ་ཚོང་བྱེད་པ་དང་། ཁེ་སྤོགས་འཚོལ་བ་དང་། ཞིང་ཁྱིམ་གཉེར་བ་དང་། འཁོར་གཡོག་སྐྱོང་བ་དང་། སྒོ་ཕྱུགས་གསོ་བ་དང་། རྩི་ཤིང་རྨོ་བ་དང་། རྒྱུ་ནོར་སྒྲུབ་པ་བཅས་སྤང་བར་བྱའོ། །དེ་དག་ནི་མེའི་འོབས་ལྟ་བུ་ཡིན་ནོ། །

རྩི་ཤིང་གཅོད་པ་དང་། ས་རྐོ་བ་དང་། སྨན་སྦྱོར་བ་དང་། ལེགས་ཉེས་བརྟག་པ་དང་། གཟའ་སྐར་བརྟག་པ་དང་། འབྱུང་བ་བརྟག་པ་དང་། རྩིས་བྱེད་པ་རྣམས་མི་བྱའོ། །འདོད་པ་ཆུང་ཞིང་དུས་ལྟར་དུ་བཟའ་བ་དང་། ཡང་དག་པས་འཚོ་བར་བྱའོ། །འཇིག་རྟེན་གྱི་བྱ་བར་ཞུགས་པ་དང་། ཕོ་ཉ་བ་བྱེད་པ་དང་། སྔགས་དང་རྫས་སྦྱོར་བྱེད་པ་དང་། དབང་ཆེན་ཕྱུག་པོ་དག་ལ་ངོ་དགའ་དང་ལོག་སྤྱོད་ཅན་རྣམས་བསྟེན་པ་སོགས་མི་བྱའོ། །རང་སེམས་གཟུར་བོར་གནས་ཤིང་དྲན་ཤེས་ཀྱིས་ཐར་བ་ལ་རྩེ་གཅིག་ཏུ་གཞོལ་བར་བྱའོ། །རང་གི་སྐྱོན་གསངས་ནས་གཞན་བསླུ་བར་མི་བྱའོ། །ཟས་གོས་གནས་མལ་སྨན་བཅས་ཀྱི་ཚད་ཤེས་ནས་གསོག་འཇོག་མི་བྱའོ། །

དེ་ལ་ཚུལ་ཁྲིམས་ཀྱི་མཚན་ཉིད་བསྡུས་ཏེ་བཤད་ན། ཁྲིམས་ནི་ཐར་བའི་ལམ་དུ་གཞོལ་བའི་རྩ་བ་ཡིན་པས་པ་ར་ཐུའུ་མོ་ཁྲ་ཞེས་བྱ་སྟེ། རྒྱུ་འདི་ལ་བརྟེན་ནས་ཏིང་ངེ་འཛིན་ཐམས་ཅད་དང་སྡུག་བསྔལ་འཇོམས་པའི་ཤེས་རབ་འབྱུང་ངོ་། །དགེ་སློང་དག་ཚུལ་ཁྲིམས་ཡང་དག་པ་བཟུང་ནས་ཉམས་པར་མི་བྱའོ། །ཚུལ་ཁྲིམས་ཡང་དག་པ་དང་ལྡན་ན། དགེ་བའི་ཆོས་རྣམས་འབྱུང་བར་འགྱུར་གྱི། ཚུལ་ཁྲིམས་ཡང་དག་པ་དང་མི་ལྡན་པས་ནི་དགེ་བའི་ཡོན་ཏན་རྣམས་སྐྱེ་བར་མི་འགྱུར་རོ། །དེས་ན་ཚུལ་ཁྲིམས་ནི་བདེ་དགེ་ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་ཁོ་ན་ཡིན་པར་ཤེས་པར་བྱའོ། །

དགེ་སློང་དག་ཚུལ་ཁྲིམས་ལ་གནས་ནས་དབང་པོ་ལྔའི་སྒོ་བསྡམས་ཏེ་འདོད་པའི་ཡོན་ཏན་ལྔ་ལ་གཡེང་བར་མི་བྱ་སྟེ། དཔེར་ན། ཕྱུགས་རྫིས་དབྱུག་གུ་ཐོགས་ཏེ་ཕྱུགས་རྣམས་བསྲུངས་ནས་གཞན་གྱི་ལོ་ཏོག་བརླག་ཏུ་མི་གཞུག་པ་བཞིན་ནོ། །དབང་པོ་ལྔའི་སྒོ་མ་བསྡམས་ན་འདོད་ཡོན་ལྔར་གཡེང་བ་ཙམ་དུ་མ་ཟད། མུ་མཐའ་མེད་པའི་གནས་སུ་བཟུང་དུ་མེད་པར་འགྱུར་ཏེ། དཔེར་ན། སྲབ་ཀྱིས་མ་བཟུང་བའི་རྟ་རྒོད་ལ་ཆིབས་ནས་གཡང་སར་ལྟུང་བ་བཞིན་དུ་འགྱུར་རོ། །

ཡང་དཔེར་ན། ཇག་རྐུན་གྱིས་གནོད་པས་ནི་ཚེ་འདི་ཙམ་ལ་སྡུག་བསྔལ་བར་འགྱུར་གྱི། དབང་པོ་ལྔའི་ཇག་རྐུན་གྱིས་ནི་ཚེ་རབས་མང་པོའི་བར་དུ་གནོད་པ་ཆེན་པོས་བརླག་པར་འགྱུར་བས་མི་གཟབ་པར་མི་བྱའོ། །དེས་ན་མཁས་པ་རྣམས་ཀྱིས་ཇག་རྐུན་ལ་གཟབ་པ་བཞིན་དུ་དབང་པོ་རྣམས་ཅི་དགར་གཡེང་དུ་མི་འཇུག་པར་ཡང་དག་པར་སྲུང་བར་བྱའོ། །གལ་ཏེ་གཞན་དུ་གཡེང་ན། མི་རིང་བར་དེའི་ཉེས་པ་རྣམས་མཐོང་བར་འགྱུར་རོ། །

དབང་པོ་ལྔའི་གཙོ་བོ་སེམས་ཡིན་པས། ཁྱེད་ཀྱིས་སེམས་འདི་གདུལ་བར་བྱའོ། །སེམས་ཀྱིས་བྱས་པའི་འཇིགས་པ་ནི་དུག་སྦྲུལ་དང་། གཅན་གཟན་དང་། དགྲ་རྐུན་དང་། ཀུན་ཏུ་མཆེད་པའི་མེ་ཆེན་པོས་ཀྱང་དཔེ་མཚོན་དུ་མེད་དོ། །ཡང་དཔེར་ན། ལག་ཏུ་སྦྲང་རྩིའི་སྣོད་ཐོགས་པའི་གང་ཟག་གིས་འཚབ་འཚུབ་བབ་ཅོལ་ངང་སྦྲང་རྩི་ཁོ་ནར་བལྟས་ཏེ་བསྐྱོད་པ་ལས་མདུན་ཕྱོགས་སུ་ཤིན་ཏུ་ཟབ་པའི་འོབས་ཡོད་པ་མ་མཐོང་བའམ། ལྕགས་ཀྱུ་མེད་པའི་གླང་ཆེན་སྨྱོན་པ་དང་། ནགས་ལ་མཆོང་བའི་སྤྲེའུ་བཞིན་བཏུལ་བར་དཀའ་བས། མྱུར་དུ་སེམས་གདུལ་བའི་ཐབས་ལ་བརྩོན་པར་བྱའོ། །

གལ་ཏེ་སེམས་འདི་གཡེང་བར་གྱུར་ན། གང་ཟག་དེའི་དགེ་བའི་དངོས་པོ་རྣམས་ཉམས་པར་འགྱུར་བ་དང་། སེམས་འདི་རྩེ་གཅིག་ཏུ་གནས་པས། མི་འགྲུབ་པའི་དངོས་པོ་གང་ཡང་མེད་དོ། །དེས་ན་དགེ་སློང་དག་ཁྱེད་ཅག་གིས་བརྩོན་འགྲུས་བརྩམས་ཏེ་སེམས་གདུལ་བར་བྱའོ། །

དགེ་སློང་དག་བཟའ་བ་དང་བཏུང་བ་ལ་རོལ་བ་ན། སྨན་བསྟེན་པ་བཞིན་དུ་བལྟ་བ་ལས་བཟང་ངན་གྱི་སྒྲོ་སྐུར་མི་བགྱིད་དེ། དེ་ནི་ལུས་གསོ་བར་བཀྲེས་པ་དང་སྐོམ་པ་སེལ་བའི་སླད་དུ་ཡིན་ནོ། །ཇི་ལྟར་བུང་བས་མེ་ཏོག་གི་རོ་བཅུད་ལེན་པ་ན་དེའི་གཟུགས་དང་དྲི་ལ་གནོད་པ་མི་བགྱིད་པ་བཞིན་དུ། དགེ་སློང་རྣམས་ཀྱང་གཞན་གྱིས་ཕུལ་བའི་ནོར་དེ་དག་རང་གི་ཉོན་མོངས་པ་སེལ་བའི་ཆེད་ཙམ་དུ་ལེན་གྱི། ངོམས་པ་མེད་པར་བསླངས་ཏེ་གཞན་གྱི་དགེ་སེམས་བརླག་པར་ནི་མི་བྱའོ། །དཔེར་ན་མཁས་པས་གནག་ཕྱུགས་ཀྱི་ནུས་ཤུགས་དང་བསྟུན་ནས་ཁལ་འགེལ་བ་ལས། ཐལ་ཆེ་བའི་སྒོ་ནས་དེའི་ནུས་པ་ཟད་དུ་མི་འཇུག་པ་བཞིན་ནོ། །

དགེ་སློང་དག་ཁྱེད་ཅག་གིས་ཉིན་མོར་བརྩོན་སེམས་ཀྱིས་དགེ་ཆོས་བསྒྲུབས་ནས་སྟོང་ཟད་དུ་མི་གཏོང་བ་དང་། མཚན་གྱི་སྟོད་སྨད་དུའང་དེ་བཞིན་སྟོང་ཟད་དུ་མི་གཏོང་བ་དང་། མཚན་གུང་ལ་ཡང་མདོ་འདོན་པའི་ངང་ནས་ངལ་གསོ་བར་བྱའོ། །མི་ཚེ་གང་པོར་གཉིད་ལོག་པའི་རྐྱེན་གྱིས་གྲུབ་འབྲས་གང་ཡང་མ་མཆིས་པར་དོན་མེད་སྟོང་ཟད་དུ་གཏོང་བར་ནི་མི་བྱའོ། །

དེའང་མི་རྟག་པའི་མེས་འཇིག་རྟེན་ཐམས་ཅད་སྲེག་པར་འགྱུར་བའི་འདུ་ཤེས་ཀྱིས་རང་ཉིད་མྱུར་དུ་གྲོལ་བའི་ཐབས་ལ་བརྩོན་པར་བྱ་ཡི་གཉིད་ལོག་པས་དུས་འདའ་བར་ནི་མི་བྱའོ། །

ཉོན་མོངས་པའི་ཆོམ་རྐུན་གྱིས་རྟག་ཏུ་མི་རྣམས་གསོད་པར་བྱེད་པས་དགྲ་བོ་ལས་ཀྱང་འགྲན་དུ་མེད་ན། ཅིའི་ཕྱིར་རང་ཉིད་སད་པའི་སླད་དུ་མི་སྐུལ་བར་བདེ་བས་གཉིད་ལོག་པར་བྱེད། ཉོན་མོངས་པའི་དུག་སྦྲུལ་དེ་ཁྱེད་ཀྱི་སེམས་ལ་གནས་པ་ནི། ཇི་ལྟར་སྦྲུལ་ནག་པོ་ཞིག་ཁྱེད་ཀྱི་མལ་དུ་ཉལ་བ་བཞིན་ནོ། །དེ་ལ་ཚུལ་ཁྲིམས་ཀྱི་ལྕགས་ཀྱུས་མྱུར་དུ་བསལ་བར་བྱའོ། །ནམ་ཞིག་སྦྲུལ་དེ་བསལ་བ་ན། གཟོད་བདེ་བར་གཉིད་ལོག་པ་ཡིན་ནོ། །

གང་ཞིག་སྦྲུལ་དེ་མ་བསལ་བར་ཉལ་བ་ནི། ཁྲེལ་མེད་པའི་སྐྱེས་བུ་ཞེས་བྱ་སྟེ། ངོ་ཚ་ཁྲེལ་ཡོད་ཀྱི་གོས་བཟང་དེ་ནི་འཇིག་རྟེན་ན་རྒྱན་ཐམས་ཅད་ཀྱི་མཆོག་ཡིན་ནོ། །ཁྲེལ་དང་ལྡན་པའི་ལྕགས་ཀྱུས་ཆོས་མིན་བྱེད་པའི་གང་ཟག་འཛིན་པར་བྱེད་དོ། །དེས་ན་ངོ་ཚ་ཁྲེལ་དང་ལྡན་པ་ནི་རྟག་ཏུ་འབྲལ་བར་མི་བྱའོ། །གང་ཞིག་ངོ་ཚ་ཁྲེལ་དང་བྲལ་བ་ལ་ཡོན་ཏན་ཐམས་ཅད་ཉམས་པར་འགྱུར། ཁྲེལ་དང་ལྡན་པའི་གང་ཟག་ནི་དགེ་ཆོས་ཐམས་ཅད་དང་ལྡན་པར་འགྱུར། ཁྲེལ་དང་མི་ལྡན་པའི་གང་ཟག་ནི་དུད་འགྲོ་རྣམས་དང་གཉིས་སུ་མེད་དོ། །

དགེ་སློང་དག་གང་ཞིག་མི་གཞན་འོངས་ནས་ཁྱེད་ཀྱི་ལུས་པོ་དུམ་བུར་དུམ་བུར་གཅོད་པར་བྱས་ཀྱང་། དེ་ལ་རང་གི་སེམས་བསྡུས་ཏེ་ཁོང་ཁྲོ་བར་མི་བྱའོ། །རང་གི་ངག་བསྲུངས་ནས་ཚིག་རྩུབ་སྨྲ་བར་མི་བྱའོ། །གལ་ཏེ་ཁོང་ཁྲོ་བར་གྱུར་ན། དེས་རང་གི་ལམ་ལ་བསྒྲིབས་ཏེ་ཡོན་ཏན་ཐམས་ཅད་ཉམས་པར་འགྱུར་བ་ཡིན་ནོ། །བཟོད་པའི་ཡོན་ཏན་ནི་ཚུལ་ཁྲིམས་ལ་སྤྱོད་པས་ཀྱང་འགྲན་དུ་མེད་པས། བཟོད་པ་སྒོམ་པའི་གང་ཟག་ལ་སྟོབས་དང་ལྡན་པའི་སྐྱེས་བུ་ཞེས་བྱའོ། །གང་ཞིག་གཞན་གྱི་ཚིག་ངན་དུག་ཆུ་ལ་བདུད་རྩི་བཏུང་བ་བཞིན་དུ་མི་སྤྲོ་བའི་གང་ཟག་ནི་ལམ་ལ་ཞུགས་པའི་མཁས་པ་ཞེས་མི་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཞེ་སྡང་གི་ཉེས་པས་ནི་དགེ་ཆོས་ཐམས་ཅད་བརླག་པར་བྱེད། སྙན་གྲགས་ཐམས་ཅད་འཇོམས་པར་བྱེད། ཚེ་འདི་དང་ཕྱི་མ་རྣམས་སུ་གཞན་གྱིས་མཐོང་བར་ཡང་མི་འདོད་པར་བྱེད་དོ། །

དེས་ན་ཞེ་སྡང་གི་སེམས་འདི་མེ་ཆེན་པོ་ལྟར་དུ་ཤེས་པར་བྱས་ནས་དེས་གླགས་མི་རྙེད་པར་རྟག་ཏུ་སྲུང་བར་བྱ་དགོས་སོ། །ཡོན་ཏན་ཐམས་ཅད་འཕྲོག་པའི་རྐུན་པོ་ནི་ཞེ་སྡང་ལས་ལྷག་པ་ཞིག་མེད་ན། ཁྱིམ་པའི་སྐྱེས་བོ་རྣམས་འདོད་པ་དང་དུ་ལེན་ཞིང་ལམ་ལ་སྤྱོད་པ་མ་ཡིན་པས། རང་ཉིད་འདུལ་བར་མི་ནུས་པར་ཞེ་སྡང་སྐྱེ་བར་འགྱུར་ནའང་། རབ་ཏུ་བྱུང་བ་རྣམས་ནི་ལམ་ལ་སྤྱོད་ཅིང་འདོད་པ་སྤོང་བ་ཡིན་པས། ཞེ་སྡང་བར་གྱུར་ན་ཆེས་མི་རིགས་པ་ཡིན་ཏེ། དཔེར་ན། ནམ་མཁའ་དྭངས་པའི་སྤྲིན་ལས་ཐོག་འབྲུག་གི་མེ་ལྕེ་མཆེད་པ་བཞིན་གནས་མེད་པ་ཡིན་ནོ། །

དགེ་སློང་དག་ཁྱེད་ཀྱིས་རང་གི་མགོ་ལ་རེག་པར་བྱས་ནས་རང་ལ་བརྟག་པར་བྱ་སྟེ་རྒྱན་ཐམས་ཅད་སྤོང་ཞིང་གོས་ངན་ངོན་བགོས། ལྷུང་བཟེད་ཀྱི་སྣོད་ཐོགས་ནས་འཚོ་བ་བསོད་སྙོམས་པར་སྤྱོད། གལ་ཏེ་ང་རྒྱལ་ཞིང་རྒྱགས་པར་གྱུར་ན་མྱུར་དུ་སྤང་བར་བྱའོ། །

ང་རྒྱལ་དང་རྒྱགས་པ་ཆེ་ཆེར་འཕེལ་ན་ཁྱིམ་པའི་སྐྱེས་བོ་གོས་དཀར་ཅན་ལ་ཡང་མི་རིགས་ན། གང་ཞིག་ཐམས་ཅད་སྤངས་ནས་འཚོ་བ་བསོད་སྙོམས་པར་ཞུགས་པ་དང་། ཐར་བ་དོན་དུ་གཉེར་བའི་རབ་ཏུ་བྱུང་བ་ལ་སྨོས་མ་དགོས་སོ། །

དགེ་སློང་དག་གཡོ་སྒྱུའི་སེམས་འདི་ལམ་དང་ཡོངས་སུ་འགལ་བས་སེམས་རྒྱུད་དྲང་པོར་བྱའོ། །གཡོ་སྒྱུ་ནི་གཞན་བསླུ་བ་ཁོ་ན་ཡིན་པས། ལམ་ལ་ཞུགས་པའི་གང་ཟག་ལ་གནས་མེད་པར་ཤེས་པར་བྱའོ། །དེ་ལྟར་སེམས་གཤིས་དྲང་པོ་འདི་གཙོ་བོར་བཟུང་བར་བྱའོ། །དགེ་སློང་དག་འདོད་པ་ཆེ་བའི་གང་ཟག་ལ་མཁོ་བྱ་མང་བས། ཉོན་མོངས་པ་དང་སྡུག་བསྔལ་ཡང་མང་བ་ཡིན་ནོ། །འདོད་པ་ཆུང་བའི་གང་ཟག་ལ་ནི། མཁོ་བྱ་མེད་པས་ཉེས་པ་དེ་དག་ཀྱང་མེད་པར་ཤེས་པར་བྱའོ། །གཤིས་རྒྱུད་དྲང་ཞིང་འདོད་པ་ཆུང་བས་ཆོས་སྒྲུབ་པར་མཐུན་པར་གནས་ལ། ཡོན་ཏན་ཐམས་ཅད་ཀྱང་འབྱུང་བ་ཡིན་ནོ། །

འདོད་པ་ཆུང་བའི་གང་ཟག་ལ་གཡོ་སྒྱུ་མེད་ཅིང་གཞན་གྱི་བསམ་པར་བསྟུན་མི་དགོས་པས། དབང་པོ་རྣམས་ཀྱང་ཡུལ་རྗེས་སུ་འཁྲིད་པར་མི་བགྱིད་དོ། །འདོད་ཆུང་སྤྱོད་པའི་གང་ཟག་ནི་སེམས་ཀྱང་ལྷོད་ཆགས་སུ་གནས་ཤིང་འཇིགས་སྐྲག་གང་ཡང་མི་མངའ་བ་དང་། བྱ་བ་གང་དང་འཕྲད་ཀྱང་ཐོགས་པ་མེད་ཅིང་རྟག་ཏུ་ཡིད་ཚིམས་པར་གནས་སོ། །གང་ལ་འདོད་ཆུང་ལྡན་ན་དེ་ལ་མྱ་ངན་འདས་པ་ལྡན་པས་འདོད་ཆུང་ཞེས་ཀྱང་བྱའོ། །

དགེ་སློང་དག་ཁྱེད་ཅག་སྡུག་བསྔལ་ཐམས་ཅད་ལས་ཐར་བར་འདོད་ན། ཆོག་ཤེས་པར་བལྟ་བར་བྱ་སྟེ། ཆོག་ཤེས་པའི་ཆོས་ནི་བདེ་བ་དང་བརྟན་པའི་གནས་ཡིན། ཆོག་ཤེས་ཅན་གྱི་གང་ཟག་ནི་ས་རྗེན་དུ་ཉལ་ཡང་ལྷག་པར་བདེ། ཆོག་ཤེས་མེད་པའི་གང་ཟག་ནི་ལྷའི་ཕོ་བྲང་དུ་གནས་ཀྱང་ཡིད་མི་བདེ། ཆོག་ཤེས་མེད་པའི་གང་ཟག་ནི་ཕྱུག་ཀྱང་དབུལ་པོ་ཡིན། ཆོག་ཤེས་ཅན་གྱི་གང་ཟག་ནི་དབུལ་ཡང་ཕྱུག་པོ་ཡིན། ཆོག་ཤེས་མེད་པའི་གང་ཟག་ནི་རྟག་ཏུ་འདོད་ཡོན་ལྔས་འཁྲིད་པས་ཆོག་ཤེས་ཅན་གྱི་སྙིང་རྗེའི་གནས་སུ་གྱུར། དེ་ལ་ཆོག་ཤེས་ཞེས་བྱའོ། །

དགེ་སློང་དག་ཁྱེད་ཞི་བ་འདུས་མ་བྱས་པའི་བདེ་བར་འདོད་ན། རྣམ་གཡེང་ཐམས་ཅད་ཡོངས་སུ་སྤངས་ཏེ། རང་ཉིད་གཅིག་པུར་དབེན་པའི་ཡུལ་དུ་གནས་པར་བྱའོ། །

གང་ཞིག་དབེན་གནས་བསྟེན་པའི་གང་ཟག་ནི། བརྒྱ་བྱིན་ལ་སོགས་ལྷ་རྣམས་ཀྱིས་ཀྱང་བསྙེན་བཀུར་བགྱིད་པས། རང་དང་གཞན་གྱི་ཚོགས་རྣམས་སྤངས་ཏེ་གཅིག་པུར་དབེན་པར་གནས་ནས། སྡུག་བསྔལ་ཞི་བའི་རང་བཞིན་ལ་བསམ་པར་བྱའོ། །ཚོགས་ལ་དགའ་བའི་གང་ཟག་རྣམས་ནི། སྡུག་བསྔལ་མང་པོས་གཟིར་བར་འགྱུར་ཏེ། དཔེར་ན་ཤིང་ཆེན་པོར་བྱ་ཚོགས་རྣམས་འདུས་ཆེ་ན། ཤིང་དེ་ཉིད་སྐམ་ཞིང་ཆག་པར་འགྱུར་བའི་ཉེན་པ་བཞིན་ནོ། །

འཇིག་རྟེན་འཆིང་བ་ཅན་གྱི་གང་ཟག་རྣམས་ནི། སྡུག་བསྔལ་མང་པོའི་ནང་དུ་བྱིང་བར་འགྱུར་ཏེ། དཔེར་ན་གླང་ཆེན་རྒས་པ་འདམ་དུ་ལྷུངས་ནས་ཕྱིར་ཐོན་མི་ཐུབ་པ་ལྟ་བུ་དག་ལ་བྲལ་བ་ཞེས་ཀྱང་བྱའོ། །དགེ་སློང་དག་ཁྱེད་ཀྱིས་བརྩོན་འགྲུས་བརྩམས་ན་མི་འགྲུབ་པའི་བྱ་བ་གང་ཡང་མེད་པས་རྟག་ཏུ་བརྩོན་པར་བྱ་སྟེ། དཔེར་ན་ཆུ་ཕྲན་རྒྱུན་རིང་བབས་པས་རྡོ་ཡང་འབིགས་པར་བྱེད་པ་བཞིན་ནོ། །

གང་ཞིག་རྒྱུན་དུ་ལེ་ལོར་གནས་པའི་གང་ཟག་གིས་ནི། བྱ་བ་གང་ཡང་འགྲུབ་པར་དཀའ་སྟེ། དཔེར་ན་གཙུབ་ཤིང་མ་དྲོས་པའི་གོང་ནས་བཞག་ན་མེ་འདོད་ཀྱང་མི་འབྱུང་བ་བཞིན་ནོ། །དེ་ལ་བརྩོན་འགྲུས་ཞེས་བྱའོ། །དགེ་སློང་དག་ཁྱེད་ཅག་གིས་དགེ་བའི་བཤེས་གཉེན་བཙལ་ནས་ལེགས་པར་སྲུང་བ་དང་། རིམ་གྲོ་བྱེད་པ་ལས་དྲན་ཤེས་མི་བསྟེན་པར་མི་བྱའོ། །

གང་ཞིག་དྲན་ཤེས་བསྟེན་པའི་གང་ཟག་ལ་ནི་ཉོན་མོངས་པའི་ཆོམ་རྐུན་གྱིས་གླགས་མི་རྙེད་པས་རྟག་ཏུ་རང་གི་སེམས་ལ་དྲན་ཤེས་གྱིས་ཟིན་པར་བྱའོ། །གང་ཞིག་དྲན་ཤེས་ཉམས་པའི་གང་ཟག་ལ་ནི། ཡོན་ཏན་ཐམས་ཅད་ཀྱང་ཉམས་པར་འགྱུར་བ་ཡིན་ནོ། །དྲན་ཤེས་ཀྱི་ནུས་པ་སྟོབས་ལྡན་དུ་གྱུར་ན། འདོད་ཡོན་ལྔའི་ཆོམ་རྐུན་གྱི་གྲལ་དུ་ཞུགས་ཀྱང་དེ་དག་གིས་གནོད་པར་མི་འགྱུར་ཏེ། དཔེར་ན་གོ་ཁྲབ་བགོས་པའི་གང་ཟག་གཡུལ་དུ་ཞུགས་ཀྱང་འཇིགས་པ་མེད་པ་བཞིན་ནོ། །དེ་ལ་དྲན་ཤེས་མི་ཉམས་པ་ཞེས་བྱའོ། །

དགེ་སློང་དག་ཁྱེད་ཀྱིས་སེམས་ཡོངས་སུ་ཟིན་པར་བྱས་ན་སེམས་བསམ་གཏན་ལ་གནས་པར་འགྱུར། སེམས་བསམ་གཏན་ལ་གནས་པའི་ཕྱིར། འཇིག་རྟེན་སྐྱེ་བ་དང་འགག་པའི་མཚན་ཉིད་རྣམས་ཤེས་པར་འགྱུར་རོ། །དེའི་ཕྱིར། ཁྱེད་ཀྱིས་རྟག་ཏུ་བརྩོན་འགྲུས་ཀྱིས་བསམ་གཏན་བསྒོམ་པར་བྱའོ། །གང་ཞིག་བསམ་གཏན་ཐོབ་པའི་གང་ཟག་ནི་སེམས་གཡེང་བར་མི་འགྱུར་ཏེ། དཔེར་ན་ཆུ་གསོག་པར་འདོད་པའི་གང་ཟག་གིས་ཆུ་རགས་ལེགས་པར་བསྐྲུན་པ་བཞིན་སྒྲུབ་པར་བྱེད་པའི་གང་ཟག་གིས་ཀྱང་། བསམ་གཏན་ལེགས་པར་སྒོམ་པ་ལ་བརྟེན་ནས་ཤེས་རབ་ཀྱི་ཆུ་འཛག་ཏུ་མི་གཞུག་གོ ། དེ་ལ་བསམ་གཏན་ཞེས་བྱའོ། །

དགེ་སློང་དག་ཁྱེད་ཤེས་རབ་དང་ལྡན་ན་འདོད་པ་མེད་པར་འགྱུར་རོ། །ཤེས་རབ་ཀྱིས་རྟག་ཏུ་རང་རྒྱུད་ལ་བརྟགས་ནས་ཡོངས་སུ་མ་ཉམས་པར་བྱས་པས་བདག་གི་བསྟན་པ་འདི་ལ་ཐར་བ་ཐོབ་པར་འགྱུར་རོ། །གལ་ཏེ་དེ་ལྟ་མ་ཡིན་ན། དེ་ནི་ལམ་པ་མ་ཡིན་ཞིང་གོས་དཀར་ཅན་ཡང་མ་ཡིན་པས། མིང་མེད་པ་ཞེས་བྱའོ། །

ཤེས་རབ་དངོས་དང་ལྡན་པའི་གང་ཟག་ནི། རྒ་བ་དང། ན་བ་དང་། ཤི་བའི་རྒྱ་མཚོ་ལས་སྒྲོལ་བའི་སྲ་ཞིང་མཁྲེགས་པའི་གྲུ་གཟིངས་ཡིན་ནོ། །མ་རིག་པའི་མུན་པ་སེལ་བའི་སྒྲོན་མེ་ཆེན་པོ་ཡིན་ནོ། །ནད་ཐམས་ཅད་ཀྱི་གཉེན་པོ་སྨན་བཟང་པོ་ཡིན་ནོ། །ཉོན་མོངས་པའི་ཤིང་ཐམས་ཅད་གཅོད་པའི་སྟ་རེ་རྣོན་པོ་ཡིན་ནོ། །དེས་ན་ཁྱེད་ཅག་གིས་ཐོས་བསམ་སྒོམ་པའི་ཤེས་རབ་ལ་བརྟེན་ནས་རང་ཉིད་ལེགས་པའི་ཕྱོགས་སུ་བགྲོད་པར་བྱའོ། །

ཤེས་རབ་ཀྱི་འོད་དང་ལྡན་པའི་གང་ཟག་ནི་ཤའི་མིག་ཅན་མིན་ཡང་། གཞན་རྣམས་གསལ་བོར་མཐོང་བར་བྱེད་དོ། །དེ་ལ་ཤེས་རབ་ཅེས་བྱའོ། །དགེ་སློང་དག་སྤྲོས་པ་སྣ་ཚོགས་པས་ནི་སེམས་རྣམ་པར་གཡེང་བར་འགྱུར་བས། རབ་ཏུ་བྱུང་ཡང་ཐར་བ་འཐོབ་པར་མི་འགྱུར་རོ། །དེས་ན་དགེ་སློང་དག་རྣམ་པར་གཡེང་བའི་སེམས་ཀྱི་སྤྲོས་པ་རྣམས་མྱུར་དུ་སྤང་བར་བྱའོ། །གང་ཞིག་རབ་ཏུ་ཞི་བའི་བདེ་བ་ཐོབ་པར་འདོད་ན། སྤྲོས་པའི་ཉེས་པ་རྣམས་ལེགས་པར་དགག་པར་བྱ་བ་ཁོ་ནའོ། །དེ་ལ་སྤྲོས་པ་མེད་པ་ཞེས་བྱའོ། །

དགེ་སློང་དག་ཁྱེད་ཅག་གིས་རྟག་ཏུ་ཡོན་ཏན་ཐམས་ཅད་ལ་རྩེ་གཅིག་ཏུ་སེམས་པར་བྱས་ཏེ་དགྲ་དང་ཆོམ་རྐུན་སྤོང་བ་བཞིན་བག་མེད་པ་སྤང་བར་བྱའོ། །ཐུགས་རྗེ་ཆེན་པོ་དང་ལྡན་པའི་དེ་བཞིན་གཤེགས་པས་ཀུན་ལ་ཕན་པའི་ཆོས་ལེགས་པར་བསྟན་ཟིན་པས། ཁྱེད་ཅག་གིས་བརྩོན་པ་ཆེན་པོས་ཉམས་སུ་བླང་བར་བྱའོ། །དེ་ལ་རི་སུལ་དང་། ཆུ་འགྲམ་དང་། ཤིང་དྲུང་དང་། དབེན་པའི་ཁང་བུ་རྣམས་སུ་བརྗེད་ངས་སྤངས་ཏེ་ལེགས་པར་ཐོབ་པའི་ཆོས་ཀྱི་དོན་ལ་བསམ་པར་བྱའོ། །

རྟག་ཏུ་རང་ཉིད་ལ་བསྐུལ་ཏེ་བརྩོན་པས་བསྒོམ་པར་བྱའོ། །འཆི་ཚེ་འགྱོད་པར་འགྱུར་བས་མི་ཚེ་སྟོང་ཟད་དུ་མི་གཏོང་ངོ་། །བདག་ནི་ནད་དང་སྨན་དཔྱད་ལ་མཁས་པའི་སྨན་པ་བཟང་པོ་ལྟ་བུ་ཡིན་ཡང་། སྨན་བསྟེན་མིན་སྨན་པའི་ནོངས་སྐྱོན་མ་ཡིན་པ་དང་། བདག་ནི་བགྲོད་ལམ་ཤེས་པའི་ལམ་མཁན་མཁས་པ་ལྟ་བུ་ཡིན་ཡང་། མཉན་ནས་བགྲོད་མིན་ལམ་མཁན་གྱི་ནོངས་སྐྱོན་མ་ཡིན་པ་བཞིན་ནོ། །དགེ་སློང་དག་སྡུག་བསྔལ་སོགས་བདེན་པ་བཞི་ལ་ཐེ་ཚོམ་བདོག་ན་མྱུར་དུ་དྲི་བར་གྱིས་ཤིག །ཐེ་ཚོམ་དང་བྲལ་བའི་ངེས་པ་དྲང་བར་བྱའོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་ལན་གསུམ་གསུངས་ཀྱང་། དྲི་བ་འདོན་མཁན་མ་མཆིས་སོ། །

དེ་ཅིའི་ཕྱིར་ཞེ་ན། འཁོར་རྣམས་ལ་ཐེ་ཚོམ་མ་མཆིས་པའི་ཕྱིར་རོ། །དེའི་ཚེ། དགེ་སློང་མ་འགགས་པས་འགྲོ་བ་རྣམས་ཀྱི་སེམས་ལ་བརྟགས་ཏེ་བཅོམ་ལྡན་འདས་ལ་འདི་སྐད་དུ་གསོལ་བ། བཅོམ་ལྡན་འདས། ཟླ་བ་དྲོ་བར་འགྱུར་ཡང་སྲིད། ཉི་མ་གྲང་བར་འགྱུར་ཡང་སྲིད། སངས་རྒྱས་ཀྱིས་གསུངས་པའི་བདེན་པ་བཞི་ནི་གཞན་དུ་འགྱུར་བར་མི་སྲིད་དོ། །

སངས་རྒྱས་ཀྱིས་གསུངས་པའི་སྡུག་བསྔལ་བདེན་པ་ནི་སྡུག་བསྔལ་དངོས་ཏེ། བདེ་བར་འགྱུར་བའི་སྐབས་མ་མཆིས་སོ། །དེ་བཞིན་དུ་འགོག་པའི་བདེན་པ་ནི་རྒྱུ་སྟེ། རྒྱུ་གཞན་དུ་འགྱུར་བར་མི་སྲིད་དོ། །སྡུག་བསྔལ་འགོག་པར་འདོད་པས་དེའི་རྒྱུ་འགོག་པར་བྱེད། རྒྱུ་འགོག་པར་བྱས་པས་འབྲས་བུ་འགག་པར་འགྱུར་རོ། །སྡུག་བསྔལ་འགོག་པའི་ལམ་ནི་ལམ་དངོས་ཉིད་ཡིན་པས་ལམ་གཞན་མེད་དོ། །

བཅོམ་ལྡན་འདས། དགེ་སློང་རྣམས་ཀྱིས་བདེན་པ་བཞི་ལ་ངེས་ཤེས་ཡང་དག་སྐྱེས་ནས་ཐེ་ཚོམ་མ་མཆིས་སོ། །དེ་ལ་འཁོར་གྱི་ནང་ནས་ལམ་གྱི་ཆོས་མ་ཐོབ་པ་དག་ནི་སངས་རྒྱས་མྱ་ངན་ལས་འདའ་བར་མཐོང་ནས་སེམས་མྱ་ངན་གྱིས་གདུང་བར་འགྱུར་རོ། །ལམ་གྱི་ཆོས་ལ་ཞུགས་པ་དག་ནི་སངས་རྒྱས་ཀྱི་གསུངས་ཐོས་ནས་གྲོལ་བ་ཐོབ་པས་ཇི་ལྟར་མཚན་མོར་གློག་འོད་མཐོང་བ་བཞིན་མཐོང་བའི་ལམ་ཐོབ་པར་འགྱུར་རོ། །ལམ་མཐར་ཕྱིན་པ་དག་ནི་སྡུག་བསྔལ་གྱི་རྒྱ་མཚོ་ལས་ཡོངས་སུ་ཐར་བས། ཨེ་མ་སངས་རྒྱས་བཅོམ་ལྡན་འདས། །དེ་འདྲའི་མྱུར་དུ་མྱ་ངན་འདའ། །ཞེས་པ་ཙམ་གྱི་རྟོག་པ་སྐྱེས་པར་འགྱུར་རོ། །དེ་ལྟར་དགེ་སློང་མ་འགགས་པས་འཁོར་ཐམས་ཅད་ཀྱིས་བདེན་པ་བཞིའི་དོན་ཇི་ལྟ་བ་བཞིན་རྟོགས་པའི་ཚུལ་དེ་སྐད་དུ་གསོལ་ཏོ། །

དེ་ནས་བཅོམ་ལྡན་འདས་ཀྱིས་ཐུགས་རྗེ་ཆེན་པོས་འཁོར་ཐམས་ཅད་རབ་ཏུ་བརྟན་པའི་ཕྱིར་སླར་ཡང་འདི་སྐད་དུ་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཅག་གིས་སེམས་ཉོན་མོངས་པ་དང་སྡུག་བསྔལ་བར་མ་བྱེད་ཅིག བདག་ནི་བསྐལ་པའི་བར་དུ་གནས་ཀྱང་མཐར་འཇིག་པར་འགྱུར་ཏེ། འདུས་མཐར་བྲལ་བར་མ་གྱུར་པའི་ཆོས་ནི་དམིིགས་པར་མི་འགྱུར་རོ། །བདག་གཞན་གྱི་དོན་འགྲུབ་ན་ཆོས་ཐམས་ཅད་ཀྱང་ལྡན་པ་ཡིན་ནོ། །

བདག་ཡུན་རིང་དུ་གནས་ཀྱང་དེ་ལས་ལྷག་པའི་དོན་མ་མཆིས་སོ། །བདག་གིས་སྒྲོལ་བར་འགྱུར་བའི་ལྷ་དང་མི་རྣམས་ནི་བསྒྲལ་བར་བྱས་སོ། །སྒྲོལ་བར་མི་ནུས་པ་རྣམས་ཀྱི་རྒྱུད་ལ་ཡང་གྲོལ་བར་བྱེད་པའི་རྒྱུ་དང་རྐྱེན་ནི་བསྐྲུན་ཏོ། །དེང་ནས་བཟུང་སྟེ་བདག་གི་སློབ་མ་རྣམས་ཀྱིས་གཅིག་ནས་གཅིག་བརྒྱུད་དེ་ཉམས་སུ་བླངས་ན། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཉིད་རྟག་ཏུ་ནུབ་པ་མེད་པར་གནས་པར་འགྱུར་རོ། །

འཇིག་རྟེན་ཐམས་ཅད་ནི་མི་རྟག་པ་དང་འདུས་པ་ཐམས་ཅད་ནི་བྲལ་བ་ལགས་པས། སྡུག་བསྔལ་དང་གདུང་བའི་སེམས་མེད་པར་འཇིག་རྟེན་གྱི་རང་བཞིན་ཤེས་པར་བྱའོ། །མྱུར་དུ་ཐར་བ་ཐོབ་པའི་སླད་དུ་བརྩོན་འགྲུས་བརྩམ་པར་བྱའོ། །ཤེས་རབ་ཀྱི་འོད་སྣང་ལ་བརྟེན་ནས་མ་རིག་པའི་མུན་པ་བསལ་བར་བྱའོ། །

འཇིག་རྟེན་གྱི་ཆོས་རྣམས་ནི་ཉེན་ཆེ་བ་དང་། བརྟག་མི་བཟོད་པ་དང་། བརྟན་པ་མ་ལགས་པས། བདག་འདིར་ནད་ངན་པ་འདོར་བ་བཞིན་དུ་མྱ་ངན་ལས་འདའ་བར་དགོངས་སོ། །འདི་ནི་འདོར་བར་བྱ་བའི་རྟེན་ཏེ། ཉེས་པ་དང་མི་དགེ་བའི་དངོས་པོ་ལགས་པས། བཏགས་པའི་ལུས་ཞེས་བྱའོ། །གང་ཞིག་སྐྱེ་བ་དང་། ན་བ་དང་། རྒ་བ་དང་། འཆི་བའི་རྒྱ་མཚོ་ཆེན་པོར་བྱིང་བ་རྣམས་ལས་མཁས་པ་སུ་ཞིག་འདི་ཉིད་འདོར་བ་ལ་ཇི་ལྟར་དགྲ་བོ་དང་། ཆོམ་རྐུན་དང་། གཤེད་མ་བསད་པ་བཞིན་དུ་སྤྲོ་བར་མི་འགྱུར། དགེ་སློང་དག་ཁྱེད་ཅག་རྣམས་སེམས་རྩེ་གཅིག་པུས་ལམ་ལས་ངེས་པར་འབྱུང་བའི་སླད་དུ་བརྩོན་པར་བྱའོ། །འཇིག་རྟེན་གྱི་བརྟན་པ་དང་གཡོ་བའི་ཆོས་ཐམས་ཅད་ནི་འཇིག་པ་དང་བསླུ་བའི་མཚན་ཉིད་ཅན་ལགས་སོ། །

དགེ་སློང་དག་ཁྱེད་ཅག་གིས་ཅང་མི་སྨྲ་བར་མཉམ་པར་ཞོག་ཅིག དུས་ཅུང་ཙམ་ནས་བདག་མྱ་ངན་ལས་འདའ་བར་དགོངས་པས། འདི་ནི་བདག་གི་ཆེས་མཐའ་མའི་གདམས་ངག་ལགས་སོ། །སངས་རྒྱས་འདའ་ཁའི་ཞལ་ཆེམས་ཀྱི་མདོ་ཞེས་བྱ་བ་རྫོགས་སོ།། །།

མདོ་མྱང་འདས་ཆུང་ངུ་ཞེས་གྲགས་པ་འདི་ཉིད་སློབ་དཔོན་དབྱིག་གཉེན་གྱི་མདོ་འགྲེལ་ལོ་ཙཱ་བ་ཀུ་མཱར་ཤྲཱིས་བསྒྱུར་གནང་མཛད་པའི་རྒྱ་ནག་གི་བཀའ་འགྱུར་ཁྲོད་བཞུགས་པའི་དཔེ་དེར་ཞིབ་ཏུ་གཏུགས་ནས་དུས་རབས་ཉེར་གཅིག་པའི་སྟོད་ལྕགས་གླང་ལོར་བོད་ཀྱི་བན་དེ་བསོད་དར་རྒྱས་ཀྱིས་བོད་སྐད་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༩ རྡོ་རྗེ་ཕ་ལམ་གྱི་ཕྲེང་རྡོག་༣༦༥

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡ བསླབ་བྱ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༢ འོད་དཔག་མེད་ཀྱི་ཞིང་ཡིད་ལ་བྱེད་པའི་མདོ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༣ ས་ཡི་སྙིང་པོའི་རྩ་བའི་སྨོན་ལམ་གྱི་མདོ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༤ བཀྲ་ཤིས་པའི་མདོ་ཞེས་བྱ་བ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༥ ཕ་མའི་དྲིན་ལན་གཞལ་དཀའ་བའི་མདོ་ཞེས་བྱ་བ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༦ ཕ་མ་སྐྱོབ་པའི་མདོ་ཞེས་བྱ་བ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༧ བུ་མོ་མ་ཏཾ་གའི་མདོ་ཞེས་བྱ་བ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༨ ལུང་དག་ལྡན་ཞེས་བྱ་བ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༩ སངས་རྒྱས་འདའ་ཁའི་ཞལ་ཆེམས་ཀྱི་མདོ་ཞེས་བྱ་བ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༠ རབ་བྱེད་ཞེ་གཉིས་པའི་མདོ་ཞེས་བྱ་བ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༡ རབ་ཏུ་བྱུང་བའི་ཕན་ཡོན་ལ་བསྟོད་པ་ཚིགས་སུ་བཅད་པའི་མདོ་ཞེས་བྱ་བ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༢ བདེ་ཆེན་ཞིང་སྦྱོང་གི་བསྟན་བཅོས་ཚིགས་བཅད་མའི་རྣམ་པར་བཤད་པ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༣ རྒྱ་ནག་རི་བོ་རྩེ་ལྔའི་གནས་བཤད་མཐོང་ལྡན།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༤ སྙིང་གཏམ་སྙིང་གི་ཐིག་ལེའི་འགྲེལ་བ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༥ དྲན་ངོགས་ཀྱི་ནུབ་བསྐྱོད།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༦ དྲན་ངོགས་ཀྱི་རྨི་སྣང་།

འབྲེལ་ཡོད་ཀློག་དེབ།

记笔记

这段是(可多选,也可不选)

这段有错

你选中的(位置已自动记录)

哪里不对?(可多选)

称呼与邮箱都可以不填。只用于就这一条联系你,不做他用、不进任何名单,别人看不到你提的内容。