纽约佛学会

《观经(汉译藏)》

释迦牟尼佛 说 · 索达吉堪布(汉译藏) 译

第1课

སངས་རྒྱས་ཤཀྱཱ་ཐུབ་པ་ལ་ཕྱག་འཚལ་ལོ།།

སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ།།

༄༅། །འཕགས་པ་འོད་དཔག་མེད་ཀྱི་ཞིང་ཡིད་ལ་བྱེད་པ་ཞེས་བྱ་བའི་མདོ་བཞུགས་སོ། །

མཁན་པོ་བསོད་དར་རྒྱས་ཀྱིས་བསྒྱུར།

༄༅། །འཕགས་པ་འོད་དཔག་མེད་ཀྱི་ཞིང་ཡིད་ལ་བྱེད་པ་ཞེས་བྱ་བའི་མདོ་བཞུགས་སོ། །

སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་དགེ་སློང་ཆིག་སྟོང་ཉིས་བརྒྱ་ལྔ་བཅུ་དང་རྒྱལ་སྲས་འཇམ་དཔལ་གཞོན་ནུའི་གཙོས་བྱང་ཆུབ་སེམས་དཔའ་སུམ་ཁྲི་ཉིས་སྟོང་དང་ལྷན་ཅིག་ཏུ་བཞུགས་སོ། །

དེའི་ཚེ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ན་རྒྱལ་བུ་མ་སྐྱེས་དགྲ་ཞེས་བྱ་བ་ཡོད་དེ། རྒྱལ་བུ་དེ་གྲོགས་ངན་པ་དང་འབྲེལ་བའི་དབང་གིས་རང་གི་ཡབ་རྒྱལ་པོ་གཟུགས་ཅན་སྙིང་པོ་བྱ་བ་དེ་མུན་ཁང་ཕྱི་ནང་བརྩེགས་རིམ་བདུན་པའི་ནང་དུ་བཙོན་གཞུག་བྱས་སོ། །ཉེ་འཁོར་བློན་འབངས་རྣམས་ལ་ཡང་དེར་འབྲེལ་འདྲིས་འགྲོ་འོང་མི་རུང་བའི་བཀའ་བགོས་ཀྱང་། དེར་རྒྱལ་པོའི་བཙུན་མོ་ཆེན་པོ་བློ་གྲོས་རྒྱན་བཟང་མས་རང་གི་ལུས་པོ་གཙང་བར་བཀྲུས་ཏེ་ལུས་ལ་འབྲུ་མར་དང་ཕྱེ་རྩམ་བྱུག་ཅིང་རིན་པོ་ཆེའི་སྣོད་ཀྱི་ནང་དུ་རྒུན་འབྲུམ་གྱི་ཁུ་བ་བླུགས་ཏེ་རྒྱལ་པོ་ཆེན་པོ་ལ་གསང་བའི་ཚུལ་གྱིས་དྲངས་སོ། །

དེའི་ཚེ་རྒྱལ་པོ་ཆེན་པོས་ཀྱང་རང་གི་རྒུན་འབྲུམ་གསོལ་ཞིང་དྭངས་མ་བཏུང་རྗེས་ཁ་བཤལ་ནས་ཐལ་མོ་སྦྱར་ཞིང་འདི་སྐད་དུ་གསོལ་ཏེ། བདག་གི་མཛའ་གྲོགས་དགྲ་བཅོམ་ཆེན་པོ་མོའུ་འགལ་གྱི་བུ་བདག་ལ་ཐུགས་བརྩེ་བས་རྗེས་སུ་བཟུང་སྟེ་བསྙེན་གནས་ཡན་ལག་བརྒྱད་ཀྱི་སྡོམ་པ་གནང་དུ་གསོལ་ཞེས་གསོལ་ཏོ། །

དེའི་ཚེ་དགྲ་བཅོམ་མོའུ་འགལ་གྱི་བུ་བྱ་རྒོད་པོ་ནམ་མཁར་འཕུར་བ་ལྟར་མྱུར་དུ་རྒྱལ་པོའི་གནས་ག་ལ་བ་དེར་ཕེབས་སོ། །ཕེབས་ནས་ཀྱང་བསྙེན་གནས་ཡན་ལག་བརྒྱད་ཀྱི་སྡོམ་པ་གནང་ཞིང་ཉིན་བཞིན་དེ་ལྟར་མཛད་དོ། །ཡང་དེ་བཞིན་གཤེགས་པས་ཉན་ཐོས་ཆེན་པོ་མ་འགག་པ་ལ་སྦྲན་པས་དེས་ཀྱང་རྒྱལ་པོ་ལ་དེ་ལྟར་དམ་པའི་ཆོས་གསུངས་སོ། །དེ་ལྟར་ཞག་ཉེར་གཅིག་སོང་རྗེས་རྒྱལ་པོ་ཆེན་པོ་ནི་ཟས་ཀྱིས་འཚོ་ཞིང་ཡང་དག་པའི་ཆོས་ཀྱང་གསན་པས་ལུས་ཀྱི་ཟོ་མདོག་རྒྱས་ཤིང་གཟི་བྱིན་ཆགས་པའི་ངང་དུ་གནས་སོ། །

དེ་ཡི་ཚེ་ན་རྒྱལ་བུ་མ་སྐྱེས་དགྲས་སྒོ་སྲུང་ལ་བདག་གི་ཡབ་རྒྱལ་པོ་ད་དུང་འཚོའམ་ཞེས་དྲིས་པ་དང་། སྒོ་སྲུང་གིས་གསོལ་བ། རྒྱལ་པོ་ཆེན་པོ་ལགས། རྒྱལ་པོའི་བཙུན་མོ་ཆེན་པོས་ལུས་ལ་བྱེ་མར་བསྐུས་ཤིང་རིན་པོ་ཆེའི་སྣོད་ཀྱི་ནང་དུ་རྒུན་འབྲུམ་གྱི་ཁུ་བ་བཅས་ཕུལ་བ་དང་། དགེ་སྦྱོང་ཆེན་པོ་མོའུ་འགལ་བུ་དང་མ་འགག་པ་ཡང་ནམ་མཁའ་ནས་བྱོན་ཏེ་རྒྱལ་པོ་ལ་ཆོས་གསུངས་པ་སོགས་འགོག་མ་ནུས་སོ་ཞེས་སྨྲས་སོ། །

རྒྱལ་པོ་མ་སྐྱེས་དགྲས་གཏམ་དེ་ཐོས་པ་དང་མཉམ་དུ་རང་གི་མ་ལ་ཞེ་སྡང་དྲག་པོ་ལངས་ཏེ། ང་ཡི་མ་དེ་ནི་རྐུན་མ་དངོས་དང་གཉིས་སུ་མེད་ལ། གང་ཞིག་དེ་འདྲའི་རྐུན་མ་དང་འགྲོགས་ཤིང་དགེ་སྦྱོང་ངན་པའི་གཡོ་འཕྲུལ་ངན་སྔགས་ལ་བརྟེན་པའི་རྒྱལ་པོ་མ་རུང་བ་འདི་ནི། ཉིན་དེ་ལྟར་མང་པོ་སོང་ཡང་ད་དུང་མི་འཆི་བ་ནི་བཟང་པོ་མ་ལགས་ཞེས་རལ་གྲི་རྣོན་པོ་ཐོགས་ཏེ་རང་གི་མ་གསོད་པར་ཆས་སོ། །

དེའི་ཚེ་བློ་རྣོ་ལ་ཤེས་རབ་ཆེ་བའི་བློན་པོ་ཟླ་བའི་འོད་ཟེར་དང་བློན་པོ་འཚོ་བྱེད་གཞོན་ནུ་གཉིས་ཀྱིས་རྒྱལ་པོ་ལ་ཕྱག་ཡོངས་སུ་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །རྒྱལ་པོ་ཆེན་པོ་ལགས། སྔོན་རིག་བྱེད་ཀྱི་གསུང་རབ་དག་ལས་ཅི་ཞིག་ཐོག་མའི་བསྐལ་བ་འདི་ནས་བཟུང་རྒྱལ་བུ་ངན་པ་དག་རང་གི་རྒྱལ་སྲིད་ལ་ཆགས་ཏེ་ཕ་གསོད་པ་ནི་བརྒྱད་ཁྲི་བཞི་སྟོང་བྱུང་བར་གསུང་ན་ཡང་། རང་གི་མ་ཉིད་གསོད་པ་ནི་བྱུང་བ་མེད་ལ་ཐོས་པ་ཡང་མེད་པས་མ་གསོད་པའི་བྱ་བ་མི་ལེགས་པ་འདིས་རྒྱལ་རིགས་གཙང་མ་རྙོགས་པར་འགྱུར་བས་བདག་ཅག་བློན་པོ་དག་ཚུལ་འདི་ཐོས་པར་ཡང་མི་བཟོད་དེ། རྒྱལ་པོ་ཁྱོད་ནི་གདོལ་བའི་རིགས་དང་གཉིས་སུ་མེད་པས་ངེད་ཅག་འདིར་གནས་པ་ནི་འོས་ཤིང་འཚམས་པ་མ་ལགས་པས་སྡོད་པར་མི་བྱའོ། །ཞེས་བློན་པོ་གཉིས་དེ་སྐད་ཟེར་ཞིང་ལག་པས་རལ་གྲིའི་ཡུ་བ་མནན་ནས་རང་རང་གི་གནས་ནས་ཕྱིར་ནུད་དེ་ལྡོག་པར་བརྩམས་སོ། །

དེའི་དུས་ན། རྒྱལ་པོ་མ་སྐྱེས་དགྲ་ཤིན་ཏུ་སྔངས་ཤིང་སྐྲག་སྟེ་བློན་པོ་འཚོ་བྱེད་གཞོན་ནུ་ལ་འདི་སྐད་དུ་སྨྲས་པ། དེང་ནས་ཁྱོད་ཀྱིས་དངོས་སུ་བདག་ལ་བྱ་བ་མི་བགྱིད་པ་ཡིན་ནམ་ཞེས་སྨྲས་པ་དང་། འཚོ་བྱེད་གཞོན་ནུས་སླར་གསོལ་པ། རྒྱལ་པོ་ཆེན་པོ་ལགས། བག་ཡོད་པ་བྱོས་ལ་ཅིས་ཀྱང་རང་གི་མ་མི་གསོད་པར་ཞུ། ཞེས་བརྗོད་པ་དང་། རྒྱལ་པོས་ཀྱང་ཚིག་དེ་ཐོས་མ་ཐག་འགྱོད་པ་དྲག་པོས་བཤགས་པ་བྱས་ཤིང་སྐྱབས་ཀྱང་བཅོལ་ནས་རལ་གྲི་ས་ལ་བོར་ཏེ་མ་གསོད་པར་ཞུགས་པའི་བྱ་བ་ཡོངས་སུ་བཏང་ངོ་། །

དེ་ནས་རྒྱལ་པོས་རང་གི་ནང་འཁོར་རྣམས་ལ་བཀའ་སྩལ་པ། དེང་ནས་བཟུང་བཙུན་མོ་ཆེན་པོ་དེ་ཕོ་བྲང་གི་ནང་རིམ་ལས་གུད་དུ་གར་ཡང་འགྲོ་བར་མི་གནང་ངོ་། །ཞེས་རབ་ཏུ་བསྒྲགས་སོ། །དེའི་ཚེ་ན་བཙུན་མོ་ཆེན་པོ་བློ་གྲོས་རྒྱན་བཟང་མ་ལ་ཕྱི་རོལ་ཏུ་འགྲོ་བའི་རང་དབང་མེད་པས་སེམས་མྱ་ངན་གྱིས་གཟིར་ཞིང་ལུས་སྐམ་རིད་དུ་གྱུར་ཏེ། རྒྱང་རིང་པོའི་བྱ་རྒོད་ཕུང་རིའི་ཕྱོགས་ཀྱི་སངས་རྒྱས་ལ་ཕྱག་འཚལ་བཞིན་འདི་ལྟར་གསོལ་བ་བཏབ་བོ། །

བཙུན་པ་དེ་བཞིན་གཤེགས་པ་བདག་ལ་དགོངས་སུ་གསོལ། གང་ཞིག་སྔོན་གྱི་ཚེ་ན་ཁྱེད་ཀྱིས་དུས་རྟག་ཏུ་བདག་ལ་ཉན་ཐོས་ཆེན་པོ་ཀུན་དགའ་བོ་མངག་གནང་མཛད་དེ་དབུགས་ཀྱང་དབྱུང་བར་བགྱིད་ན། ད་ལྟ་བདག་སྡུག་བསྔལ་ཞིང་མྱ་ངན་གྱིས་ཆེས་གདུང་བའི་དུས་འདི་ན་དེ་བཞིན་གཤེགས་པ་མཇལ་བའི་ཞུ་སྤོབས་བདག་ལ་མ་མཆིས་མོད། ཉིད་ཀྱིས་ཉན་ཐོས་མོའུ་འགལ་གྱི་བུ་དང་བཙུན་པ་ཀུན་དགའ་བོ་ལ་བསྐུལ་ནས་བདག་ལ་ཞལ་བསྟན་ཏེ་བསྐྱབ་ཏུ་གསོལ་ཞེས་མཆི་མ་མང་དུ་བྱུང་ཞིང་སངས་རྒྱས་ལ་ཕྱག་འཚལ་བར་བྱས་སོ། །དེ་ལྟར་ཕྱག་བྱས་པའི་མགོ་བོ་ཡར་མ་བཏེགས་གོང་དུ་དེ་བཞིན་གཤེགས་པས་བྱ་རྒོད་ཕུང་པོའི་རི་བོ་ནས་བཙུན་མོ་བློ་གྲོས་རྒྱན་བཟང་མའི་ཡིད་ལ་བྱེད་པ་ཐམས་ཅད་ཇི་བཞིན་ཡོངས་སུ་མཁྱེན་ནས་དགྲ་བཅོམ་མོའུ་འགལ་བུ་དང་ཀུན་དགའ་བོ་ལ་བསྐུལ་ཏེ་ཐམས་ཅད་ནམ་མཁའ་ནས་བྱོན་པར་གྱུར་ཏོ། །དེ་བཞིན་གཤེགས་པ་ཡང་རེ་ཞིག་བྱ་རྒོད་ཕུང་རི་ནས་མི་སྣང་བར་མཛད་དོ། །

དེའི་ཚེ་བཙུན་མོ་བློ་གྲོས་རྒྱན་བཟང་མའི་མགོ་བོ་ཡར་བཏེགས་པ་ན། རིན་པོ་ཆེ་བརྒྱ་པའི་པད་མའི་གདན་སྟེང་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྐུ་ལུས་གསེར་བཙོ་མའི་མདོག་ལྟ་བུ་དེ་བཞུགས་ཤིང་གཡས་སུ་འཕགས་པ་མོའུ་འགལ་བུ་དང་གཡོན་དུ་ཀུན་དགའ་བོ་རྣམས་བཞུགས་པ་ལ། ཚངས་པ་དང་བརྒྱ་བྱིན་སོགས་འཇིག་རྟེན་སྐྱོང་བའི་ལྷ་ཐམས་ཅད་ཀྱིས་ནམ་མཁའ་ནས་མེ་ཏོག་གི་ཆར་ཆེན་པོས་ཡོངས་སུ་འབུལ་བར་བགྱིད་པའི་ཚུལ་རྣམས་ཀུན་ནས་མཐོང་བར་གྱུར་ཏོ། །

དེའི་ཚེ་ན། བཙུན་མོ་བློ་གྲོས་རྒྱན་བཟང་མས་བཅོམ་ལྡན་འདས་ཀྱི་སྐུ་མཐོང་བ་དང་རང་གི་ལུས་ཀྱི་རིན་པོ་ཆེའི་རྒྱན་ཐམས་ཅད་ཡོངས་སུ་ཕུད་དེ་སངས་རྒྱས་ལ་ཕྱག་འཚལ་ཞིང་མཆི་མ་ཕྱུང་བཞིན་འདི་ལྟར་གསོལ་བ། བཅོམ་ལྡན་འདས་བདག་གིས་སྔོན་གྱི་དུས་སུ་སྡིག་པའི་ལས་ཅི་ཞིག་བསགས་ནས་བུ་ངན་པ་འདི་འདྲ་སྐྱེས་པ་ཡིན། བཅོམ་ལྡན་འདས་ཁྱོད་ཀྱང་རྒྱུ་རྐྱེན་ཅི་ཞིག་གིས་ལྷས་སྦྱིན་འདི་ཉིད་ཉེ་འཁོར་བར་གྱུར་བ་ལགས། བཅོམ་ལྡན་འདས་ཉོན་མོངས་མེད་པའི་གནས་རྒྱས་པར་བསྟན་དུ་གསོལ། བདག་ནི་དག་པའི་ཞིང་དུ་སྐྱེ་བར་འདོད་ལ་སྙིགས་མ་རབ་ཏུ་བདོ་བའི་མ་དག་པ་འཛམ་བུའི་གླིང་དུ་གནས་པར་མི་སྤྲོ འོ། །མ་དག་པའི་གནས་འདིར་ནི་དམྱལ་བ་དང་ཡི་དྭགས་དང་དུད་འགྲོ་སོགས་མ་རུང་བའི་སེམས་ཅན་གྱིས་རབ་ཏུ་གང་ངོ་། །བདག་མ་འོངས་པར་སྒྲ་མ་རུང་བ་དག་མཉན་པར་མི་འདོད་ལ། གང་ཟག་མ་རུང་བ་དག་ཀྱང་བལྟ་བར་མི་འདོད་དོ། །བདག་གིས་དེ་རིང་བཅོམ་ལྡན་འདས་ལ་མལ་ལྔ་ས་ལ་ཕབ་སྟེ་ཕྱག་འཚལ་ཞིང་གདུང་བའི་ཚིག་གིས་བཤགས་པར་བྱ་ཞིང་གསོལ་བ་འདེབས་ན། སངས་རྒྱས་ཉི་མའི་གཉེན་གྱིས་བདག་ལ་ལས་རྣམ་པར་དག་པའི་གནས་ཡིད་ལ་བྱེད་ཚུལ་བསྟན་དུ་གསོལ་ཞེས་དེ་སྐད་དུ་གསོལ་ཏོ། །

དེ་ནས་བཅོམ་ལྡན་འདས་ཀྱི་མཛོད་སྤུ་ནས་འོད་ཟེར་གསེར་གྱི་མདོག་འདྲ་བ་བྱུང་སྟེ་ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་གྲངས་མེད་པ་ཡོངས་སུ་ཁྱབ་པར་གྱུར་ཏོ། །འོད་ཟེར་དེ་དག་ཀྱང་སླར་ཡང་གསེར་གྱི་འོད་ཁྱིམ་ཆེན་པོ་རིའི་རྒྱལ་པོ་རི་རབ་བཞིན་དུ་གྱུར་ཏེ་སངས་རྒྱས་ཀྱི་དབུ་གཙུག་གི་ཐད་དུ་གནས་སོ། །འོད་ཁྱིམ་དེའི་ནང་དུ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རབ་ཏུ་དག་ཅིང་མཆོག་ཏུ་གྱུར་བའི་ཞིང་ཁམས་ཐམས་ཅད་ཀུན་ནས་སྣང་བར་བྱས་སོ། །དེ་ལ་ཞིང་ཁམས་ལ་ལ་ནི་རིན་པོ་ཆེ་སྣ་བདུན་ལས་གྲུབ་པ་དང་། ཞིང་ཁམས་ལ་ལ་ནི་ལྷ་ཡི་དབང་པོའི་ཕོ་བྲང་བཞིན་དུ་གནས་པ་དང་། ཞིང་ཁམས་ལ་ལ་ནི་ཆུ་ཤེལ་ལས་གྲུབ་པ་ལ་སོགས་སྟེ་ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་མ་ལུས་པ་དེར་ཡོངས་སུ་སྣང་བར་གྱུར་ཏོ། །དེ་ལྟར་གྲངས་མེད་གཞལ་དུ་མེད་པའི་སངས་རྒྱས་རྣམས་ཀྱི་ཞིང་ཁམས་ཀྱི་བཀོད་པ་ཇི་སྙེད་པ་དེ་བློ་གྲོས་རྒྱན་བཟང་མས་ཡོངས་སུ་མཐོང་བར་བྱས་སོ། །

དེའི་ཚེ་བཙུན་མོ་བློ་གྲོས་རྒྱན་བཟང་མས་སངས་རྒྱས་ལ་གསོལ་པ། བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ནི་དེ་ལྟ་བུའི་ཤིན་ཏུ་རྣམ་པར་དག་ཅིང་འོད་སྣང་དང་ལྡན་པ་ཡིན་ཡང་། བདག་ནི་བདེ་བ་ཅན་གྱི་ཞིང་དང་སངས་རྒྱས་འོད་དཔག་མེད་ལ་ཆེས་དད་པར་གྱུར་བས། བཅོམ་ལྡན་འདས་ཀྱིས་དེའི་ཚུལ་རྩེ་གཅིག་ཏུ་ཡིད་ལ་བྱེད་ཅིང་དེར་སྐྱེ་བའི་རྒྱུ་ཉམས་སུ་ལེན་པའི་དོན་རྣམས་བསྟན་དུ་གསོལ། བསླབ་ཏུ་གསོལ། ཞེས་དེ་སྐད་དུ་གསོལ་བའི་ཚེ་ན། དེ་བཞིན་གཤེགས་པའི་ཞལ་འཛུམ་པ་དང་བཅས་ཏེ་ཞལ་གྱི་སྒོ་ནས་འོད་ཟེར་ཁ་དོག་སྣ་ལྔ་འཕྲོས་པར་གྱུར་ཅིང་། འོད་ཟེར་དེ་དག་རེ་རེ་བཞིན་རྒྱལ་པོ་གཟུགས་ཅན་སྙིང་པོའི་དབུའི་གཙུག་ལ་ཕོག་གོ །

དེའི་ཚེ་རྒྱལ་པོ་ཆེན་པོ་བཙོན་ལས་མ་གྲོལ་ཡང་བློ་མིག་ཐོགས་པ་མེད་པར་གྱུར་ཅིང་རྒྱང་རིང་པོ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞལ་ཡོངས་སུ་མཇལ་བར་གྱུར་ཏེ། རྒྱལ་པོས་གུས་པ་ཆེན་པོས་ཕྱག་འཚལ་བས་དེ་མ་ཐག་ཕྱིར་མི་འོངས་བའི་གོ་འཕང་བརྙེས་པར་གྱུར་ཏོ། །

དེའི་ཚེ་བཅོམ་ལྡན་འདས་ཀྱི་ཞལ་ནས། བཙུན་མོ་ཆེན་པོ། ཁྱེད་ཀྱིས་འདི་ལྟར་ཤེས་སམ། བདེ་བར་གཤེགས་པ་སངས་རྒྱས་འོད་དཔག་མེད་ནི་འདི་ནས་ས་ཐག་ཆེས་རིང་པོ་མ་ཡིན་ཏེ། ཁྱོད་ཀྱིས་སེམས་རྩེ་གཅིག་ཏུ་སྒྲིམ་ལ་ཞིང་ཁམས་དེ་དང་ལས་རྣམ་པར་དག་པའི་གང་ཟག་ཡིད་ལ་བྱོས་དང་ངས་ཁྱོད་ལ་དཔེ་རྒྱས་པའི་སྒོ་ནས་བསྟན་པར་བྱའོ། །འདི་ལ་བརྟེན་ནས་མ་འོངས་པ་ན་ལས་རྣམ་པར་དག་པ་བསྒོམ་པར་འདོད་པའི་སོ་སའི་སྐྱེ་བོ་རྣམས་ཀྱང་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་དེར་སྐྱེ་བར་འགྱུར་རོ། །

བདེ་བ་ཅན་དུ་སྐྱེ་བར་འདོད་པའི་གང་ཟག་གིས་ནི་བསོད་ནམས་རྣམ་པ་གསུམ་ཡོངས་སུ་བསྒྲུབ་པར་བྱའོ། །དེ་གསུམ་གང་ཞེ་ན། ཕ་མ་དང་རྒན་རབ་ལ་གུས་པས་བཀུར་བསྟི་བྱ་བ་དང་། བྱམས་པའི་སེམས་ཀྱིས་སེམས་ཅན་མི་གསོད་པ་དང་། དགེ་བ་བཅུ་ཡོངས་སུ་སྒྲུབ་པར་བྱེད་པ་སྟེ་དང་པོའོ། །མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། བསླབ་སྡོམ་དང་ལྡན་པར་བྱ་བ་དང་སྤྱོད་ལམ་ཡོངས་སུ་མ་ཉམས་པར་བྱ་བ་སྟེ་གཉིས་པའོ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། ལས་དང་འབྲས་བུ་ལ་ཡིད་ཆེས་པ་དང་། ཐེག་པ་ཆེན་པའི་ཆོས་ཀློག་པ་དང་གཞན་དག་ཀྱང་དགེ་བ་ལ་བསྐུལ་བར་བྱ་བ་སྟེ་གསུམ་པའོ། །

དེ་ལྟར་དངོས་པོ་འདི་གསུམ་ལ་ནི་ཡང་དག་པའི་ལས་ཞེས་ཀྱང་བྱའོ། །དེ་སྐད་དུ་གསུངས་པ་དང་། ཡང་བཅོམ་ལྡན་འདས་ཀྱིས་བཙུན་མོ་བློ་གྲོས་རྒྱན་བཟང་མ་ལ་བཀའ་སྩལ་པ། བཙུན་མོ་ཆེན་པོ། ཅི་ཁྱོད་ཀྱིས་འདི་ལྟར་ཤེས་སམ། ལས་འདི་གསུམ་ནི་ཇི་ལྟར་སྔོན་འདས་པའི་སངས་རྒྱས་རྣམས་དང་མ་འོངས་བའི་སངས་རྒྱས་རྣམས་དང་ད་ལྟར་བྱོན་པའི་སངས་རྒྱས་རྣམས་ཏེ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་འགྲུབ་པའི་དངོས་རྒྱུ་རྣམ་པར་དག་པའི་ལས་ཞེས་བྱ་བ་ཡིན་ནོ། །དེ་སྐད་དུ་བཀའ་སྩལ་ཏོ། །

དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་དང་བློ་གྲོས་རྒྱན་བཟང་མ་ལ་བཀའ་སྩལ་པ། ལེགས་པར་ཉོན་ཅིག ངས་ཁྱོད་ལ་བསྟན་པ་རྣམས་ཡིད་ལ་ཟུངས་ཤིག དེ་བཞིན་གཤེགས་པས་གང་དག་མ་འོངས་བའི་འཇིག་རྟེན་གྱི་ཁམས་ན་ཉོན་མོངས་པའི་རྐུན་པོས་རྣམ་པར་གཙེས་པའི་སེམས་ཅན་རྣམས་ལ་ལས་རྣམ་པར་དག་པའི་ཆོས་སྟོན་ཏོ། །བློ་གྲོས་རྒྱན་བཟང་མ་ཁྱོད་ཀྱིས་ལེགས་པར་དྲིས་སོ། །ཀུན་དགའ་བོ་ཁྱོད་ཀྱིས་ལེགས་པར་ཟུང་ལ་སངས་རྒྱས་ཀྱི་གསུང་རྣམས་སེམས་ཅན་མང་པོ་ལ་ཀུན་ནས་སྒྲོགས་པར་གྱིས་ཤིག ད་ལྟ་དེ་བཞིན་གཤེགས་པས་བློ་གྲོས་རྒྱན་བཟང་མ་དང་མ་འོངས་པའི་སེམས་ཅན་རྣམས་ལ་ཇི་ལྟར་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ཡིད་ལ་བྱ་བའི་ཚུལ་ཡང་དག་པར་བསྟན་པར་བྱའོ། །

སངས་རྒྱས་ཀྱི་ནུས་པའི་སྟོབས་ཀྱིས་ཞིང་ཁམས་དག་པ་དེ་མེ་ལོང་ནང་གི་བཞིན་རས་གསལ་བ་ལྟར་ཡོངས་སུ་མཐོང་བར་འགྱུར་རོ། །མཐོང་ནས་ཀྱང་ཞིང་ཁམས་དེའི་ཆེས་མཆོག་ཏུ་གྱུར་བའི་ཕུན་སུམ་ཚོགས་པའི་དངོས་པོ་དག་ལ་སེམས་དྭངས་བ་དང་དགའ་བ་སྐྱེས་པས་དེའི་ཚེ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་རོ། །

ཡང་བཅོམ་ལྡན་འདས་ཀྱིས་བཙུན་མོ་བློ་གྲོས་རྒྱན་བཟང་མར་བཀའ་སྩལ་པ། ཁྱོད་ནི་སོ་སོའི་སྐྱེ་བོ་ཡིན་ལ། འདུ་ཤེས་ཀྱང་དམན་ལ་ཉམས་ཆུང་བ་དང་ལྷའི་མིག་ཀྱང་མ་ཐོབ་པས་ཐག་རིང་པོའི་གནས་མི་མཐོང་ན་ཡང་དེ་བཞིན་གཤེགས་པ་རྣམས་ཀྱི་ཐབས་བླ་ན་མེད་པ་ལ་བརྟེན་ནས་ཁྱོད་ཀྱིས་ཀྱང་ཞིང་ཁམས་དེ་ཡོངས་སུ་དག་པ་ཇི་ལྟ་བ་བཞིན་མཐོང་བར་གྱུར་ཏོ། །

དེའི་ཚེ་བཙུན་མོ་བློ་གྲོས་རྒྱན་བཟང་མས་སངས་རྒྱས་ལ་གསོལ་པ། བཅོམ་ལྡན་འདས་བདག་ནི་ད་ལྟ་སངས་རྒྱས་ཀྱི་མཐུས་ཞིང་ཁམས་དེ་ལེགས་པོར་མཐོང་བར་གྱུར་ལ། ཅི་སྟེ་སངས་རྒྱས་མྱ་ངན་ལས་འདས་རྗེས། མ་འོངས་པར་སྡུག་བསྔལ་ལྔས་མནར་ཞིང་མི་དགེ་བར་སྤྱོད་པའི་སྙིགས་མའི་སེམས་ཅན་རྣམས་ཀྱིས་བདེ་བ་ཅན་གྱི་ཞིང་ཁམས་སངས་རྒྱས་འོད་དཔག་མེད་པ་བཅས་ཇི་ལྟར་མཐོང་བར་འགྱུར། ཞེས་དེ་སྐད་དུ་གསོལ་བར། དེ་བཞིན་གཤེགས་པས་བཙུན་མོ་བློ་གྲོས་རྒྱན་བཟང་མར་བཀའ་སྩལ་པ། ཁྱོད་དང་སེམས་ཅན་རྣམས་ཀྱིས་བློ་རྩེ་གཅིག་པས་ནུབ་ཕྱོགས་ཀྱི་གནས་གཅིག་པུ་ཁོ་ན་ཡིད་ལ་བསམ་པར་བྱའོ། །ཇི་ལྟར་ཡིད་ལ་བྱ་ཞེ་ན། འདི་ལྟ་སྟེ། ཡིད་ལ་སེམས་པ་པོ་སུ་ཡང་རུང་སྟེ་སེམས་ཅན་རྣམས་ནི་ཐོག་མ་ནས་དམུས་ལོང་བ་མ་ཡིན་ལ་གང་མིག་དང་ལྡན་པའི་གང་ཟག་གིས་ཉི་མ་ནུབ་པའི་ཚུལ་མ་མཐོང་བ་མེད་དོ། །དེ་ཡང་འདི་ལྟར་ཡིད་ལ་བྱ་སྟེ། རང་ཉིད་དྲང་པོར་བསྡད་དེ་ཞལ་ནུབ་ཀྱི་ཕྱོགས་སུ་གྱེས་ནས་སེམས་གཞན་དུ་མ་ཡེངས་ཤིང་མི་འཕྲོ་བར་རབ་ཏུ་བརྟན་ཅིང་རྩེ་གཅིག་གིས་ཉི་མ་ནུབ་པའི་ཕྱོགས་ག་ལ་བ་དེ་ཡིད་ལ་བྱའོ། །

དེ་ལྟར་བྱས་པས་ནམ་མཁའ་ལ་རྔ་བོ་ཆེ་དཔྱངས་བ་ལྟ་བུའི་ཉི་མ་ནུབ་པའི་ཚུལ་ཡོངས་སུ་མཐོང་བར་འགྱུར་རོ། །དེ་ལེགས་པར་མཐོང་ནས་རང་གི་མིག་བཙུམ་པའམ་འབྱེད་པ་གང་གི་ཚེ་ནའང་གསལ་བོར་སྣང་བ་ཡིན་ནོ། །དེ་ནི་ཉི་མ་ཡིད་ལ་བྱེད་པ་སྟེ་ཡིད་ལ་བྱེད་པ་དང་པོ་ཞེས་བྱའོ། །

དེ་ལྟར་ཡིད་ལ་སེམས་པ་ནི་ཡང་དག་པའི་ཡིད་ལ་བྱེད་པ་ཞེས་བྱ་ཞིང་། དེ་ལས་གཞན་དུ་སེམས་པ་ནི་ལོག་པའི་ཡིད་ལ་བྱེད་པ་ཞེས་བྱའོ། །

དེ་ནས་དེ་བཞིན་གཤེགས་པས་ཀུན་དགའ་བོ་དང་བཙུན་མོ་བློ་གྲོས་རྒྱན་བཟང་མར་ཡང་བཀའ་སྩལ་པ། དེ་ལྟར་ཡིད་ལ་བྱེད་པ་དང་པོ་གྲུབ་ནས་ཆུ་ཡིད་ལ་བྱ་བ་ནི། འདི་ལྟ་སྟེ་ནུབ་ཀྱི་ཕྱོགས་དེ་ཐམས་ཅད་ཆུ་ཆེན་པོས་ཡོངས་སུ་གང་བར་གྱུར་བར་བསམ། དྭངས་ཤིང་རྙོགས་པ་མེད་པ་ཆུ་ཡི་རང་བཞིན་དུ་མཐོང་ནས་དེ་ལ་མ་འདྲེས་པ་དང་གསལ་བའི་ངང་ནས་སེམས་མ་གཡེང་བར་བྱའོ། །

དེ་ལྟར་ཆུའི་རྣམ་པ་དེ་སླར་ཆབ་རོམ་གྱི་ངོ་བོར་གྱུར་བར་བསམ། གསལ་ཞིང་འཚེར་བའི་ཆབ་རོམ་གྱི་རང་བཞིན་དུ་མཐོང་ནས་ཀྱང་སླར་རིན་པོ་ཆེ་བཻ་ཌཱུརྱའི་རང་བཞིན་དུ་གྱུར་བར་བསམ། དེ་ལྟར་བསམ་པ་ལེགས་པར་གྲུབ་སྟེ་ས་གཞི་ཐམས་ཅད་ཕྱི་ནང་འོད་འཚེར་བའི་རིན་ཆེན་བཻ་ཌཱུརྱའི་ཁེབས་པ་མཐོང་བར་འགྱུར་རོ། །བཻ་ཌཱུརྱའི་ས་གཞིའི་འོག་གཞིའི་ན་རྡོ་རྗེ་རིན་པོ་ཆེ་སྣ་བདུན་གྱི་ཀ་བས་ཡོངས་སུ་བཏེགས་ནས་ཡོད་དོ། །ཀ་བ་དེ་དག་ལ་ཕྱོགས་བརྒྱད་དང་ཟུར་བརྒྱད་ལྡན་ཞིང་། ཕྱོགས་རེ་རེར་ཡང་རིན་པོ་ཆེ་བརྒྱ་ཕྲག་ལས་གྲུབ་ཅིང་རིན་པོ་ཆེ་རེ་རེར་ཡང་འོད་ཟེར་སྟོང་ཕྲག་དང་ལྡན་ལ། འོད་ཟེར་རེ་རེ་ལ་ཡང་ཁ་དོག་བརྒྱད་ཁྲི་བཞི་སྟོང་ཡོད་དོ། །རིན་ཆེན་བཻ་ཌཱུརྱའི་ས་གཞི་ལས་འོད་ཟེར་ཀུན་ནས་རབ་ཏུ་འཕྲོ་བ་ནི་ཉི་མ་བྱེ་བ་འབུམ་གྱིས་འགྲན་དུ་མེད་ཅིང་བལྟར་མི་བཟོད་དོ། །རིན་པོ་ཆེ་བཻ་ཌཱུརྱའི་ས་གཞིའི་སྟེང་དུ་གསེར་སྐུད་ཀྱི་ཐིག་ཚོན་བཏབ་པ་ལྟ་བུས་སོ་སའི་བར་ཁྱམས་དབྱེ་ཞིང་རིན་པོ་ཆེ་སྣ་བདུན་གྱིས་ཀྱང་བར་འཚམས་གསལ་བོ་འབྱེད་དོ། །

རིན་པོ་ཆེ་རེ་རེའི་ནང་དུ་འོད་ཟེར་ལྔ་བརྒྱ་ཕྲག་སྙེད་དུ་སྣང་ངོ་། །འོད་ཟེར་དེ་དག་ཀྱང་མེ་ཏོག་ལྟ་བུ་དང་སྐར་མ་ལྟ་བུ་དང་ཟླ་བ་ལྟ་བུ་དག་ཡིན་ལ། དེ་ཡིས་ནམ་མཁའི་ཁམས་སུ་འོད་ཀྱི་སྟེགས་བུ་ཆེན་པོ་གྲུབ་པ་ན་རིན་པོ་ཆེ་བརྒྱ་ཕྲག་གིས་གྲུབ་པའི་ཁང་བརྩེགས་ཁྲི་སྟོང་མང་པོ་ཡོད་ཅིང་སྟེགས་བུའི་ཕྱོགས་གཉིས་སུ་རེ་རེ་བཞིན་མེ་ཏོག་གི་རྒྱལ་མཚན་བྱེ་བ་ཕྲག་བརྒྱ་དང་རོལ་མའི་ཆ་བྱད་སྣ་ཚོགས་གྲངས་མེད་དཔག་ཏུ་མེད་པ་དག་གིས་ཡོངས་སུ་བརྒྱན་ཏོ། །རབ་ཏུ་འཕྲོ་བའི་འོད་ཟེར་དེ་དག་གི་ནང་ནས་རླུང་རྣམ་པ་བརྒྱད་བྱུང་སྟེ་རོལ་མོ་དག་ལ་རེག་པར་གྱུར་ཅིང་རོལ་མའི་ཡོ་བྱད་དེ་དག་ལས་ཀྱང་སྡུག་བསྔལ་བ་དང་། སྟོང་པ་ཉིད་དང་། མི་རྟག་པ་དང་། བདག་མེད་པའི་སྒྲ་སྒྲོགས་པར་བྱེད་དོ། །དེ་དག་ནི་ཆུ་ཡིད་ལ་བྱེད་པ་སྟེ་ཡིད་ལ་བྱེད་པ་གཉིས་པ་ཞེས་བྱའོ། །

དེ་ལྟར་ལེགས་པར་གྲུབ་ནས་རེ་རེ་བཞིན་ཡིད་ལ་ལྷང་ངེར་གསལ་བོར་ངེས་པར་བྱས་ཏེ་མིག་བཙུམ་ཀྱང་རུང་ཕྱེ་ཡང་རུང་སེམས་མ་ཡེངས་བར་བྱ་ཞིང་གཉིད་པ་དང་བཟའ་བ་མ་གཏོགས་པའི་དུས་ཐམས་ཅད་དུ་འདི་ལ་འཇུག་པར་བྱའོ། །དེ་ལྟར་ཡིད་ལ་སེམས་པ་ནི་ཡང་དག་པའི་ཡིད་ལ་བྱེད་པ་ཞེས་བྱ་ཞིང་། དེ་ལས་གཞན་དུ་སེམས་པ་ནི་ལོག་པའི་ཡིད་ལ་བྱེད་པ་ཞེས་བྱའོ། །

ཡང་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་དང་བཙུན་མོ་བློ་གྲོས་རྒྱན་བཟང་མ་ལ་བཀའ་སྩལ་པ། དེ་ལྟར་ཆུ་ཡིད་ལ་བྱེད་པ་ལེགས་པར་གྲུབ་པ་ན་བདེ་བ་ཅན་གྱི་ས་གཞི་སྟེ་རགས་པའི་འཇིག་རྟེན་མཐོང་བ་ཞེས་བྱ་སྟེ། གལ་ཏེ་ཏིང་ངེ་འཛིན་ཐོབ་ན་བདེ་བ་ཅན་གྱི་ས་གཞི་ཡོངས་སུ་མཐོང་ཞིང་དེ་ཡང་རྣམ་པ་མ་འདྲེས་ཤིང་གསལ་བོ་ལྷང་ངེ་བ་བརྗོད་དུ་མེད་པ་མཐོང་ངོ་། །འདི་ནི་ས་ཡིད་ལ་བྱེད་པ་སྟེ་ཡིད་ལ་བྱེད་པ་གསུམ་པ་ཞེས་བྱའོ། །

བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱི་དེ་བཞིན་གཤེགས་པའི་གསུང་འདི་ལེགས་པར་ཟུངས་ཤིག མ་འོངས་པའི་འཇིག་རྟེན་ཁམས་ན་སྡུག་བསྔལ་ལས་གྲོལ་བར་འདོད་པའི་སེམས་ཅན་རྣམས་ལ་ས་ཡིད་ལ་བྱེད་པའི་ཆོས་ཀྱི་རྣམ་གྲངས་འདི་ཡོངས་སུ་བསྟན་པར་གྱིས། འདི་ལྟ་སྟེ་གང་ཞིག་ས་ཡིད་ལ་བྱེད་པའི་གང་ཟག་དེའི་བསྐལ་པ་དུང་ཕྱུར་བརྒྱད་ཅུའི་སྐྱེ་འཆིའི་སྡིག་པ་ཐམས་ཅད་ཡོངས་སུ་དག་པར་འགྱུར་རོ། །ལུས་དེ་བོར་ནས་སྐྱེ་བ་གཞན་དུ་དག་པའི་ཞིང་ཁམས་སུ་ངེས་པར་སྐྱེ་བར་འགྱུར་བས་སོམ་ཉི་མ་བྱེད་ཅིག དེ་ལྟར་ཡིད་ལ་སེམས་པ་ནི་ཡང་དག་པའི་ཡིད་ལ་བྱེད་པ་ཞེས་བྱ་ཞིང་། དེ་ལས་གཞན་དུ་སེམས་པ་ལོག་པའི་ཡིད་ལ་བྱེད་པ་ཞེས་བྱའོ། །

ཡང་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་དང་བཙུན་མོ་བློ་གྲོས་རྒྱན་བཟང་མར་བཀའ་སྩལ་པ། དེ་ལྟར་ས་ཡིད་ལ་བྱེད་པ་ལེགས་པར་གྲུབ་ནས་རིན་པོ་ཆེའི་ཤིང་ཡིད་ལ་བྱའོ། །འདི་ལྟ་སྟེ། རིན་པོ་ཆེའི་ཤིང་རྣམས་རེ་རེ་བཞིན་ཡིད་ལ་བྱའོ། །ཤིང་དེ་དག་ཀྱང་རིན་པོ་ཆེ་སྣ་བདུན་ལས་གྲུབ་པར་བསམ་པར་བྱའོ། །རིན་པོ་ཆེའི་ཤིང་རེ་རེ་བཞིན་མཐོ་ཚད་ལ་དཔག་ཚད་བརྒྱ་སྟོང་ཡོད་ཅིང་ཤིང་ཐམས་ཅད་ལ་རིན་པོ་ཆེ་སྣ་བདུན་གྱི་ལོ་མ་དང་མེ་ཏོག་མ་ཚང་བ་མེད་པར་ཡོད་ལ། ལོ་མ་དང་མེ་ཏོག་རེ་རེ་བཞིན་རིན་པོ་ཆེ་ཁ་དོག་སྣ་ཚོགས་ལས་གྲུབ་པ་སྟེ། བཻ་ཌཱུརྱའི་ཁ་དོག་ལས་གསེར་གྱི་འོད་ཟེར་བྱུང་བ་དང་། ཤེལ་གྱི་ཁ་དོག་ལས་འོད་ཟེར་དམར་པོ་འབྱུང་བ་དང་། རྟ་ཀླད་དེ་མུ་ཏིག་དམར་པོའི་ཁ་དོག་ལས་དུང་གི་འོད་ཟེར་འབྱུང་བ་དང་། དུང་གི་ཁ་དོག་ལ་སྤུག་སྟེ་རིན་པོ་ཆེ་ལྗང་གུའི་ཁ་དོག་འབྱུང་བ་དང་། དེ་བཞིན་དུ་སྤོས་ཤེལ་དང་བྱུ་རུ་ལ་སོགས་པའི་རིན་པོ་ཆེ་མང་པོ་ལས་འོད་ཟེར་ཁ་དོག་སྣ་ཚོགས་བྱུང་སྟེ་རབ་ཏུ་བརྒྱན་པར་བྱས་པའོ། །

རིན་པོ་ཆེ་ཤིང་དེ་དག་གི་སྟེང་ན་ནོར་བུ་རིན་པོ་ཆེའི་དྲ་བས་ཡོངས་སུ་ཁེབས་སོ། །ཤིང་རེ་རེའི་སྟེང་དུ་རིན་པོ་ཆེའི་དྲ་བ་བདུན་བདུན་གྱིས་ཁེབས་སོ། །དྲ་བ་རེ་རེའི་བར་ན་ཚངས་པ་ཆེན་པོའི་ཕོ་བྲང་ལྟ་བུའི་ཤིན་ཏུ་མཛེས་པའི་མེ་ཏོག་གི་ཕོ་བྲང་དུང་ཕྱུར་ལྔ་བརྒྱ་ཕྲག་ཡོད་དོ། །ཕོ་བྲང་དེ་དག་ན་རང་བཞིན་གྱིས་ལྷ་ཡི་བུ་དག་གནས་སོ། །ལྷ་ཡི་བུ་རེ་རེ་ལའང་རིན་པོ་ཆེ་ཤཱཀྱ་སྤེ་ལེན་ཀའམ་རྣམ་རྒྱལ་དྲི་མ་མེད་པ་ཞེས་བྱ་བའི་ནོར་བུའི་དོ་ཤལ་ལྔ་བརྒྱ་ཕྲག་བྱེ་བ་འབུམ་དང་ལྡན་ནོ། །ནོར་བུ་རིན་པོ་ཆེ་དེ་དག་གི་འོད་ཟེར་གྱིས་དཔག་ཚད་བརྒྱའི་བར་དུ་ཡོངས་སུ་ཁྱབ་པར་གྱུར་ཏོ། །འོད་ཟེར་དེ་དག་ཀྱང་ཉི་ཟླ་བྱེ་བ་འབུམ་གྱི་འོད་ཟེར་གཅིག་ཏུ་བསྡུམས་པ་ལྟར་བསམ་བརྗོད་ཀྱི་ཡུལ་ལས་འདས་ཤིང་རིན་པོ་ཆེ་སྣ་ཚོགས་ཀྱི་འོད་ཟེར་ཕན་ཚུན་འཐབ་ཅིང་འཚེར་བ་ལས་ཀྱང་ཆེས་འཕགས་པར་གྱུར་བའོ། །

རིན་པོ་ཆེའི་ཤིང་དེ་དག་ནི་མཉམ་པོར་གཤིབ་པ་དང་ལོ་འདབ་རྣམས་ཀྱང་རིམ་བཞིན་ཚད་དང་ལྡན་པར་སྐྱེས་ཤིང་། །ལོ་འདབ་ཐམས་ཅད་ཀྱི་བར་འཚམས་ནས་ཡིད་དུ་འོང་བའི་མེ་ཏོག་སྣ་ཚོགས་བཞད་པ་དང་། མེ་ཏོག་རྣམས་ལའང་རང་བཞིན་གྱིས་རིན་པོ་ཆེ་སྣ་བདུན་གྱི་འབྲས་བུ་དང་ལྡན་ནོ། །ཤིང་ཐམས་ཅད་ཀྱི་ལོ་འདབ་རེ་རེ་བཞིན་ཆུ་ཞེང་ཉེར་ལྔ་རེ་མཉམ་པར་ཡོད་དོ། །ལོ་འདབ་རེ་རེ་བཞིན་ལྷའི་དོ་ཤལ་ལྟར་ཁ་དོག་མི་འདྲ་བ་སྟོང་ཕྲག་དང་རི་མོ་ཡང་བརྒྱ་ཕྲག་དང་ལྡན་ནོ། །

ཤིང་དེ་དག་གི་མེ་ཏོག་ནི་འཛམ་བུའི་ཆུ་གསེར་གྱི་ཁ་དོག་དང་ལྡན་ཞིང་འགལ་མེའི་འཁོར་ལོ་བཞིན་ལོ་འདབ་ཀྱི་བར་གསེང་ན་རང་ཤུགས་ཀྱིས་འཁོར་གྱིན་ཡོད་དོ། །དེ་དག་ལས་ལྷ་ཡི་དབང་པོ་བརྒྱ་བྱིན་གྱི་བུམ་བཟང་ལྟ་བུའི་གང་འདོད་ཀྱི་འབྲས་བུ་དག་འབྱུང་ངོ་། །འབྲས་བུ་དེ་དག་ལས་འོད་ཟེར་ཆེན་པོ་བྱུང་སྟེ་རིན་པོ་ཆེའི་གདུགས་དང་རྒྱལ་མཚན་དཔག་ཏུ་མེད་པ་འབྱུང་བར་འགྱུར་རོ། །དེ་ལྟའི་རིན་པོ་ཆེ་གདུགས་ཀྱི་ནང་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་སངས་རྒྱས་ཐམས་ཅད་ཀྱི་མཛད་པ་མ་ལུས་པ་སྣང་བར་འགྱུར་བ་དང་། ཕྱོགས་བཅུའི་ཞིང་རབ་འབྱམས་རྣམས་ཀྱང་དེར་སྣང་བར་འགྱུར་རོ། །

དེ་ལྟར་རིན་པོ་ཆེའི་ཤིང་ཐམས་ཅད་མཐོང་བར་འགྱུར་བ་དང་། མཐོང་ནས་ཀྱང་རེ་རེ་ནས་རིམ་པ་བཞིན་ཡིད་ལ་བྱའོ། །ཡིད་ལ་བྱས་ཤིང་མཐོང་བའི་ཤིང་གི་རྩ་བ་དང་། ཡལ་ག་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་རྣམས་རབ་ཏུ་ཆེས་གསལ་བོར་སྣང་བའོ། །འདི་ནི་ཤིང་ཡིད་ལ་བྱེད་པ་སྟེ་ཡིད་ལ་བྱེད་པ་བཞི་པ་ཞེས་བྱའོ། །

དེ་ལྟར་ཡིད་ལ་སེམས་པ་ནི་ཡང་དག་པའི་ཡིད་ལ་བྱེད་པ་ཞེས་བྱ་ཞིང་། དེ་ལས་གཞན་དུ་སེམས་པ་ནི་ལོག་པའི་ཡིད་ལ་བྱེད་པ་ཞེས་བྱའོ། །

བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་དང་བཙུན་མོ་བློ་གྲོས་རྒྱན་བཟང་མ་ལ་བཀའ་སྩལ་པ། དེ་ལྟར་ཤིང་ཡིད་ལ་བྱེད་པ་ལེགས་པར་གྲུབ་ནས་ཆུ་ཡིད་ལ་བྱའོ། །འདི་ལྟ་སྟེ། གང་ཞིག་ཆུ་ཡིད་ལ་བྱ་བར་འདོད་པས་བདེ་བ་ཅན་གྱི་ཞིང་ཁམས་དེར་ཡོན་ཏན་བརྒྱད་དང་ལྡན་པའི་ཆུའི་རྫིང་བུ་ཡོད་པར་བསམ་མོ། །རྫིང་བུའི་ཆུ་དེ་དག་རེ་རེ་བཞིན་རིན་པོ་ཆེ་སྣ་བདུན་ལས་གྲུབ་པ་ཡིན་ནོ། །རིན་པོ་ཆེ་དེ་རྣམས་ཀྱང་ཆེས་མཉེན་པ་དང་སྙི་བའི་རང་བཞིན་ཅན་ནོ། །

ཆུ་བོ་ཐམས་ཅད་ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོ་ལས་འབབ་ཅིང་ཡན་ལག་གི་ཆུ་ཕྲན་བཅུ་བཞི་རུ་འབྱུང་ངོ་། །ཡན་ལག་གི་ཆུ་བོ་རེ་རེ་བཞིན་རིན་པོ་ཆེ་སྣ་བདུན་གྱི་ཁ་དོག་དང་ལྡན་པ། ཆུ་སྐ་རྣམས་རིན་ཆེན་གསེར་ལས་གྲུབ་ཅིང་ཆུ་སྐ་དེ་དག་གི་འོག་གདན་ཐམས་ཅད་སྣ་ཚོགས་རྡོ་རྗེ་ལས་ཡོངས་སུ་གྲུབ་པའོ། །

ཆུ་བོ་རེ་རེའི་ནང་ན་རིན་པོ་ཆེ་སྣ་བདུན་གྱི་མེ་ཏོག་པདྨ་བྱེ་བ་དྲུག་འབུམ་ཡོད་དོ། །མེ་ཏོག་པདྨ་དེ་དག་ཀྱང་རེ་རེ་བཞིན་དབྱིབས་ཟླུམ་པོ་དང་ཆེ་ཆུང་དཔག་ཚད་ཉི་ཤུའི་བར་ཁེབས་པ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལས་འབབ་ཆུ་ཤག་ཤག་ཏུ་བཞུར་ཞིང་ཤིང་གི་མེ་ཏོག་དང་ཤིང་གི་རྩ་བ་སོགས་ལ་རྣམ་པར་བྲན་ནོ། །དེ་ལས་ཤིན་ཏུ་ངོ་མཚར་བའི་དབྱངས་ཀྱིས་སྡུག་བསྔལ་བ་དང་། སྟོང་པ་དང་། མི་རྟག་པ་དང་། བདག་མེད་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྒྲ་རྣམས་འབྱུང་ངོ་། དེ་བཞིན་སངས་རྒྱས་ཀྱི་མཚན་དང་དཔེ་བྱད་བཟང་པོར་བསྔགས་པའི་སྒྲ་དག་ཀྱང་འབྱུང་ལ། ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོ་ལས་ལྟ་ན་སྡུག་པའི་འོད་ཟེར་སྣ་ཚོགས་ཀྱང་འབྱུང་ངོ་། །འོད་ཟེར་དེ་དག་ཀྱང་རིན་པོ་ཆེའི་བྱ་ཚོགས་རྣམས་སུ་གྱུར་ཅིང་ཐམས་ཅད་ཀྱིས་མགྲིན་དབྱངས་སྙན་པོས་སངས་རྒྱས་ཡིད་ལ་བྱ་བ་དང་། ཆོས་ཡིད་ལ་བྱ་བ་དང་། དགེ་འདུན་ཡིད་ལ་བྱ་བའི་བསྟོད་པའི་སྒྲ་སྐད་ཀུན་ནས་ཀུན་ཏུ་སྒྲོགས་པར་བྱེད་དོ། །དེ་ནི་ཡན་ལག་བརྒྱད་ལྡན་གྱི་ཆུ་ཡིད་ལ་བྱེད་པ་སྟེ་ཡིད་ལ་བྱེད་པ་ལྔ་པ་ཞེས་བྱའོ། །

དེ་ལྟར་སེམས་པ་ནི་ཡང་དག་པའི་ཡིད་ལ་བྱེད་ཅེས་བྱ་ཞིང་དེ་ལས་གཞན་དུ་སེམས་པ་ནི་ལོག་པའི་ཡིད་ལ་བྱེད་ཅེས་བྱའོ། །

དེ་ནས་དེ་བཞིན་གཤེགས་པས་དགྲ་བཅོམ་པ་ཀུན་དགའ་བོ་དང་བཙུན་མོ་བློ་གྲོས་རྒྱན་བཟང་མར་སྨྲས་པ། འདི་ལྟ་སྟེ། རིན་པོ་ཆེའི་ཞིང་ཁམས་ཀྱི་ས་མཚམས་རེ་རེ་བཞིན་དུ་དུང་ཕྱུར་ལྔ་བརྒྱ་ཕྲག་གི་རིན་པོ་ཆེའི་ཐོག་ཁང་ཡོད་དོ། །ཐོག་ཁང་རེ་རེའི་ནང་དུ་དཔག་ཏུ་མེད་པའི་ལྷ་རྣམས་ཀྱིས་ལྷ་ཡི་གླུ་གར་སྣ་ཚོགས་ལ་རོལ་བཞིན་ཡོད་ཅིང་། གླུ་སྒྲ་དེ་དག་ལས་ཀྱང་སངས་རྒྱས་ཡིད་ལ་བྱ་བ་དང་། ཆོས་ཡིད་ལ་བྱ་བ་དང་། དགེ་སློང་གི་དགེ་འདུན་ཡིད་ལ་བྱ་ཞེས་པའི་སྒྲ་འབྱུང་ངོ་། །དེ་ལྟར་དུ་བསྒོམ་པ་རབ་ཏུ་གྲུབ་པ་ནི་བདེ་བ་ཅན་གྱི་ཞིང་ཁམས་རགས་པའི་རྣམ་པ་སྟེ་རིན་པོ་ཆེའི་ས་དང་། རིན་པོ་ཆེའི་ཤིང་དང་། རིན་པོ་ཆེའི་རྫིང་བུ་བཅས་སྤྱིའི་ཚུལ་བསྒོམ་པ་ཞེས་བྱ་བའི་ཡིད་ལ་བྱེད་པ་དྲུག་པའོ། །

དེ་ལྟར་མཐོང་བས་ནི་བསྐལ་བ་དུང་ཕྱུར་དཔག་ཏུ་མེད་པའི་ཆེས་ལྕི་བའི་སྡིག་པ་རྣམས་འདག་པར་འགྱུར་རོ། །ཚེ་འདི་འཕོས་ནས་ཀྱང་བདེ་བ་ཅན་གྱི་ཞིང་དེར་ངེས་པར་སྐྱེ་བར་འགྱུར་རོ། །དེ་ལྟར་ཡིད་ལ་སེམས་པ་ནི་ཡང་དག་པའི་ཡིད་ལ་བྱེད་པ་ཞེས་བྱ་ཞིང་། དེ་ལས་གཞན་དུ་སེམས་པ་ནི་ལོག་པའི་ཡིད་བྱེད་པ་ཞེས་བྱའོ། །

དེ་ནས་དེ་བཞིན་གཤེགས་པས་བཙུན་པ་ཀུན་དགའ་བོ་དང་བཙུན་མོ་བློ་གྲོས་རྒྱན་བཟང་མར་འདི་སྐད་དུ་སྩལ་པ། ལེགས་པར་ཉོན་ལ་སེམས་པར་གྱིས། ངས་ཁྱོད་ལ་ཉོན་མོངས་པ་སྡུག་བསྔལ་སེལ་བའི་ཐབས་བཤད་པར་བྱ། ཁྱོད་ཀྱིས་དེ་ཉིད་ཡིད་ལ་ཟུངས་ཤིག བཟུང་ནས་ཀྱང་གཞན་ལ་ཡོངས་སུ་འདོམས་པར་བྱའོ། །ཞེས་གསུང་པ་དེའི་ཚེ་ན། འཛམ་བུ་ཆུ་གསེར་བརྒྱ་སྟོང་གིས་འགྲན་དུ་མེད་ཅིང་འོད་ཟེར་རབ་ཏུ་འབར་བ་བལྟར་མི་བཟོད་པའི་ཁ་དོག་དང་ལྡན་པའི་སངས་རྒྱས་འོད་དཔག་དུ་མེད་པ་དང་། གཡས་གཡོན་གཉིས་སུ་བྱང་ཆུབ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ་བཅས་བཞེངས་སྟབས་ཀྱི་ཚུལ་དུ་ནམ་མཁའ་རུ་མངོན་སུམ་དུ་སྣང་བར་གྱུར་ཏོ། །

དེ་ཡི་དུས་སུ། བློ་གྲོས་རྒྱན་བཟང་མས་སངས་རྒྱས་འོད་དཔག་མེད་མཇལ་ནས་དེ་ཡི་ཞབས་དྲི་མ་མེད་པ་ལ་མགོ་བོས་རབ་ཏུ་གུས་པས་ཕྱག་འཚལ་ཏེ་སླར་སངས་རྒྱས་ཤཱཀྱ་ཐུབ་པ་ལ་འདི་སྐད་དུ་གསོལ་ཏོ། །བཅོམ་ལྡན་འདས། བདག་ནི་སངས་རྒྱས་ཀྱི་མཐུས་དེ་བཞིན་གཤེགས་པ་འོད་དཔག་མེད་དང་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ་རྣམས་ལེགས་པར་མཇལ་བར་གྱུར་བ་དེ་ལྟ་ན་ཡང་། མ་འོངས་པའི་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པ་འོད་དཔག་མེད་དང་། བྱང་ཆུབ་སེམས་དཔའ་དེ་གཉིས་ཇི་ལྟར་མཇལ་བར་འགྱུར་ཞེས་ཞུས་པ་དང་། དེ་བཞིན་གཤེགས་པས་བཀའ་སྩལ་པ། སངས་རྒྱས་མཇལ་བར་འདོད་པ་དག་གིས་ནི་འདི་ལྟར་ཡིད་ལ་བྱ་སྟེ། རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་ས་གཞིའི་སྟེང་དུ་མེ་ཏོག་པདྨ་བསམ་པར་བྱའོ། །མེ་ཏོག་པདྨ་རེ་རེ་ལ་ཡང་རིན་པོ་ཆེ་བརྒྱ་ཕྲག་གི་ཁ་དོག་ལྡན་ཞིང་ལྷ་ཡི་རི་མོ་ལྟ་བུའི་བརྒྱད་ཁྲི་བཞི་སྟོང་གི་འདབ་རིས་ཀྱང་ལྡན་ནོ། །པདྨའི་འདབ་རིས་རེ་རེ་ལ་ཡང་བརྒྱད་ཁྲི་བཞི་སྟོང་གི་འོད་ཟེར་སྣ་ཚོགས་དང་ལྡན་ཏེ་ཕན་ཚུན་མ་འདྲེས་པར་གསལ་པོར་མཐོང་ངོ་། །པད་མའི་འདབ་མ་ཆུང་ཚད་ཀྱང་དཔག་ཚད་ཉིས་བརྒྱ་ལྔ་བཅུ་ཡོད་ལ། དེ་བཞིན་མེ་ཏོག་པདྨའི་འདབ་མ་ཆེན་པོ་རྣམས་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡོད་དོ། །པད་འདབ་རེ་རེའི་བར་མཚམས་སུ་ཡིད་བཞིན་དབང་གི་རྒྱལ་པོ་དུང་ཕྱུར་བརྒྱ་ཕྲག་གིས་ཡོངས་སུ་སྤྲས་པར་བྱས་སོ། །ཡིད་བཞིན་དབང་གི་རྒྱལ་པོ་རེ་རེ་ལས་ཀྱང་འོད་ཟེར་སྟོང་ཕྲག་འཕྲོས་ཤིང་འོད་ཟེར་དག་ཀྱང་རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་གདུགས་ལྟར་ས་གཞི་ཐམས་ཅད་ཁེབས་ནས་གནས་སོ། །

དེ་ནས་རིན་པོ་ཆེ་ཤཱཀྱ་ཕི་ལིན་ཆེའི་སྟེགས་བུ་བསམ་པར་བྱ་སྟེ། འདི་ནི་པདྨའི་སྟེགས་བུ་སྟེ། རིན་པོ་ཆེ་རྡོ་རྗེ་ཀ་ཤི་ཀ་བརྒྱད་ཁྲི་དང་ཚངས་པའི་ནོར་བུ་དང་མུ་ཏིག་དྲྭ་བ་བཅས་ཀྱིས་རབ་ཏུ་བརྒྱན་པར་གྱུར་ཏོ། །སྟེགས་བུའི་མཐའ་ན་རང་བཞིན་གྱིས་གྲུབ་པའི་རིན་ཆེན་བཞིའི་ཀ་བའི་རྒྱལ་མཚན་ཡོད་པ། རིན་པོ་ཆེའི་རྒྱལ་མཚན་རེ་རེ་ཡང་བརྒྱ་སྟོང་ཁྲི་འབུམ་བྱེ་བའི་རི་རབ་ལྟར་དུ་གནས་པ། རྒྱལ་མཚན་ཀྱི་རྩེ་མོ་ཡང་ལྷ་འཐབ་བྲལ་ཀྱི་ཕོ་བྲང་ལྟར་ཕུལ་དུ་ཕྱིན་པའི་རིན་པོ་ཆེ་ནོར་བུ་ལྔ་བརྒྱ་ཕྲག་དུང་ཕྱུར་དག་གིས་བརྒྱན་པར་གྱུར་ཏོ། །རིན་ཆེན་ནོར་བུ་རེ་རེ་ལའང་འོད་ཟེར་བརྒྱད་ཁྲི་བཞི་སྟོང་ལྡན་ཞིང་འོད་ཟེར་རེ་རེ་ལའང་གསེར་གྱི་ཁ་དོག་མི་འདྲ་བ་བརྒྱད་ཁྲི་བཞི་སྟོང་དང་ལྡན་པ། གསེར་མདོག་རེ་རེ་བཞིན་རིན་པོ་ཆེའི་ས་གཞི་ཐམས་ཅད་ཡོངས་སུ་ཁྱབ་ཅིང་ཕྱོགས་དང་ཕྱོགས་སུ་རྣམ་པ་འདྲ་མིན་སྣ་ཚོགས་སུ་སྣང་བ་སྟེ། ལ་ལར་རྡོ་རྗེའི་སྟེགས་བུ་དང་། ལ་ལར་རིན་པོ་ཆེ་མུ་ཏིག་གི་དྲྭ་བ། ལ་ལར་མེ་ཏོག་སྣ་ཚོགས་ཀྱི་སྤྲིན་དུ་སྣང་བ་སྟེ་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ན་རང་རང་གིས་གང་ལ་གང་འདོད་ཀྱི་སྒོ་ནས་སངས་རྒྱས་ལ་མཆོད་པ་འབུལ་བའི་བྱ་བ་བྱེད་པར་བསམ་པའོ། །དེ་ནི་པད་གདན་བསྒོམ་པ་སྟེ་ཡིད་ལ་བྱེད་པ་བདུན་པའོ། །

དེ་ནས་དེ་བཞིན་གཤེགས་པས་ཡང་ཀུན་དགའ་བོ་ལ་བཀའ་སྩལ་པ། འདི་ལྟ་བུའི་ཡ་མཚན་པའི་མེ་ཏོག་པདྨ་ནི་སྔོན་དགེ་སློང་ཆོས་ཀྱི་སྙིང་པོའི་སྨོན་ལམ་ལས་གྲུབ་པ་ཡིན་ལ། སངས་རྒྱས་དེ་ཡིད་ལ་བྱེད་པར་འདོད་པའི་གང་ཟག་གིས་ཐོག་མར་པད་གདན་འདི་ལེགས་པར་ཡིད་ལ་གོམས་པར་བྱའོ། །གང་ཞིག་འདི་དག་ཡིད་ལ་བྱེད་པའི་ཚེ་ན་འདུ་ཤེས་སྣ་ཚོགས་མི་སྤེལ་སྟེ། སེམས་རྩེ་གཅིག་པས་པད་འདབ་རེ་རེ་དང་། རིན་པོ་ཆེ་རེ་རེ་དང་། འོད་ཟེར་རེ་རེ་དང་། སྟེགས་བུ་རེ་རེ་དང་། རྒྱལ་མཚན་རེ་རེ་བཞིན་ཕན་ཚུན་མ་འདྲེས་པར་གསལ་བོར་ཡིད་ལ་བྱའོ། །

དཔེར་ན་མེ་ལོང་ནང་དུ་རང་གི་བཞིན་རས་སྣང་བ་ལྟར་གསལ་བ་ནི་བསྒོམ་པ་རབ་ཏུ་གྲུབ་པ་སྟེ། བསྐལ་པ་དུང་ཕྱུར་ལྔ་ཁྲིའི་སྐྱེ་འཆིའི་རྒྱུ་སྡིག་པ་ཐམས་ཅད་འདག་པར་འགྱུར་རོ། །ཚེ་འདི་འཕོས་ནས་ཀྱང་བདེ་བ་ཅན་གྱི་ཞིང་ཁམས་སུ་ངེས་པར་སྐྱེ་བར་འགྱུར་རོ། །དེ་ལྟར་ཡིད་ལ་སེམས་པ་ནི་ཡང་དག་པའི་ཡིད་ལ་བྱེད་པ་ཞེས་བྱ་ཞིང་། དེ་ལས་གཞན་དུ་སེམས་པ་ནི་ལོག་པའི་ཡིད་ལ་བྱེད་པ་ཞེས་བྱའོ། །

དེ་ནས་དེ་བཞིན་གཤེགས་པས་བཙུན་པ་ཀུན་དགའ་བོ་དང་བཙུན་མོ་བློ་གྲོས་རྒྱན་བཟང་མར་བཀའ་སྩལ་པ། འདི་ལྟར་མཐོང་ནས་རིམ་བཞིན་སངས་རྒྱས་ཡིད་ལ་བྱའོ། །ཇི་ལྟར་ན། སངས་རྒྱས་དེ་བཞིན་གཤེགས་པ་ནི་ཆོས་ཀྱི་དབྱིངས་ཀྱི་སྐུ་ཡིན་ལ་སེམས་ཅན་ཐམས་ཅད་ཀྱི་སེམས་ལ་ཡོངས་སུ་ཁྱབ་ནས་ཡོད་དོ། །དེ་ཡི་ཕྱིར་ཁྱེད་ཅག་གིས་སངས་རྒྱས་ཡིད་ལ་བྱེད་པའི་ཚེ་ན། སེམས་དེ་ཉིད་མཚན་བཟང་སོ་གཉིས་དང་དཔེ་བྱད་བརྒྱད་ཅུའི་བདག་ཉིད་ཅན་ཡིན་ནོ། །སེམས་དེ་སངས་རྒྱས་སུ་བྱས་ཤིང་སེམས་དེ་སངས་རྒྱས་ཉིད་ཡིན་ནོ། །

སངས་རྒྱས་རྣམས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྒྱ་མཚོ་ཡང་སེམས་ཡིད་ལ་བྱས་པ་ལས་བྱུང་ངོ་། །དེས་ན་བློ་རྩེ་གཅིག་པས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་པ་ཡིད་ལ་དྲན་པར་བྱའོ། །སངས་རྒྱས་ཡིད་ལ་བྱེད་པའི་གང་ཟག་དེས་ཐོག་མར་སངས་རྒྱས་ཀྱི་རྣམ་པ་ཡིད་ལ་བྱས་ཏེ་རབ་ཏུ་བསྒོམ་པར་བྱའོ། །གང་ཞིག་མིག་ཕྱེ་བའམ་བཙུམ་པའི་སྒོ་ནས་སངས་རྒྱས་ཀྱི་སྐུ་འཛམ་བུའི་ཆུ་གསེར་ལས་གྲུབ་པ་ལྟ་བུ་པདྨའི་གདན་ལ་བཞུགས་པ་ལ་སེམས་པར་བྱའོ། །དེ་ལྟར་བློ་གྲོས་ཀྱི་མིག་རབ་ཏུ་ཕྱེ་ནས་དེ་དག་གསལ་བོར་མཐོང་ངོ་། །

དེ་ཡང་བདེ་བ་ཅན་གྱི་ཞིང་དེར་རིན་པོ་ཆེ་སྣ་བདུན་གྱིས་སྤྲས་ཤིང་རིན་པོ་ཆེའི་ས་གཞི་དང་། རིན་པོ་ཆེའི་རྫིང་བུ་དང་། རིན་པོ་ཆེའི་ཤིང་སྣ་ཚོགས་ཚར་དུ་དངར་བའི་རང་བཞིན་ཅན་དུ་མཐོང་ངོ་། །དེ་ཡི་སྟེང་ཕྱོགས་སུ་ལྷའི་རིན་པོ་ཆེ་རྣམས་ཀྱིས་ཡོངས་སུ་ཁེབས་ཤིང་། ནམ་མཁའི་ཁམས་ཐམས་ཅད་ཀྱང་རིན་པོ་ཆེའི་དྲྭ་བས་ཡོངས་སུ་གང་བའི་རྣམ་པ་འདི་དག་ལག་མཐིལ་གྱི་དངོས་པོ་བཞིན་ཆེས་གསལ་བོར་མཐོང་ངོ་། །

དེ་ལྟར་མཐོང་ནས། སངས་རྒྱས་ཀྱི་གཡས་ཕྱོགས་སུ་གོང་དང་འདྲ་བའི་པདྨ་ཆེན་པའི་གདན་ལ་འཕགས་པ་སྤྱན་རས་གཟིགས་བཞུགས་ཏེ་གསེར་གྱི་ཁ་དོག་ལྟ་བུའི་འོད་ཟེར་རྣམ་པར་འཕྲོས་པར་བསམ། ཡང་སངས་རྒྱས་ཀྱི་གཡོན་ཕྱོགས་ཀྱི་པདྨ་ཆེན་པོའི་གདན་ལ་འཕགས་པ་མཐུ་ཆེན་ཐོབ་བཞུགས་པར་བསམ་མོ། །དེ་ལྟ་བུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུ་ལས་འོད་ཟེར་གསེར་གྱི་ཁ་དོག་ལྟ་བུ་དཔག་མེད་འཕྲོས་ནས་རིན་པོ་ཆེའི་ཤིང་ཐམས་ཅད་ཀྱང་ཡོངས་སུ་མཛེས་པར་བྱས་སོ། །

ཡང་རིན་པོ་ཆེའི་ཤིང་རེ་རེའི་རྩ་བ་ན་མེ་ཏོག་པདྨ་གསུམ་རེ་ཡོད་དོ། །མེ་ཏོག་གསུམ་པོ་རེ་རེ་བཞིན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཟུང་སྟེ་གསུམ་རེ་བཞུགས་ཏེ་ཞིང་ཁམས་མ་ལུས་པ་ཡོངས་སུ་ཁྱབ་བོ། །དེ་ལྟར་གོམས་པ་རབ་ཏུ་གྲུབ་པའི་ཚེ་ན། གང་ཞིག་ཆུ་བོ་དང་། འོད་ཟེར་དང་། རིན་པོ་ཆེའི་ཤིང་དང་། བྱ་ངུར་བ་དང་། ངང་པ་རྣམས་ཀྱང་དམ་པའི་ཆོས་ཀྱི་སྒྲ་སྐད་སྒྲོགས་པས། གང་དག་མཉམ་པར་བཞག་པ་དང་རྗེས་ལས་ཐོབ་པའི་ཚེ་ན་ཡང་རྟག་ཏུ་ཆོས་སྒྲ་ཐོས་སོ། །

གང་ཟག་དེ་དག་གིས་རང་གིས་ཐོས་པའི་ཆོས་རྣམས་རྗེས་ཐོབ་ཀྱི་དུས་སུ་ཡང་མི་བརྗེད་པར་གཟུང་ངོ་། །འདི་དག་ནི་ཡང་དག་པའི་ཆོས་དང་མཐུན་པར་བསྒོམ་པའོ། །གང་དག་ཆོས་དང་མི་མཐུན་པར་བྱ་བ་ནི་རྣམ་པར་རྟོག་པ་ཞེས་བྱའོ། །ཆོས་དང་མཐུན་པར་བྱ་བ་ནི་བདེ་བ་ཅན་གྱི་ཞིང་ཁམས་རགས་པ་ཡིད་ལ་བྱ་བའོ། །དེ་དག་ནི་རྣམ་པ་ཡིད་ལ་བྱ་བ་སྟེ་ཡིད་ལ་བྱེད་པ་བརྒྱད་པའོ། །

གང་ཞིག་འདི་ལྟར་བསྒོམས་པས་བསྐལ་པ་དུང་ཕྱུར་དཔག་ཏུ་མེད་པའི་སྐྱེ་འཆིའི་རྒྱུ་སྡིག་པ་ཐམས་ཅད་འདག་པར་འགྱུར་རོ། །ཚེ་འདིར་ཡང་སངས་རྒྱས་ཡིད་ལ་བྱ་བ་ཞེས་པའི་ཏིང་ངེ་འཛིན་འཐོབ་པར་འགྱུར་རོ། །དེ་ལྟར་ཡིད་ལ་སེམས་པ་ནི་ཡང་དག་པའི་ཡིད་ལ་བྱེད་པ་ཞེས་བྱ་ཞིང་། དེ་ལས་གཞན་དུ་སེམས་པ་ནི་ལོག་པའི་ཡིད་ལ་བྱེད་པ་ཞེས་བྱའོ། །

དེ་ནས་དེ་བཞིན་གཤེགས་པས་བཙུན་པ་ཀུན་དགའ་བོ་དང་བཙུན་མོ་བློ་གྲོས་རྒྱན་བཟང་མར་སྨྲས་པ། འདི་ལྟར་བསྒོམ་པ་རབ་ཏུ་གྲུབ་ནས་རིམ་བཞིན་སངས་རྒྱས་འོད་དཔག་མེད་ཀྱི་སྐུ་དང་མཚན་དཔེ་དང་འོད་ཟེར་རྣམས་ཡིད་ལ་བྱའོ། །ཀུན་དགའ་བོ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱི་སྐུ་ནི་ལྷ་འཐབ་བྲལ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ལྟ་བུ་དག་གི་གསེར་མདོག་དང་ལྡན་ལ། སྐུའི་མཐོ་ཚད་ཀྱང་དཔག་ཚད་བྱེ་བ་ཕྲག་དྲུག་ཅུའི་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་དང་མཉམ་མོ། །གཡས་སུ་འཁྱིལ་བའི་མཛོད་སྤུའི་འོད་ཟེར་ཀྱང་རི་རབ་ལྔ་དང་མཉམ་མོ། །སངས་རྒྱས་ཀྱི་སྤྱན་རབ་ཏུ་གསལ་བ་ནི་རྒྱ་མཚོ་ཆེན་པོ་བཞི་ལྟར་དཀར་ནག་འབྱེད་པའོ། །

སངས་རྒྱས་ཀྱི་སྐུའི་བ་སྤུའི་ཁུང་བུ་དག་ལས་ཀྱང་རི་རབ་ལྟ་བུའི་འོད་ཟེར་དག་ཀྱང་འཕྲོ འོ། །སངས་རྒྱས་ཀྱི་སྐུའི་འོད་ཟེར་ཟླུམ་པོས་ཀྱང་སྟོང་གསུམ་གྱི་སྟོང་བྱེ་བ་ཕྲག་སུམ་བརྒྱའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཡོངས་སུ་ཁྱབ་བོ། །འོད་ཟེར་དེ་དག་གི་ནང་དུ་གང་གཱའི་ཀླུང་གི་བྱེ་སྙེད་ཀྱི་གྲངས་དང་མཉམ་པའི་སངས་རྒྱས་སྤྲུལ་བའི་སྐུ་དག་ཀྱང་ཡོད་དོ། །སངས་རྒྱས་རེ་རེ་ལ་ཡང་བྱང་སེམས་གྲངས་མེད་པ་དག་གིས་རབ་ཏུ་བསྙེན་བཀུར་བྱེད་ཅིང་། སངས་རྒྱས་འོད་དཔག་མེད་ཀྱི་སྐུ་ལ་མཚན་བཟང་པོ་བརྒྱད་ཁྲི་བཞི་སྟོང་ཡོད་དོ། །མཚན་བཟང་རེ་རེ་ལའང་དཔེ་བྱད་བཟང་པོ་བརྒྱད་ཁྲི་བཞི་སྟོང་ཡོད་དོ། །དཔེ་བྱད་རེ་རེ་ལའང་འོད་ཟེར་བརྒྱད་ཁྲི་བཞི་སྟོང་ཡོད་དོ། །འོད་ཟེར་རེ་རེ་བཞིན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འཕྲོས་ནས་སངས་རྒྱས་ཡིད་ལ་བྱེད་པའི་སེམས་ཅན་རྣམས་རྗེས་སུ་འཛིན་ཏོ། །

དེ་ལྟའི་སངས་རྒྱས་ཀྱི་མཚན་བཟང་དང་འོད་ཟེར་དང་སྤྲུལ་བ་ནི་བསམ་བརྗོད་ཀྱི་ཡུལ་ལས་འདས་ཤིང་བགྲང་གིས་མི་ལངས་བའོ། །དེ་བས་ན་དྲན་པ་ཡིད་ལ་བྱེད་ཅིང་སེམས་གསལ་བོར་མཐོང་དུ་འཇུག་གོ །གང་ཞིག་སེམས་ཉིད་མཐོང་བས་ནི་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་མཐོང་བར་འགྱུར་རོ། །གང་ཞིག་སངས་རྒྱས་རྣམས་མཐོང་བ་ལ་སངས་རྒྱས་ཡིད་ལ་བྱེད་པའི་ཏིང་ངེ་འཛིན་ཞེས་བྱའོ། །འདི་ལྟར་ཡིད་ལ་བྱེད་པ་ནི་སངས་རྒྱས་ཐམས་ཅད་ཀྱི་སྐུ་ཡིད་ལ་བྱེད་པ་ཞེས་བྱའོ། །

སངས་རྒྱས་ཀྱི་སྐུ་ཡིད་ལ་བྱེད་པས་ནི་སངས་རྒྱས་ཀྱི་ཐུགས་མཐོང་བར་འགྱུར་རོ། །སངས་རྒྱས་རྣམས་ཀྱི་ཐུགས་ནི་བྱམས་པ་དང་སྙིང་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་ལ་དམིགས་པ་མེད་པའི་སྒོ་ནས་རྗེས་སུ་འཛིན་པའོ། །འདི་ལྟར་ཡིད་ལ་བྱེད་པའི་གང་ཟག་གིས་ཚེ་འདི་འཕོས་མ་ཐག་ཏུ་སྐྱེ་བ་ཕྱི་མ་ལ་སངས་རྒྱས་རྣམས་ཀྱི་མདུན་དུ་སྐྱེས་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་རོ། །

དེའི་ཕྱིར་མཁས་པ་རྣམས་ཀྱིས་བློ་སེམས་རྩེ་གཅིག་པས་སངས་རྒྱས་འོད་དཔག་མེད་པའི་སྐུ་ཡིད་ལ་བྱའོ། །སངས་རྒྱས་འོད་དཔག་མེད་ཡིད་ལ་བྱེད་པར་འདོད་པས་མཚན་བཟང་གཅིག་ལ་འཇུག་པར་བྱ་སྟེ་མཛོད་སྤུའི་འོད་ཟེར་ལ་ཡིད་གཏད་པར་བྱའོ། །གང་ཞིག་མཛོད་སྤུའི་འོད་ཟེར་ཀྱི་མཚན་གསལ་བོར་མཐོང་བས་ནི་མཚན་བཟང་བརྒྱད་ཁྲི་བཞི་སྟོང་དག་ཀྱང་རང་བཞིན་གྱིས་སྣང་བར་འགྱུར་རོ། །

གང་ཞིག་སངས་རྒྱས་འོད་དཔག་མེད་པ་མཐོང་བས་ནི་ཕྱོགས་བཅུའི་སངས་རྒྱས་གྲངས་མེད་བསམ་གྱིས་མི་ཁྱབ་པ་དག་ཀྱང་མཐོང་བར་འགྱུར་རོ། །གང་ཞིག་སངས་རྒྱས་གྲངས་མེད་པ་དག་མཐོང་བས་ནི་སངས་རྒྱས་ཐམས་ཅད་ཀྱིས་མངོན་པར་ལུང་བསྟན་པ་ཡང་ཐོབ་པ་ཡིན་ནོ། །འདི་དག་གཟུགས་ཐམས་ཅད་མངོན་པར་ཡིད་ལ་བྱ་བ་སྟེ་ཡིད་ལ་བྱེད་པ་དགུ་པ་ཞེས་བྱའོ། །

དེ་ལྟར་ཡིད་ལ་སེམས་པ་ནི་ཡང་དག་པའི་ཡིད་ལ་བྱེད་པ་ཞེས་བྱ་ཞིང་། དེ་ལས་གཞན་དུ་སེམས་པ་ནི་ལོག་པའི་ཡིད་ལ་བྱེད་པ་ཞེས་བྱའོ། །

དེ་ནས་དེ་བཞིན་གཤེགས་པས་བཙུན་པ་ཀུན་དགའ་བོ་དང་བཙུན་མོ་བློ་གྲོས་རྒྱན་བཟང་མར་འདི་སྐད་དུ་སྨྲས་སོ། །འདི་ལྟར་སངས་རྒྱས་འོད་དཔག་མེད་ཀྱི་སྐུ་གསལ་བོར་མཐོང་བ་ལེགས་པར་གྲུབ་ནས་རིམ་བཞིན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྐུ་ཡིད་ལ་བྱའོ། །

བྱང་ཆུབ་སེམས་དཔའི་སྐུའི་མཐོ་ཚད་ནི་དཔག་ཚད་བྱེ་བ་ཕྲག་བརྒྱད་ཅུ་དང་མཉམ་པ་དང་། སྐུའི་ཁ་དོག་གསེར་སྨུག་པོ་ལྟ་བུ་དང་། དབུ་ལ་གཙུག་ཏོར་དང་། མགྲིན་པའི་ཐད་དུ་འོད་ཟླུམ་དཔག་ཚད་བརྒྱ་སྟོང་དུ་འཕྲོ འོ། །འོད་ཟླུམ་གྱི་ནང་ན་སངས་རྒྱས་ཤཱཀྱ་ཐུབ་པ་ལྟ་བུ་སྤྲུལ་པའི་སངས་རྒྱས་ལྔ་བརྒྱ་ཕྲག་ཡོད་ལ། །སྤྲུལ་པའི་སངས་རྒྱས་རེ་རེ་ལའང་བྱང་ཆུབ་སེམས་དཔའ་ལྔ་བརྒྱ་ཕྲག་དང་ལྷ་དཔག་ཏུ་མེད་པས་བསྙེན་བཀུར་བྱེད་དོ། །བྱང་ཆུབ་སེམས་དཔའི་སྐུའི་འོད་ཀྱི་ནང་དུ་འགྲོ་བ་རྒྱུད་ལྔས་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱི་གཟུགས་ཀྱི་རྣམ་པ་དག་ཀྱང་སྣང་བར་འགྱུར་རོ། །

སྤྱན་རས་གཟིགས་ཀྱི་དབུ་གཙུག་ན་རིན་པོ་ཆེ་དམར་པོའི་དབུ་རྒྱན་དང་། དེའི་ནང་ན་དཔག་ཚད་ཉེར་ལྔའི་གྲངས་ཀྱི་མཐོ་ཚད་དང་ལྡན་པའི་སངས་རྒྱས་སྤྲུལ་པའི་སྐུ་བཞེངས་སྟབས་ཀྱི་རྣམ་པ་ཅན་ཡོད་དོ། །བཞིན་རས་ནི་འཛམ་བུ་ཆུ་གསེར་ལྟ་བུ་དང་། རིན་པོ་ཆེ་བདུན་གྱི་ཁ་དོག་དང་ལྡན་པའི་མཛོད་སྤུ་དང་། མཛོད་སྤུ་ལས་འོད་ཟེར་བརྒྱད་ཁྲི་བཞི་སྟོང་འཕྲོས་པ་དང་། འོད་ཟེར་རེ་རེ་ལ་ཡང་ཚད་མེད་གྲངས་མེད་ཀྱི་སངས་རྒྱས་སྤྲུལ་པའི་སྐུ་རྣམས་བཞུགས་པ་དང་། སངས་རྒྱས་སྤྲུལ་པའི་སྐུ་རེ་རེ་ལ་ཡང་བྱང་ཆུབ་སེམས་དཔའ་གྲངས་མེད་ཚད་མེད་པས་ཡོངས་སུ་བསྙེན་བཀུར་བྱས་ཤིང་ཕྱོགས་བཅུའི་འཇིག་རྟེན་མ་ལུས་པ་ཁྱབ་པར་གྱུར་པའོ། །

དེ་ཡི་དཔུང་པ་པདྨ་དམར་པོ་ལྟ་བུ་ལ་འོད་ཟེར་མཆོག་ཏུ་གྱུར་པ་བྱེ་བ་ཕྲག་བརྒྱད་ཅུ་དྲ་བ་དང་དྲ་ཕྱེད་ཀྱི་ཚུལ་དུ་རབ་ཏུ་བརྒྱན་ཅིང་ཐམས་ཅད་སྣང་བར་གྱུར་བ་དང་། ཕྱག་མཐིལ་ཉིད་ཀྱང་སྣ་ཚོགས་པདྨ་ལྔ་བརྒྱ་ཕྲག་བྱེ་བའི་མདོག་དང་ལྡན་ཞིང་ཕྱག་སོར་རེ་རེའི་རྩེ་ན་རྒྱ་ལས་ཐོན་པའི་རི་མོ་ལྟ་བུ་བརྒྱད་ཁྲི་བཞི་སྟོང་གི་མཛེས་རིས་མངོན་པ་དང་། མཛེས་རིས་རེ་རེ་ལའང་བརྒྱད་ཁྲི་བཞི་སྟོང་གི་ཁ་དོག་ལྡན་པ་དང་། ཁ་དོག་རེ་རེ་ལའང་བརྒྱད་ཁྲི་བཞི་སྟོང་གི་འོད་ཟེར་ལྡན་པ་སྟེ་རབ་ཏུ་མཉེན་ཞིང་འཇམ་པའི་འོད་ཟེར་གྱིས་འཇིག་རྟེན་ཐམས་ཅད་ཡོངས་སུ་ཁྱབ་པའོ། །དེ་ལྟ་བུའི་བྱང་ཆུབ་སེམས་དཔའི་རིན་པོ་ཆེའི་ཕྱག་གིས་སྐལ་བ་དང་ལྡན་པའི་སེམས་ཅན་རྣམས་ཡོངས་སུ་འདྲེན་པར་བྱེད་པའོ། །

ཡང་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་ཞབས་གཉིས་ཡར་འདེགས་པ་ན་འཁོར་ལོ་རྩིབ་སྟོང་གི་མཚན་བཟང་དེར་རང་བཞིན་གྱིས་བྱེ་བ་ཕྲག་ལྔ་བརྒྱ་དང་ལྡན་པའི་འོད་སྟོང་ཆེན་པོ་འཕྲོ་བ་དང་། ཞབས་གཉིས་མར་བཞག་པ་ན་རྡོ་རྗེ་རིན་པོ་ཆེའི་མེ་ཏོག་ཏུ་གྱུར་ནས་ཐམས་ཅད་དུ་མ་ཁྱབ་པ་མེད་པར་བྱས་པའོ། །དེ་ལས་གཞན་པའི་མཚན་བཟང་རྣམས་ཀྱང་སངས་རྒྱས་གཞན་དང་ཐ་དད་མ་མཆིས་ཤིང་། གཙུག་ཏོར་བལྟར་མི་མངོན་པའི་མཚན་བཟང་གང་ཡིན་པ་དེ་ནི་སངས་རྒྱས་རྣམས་ལ་འགྲན་དུ་མེད་དོ། །འདི་དག་ནི་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་གཟུགས་སྐུ་དངོས་སུ་ཡིད་ལ་བྱ་བ་སྟེ་ཡིད་ལ་བྱེད་པ་བཅུ་པ་ཞེས་བྱའོ། །

དེ་ནས་དེ་བཞིན་གཤེགས་པས་བཀའ་སྩལ་པ། བཙུན་པ་ཀུན་དགའ་བོ། འདི་ལྟ་སྟེ། གང་ཟག་གང་ཞིག་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་བསྒོམས་ཤིང་འདི་ལྟར་ཡིད་ལ་བྱེད་པར་འདོད་པས་ནི་འཇིགས་པ་དང་མི་འདོད་པ་ཐམས་ཅད་བྲལ་བར་འགྱུར་ཞིང་ལས་དང་སྒྲིབ་པ་རྣམས་ཟད་པ་དང་། བསྐལ་པ་གྲངས་མེད་པའི་སྐྱེ་འཆིའི་རྒྱུ་སྡིག་པ་ཐམས་ཅད་ཀྱང་འདག་པར་འགྱུར་རོ། །

བྱང་ཆུབ་སེམས་དཔའ་འདིའི་མཚན་ཙམ་ཐོས་པས་ཀྱང་བསོད་ནམས་དཔག་ཏུ་མེད་པ་ཐོབ་པར་འགྱུར་ན་དངོས་སུ་སྐུ་ཡིད་ལ་བྱས་པས་སྨྲོས་ཅི་འཚལ། དེ་ཡང་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་ཡིད་ལ་བྱ་བར་འདོད་པས་ཐོག་མར་གཙུག་ཏོར་དང་། དེ་ནས་དབུ་རྒྱན་དང་རིམ་བཞིན་མཚན་གཞན་རྣམས་ཡིད་ལ་བྱས་པས་ལག་མཐིལ་གྱི་དངོས་པོ་བཞིན་མ་འདྲེས་པར་ལེགས་པར་མཐོང་བར་འགྱུར་རོ། །དེ་ལྟར་ཡིད་ལ་སེམས་པ་ནི་ཡང་དག་པའི་ཡིད་ལ་བྱེད་པ་ཞེས་བྱ་ཞིང་། དེ་ལས་གཞན་དུ་སེམས་པ་ནི་ལོག་པའི་ཡིད་ལ་བྱེད་པ་ཞེས་བྱའོ། །

དེ་ནས་དེ་བཞིན་གཤེགས་པས་བཙུན་པ་ཀུན་དགའ་བོ་དང་བཙུན་མོ་བློ་གྲོས་རྒྱན་བཟང་མར་འདི་ལྟར་སྨྲས་སོ། །དེ་ལྟར་གྲུབ་ནས་རིམ་བཞིན་འཕགས་པ་མཐུ་ཆེན་ཐོབ་ཀྱི་སྐུ་ཡིད་ལ་བྱའོ། །བྱང་ཆུབ་སེམས་དཔའ་འདིའི་སྐུ་ཚད་ནི་འཕགས་པ་སྤྱན་རས་གཟིགས་དང་མཉམ་པ་དང་། འོད་ཟླུམ་གྱི་ངོས་རེར་དཔག་ཚད་བརྒྱ་ཉེར་ལྔ་དང་ལྡན་ཞིང་དེའི་འོད་ཟེར་གྱིས་དཔག་ཚད་ཉིས་བརྒྱ་ལྔ་བཅུའི་བར་དུ་འཕྲོས་པ་དང་། སྐུའི་འོད་ཟེར་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་སུ་ཁྱབ་སྟེ་ཐམས་ཅད་ཁ་དོག་རབ་ཏུ་སྨུག་པའི་རང་བཞིན་དུ་བྱས་ཏེ་སྐལ་བ་དང་ལྡན་པའི་སེམས་ཅན་ཐམས་ཅད་ཀྱིས་ལེགས་པར་མཐོང་བར་འགྱུར་བའོ། །བྱང་ཆུབ་སེམས་དཔའ་འདིའི་སྐུའི་བ་སྤུའི་ཁུང་བུ་གཅིག་གི་འོད་ཟེར་མཐོང་བས་ཀྱང་ཕྱོགས་བཅུའི་སངས་རྒྱས་གྲངས་མེད་པའི་ཤིན་ཏུ་དག་ཅིང་མཛེས་པའི་འོད་ཟེར་མ་ལུས་པ་གསལ་བོར་མཐོང་བར་འགྱུར་བས་བྱང་ཆུབ་སེམས་དཔའ་འོད་མཐའ་ཡས་ཞེས་བྱའོ། །

ཡང་འདིའི་ཡེ་ཤེས་ཀྱི་འོད་ཟེར་ཐམས་ཅད་ལ་ཁྱབ་པས་ངན་སོང་གསུམ་རིང་དུ་བྱས་ཤིང་བླ་ན་མེད་པའི་མཐུ་དང་ནུས་པ་ཐོབ་པར་བྱེད་པས་བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་ཅེས་ཀྱང་བྱའོ། །བྱང་ཆུབ་སེམས་དཔའ་འདིའི་ལྷ་ཡི་དབུ་རྒྱན་ལ་རིན་པོ་ཆེའི་མེ་ཏོག་ལྔ་བརྒྱ་རེ་ཡོད་ཅིང་། རིན་པོ་ཆེའི་མེ་ཏོག་རེ་རེ་ལའང་རིན་པོ་ཆེའི་སྟེགས་བུ་ཟླུམ་པོ་ལྔ་བརྒྱ་རེ་ཡོད་པ་དང་། སྟེགས་བུ་རེ་རེའི་ནང་དུ་ཡང་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་ཞིང་ཁམས་རྣམ་པར་དག་པའི་རྒྱ་ཁྱོན་གྱི་རྣམ་པ་ཡོངས་སུ་རྫོགས་པ་དག་ཀྱང་སྣང་བར་འགྱུར་རོ། །

བྱང་ཆུབ་སེམས་དཔའི་དབུ་གཙུག་ན་པདྨ་དམར་པོ་ལྟ་བུའི་གཙུག་ཏོར་དང་། གཙུག་ཏོར་གྱི་སྟེང་ན་རིན་པོ་ཆེའི་བུམ་པ་དང་། དེའི་ནང་ན་འོད་ཟེར་སྣ་ཚོགས་དང་སངས་རྒྱས་ཀྱི་མཛད་པ་རྣམས་ཀྱང་ཡོངས་སུ་སྣང་བའོ། །བྱང་ཆུབ་སེམས་དཔའི་སྐུའི་མཚན་བཟང་གཞན་དག་ནི་འཕགས་པ་སྤྱན་རས་གཟིགས་དང་ཁྱད་པར་མ་མཆིས་སོ། །བྱང་ཆུབ་སེམས་དཔའ་གང་དེ་འགྲོ་བ་ན། འཇིག་རྟེན་གྱི་ཁམས་ཐམས་ཅད་དུས་གཅིག་ལ་རབ་ཏུ་འགུལ་བར་འགྱུར་བ་དང་། གང་དུ་ས་གཡོས་པའི་ཕྱོགས་རྣམས་སུ་ལྔ་བརྒྱ་ཕྲག་བྱེ་བ་མང་པོའི་རིན་པོ་ཆེའི་མེ་ཏོག་འབྱུང་བར་འགྱུར་བ་དང་། མེ་ཏོག་རེ་རེ་བཞིན་བདེ་བ་ཅན་གྱི་ཞིང་ལྟར་བཀོད་པ་མཛེས་ཤིང་མངོན་པར་མཐོ་བ་ཉིད་དུ་སྣང་བའོ། །

བྱང་ཆུབ་སེམས་དཔའ་གང་དེ་བཞུགས་པ་ན། རིན་པོ་སྣ་བདུན་གྱི་ཞིང་ཁམས་དེ་དུས་གཅིག་ལ་རབ་ཏུ་གཡོ་བར་འགྱུར་བ་དང་། འོག་ཕྱོགས་སངས་རྒྱས་གསེར་འོད་ཀྱི་ཞིང་ཁམས་ནས་སྟེང་ཕྱོགས་ཀྱི་སངས་རྒྱས་གསེར་མདོག་རྒྱལ་པོའི་ཞིང་ཁམས་ཀྱི་བར་དུ་སངས་རྒྱས་འོད་དཔག་མེད་དང་། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ་ཀྱི་སྤྲུལ་པ་ཡང་སྤྲུལ་གྲངས་མེད་དཔག་མེད་རྡུལ་གྱི་གྲངས་དང་མཉམ་པ་དག་སྣང་སྟེ་བདེ་བ་ཅན་དུ་སྤྲིན་གཏིབ་པ་ལྟར་འདུས་པར་འགྱུར་པ་དང་། འདུས་ནས་ཀྱང་ནམ་མཁའི་ཁམས་ཐམས་ཅད་ཡོངས་སུ་གང་ནས་པདྨའི་གདན་ལ་བཞུགས་ཏེ་དམ་པའི་ཆོས་རྒྱ་ཆེར་བསྟན་ནས་སེམས་ཅན་རྣམས་སྡུག་བསྔལ་ལས་གྲོལ་བར་བྱེད་དོ། །

འདི་ལྟར་བསྒོམ་ཞིང་ཡིད་ལ་བྱས་པས་བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་མཐོང་བར་འགྱུར་རོ། །འདི་ནི་བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་ཀྱི་གཟུགས་ཀྱི་སྐུའི་རྣམ་པ་ཡིད་ལ་བྱ་བ་སྟེ་ཡིད་ལ་བྱེད་པ་བཅུ་གཅིག་པའོ། །

འདིས་ནི་བསྐལ་པ་གྲངས་མེད་དཔག་ཏུ་མེད་པའི་སྐྱེ་འཆིའི་རྒྱུ་སྡིག་པ་རྣམ་པར་དག་པར་འགྱུར་བ་དང་མངལ་གྱི་སྐྱེ་སྒོ་ཆོད་དེ་རྟག་ཏུ་སངས་རྒྱས་ཀྱི་ཞིང་ཁམས་དག་པ་རྣམས་སུ་རྒྱུ་བར་འགྱུར་བ་ཡིན་ནོ། །འདི་ལྟར་བསྒོམ་པ་རབ་ཏུ་གྲུབ་པ་ནི་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ་ཡིད་ལ་བྱེད་པ་དང་ལྡན་པ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་ཡིད་ལ་སེམས་པ་ནི་ཡང་དག་པའི་ཡིད་ལ་བྱེད་པ་ཞེས་བྱ་ཞིང་། དེ་ལས་གཞན་དུ་སེམས་པ་ནི་ལོག་པའི་ཡིད་ལ་བྱེད་པ་ཞེས་བྱའོ། །

དེ་ནས་ཡང་དེ་བཞིན་གཤེགས་པས་བཙུན་པ་ཀུན་དགའ་བོ་དང་བཙུན་མོ་བློ་གྲོས་རྒྱན་བཟང་མར་སྨྲས་པ། གང་ཞིག་དེ་དག་ལེགས་པར་མཐོང་ནས་འདི་ལྟར་ཡིད་ལ་བྱ་སྟེ། རང་ཉིད་ནུབ་བདེ་བ་ཅན་དུ་པདྨའི་སྙིང་པོ་ལ་ཞབས་དཀྱིལ་མོ་ཀྲུང་བཅས་ཏེ་སྐྱེ་བར་བསམ། སྐྱེས་མ་ཐག་ཏུ་མེ་ཏོག་པདྨའི་ཁ་ཟུམ་པ་དེ་འབྱེད་པར་བྱེད་པ་དང་། པདྨའི་ཁ་ཕྱེ་བ་ན་འོད་ཟེར་རྣམ་པ་ལྔ་བརྒྱ་ཕྲག་འཕྲོས་ནས་རང་ལ་ཕོག་པར་འགྱུར་བ་དང་། རང་གི་མིག་ཕྱེ་བ་དང་ནམ་མཁའི་ཁམས་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་རབ་ཏུ་གང་བར་མཐོང་བ་དང་། དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་བྱ་དང་ལྗོན་ཤིང་ལ་སོགས་པས་ཀྱང་གསུང་རབ་ཡན་ལག་བཅུ་གཉིས་གཙོས་དམ་པའི་ཆོས་ཀྱི་སྒྲ་སྒྲོགས་པར་བྱེད་པ་ཡོངས་སུ་ཐོས་པ་དང་། ཐོས་ནས་ཀྱང་རྗེས་ལས་ཐོབ་པའི་ཚེ་ནའང་ཡང་དག་པའི་དྲན་པ་མི་ཉམས་པར་གནས་སོ། །འདི་དག་མཐོང་བ་ནི་བདེ་བ་ཅན་དང་སངས་རྒྱས་འོད་དཔག་མེད་མཐོང་བ་ཞེས་བྱའོ། །འདི་ནི་ཐམས་ཅད་ཡིད་ལ་བྱ་བ་སྟེ་ཡིད་ལ་བྱེད་པ་བཅུ་གཉིས་པའོ། །

འདི་ལྟར་ཡིད་ལ་བྱས་པས་ནི་སངས་རྒྱས་འོད་དཔག་མེད་སྤྲུལ་པ་གྲངས་མེད་པ་དང་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ་བཅས་རྟག་ཏུ་བྱོན་ནས་གང་ཟག་དེ་ལ་བྱིན་གྱིས་རློབས་པར་བྱེད་དོ། །དེ་ལྟར་ཡིད་ལ་སེམས་པ་ནི་ཡང་དག་པའི་ཡིད་ལ་བྱེད་པ་ཞེས་བྱ་ཞིང་། དེ་ལས་གཞན་དུ་སེམས་པ་ནི་ལོག་པའི་ཡིད་ལ་བྱེད་པ་ཞེས་བྱའོ། །

དེ་ནས་དེ་བཞིན་གཤེགས་པས་བཙུན་པ་ཀུན་དགའ་བོ་དང་བཙུན་མོ་བློ་གྲོས་རྒྱན་བཟང་མར་འདི་ལྟར་སྨྲས་སོ། །གང་ཞིག་ནུབ་བདེ་བ་ཅན་དུ་འགྲོ་བར་འདོད་པས་ཐོག་མར་ཆུའི་རྫིང་བུའི་སྟེང་དུ་ཁྲུ་བཅུ་དྲུག་ཅན་གྱི་སངས་རྒྱས་འོད་དཔག་མེད་པའི་སྐུའི་རྣམ་པ་ཡིད་ལ་བྱ་སྟེ། སངས་རྒྱས་འོད་དཔག་མེད་པའི་སྐུ་ནི་གོང་དུ་སྨྲོས་པ་བཞིན་ཆེ་ཆུང་གི་ཚད་མཐའ་ལས་འདས་པ་ཡིན་པས་གང་དག་སོ་སའི་སྐྱེ་བོ་རྣམས་ཀྱི་བློ་ཡུལ་ལས་འགོང་བ་ཡིན་ནའང་། དེ་བཞིན་གཤེགས་པ་འདིའི་སྔོན་གྱི་སྨོན་ལམ་གྱི་མཐུས་གང་ཟག་སུ་དག་གིས་ཇི་ལྟར་ཡིད་ལ་དྲན་པ་ན་དེ་ལྟར་གེགས་མེད་འགྲུབ་པ་ནི་གདོན་མི་ཟ་བའོ། །

གང་དག་གིས་སངས་རྒྱས་ཀྱི་སྐུ་བརྙན་ཙམ་ལ་མོས་པར་བྱས་ནའང་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་ཐོབ་ན་གང་ཞིག་སངས་རྒྱས་ཀྱི་སྐུ་གཟུགས་ཀྱི་རྣམ་པ་དངོས་སུ་ཡིད་ལ་བྱས་པའི་ཡོན་ཏན་ནི་དེ་བས་ཀྱང་སྨྲོས་ཅི་དགོས། སངས་རྒྱས་འོད་དཔག་མེད་ནི་རྫུ་འཕྲུལ་ལ་མངའ་བརྙེས་པས་ཕྱོགས་བཅུའི་འཇིག་རྟེན་མ་ལུས་པ་ཡང་ཅི་འདོད་ལྟར་དབང་བསྒྱུར་ཏུ་བཏུབ་པ་སྟེ། སྐུ་གཟུགས་ཆེན་པོར་སྤྲུལ་ནས་ནམ་མཁའི་ཁམས་ཐམས་ཅད་གང་བའམ་ཆུང་ངུར་གྱུར་ནས་ཁྲུ་བཅུ་དྲུག་ཙམ་དང་། སྐུ་གཟུགས་གསེར་ཀྱི་མདོག་ལྟར་དང་། འོད་ཟླུམ་ལས་སྤྲུལ་བའི་སྐུ་མང་པོ་དང་། རིན་པོ་ཆེའི་མེ་ཏོག་སོགས་རྣམ་པ་སྣ་ཚོགས་སུ་སྣང་བའོ། །

བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ་ནི་གནས་ཐམས་ཅད་དུ་སྐུ་གཟུགས་ཀྱི་རྣམ་པ་འདྲ་བར་སྣང་སྟེ། སེམས་ཅན་སུ་དག་གིས་བྱང་ཆུབ་སེམས་དཔའི་གཙུག་ཏོར་མཐོང་ན་འདི་ནི་འཕགས་པ་སྤྱན་རས་གཟིགས་སོ། །འདི་ནི་འཕགས་པ་མཐུ་ཆེན་ཐོབ་བོ་ཞེས་ལེགས་པར་ཤེས་ནུས་པ་དང་། བྱང་ཆུབ་སེམས་དཔའ་འདི་གཉིས་ཀྱིས་སངས་རྒྱས་འོད་དཔག་མེད་ལ་སེམས་ཅན་མ་ལུས་པ་ཡོངས་སུ་སྒྲོལ་བར་བྱེད་པའི་གྲོགས་དམ་པ་མཛད་པས་སོ། །འདི་ནི་སྣ་ཚོགས་ཡིད་ལ་བྱ་བ་ཞེས་བྱ་སྟེ་ཡིད་ལ་བྱེད་པ་བཅུ་གསུམ་པའོ། །

དེ་ལྟར་ཡིད་ལ་བྱེད་པ་ནི་ཡང་དག་པའི་ཡིད་བྱེད་ཞེས་བྱ་ཞིང་། དེ་ལས་གཞན་དུ་སེམས་པ་ནི་ལོག་པའི་ཡིད་བྱེད་པ་ཞེས་བྱའོ། །

དེ་ནས་དེ་བཞིན་གཤེགས་པས་བཙུན་པ་ཀུན་དགའ་བོ་དང་བཙུན་མོ་བློ་གྲོས་རྒྱན་བཟང་མར་སྨྲས་པ། བདེ་བ་ཅན་གྱི་ཞིང་དུ་སྐྱེ་བའི་གང་ཟག་ནི་རྣམ་པ་དགུར་ཡོད་དོ། །དེ་ཡང་སྐྱེ་བ་རབ་ཀྱི་རབ་ཅེས་བྱ་བ་ནི། བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་འདོད་པའི་གང་ཟག་གང་ཞིག་གིས་སེམས་རྣམ་པ་གསུམ་བསྐྱེད་ན་ཞིང་ཁམས་དེར་སྐྱེ་བ་ཡིན་ཏེ། སེམས་གསུམ་གང་ཞེ་ན། འདི་ལྟ་སྟེ། ཞིང་དེར་སྙིང་ནས་སྐྱེ་བར་འདོད་པ་དང་། ཡིད་ཆེས་ཀྱི་དད་འདུན་དང་། དགེ་རྩ་བསྔོ་ཞིང་སྐྱེ་བར་སྨོན་ལམ་འདེབས་པའོ། །སེམས་དེ་གསུམ་དང་ལྡན་པས་ནི་ངེས་པར་ཞིང་དེར་སྐྱེ་བ་ཡིན་ནོ། །

ཡང་གང་ཟག་རྣམ་པ་གསུམ་ཞིག་བདེ་བ་ཅན་དེར་སྐྱེ་བ་ཡིན་ཏེ། གསུམ་གང་ཞེ་ན། འདི་ལྟ་སྟེ།

བྱམས་པའི་སེམས་ཀྱིས་སེམས་ཅན་མི་གསོད་ཅིང་སྡོམ་པ་དང་ལྡན་པ་དང་། ཐེག་པ་ཆེན་པའི་མདོ་སྡེ་ཀློག་པ་དང་། རྗེས་སུ་དྲན་པ་དྲུག་ཉམས་སུ་བླངས་ནས་ཞིང་དེར་སྐྱེ་ཕྱིར་དགེ་བ་བསྔོ་ཞིང་སྨོན་ལམ་འདེབས་པའོ། །དེ་ལྟ་བུའི་དགེ་རྩ་ལྡན་པས་ནི་ཉིན་གཅིག་གམ་གཉིས་སམ་བདུན་གྱི་བར་གང་རུང་དུ་བརྩོན་པས་ཀྱང་ཞིང་དེར་སྐྱེ་བ་ཡིན་ནོ། །དེ་ཡང་ཇི་ལྟར་སྐྱེ་ན། གང་ཟག་འདི་བརྩོན་འགྲུས་ཀྱི་སྟོབས་དང་ལྡན་པས་དེའི་མདུན་དུ་དེ་བཞིན་གཤེགས་པ་སངས་རྒྱས་འོད་དཔག་མེད་དང་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ་དང་། སྤྲུལ་བའི་སངས་རྒྱས་གྲངས་མེད་པ་དང་། ཉན་ཐོས་ཀྱི་དགེ་སློང་བྱེ་བ་དང་། ལྷ་དཔག་ཏུ་མེད་པ་དང་། རིན་པོ་ཆེ་སྣ་བདུན་གྱི་ཕོ་བྲང་བཅས་སྣང་བར་འགྱུར། དེ་ནས་སངས་རྒྱས་འོད་དཔག་མེད་ཀྱི་སྐུ་ལུས་ལས་འོད་ཟེར་ཆེན་པོ་འཕྲོས་ཏེ་དེ་ལ་ཕོག་པ་དང་། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ་དང་བྱང་ཆུབ་སེམས་དཔའ་གྲངས་མེད་པས་བསུ་མ་མཛད་ཅིང་དེ་ཡི་སྤྱོད་པ་ལ་བསྟོད་ཅིང་དབུགས་དབྱུང་བར་བྱེད་དོ། །

གང་ཟག་དེས་ཀྱང་དེ་དག་མཐོང་བས་དགའ་བ་དང་སྤྲོ་བ་ཚད་མེད་པ་སྐྱེས་ནས་རང་ཉིད་ཀྱི་སྐུ་ལུས་དེ་མ་ཐག་ཏུ་རྡོ་རྗེ་པདྨའི་གདན་ལ་འཁོད་པར་མཐོང་ཞིང་སངས་རྒྱས་ཀྱི་ཕྱི་བཞིན་འབྲང་ནས་སྐད་ཅིག་ཙམ་ཀྱིས་བདེ་བ་ཅན་གྱི་ཞིང་དེར་སྐྱེ་བར་འགྱུར་བའོ། །དེར་སྐྱེས་མ་ཐག་ཏུ་མཚན་རྣམས་དང་ལྡན་པའི་སངས་རྒྱས་གཟུགས་ཀྱི་སྐུ་མངོན་སུམ་དུ་མཐོང་བ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐུའི་རྣམ་པ་ཡང་མཐོང་བའོ། །དེ་ནས་རིན་པོ་ཆེའི་ཤིང་དང་འོད་ཟེར་སོགས་ལས་ཀྱང་ཆོས་ཀྱི་སྒྲ་སྒྲོག་པར་ཐོས་ཤིང་ཐོས་ནས་ཀྱང་དེ་ཉིད་དུ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །

དེ་ནས་སྐད་ཅིག་ཙམ་གྱིས་ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་ལ་སོང་ནས་དེ་བཞིན་གཤེགས་པ་རྣམས་ལ་མཆོད་ཅིང་བསྙེན་བཀུར་བྱེད་པ་དང་། སངས་རྒྱས་དེ་དག་གི་མདུན་ནས་རིམ་གྱིས་ལུང་བསྟན་ཐོབ་པ་དང་སླར་ཡང་བདེ་བ་ཅན་གྱི་ཞིང་དེར་སླེབས་ནས་གཟུངས་ཀྱི་སྒོ་མཐའ་ཡས་པ་བརྒྱ་སྟོང་ཕྲག་དུ་མ་རབ་ཏུ་ཐོབ་པར་འགྱུར་བའོ། །འདི་ནི་སྐྱེ་བ་རབ་ཀྱི་རབ་ཅེས་བྱ་བའོ། །

དེ་ནས་སྐྱེ་བ་རབ་ཀྱི་འབྲིང་ཞེས་བྱ་བ་ནི། གང་ཞིག་མདོ་སྡེ་རྣམས་འཛིན་ཅིང་ཀློག་པར་མ་བྱས་ཀྱང་དེ་ཡི་དགོངས་དོན་ལེགས་པར་རྟོགས་པ་དང་། དོན་དམ་པའི་བདེན་པ་ལ་སེམས་མི་སྐྲགས་མི་དངངས་མི་གཡོ་བ་དང་། ལས་དང་འབྲས་བུའི་དོན་ལ་ཡིད་ཆེས་འགྱུར་བ་མེད་པ་དང་། ཐེག་པ་ཆེན་པའི་ཆོས་ལ་མི་སྨོད་པ་དང་། དེ་དག་ལ་སོགས་པའི་དགེ་རྩ་བསྔོ་བ་དང་ཞིང་དེར་སྐྱེ་བར་འདོད་པའི་འདུན་པ་དང་ལྡན་པ་རྣམས་ནི་ཚེ་འདི་འཕོས་མ་ཐག་ཏུ་སངས་རྒྱས་འོད་དཔག་མེད་དང་འཕགས་པ་སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ་རྣམས་ལ་འཁོར་གྲངས་མེད་པས་བསྐོར་བཞིན་གང་ཟག་དེའི་མདུན་དུ་སྣང་སྟེ་བསྟོད་བསྔགས་དང་དབུགས་དབྱུང་མཛད་པ་སྟེ། རིགས་ཀྱི་བུ། ཁྱོད་ཀྱིས་ཐེག་པ་ཆེན་པོའི་ཆོས་ལ་སྤྱོད་ཅིང་དོན་དམ་པའི་དགོངས་དོན་བརྙེས་པས་ད་ལྟ་བདེ་བ་ཅན་དུ་བསུ་བ་ཡིན་ནོ། །ཞེས་སངས་རྒྱས་སྤྲུལ་བ་ཡང་སྤྲུལ་བརྒྱ་སྟོང་ཕྲག་གིས་དུས་གཅིག་ཏུ་འདྲེན་པར་བྱེད་པའོ། །

དེའི་ཚེ་ན་གང་ཟག་དེས་ཀྱང་རང་ཉིད་པདྨའི་གདན་སྨུག་པོ་ལ་འཁོད་པར་མཐོང་བས་ཐལ་མོ་སྦྱར་བ་དང་ཕྱག་འཛུབ་བསྣོལ་ཏེ་དེ་བཞིན་གཤེགས་པ་རྣམས་ལ་བསྟོད་དབྱངས་གྱེར་བའི་སྐད་ཅིག་ཡུད་ཙམ་ལ་བདེ་བ་ཅན་གྱི་ཞིང་ཁམས་སུ་རིན་ཆེན་བདུན་གྱི་རྫིང་བུ་རུ་མེ་ཏོག་པདྨའི་སྙིང་པོ་ལ་བརྫུས་ཏེ་སྐྱེ་བར་འགྱུར་རོ། །སྐྱེས་ནས་ཀྱང་ཞག་གཅིག་ན་མེ་ཏོག་ཁ་ཕྱེ་ནས་སྐུ་ལུས་ཀྱང་གསེར་སྨུག་པོའི་མདོག་ལྟར་དུ་གྱུར་བ་དང་། ཞབས་འོག་ཏུ་རིན་པོ་ཆེ་བདུན་གྱི་མེ་ཏོག་འཁྲུངས་བ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐུ་ལས་དུས་གཅིག་ཏུ་བྱུང་བའི་འོད་དག་གང་ཟག་དེ་ལ་རག་པས་དེ་མ་ཐག་མིག་ལེགས་པར་ཕྱེ་བ་དང་། སྔོན་གྱི་བག་ཆགས་བརྟས་པས་སྒྲ་སྣ་ཚོགས་པ་ཐོས་པར་འགྱུར་བ་དང་། དེ་དག་ཐམས་ཅད་ཀྱང་ཟབ་མོ་སྟོང་པ་ཉིད་ཀྱི་སྒྲ་སྐད་ཉག་གཅིག་ཏུ་འགྱུར་བའོ། །

དེས་ཀྱང་པདྨའི་གདན་ལ་བབས་ཏེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཐལ་མོ་སྦྱར་ཞིང་ཕྱག་འཚལ་བ་དང་བསྟོད་པ་དང་བསྔགས་པར་བྱེད་དོ། །དེ་ནས་ཞག་བདུན་ནས་མངོན་པར་བྱང་ཆུབ་པ་ལས་ཕྱིར་མི་ལྡོག་པའི་སྐལ་བ་ཅན་དུ་འགྱུར་བས་ཕྱོགས་བཅུའི་ཞིང་ཁམས་རྣམས་སུ་བྱོན་ནས་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་དང་བཀུར་སྟི་བྱས་པ་དང་། སངས་རྒྱས་དེ་དག་ལས་ཀྱང་ཏིང་འཛིན་གྱི་སྒོ་དུ་མ་ཐོབ་པ་ཡིན་ནོ། །དེ་ནས་བར་བསྐལ་གཅིག་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ཅིང་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པ་ཡིན་ནོ། །འདི་ནི་སྐྱེ་བ་རབ་ཀྱི་འབྲིང་ཞེས་བྱ་བའོ། །

སྐྱེ་བ་རབ་ཀྱི་ཐ་མ་ཞེས་བྱ་བ་ནི། གང་ཞིག་ལས་འབྲས་ལ་ཡིད་ཆེས་ཤིང་ཐེག་པ་ཆེན་པའི་ཆོས་མི་སྨོད་པ་དང་བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་པ་སོགས་ཀྱི་དགེ་རྩ་བསྔོ་བ་དང་། ཞིང་དེར་སྐྱེ་བའི་འདུན་པ་དང་ལྡན་པ་དེ་ལ་ནམ་ཞིག་འཆི་བའི་དུས་བྱུང་བའི་ཚེ་ན། སངས་རྒྱས་འོད་དཔག་མེད་དང་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ། སྤྲུལ་བའི་སངས་རྒྱས་ལྔ་བརྒྱ་ཕྲག་བཅས་བྱོན་ནས་བསུ་མ་དང་འདྲེན་པར་མཛད་བཞིན་འདི་སྐད་དུ། རིགས་ཀྱི་བུ། ཁྱོད་ཀྱིས་ཡང་དག་པ་བླ་ན་མེད་པ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པས་ད་ལྟ་བདེ་བ་ཅན་དུ་བསུ་བ་ཡིན་ནོ། །ཞེས་བསྟོད་ཅིང་དབུགས་དབྱུང་བར་འགྱུར་བ་དང་། གང་ཟག་དེས་ཀྱང་དེ་དག་མཐོང་ཞིང་རང་ཉིད་ཀྱི་ལུས་ཀྱང་པདྨའི་གདན་ལ་འཁོད་པར་མཐོང་བ་དང་། དེར་འཁོད་པས་ཀྱང་མེ་ཏོག་ཁ་ཟུམ་སྟེ་སངས་རྒྱས་རྣམས་ཀྱི་ཕྱི་བཞིན་འབྲང་ནས་བདེ་བ་ཅན་རིན་པོ་ཆེ་སྣ་བདུན་གྱི་རྫིང་བུར་མངོན་པར་སྐྱེ་བར་འགྱུར་རོ། །དེ་ནས་ཉིན་གཅིག་དང་ཞག་གཅིག་གིས་མེ་ཏོག་པདྨའི་ཁ་ཕྱེ་བ་དང་། ཉིན་བདུན་ཀྱི་ཚེ་ན་སངས་རྒྱས་ཀྱི་ཞལ་མངོན་སུམ་དུ་མཐོང་བའོ། །

དེའི་ཚེ་སངས་རྒྱས་ཀྱི་སྐུ་མཐོང་ཡང་མཚན་དཔེ་རྣམས་ནི་གསལ་བོར་མི་མཐོང་མོད། དེ་ལྟ་བུའི་ཉིན་བདུན་ཕྲག་གསུམ་ན་མཚན་བཟང་དང་དཔེ་བྱད་རྣམས་ཀྱང་གསལ་བོར་མཐོང་བ་དང་། སྒྲ་སྐད་སྣ་ཚོགས་སུ་གྲགས་པ་ཐམས་ཅད་ཀྱང་དམ་པའི་ཆོས་འབའ་ཞིག་ཏུ་ཐོས་པ་དང་། ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ཐམས་ཅད་ལ་སོང་ནས་སངས་རྒྱས་རྣམས་ལ་མཆོད་པ་དང་རིམ་གྲོ་དང་བསྙེན་བཀུར་བྱས་པ་དང་སངས་རྒྱས་དེ་དག་གི་མདུན་ནས་ཀྱང་ཤིན་ཏུ་ཟབ་པའི་ཆོས་མཉན་པར་བྱེད་པའོ། །དེ་ནས་བར་བསྐལ་གསུམ་གྱིས་ཆོས་ཀྱི་སྒོ་བརྒྱ་ཕྲག་ལ་མངའ་བརྙེས་པ་དང་ས་རབ་ཏུ་དགའ་བར་གནས་པར་འགྱུར་བའོ། །འདི་ནི་སྐྱེ་བ་རབ་ཀྱི་ཐ་མ་ཞེས་བྱ་བའོ། །དེ་ལྟར་སྐྱེ་བ་རབ་ཡིད་ལ་བྱ་བ་སྟེ་ཡིད་ལ་བྱེད་པ་བཅུ་བཞི་པའོ། །

དེ་ལྟར་ཡིད་ལ་སེམས་པ་ནི་ཡང་དག་པའི་ཡིད་ལ་བྱེད་པ་ཞེས་བྱ་ཞིང་། དེ་ལས་གཞན་དུ་སེམས་པ་ནི་ལོག་པའི་ཡིད་ལ་བྱེད་པ་ཞེས་བྱའོ། །

དེ་ནས་དེ་བཞིན་གཤེགས་པས་བཙུན་པ་ཀུན་དགའ་བོ་དང་བཙུན་མོ་བློ་གྲོས་རྒྱན་བཟང་མར་འདི་ལྟར་བཀའ་སྩལ་པ། དེ་བཞིན་དུ་སྐྱེ་བ་འབྲིང་གི་རབ་ཅེས་བྱ་བ་ནི། སེམས་ཅན་གང་ཞིག་རྩ་བའི་སྡོམ་པ་ལྔ་བསྲུང་བ་དང་། བསྙེན་གནས་ཡན་ལག་བརྒྱད་ཀྱི་སྡོམ་པ་འཛིན་པ་དང་། སྡོམ་པ་གཞན་རྣམས་བསྲུང་ཞིང་སྐྱོན་གྱིས་རྙོགས་པ་མེད་པ་དང་། མཚམས་མེད་པ་ལྔ་མ་བྱས་པ་དང་། དགེ་རྩ་ཐམས་ཅད་ཞིང་དེར་སྐྱེ་བར་བསྔོ་ཞིང་བདེ་བ་ཅན་དུ་སྐྱེ་བར་དོན་དུ་གཉེར་བའི་འདུན་པ་དང་ལྡན་པའི་གང་ཟག་དེ་ནམ་ཞིག་འཆི་བའི་དུས་བྱུང་བའི་ཚེ་ན་སངས་རྒྱས་འོད་དཔག་མེད་ལ་འཁོར་དགེ་སློང་གི་དགེ་འདུན་གྱིས་བསྐོར་ཞིང་གསེར་གྱི་འོད་སྣ་ཚོགས་འཕྲོ་བ་དང་བཅས་ཏེ་མདུན་དུ་སྣང་བར་འགྱུར་རོ། །དེ་ལས་ཀྱང་མི་རྟག་པ་དང་། སྟོང་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། རབ་ཏུ་བྱུང་ནས་སྡུག་བསྔལ་རྣམས་བྲལ་བའི་བསྔགས་པ་སོགས་ཐོས་པར་འགྱུར་བས་སེམས་ལ་དགའ་བ་ཆེན་པོ་སྐྱེ་བར་འགྱུར་རོ། །

དེས་ཀྱང་རང་ཉིད་པདྨའི་གདན་ལ་འཁོད་པ་མཐོང་བ་དང་ཐལ་མོ་སྦྱར་ཞིང་པུས་མོ་ས་ལ་བཙུགས་ནས་སངས་རྒྱས་ལ་གུས་པས་ཕྱག་འཚལ་ལ། ཕྱག་འཚལ་ནས་མགོ་བོ་ཡར་མ་བཏེགས་གོང་དུ་བདེ་བ་ཅན་གྱི་ཞིང་དེར་སྐྱེ་བའོ། །སྐྱེ་མ་ཐག་དུ་མེ་ཏོག་པདྨའི་ཁ་ཕྱེ་བ་དང་མཉམ་དུ་སྒྲ་སྐད་སྣ་ཚོགས་པ་ལས་འཕགས་པའི་བདེན་པ་བཞིའི་ཆོས་ཐོས་པར་འགྱུར་བའོ། །དེ་ཡི་ཚེ་ན་དགྲ་བཅོམ་པའི་གོ་འཕང་འཐོབ་པར་འགྱུར་ཞིང་། དེ་ལ་རིག་པ་གསུམ་དང་མངོན་ཤེས་དྲུག་དང་། རྣམ་པར་གྲོལ་བ་བརྒྱད་ཀྱི་ཡོན་ཏན་རྣམས་ལྡན་ནོ། །འདི་ནི་སྐྱེ་བ་འབྲིང་གི་རབ་ཅེས་བྱ་བའོ། །

དེ་ནས་སྐྱེ་བ་འབྲིང་གི་འབྲིང་ཞེས་བྱ་བ་ནི། སེམས་ཅན་གང་ཞིག་ཉིན་ཞག་གཅིག་ཙམ་དུ་བསྙེན་གནས་ཡན་ལག་བརྒྱད་ཀྱི་སྡོམ་པ་བསྲུང་བ་དང་། ཉིན་ཞག་གཅིག་ཙམ་དུ་དགེ་ཚུལ་གྱི་སྡོམ་པ་བསྲུང་བ་དང་། ཉིན་ཞག་གཅིག་ཙམ་དུ་བསྙེན་པར་རྫོགས་པའི་སྡོམ་པ་བསྲུང་ཞིང་ཀུན་སྤྱོད་ཉམས་པ་མེད་པར་བྱས་པའི་དགེ་རྩ་བསྔོ་བ་དང་། བདེ་བ་ཅན་དུ་སྐྱེ་བར་འདོད་པའི་འདུན་པ་ཅན་ལ་ནི། དེ་ལྟའི་ཚུལ་ཁྲིམས་ཀྱི་དྲིས་རབ་ཏུ་བགོས་པས་ནམ་ཞིག་འཆི་བའི་དུས་བྱུང་བའི་ཚེ་ན་སངས་རྒྱས་འོད་དཔག་མེད་འཁོར་བཅས་འོད་དང་འོད་ཟེར་བཅས་ཏེ་གང་ཟག་དེའི་མདུན་དུ་སྣང་བར་འགྱུར་བའོ། །

དེའི་ཚེ་ནམ་མཁའ་ནས་བསྟོད་བསྔགས་ཀྱི་ཚིག་འདི་སྐད་དུ་ཐོས་པར་འགྱུར་བ་སྟེ། རིགས་ཀྱི་བུ། ཁྱོད་ནི་དགེ་བ་ལ་གནས་ཤིང་དུས་གསུམ་ཀྱི་སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་ལ་རྗེས་སུ་མཐུན་པར་སྤྱོད་པས་ད་ལྟ་བདེ་བ་ཅན་དུ་བསུ་བ་ཡིན་ནོ་ཞེས་བསྒྲགས་པ་དང་། རང་ཉིད་ཀྱང་པདྨའི་གདན་ལ་འཁོད་པ་མཐོང་བར་འགྱུར་བའོ། །དེ་ནས་པདྨའི་ཁ་ཟུམ་སྟེ་སྐད་ཅིག་ལ་ནུབ་བདེ་བ་ཅན་དུ་རིན་པོ་ཆེའི་རྫིང་བུར་པདྨའི་སྙིང་པོ་ལ་བརྫུས་ཏེ་སྐྱེ་བ་དང་། སྐྱེས་ནས་ཀྱང་ཞག་བདུན་ན་པདྨའི་ཁ་ཕྱེ་སྟེ། དེས་ཀྱང་མིག་ཕྱེ་ཞིང་ཐལ་མོ་སྦྱར་ནས་སངས་རྒྱས་རྣམས་ལ་བསྟོད་པ་བྱེད་པ་དང་། ཆོས་མཉན་པའི་དགའ་བ་དང་སྤྲོ་བ་རབ་ཏུ་འཕེལ་བཞིན་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པའོ། །དེ་ནས་བསྐལ་པ་ཕྱེད་ཙམ་ན་དགྲ་བཅོམ་པའི་གོ་འཕང་བརྙེས་པ་སྟེ། འདི་ནི་སྐྱེ་བ་འབྲིང་གི་འབྲིང་ཞེས་བྱ་བའོ། །

དེ་ནས་སྐྱེ་བ་འབྲིང་གི་ཐ་མ་ཞེས་བྱ་བ་ནི། འདི་ལྟ་སྟེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཞིག་གིས་ཕ་དང་མ་ལ་བསྙེན་བཀུར་བྱས་པ་དང་། འཇིག་རྟེན་ཀུན་ལ་བྱམས་བརྩེའི་སྤྱོད་པས་ནི་རེ་ཞིག་ཚེ་འཕོས་པར་ཉེ་བ་ན་བླ་མ་དགེ་བའི་བཤེས་གཉེན་དང་འཕྲད་པར་འགྱུར། འཕྲད་ནས་ཀྱང་དེས་འོད་དཔག་མེད་བདེ་བ་ཅན་གྱི་བདེ་དགེ་བླ་ན་མེད་པ་དང་སྔོན་དགེ་སློང་ཆོས་ཀྱི་སྙིང་པོས་སྨོན་ལམ་ཆེན་པོ་ཞེ་བརྒྱད་བཏབ་པའི་ཚུལ་དག་རྒྱས་པར་གསུང་བར་འགྱུར་བའོ། །

དེ་དག་ཐོས་ནས་ཚེ་འཕོས་པ་ན། སྐྱེས་བུ་སྟོབས་ལྡན་གྱི་དཔུང་པ་རྐྱོང་སྐུམ་ཙམ་གྱི་ཡུན་ལ་ནུབ་བདེ་བ་ཅན་དུ་སྐྱེ་བར་འགྱུར་བའོ། །དེ་ནས་ཞག་བདུན་ན་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ་དག་ཀྱང་མཇལ་བར་འགྱུར་བ་དང་། དམ་ཆོས་ཐོས་ནས་དགའ་བ་དང་སྤྲོ་བ་སྐྱེ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ། དེ་ནས་བར་བསྐལ་གཅིག་གིས་དགྲ་བཅོམ་པའི་གོ་འཕང་འཐོབ་པའོ། །འདི་ནི་སྐྱེ་བ་འབྲིང་གི་ཐ་མ་ཞེས་བྱ་བའོ། །དེ་ལྟར་སྐྱེ་བ་འབྲིང་ཡིད་ལ་བྱ་བ་སྟེ་ཡིད་ལ་བྱེད་པ་བཅོ་ལྔ་པའོ། །

དེ་ལྟར་ཡིད་ལ་སེམས་ནི་ཡང་དག་པའི་ཡིད་ལ་བྱེད་པ་ཞེས་བྱ་ཞིང་། དེ་ལས་གཞན་དུ་སེམས་པ་ནི་ལོག་པའི་ཡིད་ལ་བྱེད་པ་ཞེས་བྱའོ། །

དེ་ནས་དེ་བཞིན་གཤེགས་པས་བཙུན་པ་ཀུན་དགའ་བོ་དང་བཙུན་མོ་བློ་གྲོས་རྒྱན་བཟང་མར་བཀའ་སྩལ་པ། དེ་ནས་སྐྱེ་བ་ཐ་མའི་རབ་ཅེས་བྱ་བ་ནི། སེམས་ཅན་གང་ཞིག་ཐེག་པ་ཆེན་པོའི་མདོ་སྡེ་ལ་བསྐུར་བ་མ་བཏབ་ཀྱང་སྡིག་པ་ཆེས་མང་པོར་བྱས་པ་དང་། དེ་ལྟའི་གང་ཟག་བླུན་པོ་སྡིག་པའི་ལས་མང་དུ་བསགས་ཀྱང་ངོ་ཚ་བ་མེད་པ་གང་ཡིན་པ་དེ་ནམ་ཞིག་འཆི་བ་ལ་ཉེ་བ་ན་བླ་མ་དགེ་བའི་བཤེས་གཉེན་དང་འཕྲད་པ་དང་། དེས་ཀྱང་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་སྡེ་སྣོད་རྣམས་ཀྱི་མཚན་གྱི་རྣམ་གྲངས་ཀྱི་བསྔགས་པ་བརྗོད་པར་འགྱུར་བའོ། །

གང་ཟག་དེས་ཀྱང་དེ་ལྟར་མདོ་སྡེ་ཡི་མཚན་ཙམ་ཐོས་པས་བསྐལ་པ་སྟོང་གི་སྡིག་པ་ཆེན་པོ་རྣམས་འདག་པར་འགྱུར་བ་དང་། ཡང་མཁས་པ་དགེ་བའི་བཤེས་གཉེན་དེས་ཐལ་མོ་ཇི་ལྟར་སྦྱར་བའི་ཚུལ་སློབ་པ་དང་། སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ་ཞེས་བརྗོད་ཅིང་སློབ་པར་བྱེད་པའོ། །དེ་ལྟར་སངས་རྒྱས་ཀྱི་མཚན་བརྗོད་པས་བསྐལ་བ་དུང་ཕྱུར་ལྔ་བཅུ་ཕྲག་གི་སྐྱེ་འཆིའི་རྒྱུ་སྡིག་པ་འདག་པ་ཡིན་ནོ། །

དེ་ཡི་ཚེ་ན། སངས་རྒྱས་ཀྱི་རྣམ་པར་འཕྲུལ་བའི་སྤྲུལ་བའི་འོད་དཔག་མེད་དང་། སྤྲུལ་བའི་སྤྱན་རས་གཟིགས་དང་། སྤྲུལ་བའི་མཐུ་ཆེན་ཐོབ་བཅས་བྱུང་སྟེ་གང་ཟག་དེའི་མདུན་དུ་སྣང་བར་འགྱུར་ཞིང་བསྟོད་པའི་ཚིག་གིས་འདི་སྐད་དུ། ཀྱེ་རིགས་ཀྱི་བུ། ཁྱོད་ཀྱི་སངས་རྒྱས་ཀྱི་མཚན་བརྗོད་ནས་སྡིག་པ་ཐམས་ཅད་དག་པས་ད་ལྟ་བདེ་བ་ཅན་དུ་བསུ་བ་ཡིན་ནོ་ཞེས་གསུང་པ་དང་། རང་གི་ཁང་ཁྱིམ་ཐམས་ཅད་སངས་རྒྱས་སྤྲུལ་བའི་སྐུའི་འོད་ཟེར་གྱིས་ཡོངས་སུ་ཁྱབ་པ་དག་མཐོང་བར་འགྱུར། དེ་དག་མཐོང་ནས་ཀྱང་སེམས་དགའ་བའི་ངང་ཚེ་དུས་བྱས་པའོ། །

དེ་ནས་པདྨའི་གདན་ལ་འཁོད་ནས་སླར་སངས་རྒྱས་སྤྲུལ་བའི་རྗེས་སུ་འབྲང་སྟེ་བདེ་བ་ཅན་དུ་རིན་པོ་ཆེའི་རྫིང་བུར་སྐྱེ་བ་བཞེས་པའོ། །སྐྱེས་ནས་ཀྱང་ཞག་བདུན་བདུན་ན་པདྨའི་ཁ་ཕྱེ་བ་དང་། དེ་ཡི་ཚེ་ན། བྱང་ཆུབ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་མཐུ་ཆེན་ཐོབ་གཉིས་ཀྱང་འོད་དང་འོད་ཟེར་བཅས་ཏེ་གང་ཟག་དེའི་མདུན་དུ་སྣང་བར་འགྱུར་ཞིང་ཤིན་ཏུ་ཟབ་པའི་སྡེ་སྣོད་བཅུ་གཉིས་ཀྱང་གསུང་བར་འགྱུར། དེ་ཐོས་ནས་ཀྱང་ངེས་ཤེས་སྐྱེས་ཏེ་བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར།

དེ་ནས་བར་བསྐལ་བཅུ་ཙམ་ན་ཆོས་ཀྱི་སྒོ་མོ་བརྒྱ་ཕྲག་ལ་མངའ་བརྙེས་ཏེ་ས་དང་པོ་འཐོབ་པར་འགྱུར་བའོ། །འདི་ནི་སྐྱེ་བ་ཐ་མའི་རབ་ཅེས་བྱ་བའོ། །

དེ་ལྟར་སངས་རྒྱས་ཀྱི་མཚན་དང་། ཆོས་ཀྱི་མཚན་དང་། དགེ་འདུན་གྱི་མཚན་སྟེ་དཀོན་མཆོག་གསུམ་གྱི་མཚན་ཐོས་པས་བདེ་བ་ཅན་དུ་སྐྱེ་བ་ཡིན་ནོ། །

དེ་ནས་དེ་བཞིན་གཤེགས་པས་བཙུན་པ་ཀུན་དགའ་བོ་དང་བཙུན་མོ་བློ་གྲོས་རྒྱན་བཟང་མ་ལ་འདི་ལྟར་དུ་བཀའ་སྩལ་ཏོ། །སེམས་ཅན་བླུན་པོ་གང་ཞིག་རྩ་བའི་སྡོམ་པ་ལྔ་དང་། བསྙེན་གནས་ཡན་ལག་བརྒྱད་ཀྱི་སྡོམ་པ་དང་། བསྙེན་པར་རྫོགས་པའི་སྡོམ་པ་རྣམས་ཉམས་པར་བྱེད་པ་དང་། དགེ་འདུན་སྤྱི་ལ་དབང་བའི་ནོར་རྫས་དང་ཆེད་དུ་བསྔོས་པའི་ནོར་རྫས་རྣམས་རྐུ་བར་བྱེད་པ་དང་། སེམས་མ་དག་པས་གཞན་ལ་ཆོས་འཆད་པ་དང་ངོ་ཚ་ཁྲེལ་མེད་པ་སྟེ་སྡིག་པ་རྣམ་པ་མང་པོ་དག་རང་གི་རྒྱན་དུ་རློམ་པར་བྱེད་པའོ། །དེ་ལྟ་བུའི་གང་ཟག་ཉེས་ཅན་དེ་ནི་སྡིག་པ་ཆེན་པོའི་སྟོབས་ཀྱིས་དམྱལ་བའི་གནས་སུ་ལྟུང་བར་འགྱུར། ཚེ་འདི་འཕོ་བ་ལ་ཉེ་བ་ན་དམྱལ་བའི་མེས་དུས་གཅིག་ཏུ་གདུང་བར་འགྱུར་བའོ། །

དེ་ཡི་ཚེ་ན། བླ་མ་དགེ་བའི་བཤེས་གཉེན་དང་འཕྲད་པར་འགྱུར་བ་དང་། དེས་ཀྱང་ཐུགས་བྱམས་བརྩེ་ཆེན་པོས་གང་ཟག་དེ་ལ་སངས་རྒྱས་འོད་དཔག་མེད་ཀྱི་སྟོབས་བཅུའི་ཡོན་ཏན་དང་། འོད་ཟེར་དང་རྫུ་འཕྲུལ་གྱི་སྟོབས་དང་། ཚུལ་ཁྲིམས་དང་། ཏིང་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ལྟ་བ་རྣམས་ཀྱི་བསྟོད་པ་རྒྱ་ཆེར་བརྗོད་པར་འགྱུར་རོ། །དེས་ཀྱང་དེ་སྐད་དུ་ཐོས་ནས་བསྐལ་བ་དུང་ཕྱུར་བརྒྱད་ཅུའི་སྐྱེ་འཆིའི་རྒྱུ་སྡིག་པ་དག་པ་དང་། དམྱལ་བའི་མེ་དཔུང་དྲག་པོ་ཡང་བསིལ་བའི་རླུང་དུ་འགྱུར་བ་དང་། རླུང་གིས་ཀྱང་ལྷ་ཡི་མེ་ཏོག་སྣ་ཚོགས་རྣམ་པར་གཡོ་བ་དང་། མེ་ཏོག་དེ་དག་གི་སྟེང་ན་སྤྲུལ་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སྣང་ནས་གང་ཟག་དེ་བདེ་བ་ཅན་དུ་བསུ་བར་བྱེད་དོ། །

དེ་ནས་སྐད་ཅིག་ཙམ་གྱིས་བདེ་བ་ཅན་དུ་རིན་པོ་ཆེ་སྣ་བདུན་ཀྱི་རྫིང་བུ་རུ་མེ་ཏོག་པདྨའི་སྙིང་པོ་ལ་བརྫུས་ཏེ་སྐྱེ་བ་ལེན་ནོ། །དེ་ནས་བསྐལ་བ་དྲུག་ན་མེ་ཏོག་པདྨའི་ཁ་ཕྱེ་ཞིང་འཕགས་པ་སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ་རྣམ་གཉིས་མཇལ་ནས་དབུགས་དབྱུང་ཐོབ་པ་དང་། དེ་བཞིན་དུ་ཚངས་པའི་དབྱངས་ཀྱིས་ཐེག་པ་ཆེན་པོའི་མདོ་སྡེ་ཟབ་མོའི་ཆོས་གསུངས་པ་རྣམས་ཐོས་ནས་བླ་ན་མེད་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བྱེད་པའོ། །འདི་ནི་སྐྱེ་བ་ཐ་མའི་འབྲིང་ཞེས་བྱ་བའོ། །

དེ་ནས་དེ་བཞིན་གཤེགས་པས་བཙུན་པ་ཀུན་དགའ་བོ་དང་བཙུན་མོ་བློ་གྲོས་རྒྱན་བཟང་མར་འདི་ལྟར་དུ་བཀའ་སྩལ་པ། དེ་ནས་སྐྱེ་བ་ཐ་མའི་ཐ་མ་ཞེས་བྱ་བ་ནི། སེམས་ཅན་གང་ཞིག་མི་དགེ་བ་བཅུ་དང་། མཚམས་མེད་པ་ལྔ་དང་། གཞན་སྡིག་པ་མི་དགེ་བ་དག་ལ་སྤྱོད་པར་བྱེད་པའོ། །བླུན་པོ་དེ་སྡིག་པའི་སྟོབས་ཀྱིས་ངན་སོང་དུ་ལྷུང་ནས་བསྐལ་བ་མང་པོར་སྡུག་བསྔལ་ཐུག་པ་མེད་པ་མྱོང་བར་འགྱུར་རོ། །ནམ་ཞིག་གང་ཟག་བླུན་པོ་དེ་འཆི་བའི་དུས་བྱུང་བའི་ཚེ་ན། བླ་མ་དགེ་བའི་བཤེས་གཉེན་དང་འཕྲད་པ་དང་། དེས་ཀྱང་ཐབས་སྣ་ཚོགས་ཀྱིས་དབུགས་དབྱུང་མཛད་ཅིང་དམ་པའི་ཆོས་བསྟན་ཏེ་སངས་རྒྱས་ཡིད་ལ་བྱེད་པའི་ཚུལ་སློབ་པར་བྱེད་པའོ། །དེ་ལྟ་ནའང་གང་ཟག་དེ་སྡུག་བསྔལ་གྱིས་རྣམ་པར་གཟུར་བས་སངས་རྒྱས་ཡིད་ལ་བྱེད་པའི་ལོངས་མེད་དོ། །

དེའི་ཚེ་ན་དགེ་བའི་བཤེས་གཉེན་དམ་པས་འདི་སྐད་དུ། ཁྱོད་ཀྱིས་སངས་རྒྱས་ཡིད་ལ་བྱེད་པར་མི་ནུས་ན་སངས་རྒྱས་འོད་དཔག་མེད་ཀྱི་མཚན་ཀློག་པར་བྱོས་ཤིག སེམས་རབ་ཏུ་བསྒྲིམས་ནས་ལན་བཅུའི་བར་དུ་མཚམས་མ་ཆད་པར་སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ་ཞེས་འདོན་པར་བྱ་བ་གསུང་པ་དང་། དེས་ཀྱང་དེ་ལྟར་སངས་རྒྱས་ཀྱི་མཚན་བརྗོད་པའི་ཕན་ཡོན་གྱིས་སྐད་ཅིག་ཙམ་ལ་བསྐལ་པ་དུང་ཕྱུར་བརྒྱད་ཅུའི་འཁོར་བར་སྐྱེ་འཆིའི་རྒྱུ་སྡིག་པ་རྣམས་དག་པར་འགྱུར་བ་དང་། འཆི་བའི་ཚེ་ན་ཡུད་ཙམ་ཞིག་གིས་བདེ་བ་ཅན་དུ་སྐྱེ་བར་འགྱུར་བའོ། །

དེ་ནས་བསྐལ་པ་བཅུ་གཉིས་ན་གཟོད་པདྨའི་ཁ་ཕྱེ་བ་དང་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ་དག་གིས་ཐུགས་བརྩེ་བ་ཆེན་པོས་གནས་ལུགས་དེ་ཁོ་ན་ཉིད་ཀྱིས་སྡིག་པ་སྦྱོང་ཚུལ་སོགས་ཀྱི་ཆོས་རྒྱ་ཆེར་བསྟན་པ་རྣམས་ཐོས་ནས་དགའ་བ་ཚད་མེད་སྐྱེས་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའོ། །འདི་ནི་སྐྱེ་བ་ཐ་མའི་ཐ་མ་ཞེས་བྱ་བའོ། །དེ་ལྟར་སྐྱེ་བ་ཐ་མ་ཡིད་ལ་བྱ་བ་སྟེ་ཡིད་ལ་བྱེད་པ་བཅུ་དྲུག་པའོ། །

དེ་ལྟར་ཡིད་ལ་སེམས་པ་ནི་ཡང་དག་པའི་ཡིད་ལ་བྱེད་པ་ཞེས་བྱ་ཞིང་། དེ་ལས་གཞན་དུ་སེམས་པ་ནི་ལོག་པའི་ཡིད་ལ་བྱེད་པ་ཞེས་བྱའོ། །

དེའི་ཚེ་བཅོམ་ལྡན་འདས་ཀྱིས་དེ་སྐད་དུ་གསུང་པ་དང་། བཙུན་མོ་བློ་གྲོས་རྒྱན་བཟང་མ་འཁོར་བུ་མོ་ལྔ་བརྒྱ་དང་བཅས་ཀྱིས་སངས་རྒྱས་ཀྱི་གསུང་རྣམས་ལེགས་པོར་ཐོས་སོ། །དེ་ཡི་ཚེ་ན། ཐམས་ཅད་ཀྱིས་བདེ་བ་ཅན་གྱི་རྒྱ་ཆེའི་བཀོད་པ་དང་། སངས་རྒྱས་འོད་དཔག་མེད་དང་། བྱང་ཆུབ་སེམས་དཔའ་རྣམ་གཉིས་བཅས་མངོན་སུམ་དུ་མཐོང་བར་གྱུར་ཏོ། །དེ་དག་ལ་སྔོན་ཆད་བྱུང་མ་མྱོང་བའི་དགའ་བ་སྐྱེས་ཞིང་མངོན་པར་རྟོགས་པ་འཁྲུངས་ཏེ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་དང་། འཁོར་བུ་མོ་ལྔ་བརྒྱས་དུས་གཅིག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་དང་བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་ཡང་བཏབ་བོ། །

དེ་ནས་སངས་རྒྱས་ཀྱིས་ཀྱང་། དེ་དག་ཐམས་ཅད་བདེ་བ་ཅན་དུ་སྐྱེ་བར་འགྱུར་ཞིང་སྐྱེས་ནས་ཀྱང་སངས་རྒྱས་མངོན་དུ་གྱུར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་པའི་ལུང་བསྟན་པར་གྱུར་ཏོ། །དེའི་ཚེ་ལྷ་དཔག་ཏུ་མེད་པས་ཀྱང་བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །

དེ་ནས་བཙུན་པ་ཀུན་དགའ་བོ་གདན་ལས་བཞེངས་ཏེ་སངས་རྒྱས་ལ་འདི་སྐད་དུ་གསོལ་བ། བཅོམ་ལྡན་འདས། དེ་ལྟ་ན་མདོ་འདིའི་མཚན་ལ་ཇི་སྐད་ཅེས་བྱ་ཞེས་དང་། ཆོས་འདིའི་གནད་རྣམས་ཇི་ལྟར་གཟུང་བར་བྱ། ཞེས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། འདི་ལྟ་སྟེ། མདོ་འདིའི་མཚན་ལ་བདེ་བ་ཅན་གྱི་ཞིང་ཁམས་སངས་རྒྱས་འོད་དཔག་མེད་དང་འཕགས་པ་སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ་ཡིད་ལ་བྱེད་པའི་མདོ་ཞེས་བྱ་བའམ། སྡིག་སྒྲིབ་རྣམ་པར་དག་ནས་སངས་རྒྱས་ཀྱི་མདུན་དུ་སྐྱེ་བའི་མདོ་ཞེས་ཀྱང་བྱའོ། །འདི་ནི་ཁྱོད་ཀྱིས་མ་བརྗེད་པར་གཟུང་བར་བྱའོ། །འདི་ལྟའི་ཏིང་ངེ་འཛིན་ལ་སྤྱོད་པས་ཚེ་འདིར་ཡང་སངས་རྒྱས་འོད་དཔག་མེད་དང་བྱང་ཆུབ་སེམས་དཔའ་རྣམ་གཉིས་མཐོང་བར་འགྱུར་རོ། །

རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཞིག་གིས་སངས་རྒྱས་འོད་དཔག་མེད་དང་འཕགས་པ་སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ་ཀྱི་མཚན་ཙམ་ཐོས་པས་ཀྱང་བསྐལ་པ་དཔག་ཏུ་མེད་པའི་སྐྱེ་འཆིའི་རྒྱུ་སྡིག་པ་དག་པར་འགྱུར་ན། དངོས་སུ་ཡིད་ལ་བྱས་པས་ལྟ་ཅི་སྨོས། འདི་ལྟར་ཤེས་པར་བྱ་སྟེ། གང་ཞིག་སངས་རྒྱས་ཡིད་ལ་བྱེད་པའི་མི་གང་ཡིན་པ་དེ་ནི་མིའི་ནང་ན་པདྨ་དཀར་པོ་ལྟ་བུ་སྟེ་བྱང་ཆུབ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ་ཀྱང་དེའི་གྲོགས་སུ་འགྱུར་བ་དང་། སངས་རྒྱས་ཀྱི་རིགས་སུ་སྐྱེས་ནས་མངོན་པར་བྱང་ཆུབ་པར་འགྱུར་པ་ཡིན་ནོ། །

དེ་ནས་སངས་རྒྱས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། ཁྱོད་ཀྱི་འདི་ལྟར་ལེགས་པར་ཟུངས་ཤིག་འདི་ལྟར་གཟུང་བ་ནི་སངས་རྒྱས་འོད་དཔག་མེད་ཀྱི་མཚན་ལེགས་པར་བཟུང་བ་ཡིན་ནོ། །སངས་རྒྱས་ཀྱི་དེ་སྐད་དུ་གསུང་པ་དང་། བཙུན་པ་མོའུ་འགལ་གྱི་བུ་དང་། བཙུན་པ་ཀུན་དགའ་བོ་དང་། བཙུན་མོ་བློ་གྲོས་རྒྱན་བཟང་མ་སོགས་ཀྱིས་སངས་རྒྱས་ཀྱི་གསུང་རྣམས་ཐོས་ནས་རབ་དུ་དགའ་བར་གྱུར་ཏོ། །

དེའི་ཚེ་སངས་རྒྱས་ནམ་མཁར་གཤེགས་ཏེ་སླར་བྱ་རྒོད་ཕུང་པོའི་རི་བོར་བྱོན་པར་གྱུར་ཏོ། །དེ་ནས་ཀུན་དགའ་བོ་དང་། འཁོར་རྣམས་ལ་འདི་དག་རྒྱ་ཆེར་བཤད་པ་དང་། ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་བཅས་པའི་སེམས་ཅན་གྲངས་མེད་པས་སངས་རྒྱས་ཀྱི་གསུང་པ་དག་ཐོས་ནས་རབ་ཏུ་དགའ་སྟེ་སངས་རྒྱས་ལ་ཕྱག་འཚལ་ཞིང་རང་རང་གི་གནས་སུ་ཕྱིན་ཏོ། །བདེ་བ་ཅན་འོད་དཔག་མེད་ཡིད་ལ་བྱ་བ་ཞེས་བྱ་བའི་མདོ་རྫོགས་སོ།། །།

སྔོན་རྒྱལ་རབས་ལྷོ་བྱང་མའི་དུས་སུ་སྡེ་སྣོད་གསུམ་པ་ཅིང་ལང་ཡེ་སེ་ཞེས་པའི་ལོ་ཙཱ་བས་ལེགས་སྦྱར་གྱི་སྐད་ནས་རྒྱ་ནག་གི་སྐད་དུ་བསྒྱུར་བ་ཡིན་ལ། སྔོན་ཆད་མདོ་འདི་འཛམ་གླིང་ཐ་གྲུ་ཀུན་དུ་དར་ཁྱབ་ཆེ་ཞིང་བྱིན་རླབས་ཆེ་བར་གྲགས། དེང་སྐབས་ལེགས་སྦྱར་གྱི་དཔེ་ནུབ། ཡུ་གུར་གྱི་ཡི་གེ་ཁ་མ་ཚང་བ་ཞིག་དང་། དབྱིན་ཇིའི་སྐད་ཡིག་ཐོག་ཏུ་ཡོད་པ་ཙམ་ལས་ཆེས་དཀོན་པའི་གནས་སུ་མཐོང་སྟེ། བོད་ཀྱི་བན་དེ་བསོད་དར་རྒྱས་སུ་འབོད་པ་དེས་ཞིབ་མོའི་བློ་ཡིས་རྒྱ་ནག་གི་དཔེ་ཁུང་དག་རྣམས་ལ་གཏུགས་ནས། ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཤྲཱི་སེང་བྷ་ལ་ཞེས་དུས་བཞིར་དབྱར་གྱི་དཔལ་ཡོན་བཞད་ཅིང་དགུན་གྱི་མིང་ཙམ་ཡང་མི་གྲགས་པའི་གནས་མཆོག་ཉམས་དགའ་བ་དེར། གངས་ཅན་བོད་ཀྱི་སྐད་དུ་བསྒྱུར་བ་འདིས་ཀྱང་འབྲེལ་ཚད་བདེ་བ་ཅན་དུ་སྐྱེ་བའི་རྒྱུར་གྱུར་ཅིག མངྒ་ལཾ།། །།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༩ རྡོ་རྗེ་ཕ་ལམ་གྱི་ཕྲེང་རྡོག་༣༦༥

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡ བསླབ་བྱ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༢ འོད་དཔག་མེད་ཀྱི་ཞིང་ཡིད་ལ་བྱེད་པའི་མདོ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༣ ས་ཡི་སྙིང་པོའི་རྩ་བའི་སྨོན་ལམ་གྱི་མདོ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༤ བཀྲ་ཤིས་པའི་མདོ་ཞེས་བྱ་བ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༥ ཕ་མའི་དྲིན་ལན་གཞལ་དཀའ་བའི་མདོ་ཞེས་བྱ་བ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༦ ཕ་མ་སྐྱོབ་པའི་མདོ་ཞེས་བྱ་བ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༧ བུ་མོ་མ་ཏཾ་གའི་མདོ་ཞེས་བྱ་བ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༨ ལུང་དག་ལྡན་ཞེས་བྱ་བ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༩ སངས་རྒྱས་འདའ་ཁའི་ཞལ་ཆེམས་ཀྱི་མདོ་ཞེས་བྱ་བ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༠ རབ་བྱེད་ཞེ་གཉིས་པའི་མདོ་ཞེས་བྱ་བ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༡ རབ་ཏུ་བྱུང་བའི་ཕན་ཡོན་ལ་བསྟོད་པ་ཚིགས་སུ་བཅད་པའི་མདོ་ཞེས་བྱ་བ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༢ བདེ་ཆེན་ཞིང་སྦྱོང་གི་བསྟན་བཅོས་ཚིགས་བཅད་མའི་རྣམ་པར་བཤད་པ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༣ རྒྱ་ནག་རི་བོ་རྩེ་ལྔའི་གནས་བཤད་མཐོང་ལྡན།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༤ སྙིང་གཏམ་སྙིང་གི་ཐིག་ལེའི་འགྲེལ་བ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༥ དྲན་ངོགས་ཀྱི་ནུབ་བསྐྱོད།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༦ དྲན་ངོགས་ཀྱི་རྨི་སྣང་།

འབྲེལ་ཡོད་ཀློག་དེབ།

记笔记

这段是(可多选,也可不选)

这段有错

你选中的(位置已自动记录)

哪里不对?(可多选)

称呼与邮箱都可以不填。只用于就这一条联系你,不做他用、不进任何名单,别人看不到你提的内容。