《父母恩难报经(汉译藏)》
释迦牟尼佛 说 · 索达吉堪布(汉译藏) 译
第1课
སངས་རྒྱས་ཤཀྱཱ་ཐུབ་པ་ལ་ཕྱག་འཚལ་ལོ།།
༄༅། །ཕ་མའི་དྲིན་ལན་གཞལ་དཀའ་བའི་མདོ་ཞེས་བྱ་བ་བཞུགས་སོ། །
མཁན་པོ་བསོད་དར་རྒྱས་ཀྱིས་བསྒྱུར།
༄༅། །ཕ་མའི་དྲིན་ལན་གཞལ་དཀའ་བའི་མདོ་ཞེས་བྱ་བ་བཞུགས་སོ། །
འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །
དེའི་ཚེ། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། ཕ་མ་གཉིས་ནི་བུ་ཕྲུག་ལ་དྲིན་ཤིན་ཏུ་ཆེ་བ་སྟེ། བུས་པ་འོ་མ་ནུ་བ་ནས་བཟུང་དུས་རྟག་ཏུ་གསོ་ཞིང་བསྐྱངས་ནས་འབྱུང་བཞི་ལེགས་པར་གྲུབ་སྟེ་ཆེར་བསྐྱེད་པའོ། །དེ་ཡང་བུ་ཕྲུག་གང་ཞིག་གིས་ལོ་སྟོང་གི་བར་དུ་ཕྲག་གཡས་པའི་ཐོག་ཏུ་ཕ། གཡོན་པའི་ཐོག་ཏུ་མ་བཞག་སྟེ་རང་ཉིད་ཀྱི་ལུས་པོ་ཡང་མི་གཙང་བས་བཙོག་པར་བྱས་ཀྱང་དེ་ལ་འཁང་ར་དང་ཡིད་ཆད་མེད་པར་ས་སྟེང་ཀུན་ཏུ་བསྐོར་ཡང་དེས་ཕ་མའི་དྲིན་ལན་གཞལ་མི་ནུས་སོ། །
དེ་བས་བུ་ཕྲུག་གང་ཞིག་གིས་ཕ་མ་དད་པ་མེད་པ་ལ་དད་པ་སྐྱེས་སུ་བཅུག་ནས་བདེ་བ་འཐོབ་པར་བྱེད་པ་དང་། ཚུལ་ཁྲིམས་མེད་པ་ལ་ཚུལ་ཁྲིམས་ནོད་དུ་བཅུག་ནས་བདེ་བ་འཐོབ་པར་བྱེད་པ་དང་། ཆོས་མ་ཐོས་པ་ལ་ཆོས་ཐོས་སུ་བཅུག་ནས་བདེ་བ་འཐོབ་པར་བྱེད་པ་དང་། སེར་སྣ་ཅན་ལ་སྦྱིན་པ་བྱིན་དུ་བཅུག་ནས་དེའི་གདམས་པ་ལ་བསྐུལ་ཏེ་བདེ་བ་འཐོབ་པར་བྱེད་པ་དང་། ཤེས་རབ་མེད་པ་ལ་ཤེས་རབ་བསླབ་ཏུ་བཅུག་ནས་དེའི་གདམས་པ་ལ་བསྐུལ་ཏེ་བདེ་བ་ཐོབ་པར་བྱའོ། །
དེ་དག་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ལ་དད་པ་སྐྱེས་པས་བདེ་བ་ཐོབ་པ་ཡིན་ནོ། །དམ་པའི་ཆོས་ནི་ཤིན་ཏུ་ཟབ་པ་དང་། ཚེ་འདིར་འབྲས་བུ་ཐོབ་པ་དང་། དོན་གྱི་རོ་ཕུན་སུམ་ཚོགས་པའོ། །
དེ་བཞིན་མཁས་པ་རྣམས་ཀྱིས་རིག་གྲོལ་གཉིས་ལྡན་གྱི་འཕགས་པའི་དགེ་འདུན་ལ་དད་པར་བྱའོ། །དེ་བཞིན་གཤེགས་པའི་འཕགས་པའི་དགེ་འདུན་ནི་ཤིན་ཏུ་དུལ་བ་དང་། སྤྱོད་པ་རིགས་པར་ཞུགས་པ་དང་། དྲང་མོར་ཞུགས་པ་དང་། རྟག་ཏུ་མཐུན་པར་ཞུགས་པ་དང་། ཆོས་སོ་སོར་ཡོངས་སུ་གྲུབ་པ་དང་། ཚུལ་ཁྲིམས་ཡོངས་སུ་གྲུབ་པ་དང་། ཏིང་འཛིན་ཡོངས་སུ་གྲུབ་པ་དང་། ཤེས་རབ་ཡོངས་སུ་གྲུབ་པ་དང་། རྣམ་པར་གྲོལ་བ་ཡོངས་སུ་གྲུབ་པ་དང་། རྣམ་པར་གྲོལ་བའི་ལྟ་བ་ཡོངས་སུ་གྲུབ་པའོ། །དེ་ལ་ཟུང་བཞི་ཡ་བརྒྱད་ཀྱི་འཕགས་པའི་དགེ་འདུན་ཞེས་བྱའོ། །
དེ་བཞིན་གཤེགས་པའི་འཕགས་པའི་དགེ་འདུན་ནི་གོང་ན་མེད་པ། ཐལ་མོ་སྦྱར་བའི་འོས་སུ་གྱུར་པ། ཕྱག་བྱ་བའི་འོས་སུ་གྱུར་པ། འཇིག་རྟེན་ན་བླ་ན་མེད་པ་བསོད་ནམས་ཀྱི་དཔལ་གྱི་ཞིང་། ཡོན་ཡོངས་སུ་སྦྱོང་བ་ཆེན་པོ འོ། །དེ་ལྟར་བུ་ཕྲུག་གང་ཞིག་གིས་ཕ་མ་གཉིས་ཆོས་ལ་བཙུད་ནས་དགེ་བ་སྒྲུབ་ཏུ་གཞུག་གོ །དགེ་སློང་རྣམས་ནི་བུ་གཉིས་ལ་གནས་པར་བྱེད་པའོ། །དེ་གཉིས་ལ་སྐྱེས་པའི་བུ་དང་གསོ་བའི་བུ་ཞེས་བྱའོ། །
དེས་ན་དགེ་སློང་རྣམས་ཀྱིས་སྐྱེས་པའི་བུ་ལ་བསླབ་པར་བྱ་སྟེ། དེའི་ཁ་ནས་ཆོས་ཀྱི་རོ་འབྱུང་བའི་ཕྱིར་རོ། །དགེ་སློང་རྣམས་ཀྱིས་དེ་ལྟར་བསླབ་པར་བྱའོ། །དེ་ནས་དགེ་སློང་རྣམས་ཀྱིས་དེ་སྐད་དུ་ཐོས་ནས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་རྗེས་སུ་ཡི་རང་སྟེ་མངོན་པར་བསྟོད་དོ། །ཕ་མའི་དྲིན་ལན་གཞལ་དཀའ་བའི་མདོ་ཞེས་བྱ་བ་རྫོགས་སོ།། །།
བོད་ཀྱི་བན་དེ་བསོད་དར་རྒྱས་ཀྱིས་མ་ཧཱ་ཙི་ནའི་སྐད་ནས་བོད་སྐད་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༩ རྡོ་རྗེ་ཕ་ལམ་གྱི་ཕྲེང་རྡོག་༣༦༥
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡ བསླབ་བྱ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༢ འོད་དཔག་མེད་ཀྱི་ཞིང་ཡིད་ལ་བྱེད་པའི་མདོ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༣ ས་ཡི་སྙིང་པོའི་རྩ་བའི་སྨོན་ལམ་གྱི་མདོ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༤ བཀྲ་ཤིས་པའི་མདོ་ཞེས་བྱ་བ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༥ ཕ་མའི་དྲིན་ལན་གཞལ་དཀའ་བའི་མདོ་ཞེས་བྱ་བ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༦ ཕ་མ་སྐྱོབ་པའི་མདོ་ཞེས་བྱ་བ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༧ བུ་མོ་མ་ཏཾ་གའི་མདོ་ཞེས་བྱ་བ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༨ ལུང་དག་ལྡན་ཞེས་བྱ་བ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༩ སངས་རྒྱས་འདའ་ཁའི་ཞལ་ཆེམས་ཀྱི་མདོ་ཞེས་བྱ་བ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༠ རབ་བྱེད་ཞེ་གཉིས་པའི་མདོ་ཞེས་བྱ་བ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༡ རབ་ཏུ་བྱུང་བའི་ཕན་ཡོན་ལ་བསྟོད་པ་ཚིགས་སུ་བཅད་པའི་མདོ་ཞེས་བྱ་བ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༢ བདེ་ཆེན་ཞིང་སྦྱོང་གི་བསྟན་བཅོས་ཚིགས་བཅད་མའི་རྣམ་པར་བཤད་པ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༣ རྒྱ་ནག་རི་བོ་རྩེ་ལྔའི་གནས་བཤད་མཐོང་ལྡན།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༤ སྙིང་གཏམ་སྙིང་གི་ཐིག་ལེའི་འགྲེལ་བ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༥ དྲན་ངོགས་ཀྱི་ནུབ་བསྐྱོད།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༦ དྲན་ངོགས་ཀྱི་རྨི་སྣང་།
འབྲེལ་ཡོད་ཀློག་དེབ།
只有你自己能看到