纽约佛学会

第1课

གླེང་སློང་བ།

༡༩༩༠ལོའི་དཔྱིད་ཁར། ཆོས་ཀྱི་རྗེ་ཉིད་གཟིམས་ཁང་ལེབ་མོ་ཆུང་ངུ་ཞིག་གི་ནང་དུ་བཞུགས་ནས། ཚོགས་མང་འདུས་པ་སྤྱི་ལ་སྨིན་གླིང་གཏེར་ཆེན་གྱིས་མཛད་པའི་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་འགྲེལ་བ་གསུངས། སློབ་གསེང་གི་དུས་ཚོད་ལ་ངས་རྒྱ་རིགས་ཀྱི་དགེ་འདུན་པ་རྣམས་ལ་འཇུག་ཊིག་དགོངས་པ་རབ་གསལ་དང་བོད་ཀྱི་དགེ་འདུན་པ་འགའ་རེར་མཁས་འཇུག་བཤད། དེ་དང་མཉམ་དུ། རྒྱ་གར་ནས་ཕེབས་པའི་མཁན་པོ་རྣམ་གྲོལ་གྱིས་སྒར་གྱི་མཁན་པོ་རྣམས་ལ་དབུ་མ་འཇུག་པ་གསུངས། ཉིན་ཞིག་ཆོས་ཀྱི་རྗེ་ཉིད་ཀྱིས་ང་རང་སྐུ་མདུན་ལ་བོས་ནས། གློ་བུར་དུ་ཞལ་ནས། ཁྱོད་རྒྱ་གར་ལ་འགྲོ་འདོད་ཨེ་ཡོད་ཅེས་དྲིས་བྱུང་། ངས་རང་ཤུགས་ཀྱིས། འགྲོ་འདོད་ལོས་ཡོད་ལགས་ཞུས།

ཆོས་ཀྱི་རྗེའི་ཞལ་ནས། རྒྱ་གར་འཕགས་ཡུལ་གྱི་སྨིན་གྲོལ་གླིང་ལ་ཆོས་གསུང་བདག་མཁན་པོ་ཞིག་དགོས་པར་འདུག གལ་སྲིད་ཁྱོད་འགྲོ་རྒྱུ་རེད་ན་དེ་རུ་ལོ་གསུམ་ལ་འདུག་ཨེ་ཐུབ་ཅེས་གསུངས།

སྐབས་དེ་དུས་ཆོས་ཀྱི་རྗེ་ཉིད་རྒྱ་གར་ལ་འབྱོན་རྒྱུ་ཡིན་པའི་གཏམ་འཁྱར་སྣ་ཚོགས་ཡོད་པས། སློབ་མ་ཐམས་ཅད་ཀྱིས་བླ་མ་དང་མཉམ་དུ་འགྲོ་རྒྱུ་ཡོང་བའི་རེ་བ་ཆེན་པོ་བཅངས། ད་རུང་མཁན་པོ་རྣམ་གྲོལ་གྱིས་ཀྱང་རྒྱུན་དུ་རྒྱ་གར་གྱི་མཛེས་སྡུག་དང་དེའི་གནམ་གཤིས་དྲོ་ལ་འཇམ་ཞིང་། ཐ་ན་དགུན་ཁ་ལ་ཡང་གོས་མཐུག་པོ་རང་གོན་མི་དགོས་པ་ཡོད་སོགས་བཤད་པས། ཐམས་ཅད་ཀྱིས་དེ་ལ་ཡིད་སྨོན་སྔར་ལས་ཀྱང་ཆེ་བ་སྐྱེས། གློ་བུར་དུ་ཆོས་ཀྱི་རྗེའི་ཞལ་ནས་དེ་ལྟར་འདྲི་བར་མཛད་པ་ཐོས་ཚེ། ངས་བསམ་བློ་ཡང་མ་བཏང་བར། འགྲོ་ཐུབ་ན་ལོ་གསུམ་ལ་སྡོད་དགོས་ཀྱང་ཆེར་མི་སྐྱོན། ཞེས་ལན་ཞུས་པ་ཡིན།

ཆོས་ཀྱི་རྗེ་ཉིད་ཀྱིས་དབུ་ལྕོག་ལྕོག་རེ་མཛད་དེ་ཞལ་ནས། ཁྱོད་ཀྱིས་དང་པོ་གཞན་ལ་བཤད་མི་ཉན། ཐོབ་དཔང་མི་ཆེ་གེ་མོ་ཞིག་གི་ལག་ལ་སྤྲད་ནས་ལམ་ཡིག་བཟོས་གསུངས།

སྐབས་དེར། ཆོས་ཀྱི་རྗེ་ཉིད་ཀྱིས་གསོལ་ཇ་བཞེས་བཞིན་གསུངས་ཤིང་། ཕྱག་ཏུ་པེ་ཅིང་ནས་ཉོས་མཛད་པའི་གཡང་ཊི་དཀར་པོའི་ཞལ་ཕོར་བསྣམས་འདུག་ལ། སྐུ་གམ་དུ་ཁྱི་གུ་མང་པོས་བསྐོར་འདུག་པ་དང་། ནེའུ་ལེ་ཟེར་བའི་གསོས་ཁྱི་ཆེན་པོ་ཞིག་ཡོད་པ་དེ་ཟུར་ཞིག་ཏུ་གཉིད་ལ་ཡུར་འདུག ད་ལྟ་ལོ་མང་པོ་སོང་ཟིན་ཀྱང་། རྣམ་པ་དེ་ཁ་སང་བྱུང་བའི་དོན་དག་བཞིན་དུ་ངའི་ཡིད་ལ་ཧ་ཅང་གསལ་བོར་དྲན་གྱི་འདུག

ཆོས་ཀྱི་རྗེ་ཉིད་ཀྱིས་ང་ལ་མོལ་འཕྲོས་མཛད་པའི་དུས་སུ་ཞལ་ནས། ཁྱོད་ཀྱིས་རྒྱ་གར་ལ་འབྲེལ་བ་ཡོད་པའི་ཡི་གེ་བལྟ་ཨེ་མྱོང་གསུངས། ངས་ཅུང་ཟད་རེ་བལྟ་མྱོང་། དགེ་འདུན་ཆོས་འཕེལ་གྱི་གཏམ་རྒྱུད་གསེར་ཐང་དང་ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་ལ་དགའ་བོ་ཡོད་ཅེས་ཞུས། ཆོས་ཀྱི་རྗེའི་ཞལ་ནས་དྲི་བ་ཁ་ཤས་བྱེ་བྲག་ཏུ་མཛད་པ་ལ། རེ་རེ་བཞིན་དུ་ལན་ཞུས། ངས་ད་རུང་དགེ་འདུན་ཆོས་འཕེལ་གྱིས་གཏམ་རྒྱུད་གསེར་ཐང་དུ། གང་གིས་དེ་བཞིན་གཤེགས་པའི་གནས་ཆེན་པོ་བཞི་སྟེ། སྐུ་བལྟམས་པ་དང་། སངས་རྒྱས་པ། ཆོས་ཀྱི་འཁོར་ལོ་བསྐོར་བ། མྱ་ངན་ལས་འདས་པའི་གནས་དག་ལ་མཇལ་བར་བྱས་ན། དེ་བཞིན་གཤེགས་པའི་སྐུ་དངོས་སུ་མཇལ་བ་ལ་ཁྱད་མེད་པའི་མདོ་ལུང་དྲངས་ཡོད་ཅེས་སོགས་ཞུས། ཆོས་ཀྱི་རྗེ་ཉིད་ཀྱིས་གསན་རྗེས་ཞལ་ནས། གལ་ཏེ་ད་ཐེངས་འགྲོ་ཐུབ་པ་བྱུང་ན། ང་ཚོས་གནས་ཆེན་འདི་དག་ལ་མཇལ་སྐོར་བྱེད་དགོས་གསུངས།

དགེ་འདུན་ཆོས་འཕེལ་གྱིས་བྲིས་པའི་རྒྱ་གར་ས་བཀྲ།

ཕྱིས་སུ། ཆོས་ཀྱི་རྗེ་ཉིད་དང་མཉམ་དུ་རྒྱ་གར་འཕགས་པའི་ཡུལ་ལ་འགྲོ་སྐབས་ངས་གཏམ་རྒྱུད་གསེར་ཐང་དང་རྒྱ་གར་གནས་ཡིག་གི་དེབ་ཅིག་ཀྱང་ཁྱེར་ཡོད་ཅིང་། རྗེས་སུ་དེའི་ཕྱི་ཤོག་རྣམས་ཐེད་ནས་ཧྲལ་ཧྲུལ་དུ་གྱུར་སོང་།

ལོ་དེར། ཆོས་ཀྱི་རྗེ་ཉིད་དགུང་ལོ་ལྔ་བཅུ་ང་བརྒྱད་ལ་ཕེབས་ཤིང་། ང་ནི་ལོ་ཉེར་དགུ་ཡིན།

ང་ལ་གོ་སྐབས་འདི་འདྲ་ཞིག་བྱུང་བ་ནི་བསམས་ཀྱང་མ་མྱོང་། དེ་སྔོན་ཐོས་བསམ་བྱེད་པའི་དུས་སུ། གཞུང་ཆེན་ཁག་མང་པོའི་མཛད་པ་པོ་སྟེ། དཔེར་ན་སློབ་དཔོན་པདྨ་འབྱུང་གནས་དང་། སློབ་དཔོན་ཀླུ་སྒྲུབ། སློབ་དཔོན་ཞི་བ་ལྷ། སློབ་དཔོན་ཟླ་བ་གྲགས་པ་སོགས་རྒྱ་གར་ནས་ཕེབས་པ་ཤེས་ཤིང་། དེ་ལ་ཡིད་སྨོན་ཡང་མང་པོ་ཤོར་མྱོང་། ཡིན་ན་ཡང་ཆོས་ཀྱི་རྗེ་ཉིད་དང་མཉམ་དུ་རྒྱ་གར་འཕགས་པའི་ཡུལ་ལ་འགྲོ་བའི་རེ་བ་འདི་ལྟ་བུ་ནི་ནམ་ཡང་འཆང་མ་མྱོང་། བསམ་ཡུལ་ལས་འདས་པའི་དགའ་བ་འདི་འདྲ་བ་གློ་བུར་དུ་བྱུང་བས། ངས་ཐ་ན་འདི་ནི་སྔར་༡༩༨༦ལོར་བླ་མ་དང་མཉམ་དུ་ཕྱི་ལོགས་སུ་འགྲོ་བའི་དུས་སུ། སྐབས་ཤིག་ལ་ཞབས་ཕྱི་བ་བྱེད་མྱོང་བས་དེ་དུས་བརྩོན་འགྲུས་ཅུང་ཟད་ཆེ་བ་དང་། བླ་མའི་སྐུ་དྲུང་དུ་ཡོད་པའི་མཆེད་གྲོགས་རྣམས་ལ་འགྲིག་མཐུན་ཤེས་ཤིང་། མི་དགའ་བའི་རྩོད་པ་གཏན་ནས་མེད་པ་སོགས་ཀྱིས། ད་ལན་ང་རང་ཁྲིད་རྒྱུ་ལ་བདམས་པར་བྱས་པ་ཡིན་རྒྱུ་རེད་སྙམ།

སེམས་དགའ་བ་དང་ལྷན་དུ། དེ་ནས་གནོན་ཤུགས་ཀྱང་རིམ་གྱིས་སླེབས། གང་ཡིན་ཞེ་ན། ཆོས་ཀྱི་རྗེ་ཉིད་ལྟ་བུའི་སྐྱེས་བུ་རླབས་ཆེན་ཞིག་ལ། ང་སྐུ་དངོས་དང་མཉམ་དུ་ཞབས་ཕྱི་བར་སོང་ནས་བྱ་བ་ཡག་པོ་སྒྲུབ་མ་ཐུབ་ན། ཕྱོགས་མང་པོ་ནས་འགན་འཁྲི་ངེས་ཅན་ཞིག་ཡོད་ངེས་པས་གནོན་ཤུགས་སྐྱེས་པ་ཡིན།

༡༩༩༠ ལོའི་ཟླ་༥ ཚེས་༨ ནས་ཟླ་༥ ཚེས་༣༠ །

ཉིན་འདི་ནས་བཟུང་། ངས་གྲ་སྒྲིག་སྣ་ཚོགས་བྱེད་པའི་མགོ་བརྩམས།

སྐབས་དེར་བླ་རུང་སྒར་གྱི་སློབ་ཚོགས་མང་པོ་ཆོས་ཀྱི་རྗེ་ཉིད་སྐུ་འཁྲུངས་སར་མཆོད་རྟེན་བཞེངས་པའི་ཕྱིར་དུ་ཕེབས་ཤིང་། ང་ལ་ཡང་འགྲོ་འདོད་ཆེན་པོ་སྐྱེས་ཀྱང་། དུས་ཚོད་ཀྱི་ལོང་མ་བྱུང་བར། རྒྱ་བོད་ཀྱི་སློབ་མ་རྣམས་ལ་ད་དུང་མཇུག་མ་གྲུབ་པའི་ཆོས་ཁྲིད་རྣམས་མུ་མཐུད་ནས་བཤད་པ་དང་མཉམ་དུ། རྒྱ་གར་འཕགས་པའི་ཡུལ་ལ་འབྲེལ་བ་ཡོད་པའི་ཡིག་ཆ་རྣམས་ལ་ཉམས་ཞིབ་བྱས།

དབྱར་རྫོགས་རྗེས། ཆོས་ཀྱི་རྗེ་ཉིད་མཚོ་སྔོན་མགོ་ལོག་ལ་བཀའ་ཆོས་གསུང་དུ་ཆིབས་བསྐྱོད་མཛད་ཅིང་། ང་སྒོར་མོ་ཁ་ཤས་གྲ་སྒྲིག་ཡོང་བའི་ཕྱིར་དུ་ཕ་ཡུལ་དུ་ལོག དེ་དུས་ངའི་ཕ་མ་ལ་སྒོར་མོ་ཅི་ཡང་མེད་པས། མདོ་མང་དགོན་པའི་དཔལ་འབྱོར་ལ་འགན་ཁུར་བཞེས་པའི་དགེ་བསྐོས་བཙལ་ནས་སྒོར་མོ་གཡར་རོགས་ཞུས་པ་དང་། ཁོང་གིས་སྒོར་མོ་མེད་ཟེར་ཞིང་། དེ་དུས་རང་གཞན་ཚང་མ་ལ་ཆ་རྐྱེན་ཤིན་ཏུ་ཞན་པས་དོན་ངོ་མར་སྒོར་མོ་མེད་ན་ཐང་། གཅིག་བྱས་ན་སྒོར་མོ་ཡོད་ཀྱང་ངས་རྗེས་སུ་ཕར་སྤྲོད་ཐུབ་རྒྱུ་མ་རེད་བསམས་ནས་གཡར་མ་འདོད་པ་ཡིན་ནའང་ཐང་།

དེ་ནས་སླར་ཡང་བྲག་འགོ་རྫོང་དུ་མགོ་ཁྲིད་རྒས་པ་ཞིག་ཡོད་པ་དེའི་སར་སོང་ནས་སྒོར་མོ་གཡར། ཁོས་ང་ལ་སྒོར་མོ་༡༢༠ བྱིན་ནས་ན་རེ། ཁྱོད་དང་མཁན་པོ་ཚུལ་ཁྲིམས་བློ་གྲོས་གཉིས་ཀ་སོང་ན། ངས་མི་རེ་ལ་སྒོར་མོ་༦༠ འབུལ། གཅིག་ཁོ་ན་ལས་མ་སོང་ན་སྒོར་མོ་༡༢༠ ཚང་མ་དེ་ལ་དབུལ་རྒྱུ་ཡིན་ཞེས་སྨྲས་སོང་བས། ཕྱིས་སུ་སྒོར་མོ་དེ་ཚང་མ་ང་ལ་དབང་བ་བྱུང་།༡༩༨༩ ལོར། ང་རོང་བྲག་གི་གཡང་ར་དགོན་དུ་དབྱར་གནས་འཚོགས་ལ་སོང་བའི་དུས་སུ། དགོན་པའི་འགན་ཁུར་བས་འཇམ་མགོན་མི་ཕམ་རིན་པོ་ཆེའི་གསུང་འབུམ་ཚར་གཅིག་བླུ་རོགས་ཟེར་ནས། ང་ལ་སྒོར་༡༦༠༠སྤྲད་སོང་། ངས་སྒོར་མོ་དེ་གནས་སྐབས་ང་ལ་གཡར་ཞིང་། ལོ་གཅིག་གི་རྗེས་སུ་གསུང་འབུམ་བླུ་ཆོག་མིན་ཁོང་ལ་དྲིས་པ་དང་། ཁོང་གི་མོས་མཐུན་བྱུང་རྗེས། ངས་སྒོར་མོ་དེ་འཁྱེར་རྒྱུའི་ཐག་བཅད།

དེ་ལས་གཞན། དུས་རྒྱུན་ངས་ཀྱང་དངུལ་ཕྲན་བུ་རེ་བསགས་ཡོད་པ་དང་། དེའི་སྟེང་དུ་མཆེད་གྲོགས་གཞན་ལས་ཉུང་ཟད་གཡར་བ་རྣམས་བསྡོམས་ན་ཁྱོན་སྒོར་མོ་༣༠༠༠ ལྷག་བྱུང་། ཆོས་ཀྱི་རྗེ་ཉིད་གནས་མཇལ་ལ་ཕེབས་པའི་དུས་སྐབས་རིན་ཐང་གཞལ་དུ་མེད་པ་དེ་དག་ཟིན་ཐོར་འགོད་པའི་ཆེད་དུ། ངས་ད་དུང་སྒོར་མོ་༡༧༠ ལྷག་རི་བའི་མཚོ་སྐྱར་རྟགས་ཅན་གྱི་པར་ཆས་ཤིག་གྲ་སྒྲིག་བྱས་པ་དང་། ད་དུང་རྒྱུ་སྤུས་ཤིན་ཏུ་བཟང་བའི་ཁཱོ་དཱའི་སྤྱིན་དྲིལ་ཁ་ཤས་ཉོས་པ་ཡིན།

ལོ་རབས་དེར། ལམ་ཡིག་ལ་ཆོག་མཆན་ཞུ་རྒྱུ་ཤིན་ཏུ་དཀའ་ཞིང་། ལྷག་ཏུ་བོད་མི་རྒྱ་གར་འཕགས་པའི་ཡུལ་ལ་འགྲོ་དགོས་ན་དེ་བས་ཀྱང་དཀའ་ངལ་ཆེ་བ་རེད། ཟླ་༥ཚེས་༨ ལ་མཐར་ལམ་ཡིག་གང་དགོས་ཚང་མ་བཟོ་ཐུབ་པར་གྱུར།

ཐེངས་འདིར། རྒྱ་གར་འཕགས་པའི་ཡུལ་ལ་ཕེབས་སྐབས་ཆོས་ཀྱི་རྗེ་ཉིད་ཀྱིས་ཉེ་གནས་བསོད་དོན། སྐུ་སྒེར་སྨན་པ་རིག་པ་དང་ང་བཅས་སློབ་མ་གསུམ་ཁྲིད་པར་མཛད།

ཉེ་གནས་བསོད་དོན་ནི། མི་ལོ་མང་པོར་ཆོས་ཀྱི་རྗེ་ཉིད་ཀྱི་ཞབས་རྗེས་འབྲང་བའི་ཉེ་གནས་རེད། ལྷག་པར་དུ་ཆོས་ཀྱི་རྗེ་ཉིད་ཀྱི་སྐུ་ཚེའི་སྨད་ལ། ཁོང་བླ་མའི་སྐུ་དྲུང་དུ་བཞུགས་ནས་ཞབས་ཕྱི་མཛད་ཅིང་། མགྲོན་པོ་ཤིན་ཏུ་གལ་ཆེ་བ་རེ་ཆོས་ཀྱི་རྗེ་ཉིད་མཇལ་དུ་སླེབས་པ་ན། ཐམས་ཅད་ཁོང་གིས་ཐག་བཅད་ནས་བཀོད་སྒྲིག་བྱེད་པ་རེད།

ཕྱི་རྒྱལ་ལ་འགྲོ་སྐབས། ཁོང་གིས་ཆོས་ཀྱི་རྗེ་ཉིད་ཀྱི་གསོལ་དཔོན་བྱས་ཤིང་། རྗེ་ཉིད་ལ་དཀྲུགས་ཇ་བཟོ་དགོས་ཡོད་པས། ཁོང་གིས་རྒྱབ་ལ་མེ་མདའ་ཞིག་ཁུར་བ་ལྟར། རྟག་ཏུ་དཀྲུགས་ཇ་བཟོ་སྣོད་ཅིག་ཁུར་གྱིན་ཡོད། ཐེངས་ཤིག གནམ་གྲུ་ལ་སྡོད་སྐབས། དཀྲུགས་ཇ་བཟོ་སྣོད་རིང་ཆེས་པས། ཁོང་གིས་འཕྲེད་ལ་མ་ཤོང་བར་རྟབ་རྟབ་པོར་གྱུར་ནས། སྐར་སྐོར་མང་པོ་བྱས་ཏེ་གྲུ་ཤག་གི་སྒོ་དུས་ཡུན་རིང་མོར་བཀག་པ་དྲན།

ཁོང་ལ་ད་དུང་ཇ་བསྐོལ་སའི་གློག་སྣོད་ཅིག་ཡོད། སྣོད་དེའི་བསྒར་སྣེ་ཟུར་གསུམ་ཅན་ཡིན་ཞིང་། རྒྱ་གར་གྱི་མགྲོན་ཁང་མང་པོའི་ནང་ལ་བསྒར་ཁུང་མིག་གཉིས་ཅན་མ་གཏོགས་མི་འདུག་པས། ཁོང་གིས་བསྒར་ཁུང་དེ་དག་བསྣད་སོང་ཡོད་རྒྱུ་རེད་བསམས་ནས། ཤེད་ཀྱིས་བརྒྱབས་ཀྱང་མ་འགྲིག་ནས་གང་ཡང་མ་ཕན་པ་སོགས་བྱུང་བ་ཡང་དྲན།

ད་ལྟ་ཁོང་དགུང་ལོ་བདུན་ཅུ་ལྷག་ལ་སླེབས་ཤིང་། བླ་ལུང་རི་ཁྲོད་དུ་མཚམས་ལ་བཞུགས་ཡོད།

སྨན་པ་རིག་པ་ནི། ཆོས་ཀྱི་རྗེ་ཉིད་ཀྱི་སྐུ་སྒེར་སྨན་པ་གལ་ཆེ་ཤོས་དག་གི་ནང་ནས་གཅིག་རེད། ཁོང་གིས་ཆོས་ཀྱི་རྗེ་ཉིད་ཀྱི་སྐུ་ཁམས་བདེ་ཐང་ཡོང་བ་ལ་ཞབས་ཕྱི་མཛད་ནས་ལོ་མང་པོ་སོང་། རྗེ་ཉིད་རྒྱ་གར་དང་སིང་གྷ་ཕོར་ལ་བྱོན་སྐབས་ཁོང་ཁྲིད་པར་མཛད་ཅིང་། སྐུ་ཚེའི་སྨད་ཀྱི་སྨན་པ་གཙོ་བོ་ཡང་ཁོང་ཡིན་པ་རེད། སྨན་པ་རིག་པས་གསོ་རིག་སློབ་གྲྭ་ཚད་དང་ལྡན་པ་འགྲིམ་མ་མྱོང་ཡང་། སྨན་བཅོས་ལ་ཤིན་ཏུ་མཁས། ཁོང་གིས་བོད་ཀྱི་གསོ་བ་རིག་པ་ལ་ཅུང་ཟད་སྦྱོང་མྱོང་བར་མ་ཟད། ནུབ་ལུགས་གསོ་རིག་ཀྱང་སྦྱོང་མྱོང་བས། རྟག་ཏུ་ཆོས་ཀྱི་རྗེ་ཉིད་ལ་ཁྲག་ཤེད་འཇལ་བ་དང་། སྙུན་བརྟག་པ། ཁབ་རྒྱག་པ་སོགས་ཀྱི་ཞབས་ཕྱི་བྱེད་ཀྱིན་ཡོད། ཕྱི་རྒྱལ་ལ་འགྲོ་སྐབས། ཁོང་གིས་ནུབ་རེ་བཞིན་སྨན་སྒམ་གྱི་ཁ་ཕྱེས་ནས། སྨན་རིགས་སྣ་ཚོགས་པ་ཕར་ལས་ཚུར་ལས་མང་པོ་བྱེད་བཞིན་ཡོད་པ་ཡང་དྲན།

ཁོང་ཤེས་རབ་ཤིན་ཏུ་ཆེ་བས། རྒྱུན་དུ་དོན་དག་གལ་ཆེན་སྐོར་ནས་ངེད་ཅག་ལ་དྲན་སྐུལ་ཡང་གནང་། དཔེར་ན། ཆོས་ཀྱི་རྗེ་ཉིད་ཕྱིར་ཉིན་བླ་ཆེན་ཞིག་མཇལ་དུ་འབྱོན་དགོས་ན། དེ་ནུབ་ང་ལ་དར་ཁ་གྲ་སྒྲིག་བྱེད་དགོས་མིན་དྲིས་མ་ཐག་ངས་གྲ་སྒྲིག་དགོས་ངེས་ཅན་ཡིན་པ་ད་གདོད་ཤེས་པ་འོང་།

གལ་ཏེ་རྗེ་ཉིད་ཀྱིས་ཕར་ལ་དར་ཁ་འབུལ་དགོས་ཚེ། ངས་གྲ་སྒྲིག་བྱས་མེད་ན་ཤིན་ཏུ་སྟབས་མི་བདེ་བར་འགྱུར་འགྲོ་བ་རེད།

ཁོང་ཆོས་ཀྱི་རྗེ་ཉིད་ལ་དད་པ་ཤིན་ཏུ་ཆེ་ཞིང་། རྒྱ་གར་དུ་སླེབས་མ་ཐག་ཁོང་ཤིན་ཏུ་དགའ་ནས་ན་རེ། དམ་པ་འགའ་ཞིག་གིས་འཁོར་རྣམས་ཁྲིད་ནས་འཕུར་སོང་རབས་དམ་པ་དེ་དག་གི་རྣམ་ཐར་ནང་ལ་བཤད་རྒྱུ་འདུག ང་ཚོ་ལ་གཅིག་ལྟོས་དང་། ཉི་མ་གཅིག་གཉིས་ཀྱི་སྔོན་ལ་བོད་ན་ཡོད་ཅིང་། ད་ལྟ་ཆོས་ཀྱི་རྗེ་ཉིད་དང་མཉམ་དུ་འཕུར་ནས་རྒྱ་གར་འཕགས་པའི་ཡུལ་ལ་ཐོན་པ་རེད། འདི་ནི་མི་མང་པོས་རྨི་ལམ་ནང་དུ་ཡང་བསམ་མ་མྱོང་། འདི་བླ་མའི་རྫུ་འཕྲུལ་ཡིན་རྒྱུ་རེད་ཟེར། སྐབས་དེར་གནམ་གྲུའི་ནང་ལ་འདུག་མྱོང་མཁན་ཤིན་ཏུ་ཉུང་ཞིང་། ངེད་ཅག་ཚང་མ་ཡང་ཐེངས་དང་པོར་ཕྱི་རྒྱལ་ལ་ཕྱིན་པ་ཡིན་པས། ཁོང་གིས་གཏམ་དེ་གཟབ་ནན་གྱི་ངང་ནས་བཤད་པ་རེད།

ད་ལྟ་ཁོང་ཡང་དགུང་ལོ་བདུན་ཅུ་ལྷག་ལ་སླེབས་ཤིང་། རྟའུ་རྫོང་གི་རི་ཁྲོད་ཅིག་ཏུ་མཚམས་ལ་བཞུགས་ཡོད།

ང་ནི་ཆོས་ཀྱི་རྗེ་ཉིད་འབྱོན་བཞུགས་མཛད་དུས་ཀྱི་དྲུང་ཡིག་དང་གསུང་སྒྱུར་མཁན་ཡིན། ཁོང་གཉིས་ཀྱི་ལས་ཀ་ལ་བསྡུར་ན། ངའི་ལས་ཀ་ལ་འཕྲལ་རྐྱེན་གྱི་འཕོ་འགྱུར་ཤིན་ཏུ་མང་ཞིང་། ཉིན་རེ་བཞིན་དོན་དག་ཅི་ཞིག་འབྱུང་མིན་གཏན་ཁེལ་ཤིན་ཏུ་དཀའ་བས། རྒྱུན་དུ་ཡུལ་དངོས་ཀྱི་འགྱུར་བ་དང་བསྟུན་ནས་བློ་རིག་གྲུང་པོར་སྒྲིམ་དགོས་པ་རེད།

༡༩༩༠ ལོའི་ཟླ་༥ ཚེས་༣༡ ནས་ཟླ་༦ ཚེས་༣ །

ཆོས་ཀྱི་རྗེ་ཉིད་མགོ་ལོག་ནས་ཕྱིར་ཕེབས་ཏེ་བཞུགས་གདན་འཇགས་རྗེས། སློབ་ཚོགས་འདུས་པ་སྤྱི་ལ་འཇམ་དཔལ་ཞི་སྒྲུབ་དང་རྟེན་འབྲེལ་ཉེས་སེལ་གྱི་བཀའ་དབང་གནང།

བཀའ་དབང་མཇུག་གྲུབ་རྗེས། ཆོས་ཀྱི་རྗེ་ཉིད་ཀྱིས་ཕྱི་རྒྱལ་ལ་ཕེབས་འཆར་ཡིན་སྐོར་ཡོངས་ཁྱབ་ཀྱི་ཚུལ་དུ་བསྒྲགས་ཏེ་ཞལ་ནས། ད་རེས་ང་ལ་གཏེར་ཆོས་ཁ་ཤས་ལེན་རྒྱུ་ཡོད་པར་མ་ཟད། གནས་ཆེན་ཁག་ལ་མཇལ་སྐོར་དང་སྐྱེས་ཆེན་འགའ་རེ་ལ་མཇལ་འཕྲད་ཞུ་རྒྱུ་སོགས་ཡོད་པས། རྒྱ་གར་འཕགས་པའི་ཡུལ་ལ་འགྲོ་བ་འདིར་ང་ལ་དགོས་པ་ཆེན་པོ་ཡོད། ང་སྒར་ནས་སོང་ཚར་རྗེས་ཁྱེད་རྣམ་པ་གང་སར་འགྲོ་རྒྱུགས་མི་བྱེད་པར་སྔར་བཞིན་ཐོས་བསམ་སློབ་གཉེར་ལ་འབད་པ་ཆེ་ཐང་དུ་བྱེད་པའི་རེ་བ་ཤིན་ཏུ་ཆེ། ངས་དེ་སྔོན་ཁྱེད་རྣམ་པ་ལ་མདོ་སྔགས་ཀྱི་ཟབ་ཆོས་འགའ་རེ་བཤད་པའི་མཇུག་བཀྲ་ཤིས་བདེ་ལེགས་ངང་གྲུབ་པའི་དགའ་སྟོན་རྟེན་འབྲེལ་དུ། སང་ཉིན་ནས་བཟུང་ང་ཚོ་སྤྲོ་གསེང་ལ་འགྲོ་རྒྱུ་ཡིན་ཞེས་གསུངས།

དེ་རྗེས་ཆོས་ཀྱི་རྗེ་ཉིད་ཀྱིས་སློབ་ཚོགས་ཡོངས་ཀྱི་དབུ་ཁྲིད་ནས་འཛི་ཆེན་མདོར་ཕེབས་ཏེ་གུར་ཕུབ་ནས་སྤྲོ་གསེང་ཉམས་དགའ་བ་མཛད། སློབ་ཚོགས་རྣམས་ཀྱིས་རྡོ་རྗེའི་གླུ་གར་གྱི་མཆོད་པ་ཕུལ་ཞིང་གེ་སར་སོགས་འཁྲབ་སྟོན་བྱས་ནས་གཟིགས་མོ་ཕུལ།

དེ་དུས་གནུབས་ཟུར་ཡུལ་ཚོའི་སྐྱ་སེར་སློབ་མ་རྣམས་ཀྱིས་དམ་ཅན་སྡེ་བདུན་འཆམས་ནས་གཟིགས་མོ་འབུལ་འཆར་ཡོད་པ་ལ། འཆམ་ཉིན་གནོད་སྦྱིན་ཤན་པ་དམར་ནག་འཆམ་མཁན་གྱི་གྲྭ་པ་ལ་སྙུན་ཟུག་ཕོག་ནས་ཉལ་སར་ལྷུང་། གཞན་སུ་གཅིག་གིས་ཀྱང་འཆམ་མ་ཤེས་པར། དངོས་སུ་འཆམ་པའི་ཚེ་སྲུང་མ་དྲུག་མ་གཏོགས་མ་ཐོན་པས། ཀུན་གྱིས་རྗེ་ཉིད་ཀྱི་ཐེངས་འདིའི་ཕེབས་བསྐྱོད་ལ་རྟེན་འབྲེལ་འཆུག་རྐྱེན་དུ་འགྱུར་ཨེ་འགྲོ་བསམས་ནས་སེམས་ཁྲལ་ཆེན་མོ་ལངས་ཤིང་། རྗེ་ཉིད་ལ་ནི་གནས་ཚུལ་དེ་སྐོར་སུ་གཅིག་གིས་ཀྱང་ཞུ་མ་ཕོད། ཡིན་ན་ཡང་བློ་ཡུལ་ལས་འདས་པ་ཞིག་ལ། ཆོས་ཀྱི་རྗེ་ཉིད་ཀྱིས་གཟིགས་མོ་གནང་རྗེས་ཐུགས་དགྱེས་བཞིན་པའི་ངང་། གནོད་སྦྱིན་ཤན་པ་བླ་རུང་སྒར་ལ་ཤུལ་དུ་བསྡད་ནས་ཇོ་སེར་རྣམས་ལ་སྡོང་གྲོགས་བྱས་ཏེ་བསྟན་པ་སྲུང་དགོས་ཤིང་། སྲུང་མ་གཞན་དྲུག་པོ་རྣམས་ང་དང་མཉམ་དུ་རྒྱ་གར་ལ་འབྱོན་མཁན་དུ་གྱུར་སོང་། རྟེན་འབྲེལ་ཤིན་ཏུ་ཡག་ཅེས་གསུངས།

ཐུགས་དགྱེས་པའི་སྤྲོ་གསེང་མཛད་སྐབས། ཉིན་དཀར་ང་དེ་རུ་སོང་ཞིང་། དགོང་མོ་ཕྱིར་ལོག་ནས་ཕེབས་བསྐྱོད་ལ་སྒོ་ཀུན་ནས་གྲ་སྒྲིག་སྣ་ཚོགས་བྱས།

མི་རིང་བར་རྒྱ་གར་འཕགས་པའི་ཡུལ་ལ་མྱུར་དུ་འགྲོ་དགོས་པས། ཆོས་ཀྱི་རྗེ་ཉིད་ཀྱིས་སྐབས་སྐབས་སུ་ས་གནས་དེ་གའི་མི་ཆོས་ལོ་རྒྱུས་སོགས་ནས་བཀའ་འདྲི་མཛད་འོང་བས། ངས་ངེས་པར་དུ་སྔ་ས་ནས་ཡིག་ཆ་སྣ་ཚོགས་ལ་བལྟས་ཏེ་དེ་ཚོ་ལ་ཆ་རྒྱུས་ཡོད་པར་བྱེད་དགོས་ལ། དེ་དུས་དྲ་བ་མེད་ཅིང་། བརྡ་འཕྲིན་ལ་ཡང་ཡར་རྒྱས་ཆེན་པོ་ཕྱིན་མེད་པས་དེ་ཚོ་ལ་ལྟ་ཀློག་ཡག་པོ་དགོས་ན་ཤིན་ཏུ་དཀའ། ལན་རེར་མཁན་པོ་གཞན་གྱི་ས་ནས་དཔེ་ཆ་མི་གཡར་ཀ་མེད་དུ་གྱུར་ནས་ལྟ་ཀློག་བྱས་པ་ཡིན།

སྐབས་དེར། མཁན་པོ་སྒེག་པ་ཞིང་ལ་ཕེབས་སོང་། ཁོང་ནི་ཆོས་ཀྱི་རྗེ་ཉིད་རྫ་ཆུ་ཁར་ཕེབས་ནས་སློབ་གཉེར་བྱེད་དུས་མཆེད་གྲོགས་བློས་ཐུབ་ཅན་ཞིག་ཡིན་པ་དང་། ངས་ཁོང་གི་སྐུ་མདུན་ནས་སྒྱུ་འཕྲུལ་གསང་བ་སྙིང་པོ་སོགས་ཀྱི་ཁྲིད་ལུང་མང་པོ་ཞུ་མྱོང་། ཁོང་ཞིང་བརྗེས་པའི་གཏམ་དེས་ང་རང་ཡུན་རིང་མོ་ཞིག་གི་བར་དུ་སེམས་པ་སྐྱོ་དུང་ངེ་བར་བྱས། ཁོང་གིས་སྒྲུབ་པ་ཉམས་བཞེས་སུ་མཛད་པའི་རྟོགས་བརྗོད་ཉུང་ངུ་ཙམ་ཞིག ཕྱིས་སུ་ངས་གསང་སྔགས་གྲུབ་ཐོབ་རྣམས་ཀྱི་རྟོགས་བརྗོད་རགས་ཙམ་གླེང་བ་ཞེས་པའི་དེབ་ནང་དུ་བྲིས་ཡོད།

སྤྲོ་གསེང་མཛད་ཚར་རྗེས། ཆོས་ཀྱི་རྗེ་ཉིད་གསེར་རྟ་རྫོང་ལ་ཕེབས་ཏེ་ཚོགས་འདུ་ལ་ཞུགས་པར་མཛད་ཅིང་། ཚོགས་འདུ་དག་ཀྱང་ཕྱི་རྒྱལ་ལ་ཕེབས་ནས་ཐུགས་གཟབ་གནང་དགོས་རིགས་སྐོར་ཤ་སྟག་རེད་འདུག

༡༩༩༠ ལོའི་ཟླ་༦ ཚེས་༤ །

ཞོགས་པར་ཆོས་ཀྱི་རྗེ་ཉིད་ཕེབས་ཁར། གཉུག་མར་གནས་པའི་སློབ་མ་རྣམས་ལ་རྒྱ་གར་འཕགས་པའི་ཡུལ་ལ་ཕེབས་ན་དགོས་པ་ཆེ་ཚུལ་དང་། ཤུལ་དུ་བཞུགས་པའི་སློབ་བུ་རྣམས་ཀྱིས་ཐོས་བསམ་སློབ་གཉེར་ལ་འཐུས་ཤོར་འགྲོ་མི་རུང་ཚུལ་སོགས་ཀྱི་བཀའ་སློབ་བསྩལ། ཡིན་ན་ཡང་སློབ་བུ་རྣམས་ཀྱིས་རྗེ་ཉིད་ཕྱིར་ཕེབས་ཐུབ་མིན་མི་ཤེས་པས། སྤྱན་ཆབ་བསིལ་བཞིན་རྐང་བདས་ཀྱིས་ཕེབས་འཁོར་གྱི་ཕྱི་བཞིན་ཐག་རིང་མོའི་བར་དུ་རྗེས་སུ་བསྙེགས།

སློབ་མ་ཞིག་གིས་སྙན་ངག་བྲིས་པའི་ནང་། ཁོང་གིས་ཆོས་ཀྱི་རྗེ་ཉིད་ལ་ཕེབས་སྐྱེལ་ཞུ་སྐབས། ཐོག་མར་རྐང་བདས་ཀྱིས་སྐྱེལ་མ་ཞུས་ཤིང་། དེ་ནས་རྐང་བདས་ཀྱིས་རྗེས་མ་ཟིན་ཚེ་མིག་གིས་རྒྱང་མ་ནས་སྐྱེལ་མ་བྱས། རིམ་གྱིས་མིག་གི་མཐོང་ཡུལ་ལས་འདས་ཚེ། མཐར་སེམས་ཀྱིས་སྐྱེལ་མ་ཞུས་པ་དང་། རང་གི་སེམས་རྗེ་ཉིད་དང་འགྲོགས་ནས་རི་ལུང་མང་པོ་བརྒལ་ནས་སོང་བ་སོགས་བྲིས་འདུག ཁོང་གིས་བྲིས་པའི་སྙན་ངག་དེ་ལ་ཡིད་འགུལ་ཐེབས་མོ་ཡོད་ཅིང་། ཆོས་ཀྱི་རྗེ་ཉིད་རྒྱ་གར་འཕགས་པའི་ཡུལ་ནས་ཕྱིར་ཕེབས་རྗེས། ཚོགས་མང་ནང་དུ་རྩོམ་དེ་ལ་ཐུགས་འགུལ་ཐེབས་པའི་ཚུལ་གྱིས་ལེགས་པོ་ཡོད་པའི་བསྔགས་བརྗོད་མཛད།

སྒར་ནས་ཕེབས་ཐོན་རྗེས། ཆོས་ཀྱི་རྗེ་ཉིད་ཧོར་ཤུལ་ལ་བྱོན། སྐབས་དེར་གསེར་རྟ་རྫོང་སྲིད་གཞུང་གིས་དེ་ན་ཆུ་གློག་ས་ཚུགས་ཤིག་ལས་བཞིན་ཡོད་ཅིང་། རི་ལ་ཕུག་སྒོ་ཞིག་རྒྱག་བཞིན་པའི་སྒང་ལ། རྔ་ལ་སྟག་རྩེའི་ཟུར་ཞིག་ལ་སླེབས་ནས། ལག་རྩལ་ཇི་ལྟ་བུ་བཀོལ་ཀྱང་གང་ཡང་མ་ནུས་པར་རི་འབིགས་མ་ཐུབ་པར་ལུས་ཡོད་ཚེ། ཐབས་ཟད་འུ་ཐུག་ཏུ་གྱུར་པའི་གནས་སྟངས་འོག གསེར་རྟ་རྫོང་གི་མགོ་ཁྲིད་དང་ཆུ་གློག་ས་ཚུགས་ཀྱི་འགན་ཁུར་བ་རྣམས། སྔར་ནས་སྒར་ལ་ཡོང་སྟེ་རྗེ་ཉིད་ཀྱིས་བྱིན་རླབས་རེ་མཛད་དགོས་པའི་རེ་བསྐུལ་ཞུས་པ་ལ། ཆོས་ཀྱི་རྗེ་ཉིད་ཀྱིས་ཀུ་རེའི་ཚུལ་མཛད་དེ་ཞལ་ནས། ངས་བྱིན་རླབས་བྱས་ན་ཆོག་གི་འདུག་ཀྱང་། ངེད་ཅག་སྒར་ལ་ཡང་གློག་མེད་པས། ང་ཕྱི་རྒྱལ་ནས་ཕྱིར་ལོག་པའི་དུས་སུ། སྒར་ལ་ཡང་གློག་ཁྲིད་ཐུབ་པའི་རེ་བ་ཆེན་པོ་ཡོད་གསུངས། ཁོ་ཚོས་ཡང་ནས་ཡང་དུ་ཁས་བླངས་ཏེ། གློག་ཁྲིད་ཐུབ་པར་བྱེད་ངེས་ཡིན་ཞུས། དེའི་ཕྱིར། ཆོས་ཀྱི་རྗེ་ཉིད་ཧོར་ཤུལ་ཆུ་གློག་ས་ཚུགས་བརྒྱུད་ནས་འབྱོན་སྐབས། ཕེབས་འཁོར་ལས་བབས་ཏེ། ཞལ་རྔ་ལ་སྟག་རྩེ་ལ་ཕྱོགས་ནས་འདོན་པ་གསུངས་ཏེ་ཆེད་དུ་བྱིན་རླབས་མཛད། དེ་ནས་མུ་མཐུད་དུ་ལམ་ལ་ཆས།

ཆོས་ཀྱི་རྗེ་ཉིད་ཀྱིས་བྱིན་རླབས་མཛད་རྗེས། འཕྲལ་དུ་འབིགས་དཀའ་བའི་གནས་གང་ཡང་མེད་པར་གྱུར་ནས། རི་ཕིགས་ཏེ་ཆུ་ལེགས་པར་འདྲེན་ཐུབ་པ་བྱུང་བར་ཐོས་སོ། །

༡༩༩༠ ལོའི་ཟླ་༦ ཚེས་ ༥ ནས་ཟླ་༦ ཚེས་༡༥ །

ཆོས་ཀྱི་རྗེ་ཉིད་བྲག་འགོ་དང་རྟའུ་རྫོང་གི་དགོན་སྡེ་ཁ་ཤས་ལ་ཞོར་དུ་ཕེབས་ནས། ས་གནས་དེ་གའི་ཆོས་དད་མང་ཚོགས་ལ་ཆོས་འབྲེལ་གསུངས།

༡༩༩༠ ལོའི་ཟླ་༦ ཚེས་༡༥ ནས་ཟླ་༦ ཚེས་༡༨ །

ཆོས་ཀྱི་རྗེ་ཉིད་དར་རྩེ་མདོ་ལ་ཕེབས། དཀར་མཛེས་ཁུལ་སྤྱི་བདེ་ལས་ཁུངས་དང་། ཆོས་ལུགས་དོན་གཅོད་ལས་ཁུངས། སྲིད་གྲོས། ནང་བསྟན་མཐུན་ཚོགས་བཅས་ཀྱི་བཞུགས་མོལ་ཚོགས་འདུ་ལ་ཞུགས་པར་མཛད།

འཚོགས་འདུའི་སྟེང་ནས། ཆོས་ལུགས་མི་སྣ་ཁ་ཤས་ཀྱིས་ཆོས་ཀྱི་རྗེ་ཉིད་རྒྱ་གར་འཕགས་པའི་ཡུལ་དུ་ཕེབས་པ་ལ་དོགས་པ་ཟོས་ནས་བར་ཆད་འགའ་རེ་བརྩམས།

སྐབས་དེའི་སྤྱི་བདེ་ལས་ཁུངས་ཀྱི་མགོ་ཁྲིད་ཅིག ཆོས་ཀྱི་རྗེ་ཉིད་ཀྱི་ལོ་མང་པོའི་རིང་གི་གྲོགས་པོ་རེད། ཁོ་ཆང་ལ་དགའ་ཞིང་། ལུས་ཚོན་པོ་ཡོད་པ་དང་སྐད་ཅ་ཆོད་ཆེན་བཤད་མཁན་ཞིག་ཡིན། ཕྱི་དྲོར་ང་ཁོའི་སར་སོང་ནས། གནས་ཚུལ་ཐམས་ཅད་བཤད་དེ་རོགས་རམ་ཞུས། ཁོས་ཆང་འཐུང་མ་ཐག་པར་ཐུག་སྟེ་ར་བཟི་ནས་འདུག ལྕེ་ཅུང་ཟད་དིག་པ་དང་བཅས་ཏེ། དོན་དག་དེ་ངས་སྒྲུབ་ཡོང་། ཅི་ཡང་མི་སྐྱོན། ཞེས་ཁས་བླངས། ཁོ་ཅུང་ཟད་བཟི་འདུག་པས། བཟི་དྭངས་རྗེས་བརྗེད་ཨེ་འགྲོ་བསམས་ནས་ང་སེམས་ཁྲལ་ལངས་ཀྱང་། མ་བསམས་ས་ནས་ཕྱིར་ཉིན་ཞོགས་པར་སླར་ཡང་ཁོ་འཚོལ་དུ་འགྲོ་སྐབས་ཁོས་ཕྱི་ནང་གི་འབྲེལ་བ་ལེགས་པོར་བྱས་ནས་ཁྲིགས་སེ་བཞག་འདུག

ཆོས་ཀྱི་རྗེ་ཉིད་རྒྱ་གར་ལ་ཕེབས་ཐེངས་དེར། ཁོས་རོགས་རམ་ཆེན་པོ་ཞུས་པས་མི་ཚད། ༡༩༩༣ལོར་རྗེ་ཉིད་ཨ་རི་ལ་ཕེབས་སྐབས་ཀྱང་། ཁོས་སྐབས་ཀུན་ཏུ་གློག་ལྗང་བསྒྲོན་རྐྱང་བྱས་ནས། ཕྱི་ལོགས་སུ་ཕེབས་ཐོན་མཛད་པ་ལ་ཞབས་ཕྱི་མང་པོ་ཞུས་སོང་། གལ་སྲིད་ཁོ་མེད་ན། ཕྱི་རྒྱལ་ལ་འབྱོན་ཐེངས་གཉིས་ཀར་གོ་སྐབས་ཅུང་ཟད་དཀའ་བར་འདུག་སྙམ།

དུས་དེ་ནས་བཟུང་། དོན་དག་རེ་ཡོད་ཚེ་ངས་རྟག་ཏུ་ཁོ་འཚོལ་གྱིན་ཡོད། ལ་ལ་ཆོས་ཀྱི་རྗེ་ཉིད་སྐུ་སྒེར་གྱི་དོན་ཡིན་ཞིང་། ལ་ལ་ནི་སྒར་གྱི་དོན་རེད། ཁོས་ཚང་མ་ལ་རོགས་མང་པོ་བྱས་ནས་ཕན་ཐོགས་ཡག་པོ་བྱས་སོང་།

དོན་དུ་ཁོ་ནི་སྒེར་གྱི་དད་མོས་དང་ཉམས་ལེན་ཡོད་པའི་མི་ཞིག་ཡིན་ལ། ལོ་ཁ་ཤས་ཀྱི་གོང་ནས་ཚེ་ལས་འདས་པ་རེད།

༡༩༩༠ ལོའི་ཟླ་༦ ཚེས་༡༩ །

ཆོས་ཀྱི་རྗེ་དང་ངེད་སྐུ་འཁོར་བཅས་རླངས་འཁོར་གསུམ་ལ་བསྡད་དེ། དར་མདོ་ནས་ལམ་ལ་ཆས་ཏེ་ཁྲིང་ཏུའུ་ལ་སོང་། དེའི་ཕྱི་བཞིན་ད་དུང་རྗེ་ཉིད་ལ་ཕེབས་སྐྱེལ་ཞུ་བའི་རླངས་འཁོར་གཞན་ཁ་ཤས་ཡོད།

ཨར་ཇག་རི་བོའི་ལ་བརྒལ་སྐབས། འཁོར་ལམ་ཤིན་ཏུ་མི་བདེ། ད་ལྟ་ཕུག་ལམ་དང་ཨར་འདམ་གྱི་རྒྱ་ལམ་ཡོད་པ་དང་མི་འདྲ་བར། དེ་དུས་རི་ལམ་ཞིག་ལས་མེད་ཅིང་། དེ་ཡང་རྐྱང་ལམ་ཙམ་ཞིག་རེད། ལ་བརྒལ་ནས་འགྲོ་དགོས་པའི་རླངས་འཁོར་ཐམས་ཅད་ཕྱི་དྲོར་གཏོང་ཞིང་། ལ་བབས་ནས་འགྲོ་དགོས་པའི་རླངས་འཁོར་སྔ་དྲོར་གཏོང་། ཁ་བ་ཆེན་པོ་བབས་པའི་རྐྱེན་གྱིས་ལམ་ངོས་ཤིན་ཏུ་འདྲེད་སླ་བར་གྱུར་ནས། འགྲིམ་འགྲུལ་དོན་རྐྱེན་མང་པོ་བྱུང་འདུག རླངས་འཁོར་མང་པོ་འགྲོ་མི་ཕོད་པར་གྱུར་ནས་ལམ་འགྲམ་དུ་བཞག་སྟེ། འཁོར་ལམ་ཡང་ཤིན་ཏུ་དོག་པོར་བཟོས་འདུག་པས། ངེད་ཅག་གི་རླངས་འཁོར་མ་ཐར་ནས་ཡུན་རིང་པོར་སྒུག་དགོས་བྱུང།

ངེད་ཅག་གི་རླངས་འཁོར་ལ་བརྒལ་ནས་འགྲོ་ཚེ། འཁོར་ལམ་ནི་སྔར་ལས་ཀྱང་ཉེན་ཁ་ཆེ་བར་གྱུར། རི་མགོར་སྨུག་པ་འཐིབས་ནས་ལམ་མི་མཐོང་ཞིང་། ལམ་ཤིན་ཏུ་འདྲེད་སླ་ལ་ཧ་ཅང་དོག་མོ་རྐྱང་རེད། ལམ་ཟུར་དུ་རླངས་འཁོར་མང་པོ་འགྱེལ་འདུག་ཅིང་། ཐ་ན་རླངས་འཁོར་གཅིག་ནི་གནས་དེ་ནས་ཐད་ཀར་གཡང་ལ་ལྷུང་བ་སོགས་བྱུང་། ངེད་ཅག་གིས་འཁོར་ལོ་ལ་ལྕགས་ཐག་དཀྲིས་ཡོད་ཀྱང་། རླངས་འཁོར་ནི་ད་དུང་ཡང་བརྟན་པོར་འགྲོ་མི་ཐུབ་པས། ཅུང་ཟད་ཅུང་ཟད་རེ་བྱས་ཏེ་མདུན་ཕྱོགས་ལ་ནུད་ནས་སོང་།

ཁྲིང་ཏུའུ་ལ་དེ་ནུབ་ཧ་ཅང་འཕྱི་མོར་སླེབས། ལོ་རབས་དེར་མགྲོན་ཁང་འགའ་ཡང་མེད་པས། ངེད་ཅག་སི་ཁྲོན་ཞིང་ཆེན་མི་རིགས་དོན་གཅོད་ཁང་གི་སྣེ་ལེན་ཁང་དུ་བསྡད། དེ་ན་ཆ་རྐྱེན་ཡང་ཅུང་ཟད་བཟང་པོ་ཡོད་པར་རྩི་ཆོག སྣེ་ལེན་ཁང་དེ་ལ་བརྩེགས་གཉིས་ཡོད་ཅིང་། ཆོས་ཀྱི་རྗེ་ཉིད་བརྩེགས་གཉིས་པར་བཞུགས་ལ། ངེད་ཅག་ཞབས་དྲུང་བ་རྣམས་བརྩེགས་དང་པོའི་ཁང་མིག་ཆུང་ངུ་ཞིག་གི་ནང་ལ་ཅི་ཤོང་བྱས་ཏེ་བསྡད།

ཟླ་དྲུག་པའི་ཁྲིང་ཏུའུ་ནི་སྒར་གྱི་གྲང་རླུང་ཤུར་ཤུར་ལ་མི་འདྲ་བར་འཇིག་རྟེན་ཁ་ཁ་ཞིག་རེད། གནམ་གཤིས་འཐིབས་ཤིང་ཚ་བ་ཤིན་ཏུ་ཆེ་བ་དང་། ཁང་པའི་ནང་ལ་རླུང་འཁོར་མེད་པས། ངེད་ཅག་ཚང་མ་རྔུལ་ཆུ་ཁྲོམ་མེ་བར་གྱུར། སྣེ་ལེན་ཁང་དུ་དུག་སྦྲང་ཡང་མང་བས། སྦྲང་ཡོལ་མེད་ནས་ལུས་པོ་ཚང་མ་འབུས་རྨུགས་ཏེ་དམར་འབུར་རེ་བྱས། ཅུང་དྲགས་ས་ཞིག་ལ། ཆོས་ཀྱི་རྗེ་ཉིད་གཟིམ་སའི་ཁང་མིག་ནང་དུ་སྦྲང་ཡོལ་འདུག་པས། རྗེ་ཉིད་གཟིམ་རན་ཁར། ངས་རྒྱུན་དུ་སྦྲང་ཡོལ་གྱི་སྣེ་ལེགས་པོར་བཀབ་ནས། དུག་སྦྲང་ཡོད་མེད་ཞིབ་མོར་བལྟ་ཞིང་། དེ་རྗེས་གཟོད་གློག་གསོད་ཀྱི་ཡོད།

གློག་འོད་ཡོད་ན་ཆོས་ཀྱི་རྗེ་ཉིད་གཟིམ་མི་འོང་ཞིང་། འདུལ་བའི་སྡེ་སྣོད་ལས་དགེ་སློང་རྣམས་སྒྲོན་འོད་ཀྱི་ངོགས་སུ་ཉལ་ན། ཆོས་དང་མི་མཐུན་པར་གསུངས་པས། ངས་ལག་གློག་ཅིག་རྗེ་ཉིད་ཀྱི་སྔས་ཟུར་ལ་བཞག་ནས་གློག་ཚང་མ་གསོད་ཀྱི་ཡོད་ཅིང་། རྗེ་ཉིད་ཀྱི་སྐུ་ཁམས་མི་བདེ་བ་བྱུང་ན། ཁོང་གིས་ང་ལ་སྨན་གང་ཞིག་དགོས་པ་སོགས་ཀྱི་གསུང་བྱོན་ཡོང་བས། ངས་སྨན་དེ་དང་ཆུ་ཁོལ་རྣམས་ཁོང་གི་ཕྱག་གིས་ཟིན་ས་ཞིག་ལ་བཞག་ནས་འགྲོ་ཡི་ཡོད།

དེ་རྗེས་ཀྱི་ཟླ་ངོ་དྲུག་གི་ནང་། ང་ནི་ཉིན་རེ་བཞིན་ཆོས་ཀྱི་རྗེ་ཉིད་ཀྱི་གཟིམས་ཁང་ནང་ནས་ཆེས་མཐའ་མར་ཕྱིར་འོང་བ་དང་། ཞོགས་པར་ཆེས་ཐོག་མར་ནང་དུ་འཛུལ་མཁན་དེ་ཡིན་པར་གྱུར།

ཞོགས་པ་སྔ་མོར་ཆོས་ཀྱི་རྗེ་ཉིད་གཟིམས་ལས་བཞེངས་ཁར། ངས་སྔོན་ནས་གཟིམས་ཁང་གི་སྒོ་རུ་སྒུག་བཞིན་ཡོད། རྗེ་ཉིད་ཀྱིས་གློ་བསལ་བའི་གསུང་ངམ། ཡང་ན་ཞལ་འདོན་སྒྲོག་པའི་གསུང་ཐོས་པའི་དུས་སུ། ལྡེ་མིག་གིས་གཟིམས་ཁང་གི་སྒོ་ཕྱེ་ཞིང་། ནང་དུ་ཐོན་རྗེས་ངས་རྟག་ཏུ་རྗེ་ཉིད་ཀྱིས་ཕྱག་ཕྲེང་བགྲང་གིན་འདུག་པ་མཐོང་ཞིང་། ཡུན་རིང་མོ་ཞིག་ཏུ་གསུང་མི་འབྱོན་པར་བཞུགས་རྐྱང་མཛད་སྲོལ་ཡོད།

ཆོས་ཀྱི་རྗེ་ཉིད་གཟིམ་ལས་བཞེངས་ཏེ་ཤམ་ཐབས་མནབས་ཚེ། ངས་ཁོང་ལ་སྐུ་ཆིངས་བཅིང་བར་རོགས་བྱེད་ཀྱིན་ཡོད། རྗེ་ཉིད་ཀྱི་སྐུ་ཆིངས་ནི་བལ་གྱིས་བསླེས་པའི་སྐུ་ཆིངས་སེར་པོ་ཞིག་ཡིན་ཞིང་། སྐུ་སྐེད་ལ་ཕུར་པ་ཞིག་འདྲེན། རྗེ་ཉིད་སྐུ་བོངས་ཤིན་ཏུ་ཆེ་བས། ངས་ཁོང་ལ་སྐུ་ཆིངས་བཅིང་བའི་རོགས་བྱེད་སྐབས་ལག་གཉིས་བསྣོལ་ནས་ཟིན་དཀའ་བ་འོང་། ཐོག་མར་རྗེ་ཉིད་ཀྱི་སྐུ་ལ་ངས་རེག་མི་ཕོད་ཅིང་། ཕྱིས་སུ་ག་ལེར་གོམས་ལོབས་སུ་སོང་རྗེས། ཅུང་ཟད་དྲག་ཏུ་ཕྱིན་འདུག་ཀྱང་། ད་དུང་ཡང་སྔར་བཞིན་སེམས་འཚུབ་སེ་བ་འོང་།

དེའི་དུས་སུ། ཆོས་ཀྱི་རྗེས་རྟག་ཏུ་ང་ལ་བཀའ་འདྲི་སྣ་ཚོགས་མཛད་སྲོལ་ཡོད། དཔེར་ན། དེ་རིང་ངེད་ཚོ་གང་དུ་འགྲོ་དགོས། གནས་དེ་ལ་ལོ་རྒྱུས་ཅི་འདྲ་ཞིག་འདུག ལས་རིམ་ལ་བཀོད་སྒྲིག་གང་འདྲ་བྱས་ཡོད།

དེ་རིང་ངེད་ཚོ་སུ་ལ་གཏུག་དགོས། མི་དེའི་ལོ་རྒྱུས་རྒྱུ་མཚན་གང་འདྲ་ཞིག་རེད།

མཉམ་དུ་འོང་བའི་མི་ཆེ་གེ་མོས་ཅི་བྱེད་ཀྱི་འདུག ཅི་བཤད་ཀི་འདུག

དེ་རིང་ཚེས་དུ་རེད། གཟའ་གང་རེད། སྒར་ནས་འོངས་ནས་ཞག་དུ་རེད་སོང་།

ཁྱོད་ཀྱིས་ཉེ་ཆར་གསར་འགྱུར་གང་ཞིག་མཐོང་། ས་གནས་དེ་ལ་རིག་གནས་ཡུལ་སྲོལ། བཟའ་བཏུང་གོམས་གཤིས་གང་འདྲ་འདུག་སོགས་བཀའ་འདྲི་སྣ་ཚོགས་མཛད་འོང་།

ཆོས་ཀྱི་རྗེའི་ཞལ་ནས། མི་ཟེར་བ་དེ་སྒྱེ་ནང་དུ་བཅུག་པ་ལྟར་ཅི་ཡང་མི་གོ་མཁན་ཞིག་མིན་པར། འཇིག་རྟེན་འདི་ལ་རྒྱུས་ཡག་པོ་ཡོད་ན་བཟང་ཞེས་རྟག་ཏུ་གསུངས། དེའི་ཕྱིར། ཁོང་གང་དུ་ཕེབས་ཀྱང་། ཆོས་འཇིག་རྟེན་གཉིས་ཀྱི་བྱ་བ་ཆེ་ཆེ་ཆུང་ཆུང་ཐམས་ཅད་ལ་ཐོག་མར་འདྲི་རྟོག་མཛད། དེ་ལས་གཞན། ཆོས་ཀྱི་རྗེའི་ཐུགས་རིག་ཤིན་ཏུ་བཟང་བས། ཁོང་གི་ཐུགས་ལ་བཞག་པའི་བྱ་བ་གང་ཡིན་ཡང་། ལོ་མང་པོའི་རྗེས་སུ་བསྐྱར་དུ་གསུང་སྐབས་ཕལ་ཆེར་ཇི་མ་ཇི་བཞིན་རང་གསལ་ལྷང་ངེར་གསུང་ཐུབ་མཁན་ཞིག་ཡིན་པ་རེད།

ཆོས་ཀྱི་རྗེའི་ཞབས་ཕྱི་བྱེད་མཁན་ང་ལ་མཚོན་ན། ཕྱོགས་མང་པོ་ནས་གནོན་ཤུགས་ཆེན་པོ་ཞིག་ཅི་ལ་མེད། ༡༩༩༠ ལོའི་ལོ་རབས་དེར། ངས་ཡི་གེར་བལྟ་བ་དང་གཞན་ལ་སྐད་ཆ་འདྲི་བ་ཁོ་ན་ལས་ཅི་ཡང་མི་འོང་ཞིང་། ཁྱད་པར་དུ་ཕྱི་རྒྱལ་ལ་ཐོན་རྗེས། སྐད་བརྡ་མི་འཕྲོད་པའི་རྐྱེན་གྱིས། རྟག་ཏུ་ས་གནས་དེ་གའི་བོད་མི་འཚོལ་དགོས་བྱུང་ནས་གནས་ཚུལ་འདྲ་མིན་ལ་རྒྱུས་ལོན་ཞིབ་པར་བྱས་ཏེ། ཕྱིར་ཉིན་ཞོགས་པར་རྗེ་ཉིད་ལ་སྐུ་ཆིངས་འཆིང་བཞིན་སྙན་གསན་ཕུལ་བ་ཡིན།

སྐུ་ཆིངས་བཅིངས་ཚར་རྗེས། ངས་ཁྲུས་གཞོང་ནང་ལ་ཆུ་རན་པར་བླུགས་ཏེ་གུས་པ་ཆེན་པོའི་སྒོ་ནས་རྗེ་ཉིད་ལ་འབུལ་ཞིང་། རྗེ་ཉིད་ཀྱིས་ཐད་ཀར་ཕྱག་གཉིས་ཀྱིས་ཞལ་བཀྲུ་བ་དང་། ལག་རས་ཀྱིས་གཙང་མར་ཕྱི་ལ། དེ་ནས་སྟབས་བདེའི་ངང་ནས་ཚེམས་བཀྲུ་བ་རེད།

གསོལ་ཇ་བཞེས་སྐབས། རྗེ་ཉིད་ཀྱིས་བོད་ཀྱི་ལུགས་སྲོལ་ལྟར་ཉིད་ལ་ཆེད་དུ་སྤྱོད་པའི་ཞལ་ཕོར་ཡོད་པ་དེའི་ནང་ལ་གསོལ། རྗེ་ཉིད་ཀྱིས་གཡང་ཊི་དཀར་པོའི་ཞལ་ཕོར་ཞིག་ཆེས་རྒྱུན་ལྡན་དུ་སྤྱོད་བཞིན་ཡོད་ཅིང་། ས་ཆ་གང་དུ་ཕེབས་ཀྱང་། དེའི་ནང་དུ་གསོལ་ཆུ་དང་གསོལ་ཇ་བཞེས་པ་རེད། ངས་དེ་རྟག་ཏུ་འབྲལ་མེད་དུ་འཁྱེར་གྱིན་ཡོད་པ་དང་། ཆག་གྲུམ་འཆོར་བར་འཇིགས་ཏེ་གཟབ་གཟབ་བྱས་ནས་ལེན་ཞིང་། གཟབ་གཟབ་བྱས་ཏེ་འཇོག་གི་ཡོད། རྗེ་ཉིད་ཀྱིས་གསོལ་ཚར་རྗེས། ངས་གཟབ་ནན་གྱིས་རྗེའི་ཕྱག་ནས་ཚུར་ལེན་ཞིང་། ཆེད་སྤྱོད་ཀྱི་ལག་རས་ཤིག་ཡོད་པ་དེས་ལེགས་པོར་ཕྱིས་ནས། ཕོར་ཤུབས་ནང་དུ་འཇོག་པ་དང་། དེ་ནས་བག་ཟོན་དང་བཅས་ཏེ་ཁུག་མའི་ནང་དུ་ཉར་གྱི་ཡོད། ཆོས་ཀྱི་རྗེ་ཉིད་རྒྱ་གར་འཕགས་ཡུལ་ནས་ཕྱིར་ཕེབས་རྗེས། ལག་རས་དེ་ང་ལ་གནང་སོང། དེའི་སྟེང་དུ་རྗེ་ཉིད་ཀྱི་དྲི་བསུང་གིས་ཁྱབ་ཡོད་པས། ངས་ད་བར་དུ་ཉར་ཚགས་བྱས་ཡོད།

ལོ་དེར། ངས་ཉིན་རེ་བཞིན་དུ་ཆོས་ཀྱི་རྗེ་ཉིད་ལ་ཞབས་ཕྱི་དེ་ལྟར་ཞུས་པས། ད་ལྟ་བསམ་བློ་བཏང་ན། དེ་དག་ཚང་མ་རྨི་ལམ་ལྟ་བུ་ཞིག་ཅི་ལ་མིན།

༡༩༩༠ ལོའི་ཟླ་༦ ཚེས་༢༠ །

ཆོས་ཀྱི་རྗེ་ཉིད་སྔོན་ཆད་རྒྱ་ཡུལ་ལ་ཕེབས་མྱོང་ཡང་། ས་ཆ་དེའི་སྔོ་ཚལ་ད་དུང་གོམས་ལོབས་སུ་མ་སོང་བས། རྒྱུན་དུ་གཙོ་ཆེར་རྩམ་པ་གསོལ་བཞིན་ཡོད། མཚམས་ལ་ལར་འབྲས་ཆན་གྱི་ནང་ལ་མར་ཅུང་ཟད་རེ་འཕངས་ནས། ཞལ་ཁམ་རེ་ཟུང་ཙམ་གསོལ། ཆོས་ཀྱི་རྗེ་ཉིད་ཀྱིས་གསོལ་བ་བཞེས་སྐབས་ཟ་ཐུར་མི་སྤྱོད་པར། རྒྱ་གར་བ་བཞིན་ཐད་ཀར་ཕྱག་གིས་བཟུང་ནས་གསོལ།

གསོལ་ཚར་རྗེས་ང་ཚོས་རྗེ་ཉིད་ལ་གཙང་ཤོག་ཕུལ་ནས་ཁོང་གིས་ཕྱག་ཕྱི་བ་རེད། རྒྱ་ཡུལ་ལ་བཞུགས་སྐབས། གོམས་གཤིས་དེ་གཞན་ལ་མི་འདྲ་བར་མཚར་མོ་ཡོད་པ་ལྟ་བུར་སྣང་ཡང་། རྒྱ་གར་འཕགས་པའི་ཡུལ་ལ་ཕེབས་རྗེས། དེ་ནི་ཆེས་རྒྱུན་ལྡན་ལྟ་བུར་གྱུར།

མི་ཡུལ་ས་མཐའ་ན་དཀའ་ངལ་ཤིན་ཏུ་ཆེ་བས། ཆོས་ཀྱི་རྗེ་ཉིད་ཀྱིས་གསོལ་བ་ཅུང་ཟད་བཟང་པོ་རེ་གསོལ་ཐུབ་པའི་ཆེད་དུ། ཐེངས་ཤིག ངས་སྣེ་ལེན་ཁང་གི་འགྲམ་ལ་ཟ་ཁང་ཆུང་ཆུང་ཞིག་འདུག་པ་མཐོང་བས། ཁོ་ཚོ་ལ་ཚྭ་དང་སྣུམ་ལས་བྲོ་རྫས་གཞན་གང་ཡང་མ་བླུགས་པར་ཚལ་དཀར་ཆུང་ངུ་ཞིག་རྔོ་རུ་བཅུག བློ་ཡུལ་དུ་མེད་པ་ཞིག་ལ། ཆོས་ཀྱི་རྗེ་ཉིད་ཀྱིས་གསོལ་རྗེས་ཐུགས་ཤིན་ཏུ་དགྱེས་ནས། ཕྱག་གི་མཐེ་བོང་སྒྲེང་བཞིན་ཞལ་ནས། འདི་ཧ་ཅང་ཞིམ་པོ་འདུག ཁྱོད་ཀྱིས་གང་ནས་ཁྱེར་ཡོང་བ་ཡིན་ཞེས་གསུངས།

མཐར་ཆོས་ཀྱི་རྗེ་ཉིད་ཀྱི་ཐུགས་ལ་འཕྲོད་པའི་ཚོད་མ་ཞིག་རྙེད་པས། ང་དགའ་བ་ལ་ཚད་མ་བྱུང་། ཕྱིས་སུ་ས་ཆ་རེ་ལ་ཕེབས་ཐོན་པ་ན། ངས་ཅི་ནུས་ཀྱིས་ཟ་ཁང་བཙལ་ནས་ཚལ་དཀར་ཆུང་ངུ་དེ་དང་འདྲ་བ་རེ་བཟོ་རུ་བཅུག་པ་ཡིན། ཡིན་ན་ཡང་རྒྱ་གར་འཕགས་ཡུལ་ལ་ཕེབས་རྗེས། ཐེངས་ཁ་ཡར་ལ་བཙལ་ཀྱང་བློ་ལ་འཕྲོད་པོ་རང་ནི་རྙེད་མ་སོང་།

ཆོས་ཀྱི་རྗེ་ཉིད་ཕྱི་རྒྱལ་ལ་འབྱོན་བཞུགས་ཀྱི་སྐབས་སུ་སྐུ་ལུས་བདེ་ཐང་ལ་དམིགས་ནས། ཁྲིང་ཏུའུ་ལ་རྒྱའི་སྨན་པ་ཞིག་ཡོད་པ་དེས། རྒྱ་སྨན་ཧ་ཅང་མང་པོ་བྱིན་སོང་། ངེད་ཅག་ས་ཚུགས་རེ་རེ་ལ་འབྱོར་བ་ན། ཐོག་མར་སྨན་བསྐོལ་ས་རེ་ཨེ་རྙེད་བལྟས་ནས་བསྐོལ་བ་དང་། ལེགས་པོར་བསྐོལ་ཟིན་རྗེས། དམ་བེ་ཞིག་གི་ནང་ལ་བླུགས་ནས་འཁྱེར་ཞིང་། དུས་ཐོག་ཏུ་རྗེ་ཉིད་ཀྱི་སྐུ་མདུན་ལ་འབུལ་གྱི་ཡོད། རྒྱ་སྨན་དེ་དག་ཅུང་ཟད་མང་ཆེས་པས། རྗེ་ཉིད་རྒྱ་གར་འཕགས་ཡུལ་ལ་ཕེབས་འབྱོར་བྱུང་ནས་ཡུན་རིང་མོ་ཞིག་གི་རྗེས་སུ་གཟོད་ཚང་མ་གསོལ་ཐུབ་པ་བྱུང་།

ཆོས་ཀྱི་རྗེ་ཉིད་ཀྱིས་སྐབས་སྐབས་སུ་ཕོ་སྨན་དང་། རྣལ་འབེབས་སྨན། གཟེར་འཇོམས་སྨན། ད་དུང་སྙིང་ལ་ཕན་པའི་སྨན་སོགས་ནུབ་སྨན་ཡང་གང་འཚམ་བསྟེན་བཞིན་ཡོད། སྨན་དེ་ཚོ་ལ་ཞོར་གནོད་ཡོད་ཀྱང་། རྗེ་ཉིད་ཀྱི་སྐུ་ལུས་མི་བདེ་བའི་དུས་སུ་སྨན་དེ་ཚོ་གསོལ་དགོས་པའི་ཚུལ་ཡང་སྟོན་པར་མཛད།

གནས་མཇལ་ལ་ཕེབས་པའི་ཟླ་བ་དྲུག་གི་རིང་། ཆོས་ཀྱི་རྗེ་ཉིད་ཀྱི་སྐུ་ལུས་བདེ་ཞིང་ཐང་བས། སྙུན་གཞི་ཚབས་ཆེན་རང་ཅི་ཡང་མ་བྱུང་།

༡༩༩༠ ལོའི་ཟླ་༦ ཚེས་༢༡ །

སི་ཁྲོན་ཞིང་ཆེན་གྱི་བོད་རིགས་སྤུན་ཟླའི་སྣེ་ལེན་གཞུང་ལས་ཁང་དང་། ཆོས་ལུགས་ལས་ཁུངས་བཅས་ཀྱིས། ཆོས་ཀྱི་རྗེ་ཉིད་ལ་ཆེད་དུ་ཕེབས་སྐྱེལ་ཞུ་བའི་གསོལ་སྟོན་བཤམས། གསོལ་སྟོན་སྟེང་ལ་ཅོག་ཙེ་ཆེན་མོ་གཉིས་བསྒྲིགས་ནས། སྡེ་ཁག་གཉིས་ཀྱི་མགོ་ཁྲིད་སོ་སོར་བསྡད།

ཁོ་ཚོས་ངེད་ཅག་ལ་ཆང་འདེགས་སྐབས། ཕོར་ནང་དུ་བླུགས་པ་ནི་ཁོལ་ཁོལ་ཁུ་ནག་ཡིན་པར་འདུག སྐབས་དེར་སྲིད་གཞུང་ནང་ཁུལ་མ་གཏོགས་ཚོང་ཁྲོམ་སོགས་ནས་བཏུང་ཁུ་དེ་འདྲ་ཉོ་ཤིན་ཏུ་དཀའ། འདི་ནི་ངའི་མི་ཚེའི་ནང་ནས་ཁོལ་ཁོལ་ཁུ་ནག་མཐོང་ཐེངས་དང་པོ་ཡིན། ཐོག་མར་ཨ་རག་ཡིན་རྒྱུ་རེད་བསམས་ཏེ། ཟུར་གྱི་མི་ལ་ལན་ཁ་ཤས་དྲིས་རྗེས། གཟོད་ཨ་རག་མིན་པར་ཤེས། ངས་ཁམ་གང་ཚོད་ལྟ་བྱས་པས། བྲོ་བ་མཚར་མོ་ཞིག་འདུག་ཀྱང་ཞིམ་པོ་གདའ་བའི་སྣང་བ་སྐྱེས། དེ་ཡང་ལོ་ན་གཞོན་པའི་སྟོབས་ཀྱིས་གསར་བྱུང་དངོས་པོ་དང་དུ་ལེན་པའི་ནུས་པ་ཆེ་བའི་རྐྱེན་གྱིས་ཡིན་ལས་ཆེ།

དུས་དེ་ནས་བཟུང་། ང་ཁོལ་ཁོལ་ཁུ་ནག་ལ་བློ་འཐད་པ་བྱུང་ཞིང་། ཕྱིས་སུ་མི་མང་པོས་དེ་འཐུང་ན་བདེ་ཐང་ལ་གནོད་པས། མ་འཐུང་ན་དགའ་ཞེས་ཟེར་ནས་བསྐུལ་མ་བྱུང་བས། ངས་ད་གདོད་དེ་འཐུང་བའི་སྲེད་པ་ག་ལེར་མེད་པར་བྱས་པ་ཡིན།

གསོལ་སྟོན་སྟེང་དུ་སྐྲ་ལྟག་རྒྱབ་ལ་ཤད་པའི་མགོ་ཁྲིད་རྒས་པ་ཞིག་འདུག་པ་དེ། ཆོས་ཀྱི་རྗེ་ཉིད་ལ་དད་གུས་ཆེ་ཞིང་། ཁོས་ཁོལ་ཁོལ་ཁུ་ནག་ཕོར་གང་ལག་ཏུ་བཏེགས་ནས། རྗེ་ཉིད་རྒྱ་གར་འཕགས་ཡུལ་ནས་དགོངས་བཞེད་བཞིན་དུ་ཡུལ་སྐོར་ཕུན་སུམ་ཚོགས་པོ་ཡོང་བ་དང་། གང་མྱུར་ཕྱིར་ཕེབས་ཐུབ་པའི་འཚམས་འདྲི་རྟེན་འབྲེལ་ཞུས། དེ་ལོར། ངེད་ཚོས་ཕྱི་རྒྱལ་ལ་འགྲོ་བའི་རྒྱུ་མཚན་གཙོ་བོ་ཡང་། ནང་པའི་གནས་ཆེན་ཁག་ཏུ་ཡུལ་སྐོར་ལ་འགྲོ་རྒྱུ་ཡིན་ཞེས་ཆོག་མཆན་ཡི་གེའི་ཐོག་ལ་བཀོད་ཡོད།

ཉིན་དེར། མགོ་ཁྲིད་ལ་ལ་རྗེ་ཉིད་ལ་དད་གུས་ཆེན་པོ་མེད་པར་འདུག་པས། རྗེ་ཉིད་ལ་ལྟ་བའི་མིག་གིས་ཀྱང་ཆུང་ལྟ་བྱེད་པའི་རྣམ་འགྱུར་བསྟན།

ཡིན་ན་ཡང་ཆོས་ཀྱི་རྗེ་ཉིད་ལ་མི་སེམས་རྗེན་པར་གཟིགས་པའི་ཐུགས་རིག་ཤིན་ཏུ་རྣོན་པོ་ཡོད་པའི་ཁྱད་ཆོས་ལྡན་པས། རྣམ་འགྱུར་མི་འདྲ་བ་སྟོན་པའི་མི་དེ་ཚོ་གཟིགས་སྐབས། རྣམ་པ་གཞན་ཞིག་གིས་དེ་ལ་གསུང་འབྱོན་ཞིང་། གསོལ་སྟོན་གཅིག་གི་ཚེ། རྗེ་ཉིད་ཀྱིས་མི་ཐམས་ཅད་ལ་བསམ་པའི་འཁྱེར་སོ་གང་ཡོད་ལག་མཐིལ་ལ་སྐྱུ་རུ་ར་བཞག་པ་ལྟར་གསལ་བོར་གཟིགས་ནས། ཐམས་ཅད་དགའ་ཞིང་མགུ་བར་འོང་བ་མཛད།

དགོང་ཟས་གསོལ་ཚར་རྗེས། ཆོས་ཀྱི་རྗེ་ཉིད་ཀྱིས་ང་སྐུ་མདུན་དུ་བོས་ཏེ་ཞལ་ནས། སང་ཉིན་ནས་བཟུང་། ངེད་ཚོས་གནས་མཇལ་བྱེད་པའི་མགོ་རྩོམ་རྒྱུ་རེད། ཕྱིན་ཆོད་ཀྱི་ཟླ་བ་འགའ་ཞིག་གི་ནང་། ཁྱོད་ཀྱིས་ང་ལ་གོས་དང་ཡི་གེ་སོགས་ཀྱི་ལམ་ཆས་རྣམས་ཚགས་བྱེད་རོགས་དགོས། ད་དུང་ཡི་གེ་ལ་འབེབས་རྒྱུ་ཡང་འགའ་རེ་ཡོད་རྒྱུ་རེད། ད་རེས་ངེད་ཚོས་གནས་མང་པོ་ལ་མཇལ་སྐོར་བྱ་རྒྱུ་ཡིན་ཞིང་། ཁྱད་པར་དུ་གུ་རུ་རིན་པོ་ཆེའི་གནས་ལ་ཕྱིན་རྗེས། ངའི་ཉམས་སྣང་ལས་རིན་ཐང་ཅུང་ཟད་ཡོད་པའི་ཆོ་གའམ་ཡང་ན་དག་སྣང་ཆོས་སྐོར་འགའ་རེ་ཤར་ནའང་ཐང་བས། འཕྲལ་དུ་ཡི་གེར་མ་ཕབ་ན། ཅུང་ཟད་འགོར་རྗེས་འཇའ་ཡལ་བ་ལྟར་མེད་པར་འགྱུར་འགྲོ་བས། ཁྱོད་ཀྱིས་ངེས་པར་དུ་དེ་ལ་གྲ་སྒྲིག་ཡག་པོ་བྱེད་དགོས། དེ་ལས་གཞན་ད་རུང་ངའི་སྲིང་མོ་ཨ་ནེ་མེ་སྒྲོན་ལ་ཡང་ལྟ་རྟོག་ལེགས་པོ་གྱིས། མོས་རབ་ཏུ་བྱུང་བ་རྣམས་ལ་ལམ་ཆས་འཁུར་འཇུག་གི་མེད་ཀྱང་། གནམ་གྲུའི་ནང་ལ་འདུག་པ་སོགས་ཀྱི་དུས་སུ། ཁྱོད་ཀྱིས་རོགས་རེ་བྱེད་རྒྱུ་མ་འཆུག་ཅེས་བཀའ་བསྩལ་སོང་།

ཆོས་ཀྱི་རྗེ་ཉིད་ཀྱིས་ང་ལ་བཀའ་བསྩལ་བ་རྣམས་ཐོས་ནས་ཡིད་ཤིན་ཏུ་དགའ་བ་བྱུང་། ད་ནི་གནའ་སྔ་མོ་ནས་ཡིད་སྨོན་འཆོར་སའི་ནང་པའི་རྒྱལ་ཁབ་ལ་མྱུར་དུ་འགྲོ་རྒྱུ་ཡིན་པར་འདུག་པས། རང་གིས་བླ་མའི་ཐུགས་ཀྱི་དགྱེས་པ་སྐོང་ཐུབ་པ་ཨེ་ཡོང་ཅི་ཤེས་བསམས། གང་ལྟར་ཡང་། ཉི་མ་དེ་ནས་བཟུང་། ངས་ཉིན་རེའི་ཞོགས་པར་རྗེ་ཉིད་ལ་ན་བཟའ་ལེགས་བཅོས་བསྡུ་གསོག་བྱེད་པ་དང་། ཕྱི་རོལ་ཏུ་འབྱོན་སྐབས་བླ་མས་འབྲལ་མེད་དུ་བསྣམ་དགོས་པའི་དགེ་སློང་གི་ཆོས་གོས། མཐུག་པོ་རང་མེད་པའི་ཞལ་འདོན། གཏེར་རྫས་མང་པོ་བཞུགས་སུ་གསོལ་བའི་གའུ། བླ་མ་ཡང་ཏིག་གི་གླེགས་བམ་སོགས་རྒྱུན་དུ་རྒྱབ་ལ་ཁུར་གྱིན་ཡོད། ས་ཆ་གཞན་ལ་འགྲོ་ཁར། ངས་རྟག་པར་སྔོན་ནས་ཚང་རྩིས་ལེགས་པོར་བརྒྱབས་ཏེ། དངོས་རྫས་འདི་དག་ཁུག་མ་སྔོན་པོ་ཞིག་གི་ནང་ལ་ཉར་ཚགས་བྱེད་པ་དང་། དེ་ནས་རྒྱབ་ལ་ཁུར་ནས་འགྲོ་ཞིང་། རྒྱབ་ལ་མ་ཁུར་བའི་སྔོན་དུ། ངས་གུས་པ་ཚད་མེད་པ་ཞིག་གི་ངང་མགོ་ཐོག་ཏུ་བཞག་ནས། བྱིན་རླབས་ཁྱད་པར་ཅན་རྒྱུད་ལ་འཕོ་བར་གསོལ་བ་འདེབས་ཀྱི་ཡོད།

འདྲ་པར་ནང་གི་ཁུག་མ་སྔོན་པོ་དེའི་ནང་ལ་རྗེ་ཉིད་ཀྱི་རྟེན་རྫས་ཉར་ཚགས་བྱས་ཡོད།

གོང་གི་དངོས་རྫས་འདི་དག་ལས་གཞན། ཆོས་ཀྱི་རྗེ་ཉིད་ལ་ད་དུང་ནམ་ཡང་སྐུ་ལ་འབྲལ་མེད་དུ་འཆང་བའི་རིན་པོ་ཆེ་གསུམ་ཡོད། དེ་ནི་བསྟན་པ་བུ་གཅིག་གི་རྒྱུད་བཞུགས་སུ་གསོལ་བའི་གའུ་དང་། སྐུ་སྐེད་ལ་འདྲེན་པའི་ཕུར་པ། ཕྱག་ཕྲེང་དམར་པོ་ཞིག་ཡོད་པ་དེ་དག་རེད། རྗེ་ཉིད་ཆེས་ཐོག་མར་མཇལ་བ་ནས་སྐུ་ཞི་བར་མ་གཤེགས་ཀྱི་བར་དུ། འདི་དག་རྗེ་ཉིད་ཀྱི་སྐུ་ལ་འབྲལ་མེད་དུ་འཆང་བ་ལས། གཞན་ལག་འགྲིམ་མ་མྱོང་།

༡༩༩༠ ལོའི་ཟླ་༦ ཚེས་༢༢ །

ཆོས་ཀྱི་རྗེ་ཉིད་ཀྱིས་ཁྲིང་ཏུའུ་ཧྲང་ལོས་གནམ་ཐང་ནས། ཤུལ་དུ་འདུག་པ་རྣམས་ལ་བདེ་ཞུས་མཛད་དེ་ལྷ་ས་ལ་ཕེབས། ཕེབས་སྐྱེལ་དུ་ཡོང་བ་ལ་རྗེ་ཉིད་ཀྱི་སྐུ་ཉེ་དང་། གྲོགས་པོ། སློབ་མ་ཁ་ཤས་སོགས་ཡོད་ཅིང་། ཁོང་ཚོ་ཚང་མ་འབྲལ་མི་ཕོད་པའི་ངང་མིག་ཀོང་མཆི་མས་གང་ནས་འདུག

ཕྱི་རྒྱལ་ལ་འགྲོ་ཐེངས་དང་པོ་ཡིན་པ་དང་། ཉམས་མྱོང་མེད་པའི་རྐྱེན་གྱིས་ངེད་ཚོས་རྩམ་པ་དང་། གྲོ་གཅུས། ཞུན་མར་མང་པོ་ཁྱེར་ཡོད་པས། ལམ་ཆས་མངག་སྐྱེལ་བྱེད་སྐབས་ལྗིད་ཚད་ལས་བརྒལ་ཏེ། ཁ་ཤས་མི་སྐྱུར་ཀ་མེད་བྱུང་། ཕྱི་རྒྱལ་ལ་འཁྱེར་ཐུབ་པའི་ཁ་ཟས་རྣམས་ཀྱང་། རྒྱ་གར་ལ་ཚད་པ་ཤིན་ཏུ་ཆེ་བའི་རྐྱེན་གྱིས་ཕལ་མོ་ཆེ་རུལ་སོང་བས། རྣམ་གྲོལ་གླིང་ནས་གཡུགས་པ་ཡིན། ངེད་ཚོས་ད་རུང་ཀུ་རེའི་རྣམ་པས། ཁ་ཟས་འདི་དག་ལ་ལུང་མང་པོ་བརྒལ་ནས་ཁྱེད་ཚོའི་ས་འདིར་གཡུག་པའི་ཆེད་དུ་ཁྱེར་ཡོང་བ་ཡིན་ཞེས་སྨྲས།

ལོ་རབས་དེར། གནམ་གྲུར་འདུག་པའི་མི་ཤིན་ཏུ་ཉུང་ཞིང་། ལམ་ཆས་སྒམ་ཟེར་བའི་དངོས་པོ་ཞིག་ཡོད་པ་ངེད་ཚོས་གོ་མ་མྱོང་བས། ཅ་ལག་འཁྱེར་རྒྱུ་ཚང་མ་རྩྭ་ཁུག་ནང་དུ་བཅུག་པ་ཡིན། འབབ་ཚུགས་ལ་སླེབས་ནས་ལམ་ཆས་ལེན་དུ་འགྲོ་སྐབས། རྩྭ་ཁུག་འདྲ་མིན་མང་པོ་ཁ་དོག་སྣ་ལྔ་དང་བཅས་ཏེ། སྐྱེལ་འདྲེན་འཁོར་ཐག་གི་སྟེང་ནས་འདྲེན་གྱིན་འདུག་པ་མཐོང་བས་ཤིན་ཏུ་མངོན་གསལ་དོད་པོ་རང་རེད།

གནམ་གྲུའི་ནང་ལ་བསྡད་རྗེས། གྲུ་ཤག་དང་པོ་ཟེར་བ་ཡོད་པ་ཡང་མ་ཤེས་པས། སྐུ་བོངས་ཆེ་བའི་ཆོས་ཀྱི་རྗེ་ཉིད་གྲུ་ཤག་དཀྱུས་མའི་འདུག་སྟེགས་ཐོག་ལ་བཞུགས་ཤིང་། ད་དུང་བཞུགས་མ་བདེ་ནས་སྐྱོབ་ཐག་ལྷག་མ་གཅིག་ཁྱེར་ནས་མ་བརྒྱབས་ན། གཅིག་ཁོ་ནས་འཁྱོལ་མ་ཐུབ་པ་བྱུང་།

ང་ཆོས་ཀྱི་རྗེའི་ཟུར་དུ་བསྡད་ཡོད་པས། དགའ་བ་དང་མཉམ་དུ་སེམས་ཀྱང་འཚུབ་མོ་བྱུང་། གནམ་གྲུ་མ་འཕུར་བའི་གོང་གི་བདེ་འཇགས་ཤེས་བྱ་དང་། འཕུར་ལམ་ནས་མི་ཐམས་ཅད་ལ་འགྱེད་པའི་ཁ་ཟས་སོགས་ལ། རྗེ་ཉིད་ལ་མཁྱེན་འདོད་ཆེན་མོ་ཡོད་པར་མཛད་པས་ངས་རེ་རེ་ནས་སྐད་སྒྱུར་ཞུས།

བོད་མི་ཞིག་ལ་མཚོན་ནས་བཤད་ན། ཚེ་འདིར་དབུས་ལྷ་ས་ལ་སོང་ནས་ཇོ་བོ་ཡིད་བཞིན་ནོར་བུ་ལ་མཆོད་མཇལ་བྱེད་པ་ནི། ཆེས་བསོད་ནམས་ལྡན་པའི་བྱ་བ་ཞིག་ལ་བརྩི་བ་རེད། དམ་པ་གོང་མའི་ཞལ་ནས་ཀྱང་། ཇོ་བོ་ཡིད་བཞིན་ནོར་བུ་ལ་མཆོད་མཇལ་བྱས་ན་ངན་སོང་ལ་མི་འགྲོ་གསུངས། ལྷ་ས་ལ་གཏན་ནས་འགྲོ་མ་མྱོང་བའི་ང་ལ་ནི། ཇོ་བོ་ཡིད་བཞིན་ནོར་བུ་ལ་མཆོད་མཇལ་བྱེད་ཐུབ་པ་དང་། ད་དུང་དེས་ཀྱང་མི་ཚད་པར་བླ་མ་དང་མཉམ་དུ་སྨོན་ལམ་འདེབས་པའི་སྐལ་བ་ལྡན་བྱུང་བས། སེམས་ལ་དགའ་བ་དཔེ་མེད་པ་ཞིག་བྱུང་།

གནམ་གྲུ་འཕུར་བའི་དུས་སུ། ཆོས་ཀྱི་རྗེས་སྒེའུ་ཁུང་ཕྱི་རོལ་ཏུ་གཟིགས་ཏེ། ཞལ་ནས་གཅིག་གསུང་གིན་འདུག ངས་གངས་རི་དང་སྤྲིན་དཀར་པོ་དག་ལ་ལྟ་བཞིན། ཤིན་ཏུ་མཛེས་པ་ལ་ཨང་བསམས། ཆོས་ཀྱི་རྗེ་དང་མཉམ་དུ་གནམ་གྲུ་ལ་འདུག་ཐེངས་དང་པོ་ཡིན་པའི་རྐྱེན་གྱིས། འདི་ནི་ངའི་མི་ཚེའི་ནང་གི་ཆེས་དོན་སྙིང་ལྡན་པའི་དུས་སྐབས་ཤིག་ཡིན་པའི་ཚོར་བ་སྐྱེས། དེའི་རྐྱེན་གྱིས་ད་ལྟ་གནམ་གྲུ་ལ་བསྡད་ནས་གངས་རི་དང་སྤྲིན་དཀར་མཐོང་ཐེངས་རེར། རྣམ་པ་དེ་ཐམས་ཅད་མིག་ལམ་ལ་གསལ་བོར་འཆར་ཡོང་གི་འདུག

ཆུ་ཚོད་གཉིས་ལྷག་གི་རྗེས། གནམ་གྲུ་གོང་དཀར་གནམ་ཐང་དུ་བདེ་བར་བབས། བོད་ལྗོངས་སྣེ་ལེན་གཞུང་ལས་ཁང་གི་མི་སྣ་རྗེ་ཉིད་ཕེབས་བསུ་ལ་ཐོན་ཞིང་། ངེད་ཚོ་བརྩེགས་གཉིས་ཅན་གྱི་མགྲོན་ཁང་ཞིག་གི་ནང་ལ་འདུག་རྒྱུའི་བཀོད་སྒྲིག་བྱས་འདུག།

ལྷ་སའི་དད་ལྡན་མང་ཚོགས་མང་པོས་ཆོས་ཀྱི་རྗེ་ཉིད་ཕེབས་འབྱོར་བྱུང་བ་གོ་རྗེས། ཐམས་ཅད་གཅིག་རྗེས་གཉིས་མཐུད་ཀྱིས་མཇལ་དུ་ཡོང་། མགྲོན་ཁང་ཕྱི་ནང་ཐམས་ཅད་མིའི་འཚང་ཁ་ཤིག་ཤིག་ཏུ་གྱུར། རྗེ་ཉིད་ཀྱིས་སྐུ་ངལ་མ་བསྐྱོན་པར། ཚང་མ་ལ་ཕྱག་དབང་གནང་བ་དང་བྱིན་རླབས་མཛད་ཅིང་། ཆོས་འབྲེལ་གསུངས། ༡༩༨༦ལོར། རྗེ་ཉིད་དང་མཉམ་དུ་བྲག་འགོ དཀར་མཛེས། རྟའུ། རོང་བྲག མི་ཉག་སོགས་ཀྱི་དགོན་སྡེ་༧༢ དང་། ༡༩༨༧ལོར། རྗེ་ཉིད་དང་མཉམ་དུ་རི་བོ་རྩེ་ལྔ་ལ་ཡང་འགྲོ་མྱོང་བས། དད་ལྡན་མང་ཚོགས་ཕོན་ཆེན་མོ་མཇལ་ཕྱག་ལ་ཡོང་བའི་ཚེ། ཅི་འདྲ་དགོས་པ་ལ་ཉམས་མྱོང་ཅུང་ཟད་ཡག་པོ་ཡོད་པས། ཕྱོགས་གཅིག་ནས་མང་ཚོགས་ཀྱི་རེ་བ་སྐོང་ཐུབ་ལ། ཕྱོགས་གཞན་ཞིག་ནས་བླ་མ་ལ་སྐུ་ངལ་ཆེན་མོ་མི་འོང་བ་བྱེད་ཐུབ་པ་ཡོད།

དོན་དུ་མི་སུ་འདྲ་ཞིག་ཡིན་ཡང་། བླ་མ་མཇལ་འདོད་ཡོད་ཚེ། ངས་བླ་མ་ཁོ་ན་ལ་མི་བསམ་པར། ཁོ་ཚོ་ལ་ཡང་ནུས་པ་གང་ཡོད་ཀྱིས་འདང་བརྒྱབས་ཏེ་རེ་བ་སྐོང་ཅི་ཐུབ་བྱེད་ཀྱི་ཡོད། ངས་བལྟས་ན་མི་སུ་ཞིག་ཡིན་ཡང་། དད་གུས་ཀྱིས་རྗེ་ཉིད་མཇལ་བ་དང་། ཐ་ན་ཡུད་ཙམ་ལས་མ་མཇལ་བའམ་ཉིད་ཀྱི་ཕྱག་གིས་མགོ་ལ་རེག་ཙམ་ལས་མ་ཐུབ་པ་སོགས་གང་ཡིན་ཡང་ཐར་པའི་གོ་འཕང་ལ་འགྲོ་བའི་རྒྱུ་གཙོ་བོ་ཉིད་དུ་འགྱུར་བར་འདོད་པས། གནས་ཚུལ་དམིགས་བསལ་བ་མེད་ན། ངས་ཅི་ནུས་ཀྱིས་བཀོད་སྒྲིག་བྱེད་ཀི་ཡོད། སྐབས་ལ་ལར་ངས་ཁོ་ཚོ་ལ་ཕྱི་རོལ་ནས་སྒུག་འཇུག་ཅིང་། རྗེ་ཉིད་ཕྱི་ལ་ཕེབས་ཁར། ཁོང་ལ་སྙན་གསན་འབུལ་ཞིང་། རྗེ་ཉིད་ཀྱིས་ཀྱང་ཐུགས་ཤིན་ཏུ་བརྩེ་བས་སེམས་ཅན་སུ་འདྲ་ཞིག་ཡིན་ཡང་། ཚང་མ་ལ་བྱིན་རླབས་མཛད་སྲོལ་ཡོད།

༡༩༩༠ ལོའི་ཟླ་༦ ཚེས་༢༣ །

སྔ་དྲོར། ཆོས་ཀྱི་རྗེ་ཉིད་གཙུག་ལག་ཁང་དུ་ཕེབས་ནས་ཇོ་མཇལ་ཞུས།

མི་ཞིག་གིས་ངེད་ཚོ་ལ་ཇོ་བོ་ལ་ཞལ་གསེར་ཕུལ་ན། གཙུག་ལག་ཁང་དུ་ཡུན་རིང་ངེ་བ་ལ་བཞུགས་ཆོག་གི་ཡོད་ཟེར་བས། ང་ཞལ་གསེར་འབུལ་བའི་འགན་ཁུར་བ་འཚོལ་དུ་སོང་།

གཙུག་ལག་ཁང་གི་བརྩེགས་གཉིས་པར་ཐོན་རྗེས། དགེ་བཤེས་ཤིག་ཤིང་ཁང་ཆུང་ཆུང་ཞིག་གི་ནང་དུ། འོ་ཇ་གསོལ་བཞིན་དཔེ་ཆ་ལ་གཟིགས་ནས་བཞུགས་འདུག་པ་མཇལ། ཁོང་གི་མདུན་དུ་དཔེ་ཆ་སྣེ་རིང་ཞིག་དང་། ཅོག་ཙེའི་ཐོག་ལ་སྐུ་འདྲ་བཤམས་གདའ། ཟུར་གྱི་དཔེ་སྒྲོམ་ཐོག་ལ་རྟེན་གསུམ་སྤུས་གཙང་མོར་བཤམས་འདུག ཁོང་གི་སྟབས་བདེ་ལ་སྤུས་གཙང་ཞིང་། སོས་དལ་བག་ཕེབས་ཀྱི་ངང་དཔེ་ཆ་གྲོགས་སུ་བསྟེན་པའི་འཚོ་བ་དེ་ལ། ཡིད་སྨོན་དབང་མེད་དུ་ཤོར།

ངས་ཁོང་ལ་རྗེ་ཉིད་ཀྱི་མཚན་མ་གླེང་བར། ཁམས་ཕྱོགས་ཀྱི་མཁན་པོ་ཞིག་འདིར་ཕེབས་ནས། ཇོ་བོ་རིན་པོ་ཆེ་ལ་ཞལ་གསེར་གསོལ་ཆག་འདུག་པས། གང་མགྱོགས་ཀྱིས་དེ་ལུགས་རེ་བཀོད་སྒྲིག་བྱས་ན་ཆོག་རྒྱུ་ཨེ་རེད་ཞུས། ཁོང་མི་ཤིན་ཏུ་བཟང་བས། མྱུར་དུ་ཡར་བཞེངས་ཏེ་ཆོག་ཆོག་གསུངས། ཕར་བལྟས་ཚོད་ལ་ཁོང་ནི་འཇོན་ཐང་ཅན་གྱི་མི་ཞིག་ཡིན་པ་འདྲ།

ངེད་སྐུ་འཁོར་རྣམས་ལ་སྒོར་མང་པོ་མེད་པས། ཕར་རུག་ཚུར་རུག་རེ་བྱས་ཏེ་ཞལ་གསེར་གསོལ་བ་ལ་འདང་ངེས་ཀྱི་སྒོར་རྙེད་པ་བྱུང་། ཞལ་གསེར་ཕུལ་ཚར་རྗེས། རྗེ་ཉིད་ཀྱིས་ངེད་ཚོ་དང་མཉམ་དུ་བཟང་སྤྱོད་སྨོན་ལམ་གྱི་དབུ་བཟུང་སྟེ་གསུངས། དེའི་ཚེ་ང་ཇོ་བོ་རིན་པོ་ཆེ་ལ་དད་པ་ཆེན་པོ་སྐྱེས་ཤིང་། ཇོ་བོ་རིན་པོ་ཆེའི་སྐུ་མདུན་ནས་བླ་མ་དང་མཉམ་དུ་གསོལ་བ་སྨོན་ལམ་འདེབས་པའི་སྐལ་བ་བྱུང་བ་འདི་ནི། མི་ཚེ་འདིར་ཆེས་སྐལ་བ་བཟང་ཞིང་། ཆེས་དོན་སྙིང་ལྡན་པའི་དུས་སྐབས་ཤིག་ཡིན་པའི་ཚོར་བ་བླ་ལྷག་ཏུ་སྐྱེས།

ཇོ་བོ་ཡིད་བཞིན་ནོར་བུ་བཞུགས་སུ་གསོལ་བའི་ཇོ་ཁང་ནང་དུ། འཇམ་པའི་དབྱངས་ཀྱི་སྐུ་ཞིག་ཀྱང་བཞུགས་ཡོད། རྗེ་ཉིད་ཀྱི་ཞལ་ནས། ༡༩༨༩ལོར་ང་ཇོ་མཇལ་ལ་ཡོང་སྐབས། འཇམ་པའི་དབྱངས་ཀྱིས་དར་ཁ་ལེན་ཁ་མ་ཉན། དེ་ཡང་དེ་ལོར་ང་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ལ་སོང་ནས། ངེས་ཤེས་སྒྲོན་མེ་ཚར་གཅིག་བཤད་པ་ཡིན། གྲུབ་མཐའ་སོ་སོའི་དགེ་བའི་བཤེས་གཉེན་མང་པོ་བཞུགས་འདུག་པ་ལ། ཁོང་ཚོའི་བསམ་བློ་དང་བསྟུན་ནས་སྔ་འགྱུར་རྙིང་མ་བའི་རང་ལུགས་ཀྱི་དགོངས་པ་མ་བཤད། དེའི་རྐྱེན་གྱིས་རྗེ་བཙུན་འཇམ་པའི་དབྱངས་ཐུགས་མ་དགྱེས་པའི་ཚུལ་མཛད། ཉེས་པ་དེ་འདག་པའི་ཕྱིར་དུ། ལོ་དེའི་ནང་དུ་བླ་རུང་སྒར་ལ་ཐོན་མ་ཐག་རང་ལུགས་ཐུན་མོང་མ་ཡིན་པའི་དགོངས་པ་ལ་བརྟེན་ནས། སླར་ཡང་ངེས་ཤེས་སྒྲོན་མེ་རྒྱ་ཞིང་རྒྱས་པ་ཚར་གཅིག་བཤད་པ་ཡིན། ད་ཐེངས་ངས་འབུལ་བའི་དར་ཁ་འདི། འཇམ་པའི་དབྱངས་ཀྱིས་ལེན་ན་ཐང་འོང་ཞེས་ངེད་ཚོ་ལ་གསུང་ཕེབས།

དེ་རྗེས། ཆོས་ཀྱི་རྗེ་ཉིད་ཀྱིས་སྤྱོད་འཇུག་ནང་གི་ཚིགས་སུ་བཅད་པ། གང་ཚེ་ལྟ་བར་འདོད་པ་འམ། །ཅུང་ཟད་དྲི་བར་འདོད་ན་ཡང་། །མགོན་པོ་འཇམ་དབྱངས་ཁྱེད་ཉིད་ནི། །གེགས་མེད་པར་ཡང་མཐོང་བར་ཤོག །ཅེས་པ་དེ་གསུང་བཞིན། ཕྱག་ཏུ་བསྣམས་པའི་དར་ཁ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུ་མདུན་དུ་འཕངས་མཛད་པ་དང་། འཕྲལ་དུ་རླུང་གིས་ཕར་བརྔུབས་སོང་བ་ལྟར་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཐུགས་ཀར་འཐེན་ནས་སོང་ཞིང་། ས་ལ་མ་ལྷུང་བར་བརྟན་པོར་དཔྱངས་ནས་འདུག

ཆོས་ཀྱི་རྗེ་ཉིད་ཐུགས་དགྱེས་ནས་བཞད་མོ་མཛད་དེ་ཞལ་ནས། མཐའ་མར་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་ལེན་ཁ་ཉན་སོང་། ༡༩༨༧ ལོར་རི་བོ་རྩེ་ལྔ་ནས་ངས། ཇོ་ཇོ་གྲོགས་ལ་བཀུག་ནས། །ངེས་མེད་ཡུལ་དུ་འཁྱམ་འགྲོ། །དགའ་སྐྱོ་འཕེལ་བའི་ལྟད་མོ། །མང་པོ་མིག་གིས་མཐོང་ཡོང་། །ཞེས་སྨོན་ལམ་བཏབ་ཡོད་པས། ད་ལྟ་ནས་བཟུང་། རྗེ་བཙུན་འཇམ་པའི་དབྱངས་ཀྱི་བྱིན་རླབས་ལ་བརྟེན་ཏེ། འཛམ་བུ་གླིང་གི་ས་ཆ་མང་པོར་སོང་ནས་བསྟན་པ་དང་སེམས་ཅན་གྱི་དོན་བསྒྲུབ་རྒྱུ་ཡིན། ཕྱིན་ཆད་སེམས་དགའ་བའི་རྣམ་པ་དང་ཡིད་སྐྱོ་བའི་སྡུག་བསྔལ་སོགས་གང་ལ་ཐུག་ཀྱང་། དེ་དག་ཚང་མ་གཞན་དོན་སྒྲུབ་པའི་ཆ་རྐྱེན་ཞིག་ཏུ་རྩི་རྒྱུ་ཡིན་ཞེས་གསུངས། དེ་དང་མཉམ་དུ། རྗེ་ཉིད་ཀྱིས་ངེད་ཅག་སྐུ་འཁོར་རྣམས་ལ་ཡང་གསོལ་བ་སྨོན་ལམ་དེ་ལྟ་བུ་བྱེད་དུ་བཅུག་པར་མཛད།

ཕྱི་དྲོར། ཏཱ་ལའི་བླ་མ་སྐུ་ཕྲེང་ན་རིམ་དབྱར་བཞུགས་མཛད་ས་ནོར་བུ་གླིང་གར་མཇལ་སྐོར་ལ་ཕེབས། དོ་དམ་པས་ཆོས་ཀྱི་རྗེ་ཉིད་གཏེར་ཆེན་ལས་རབ་གླིང་པའི་ཡང་སྤྲུལ་ཡིན་པ་ཤེས་རྗེས། ཆེད་དུ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་གཟིམ་ཁང་གི་སྒོ་ཕྱེས། གཟིམ་ཁང་དེ་མང་ཚོགས་ལ་མཇལ་ཁ་གནང་གི་མེད་པ་དང་། དེའི་ནང་ལ་ཏཱ་ལའི་བླ་མས་སྤྱོད་པར་མཛད་པའི་གཟིམ་ཁྲི་དང་བཞུགས་གདན་ཡོད་པ་དག ཏཱ་ལའི་བླ་མ་ཕེབས་མ་ཐག་པ་ཡིན་པ་ལྟར་སྔར་དང་འདྲ་བར་བཀོད་ནས་འདུག

ངེད་ཚོས་མཇལ་སྐོར་གྲུབ་རྗེས། ཆོས་ཀྱི་རྗེ་ཉིད་ཀྱིས་འཕྲལ་དུ། ང་གཅིག་པུ་འདི་ན་ཅུང་ཟད་འདུག་དགོས་པ་ཡོད། ཁྱོད་ཚོ་ཕྱིར་སོང་ནས་སྒོ་རྒྱོབས་ཤོག་གསུངས། རྗེ་ཉིད་ཀྱི་སྐུ་གོང་མ་དང་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་གཉིས་ཀྱིས་ཐུགས་བསྐྱེད་སྨོན་ལམ་རྒྱ་ཆེན་པོ་མཉམ་དུ་མཛད་མྱོང་ཡོད་པས། ངེད་ཚོས་རྗེ་ཉིད་ལ་གཏེར་རེ་འདོན་རྒྱུ་ཡོད་པ་རེད་བསམས་ནས། གློ་བུར་དུ་ཕྱིར་སོང་བ་ཡིན།

སྐར་མ་བཅུ་ལྷག་གི་རྗེས། རྗེ་ཉིད་ཕྱིར་བྱོན་ནས་ཅི་ཡང་མ་གསུངས་ཤིང་གཏེར་རྫས་བླངས་ཡོད་མེད་ངེད་ཚོས་ཀྱང་མ་མཐོང་། རྗེ་ཉིད་ཀྱི་ཞལ་རས་སྐྱོ་གདུང་གིས་གང་འདུག་པས། ངེད་ཚོས་ཚིག་གཅིག་ཀྱང་འདྲི་མ་ཕོད།

དེར་ཡོད་དོ་དམ་པ་རྣམས་ཆོས་ཀྱི་རྗེ་ཉིད་ལ་དད་གུས་ཤིན་ཏུ་ཆེན་པོ་ཡོད་པར་འདུག་པས། རྗེ་ཉིད་ཀྱིས་ཐམས་ཅད་ལ་ཕྱག་དབང་དང་བྱིན་རླབས་མཛད།

༡༩༩༠ ལོའི་ཟླ་༦ ཚེས་༢༤ །

ཆོས་ཀྱི་རྗེ་ཉིད་ར་མོ་ཆེར་ཕེབས། དེ་ན་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་བརྙན་དགུང་ལོ་བརྒྱད་པའི་སྐུ་ཚད་ཅན་བཞུགས་ཡོད། རྗེ་ཉིད་ཕེབས་སྐབས། མཇལ་ཁ་ལ་ཡོང་བའི་མི་ཇེ་བས་ཇེ་མང་དུ་སོང་བས། ངེད་ཚོས་མཇལ་སྐོར་མཚོན་ཙམ་བྱེད་པ་ལས། ཡུན་རིང་བསྡད་ནས་སྨོན་ལམ་འདེབས་སྟབས་མི་བདེ་བར་གྱུར།

དེ་རྗེས། ཕོ་བྲང་པོ་ཏ་ལར་འགྲོ་འཆར་བྱས་ཀྱང་། ཆོས་ཀྱི་རྗེ་ཉིད་དེ་ཉིན་སྐུ་ཁམས་མ་བདེ་ནས་མ་ཕྱིན།

དེ་དུས་སྔ་མོ་ཞིག་ནས། བླ་མ་དང་མཉམ་དུ་ཕོ་བྲང་པོ་ཏ་ལ་དང་ཇོ་ཁང་གི་མདུན་ནས་འདྲ་པར་ཞིག་ལེན་ཐུབ་པའི་རེ་བ་ཤིན་ཏུ་ཆེ་ཡང་། བླ་མ་ཁོང་འདྲ་པར་ལེན་རྒྱུར་ཐུགས་མི་དགྱེས་པའི་ཐོག་ལ། ལྷ་ས་ལ་ཕེབས་འབྱོར་རྗེས་སྤྱན་སྔར་ལས་ཀྱང་མི་བདེ་བར་གྱུར་པས། པར་ཆས་ཀྱི་འཁྱུག་སྒྲོན་གྱིས་བླ་མའི་སྤྱན་ལ་མི་བདེ་བ་བཟོ་བར་དོགས་ནས་རེ་བ་དེ་མ་ཞུས་པ་ཡིན།

ཆོས་ཀྱི་རྗེ་ཉིད་སྒར་ལ་ཡོད་དུས། སྤྱན་གྱིས་ཡིག་འབྲུ་གསལ་བོར་གཟིགས་ཐུབ་པ་ཙམ་དུ་ཡོད་མོད། ལྷ་ས་ལ་ཕེབས་འབྱོར་རྗེས། མི་ལ་གཟིགས་ན་མཐོང་བ་ཙམ་ལས། ཡིག་འབྲུ་རབ་རིབ་ལས་མི་གཟིགས་པའི་ཚད་དུ་གྱུར། མི་ཕལ་བ་ཞིག་འདི་འདྲའི་ཚད་ལ་ལྷུང་ན། ཡུན་རིང་མོར་ཆོས་འཆད་པ་ལ་ཤིན་ཏུ་དཀའ་བ་འོང་ཡང་། རྗེ་ཉིད་ཀྱི་སྤོབས་པ་ལ་ནི་ཅི་ཡང་མ་གནོད། དེ་ཡང་ཆོ་ག་ཕལ་མོ་ཆེ་ཁོང་གི་ཐུགས་ལ་ཡོད་པས། དབང་བསྐུར་བའི་དུས་སུ་དཔེ་ལ་གཟིགས་མི་དགོས། མདོ་སྡུད་པ་སོགས་ཉིན་རེའི་ཞལ་འདོན་ཐམས་ཅད་ཀྱང་ཐུགས་ཐོག་ན་ཡོད། དཔེ་ལ་གཟིགས་དགོས་པའི་ཆོས་ཁྲིད་ཆེན་མོ་རེ་གསུང་དགོས་ན། རྗེ་ཉིད་ཀྱིས་དཔེ་ཆའི་མགོ་ནས་རྔ་མའི་བར་སྒྲ་སྒམ་ནང་དུ་སྒྲ་ལེན་དུ་འཇུག་ཅིང་། ཆོས་ཁྲིད་གསུང་བའི་སྐབས་སུ་ཚན་པ་རེ་གསན་རྗེས་འཕྲལ་དུ་སྡོད་བཅུག་ནས་གསུང་མགོ་རྩོམ། ༡༩༩༠ ལོར་སྤྱན་ལ་མི་བདེ་བ་བྱུང་ནས་༢༠༠༤ ལོར་སྐུ་ཞི་བར་མ་གཤེགས་ཀྱི་བར་གྱི་མི་ལོ་བཅོ་ལྔའི་རིང་། རྗེ་ཉིད་ཀྱིས་འདི་ལྟར་མཛད་ནས་ཆོས་ཁྲིད་གསུངས་ཤིང་། ཐུགས་སྤོབས་འདི་ལྟ་བུ་ནི་སྐྱེ་བོ་ཕལ་བའི་བསམ་ཡུལ་ལས་འདས་པ་ཁོ་ན་རེད།

ཆོས་ཀྱི་རྗེ་ཉིད་སྤྱན་མི་བདེ་བའི་རྐྱེན་གྱིས། ལྷ་ས་ནས་ངས་སཱོ་ནིས་རྟགས་ཅན་གྱི་འཁྱེར་ཉན་(Walkman)ཞིག་ཉོས་ནས། སྒྲ་ལེན་པའི་གྲ་སྒྲིག་བྱས། ཕྱིས་ཆོས་ཀྱི་རྗེ་ཉིད་དང་མཉམ་དུ་ཨ་རི་དང་། སིང་གྷ་ཕོར་བཅས་ལ་སོང་སྟེ། རྗེ་ཉིད་ཀྱིས་ཆོས་ཁྲིད་ཆེན་མོ་རེ་གསུང་སྐབས། ངས་རྒྱུན་དུ་སྔ་མོ་ནས་སྒྲ་ལེན་གི་ཡོད། སྒར་ལ་བཞུགས་དུས། སྤྲུལ་སྐུ་བསྟན་འཛིན་རྒྱ་མཚོ་དང་། མཁན་པོ་ཆོས་དབྱིངས་ཉི་མ། མཁན་པོ་ནོར་པ། མཁན་པོ་འཆི་མེད་རིག་འཛིན་སོགས་ཀྱིས་ཀྱང་རྗེ་ཉིད་ལ་སྒྲ་ལེན་མྱོང་བ་རེད།

༡༩༩༠ ལོའི་ཟླ་༦ ཚེས་༢༥ །

བོད་ལྗོངས་སྣེ་ལེན་གཞུང་ལས་ཁང་གིས་ངེད་ཚོ་ལ། ལྗོངས་འཁོར་དཀར་པོ་གཉིས་བཀོད་སྒྲིག་བྱས། རྗེ་ཉིད་གཅིག་གི་ནང་ལ་བཞུགས་ཤིང་། ངེད་སྐུ་འཁོར་རྣམས་ཅིག་ཤོས་ཀྱི་ནང་ལ་བསྡད་དེ། གཅིག་རྗེས་གཅིག་མཐུད་བྱས་ནས་ལྷ་ས་ནས་རྡོག་ཐོན་ཏེ། བལ་པོའི་ས་མཚམས་ཀྱི་ཕྱོགས་ལ་ཆས། ས་ཀོང་ཀོང་དང་རྡོ་འབུར་འབུར་གྱིས་གང་བའི་ལམ་ནས། ཕར་གཡོ་ཚུར་རྡེབ་མང་པོ་དང་བཅས་ཏེ་ཐལ་རྡུལ་འཚུབ་སེར་བརྒྱུགས།

ཡར་འབྲོག་གཡུ་མཚོ་བརྒྱུད་ནས་འགྲོ་སྐབས། རྗེ་ཉིད་ཕེབས་འཁོར་ལས་བབས་ནས་གཟིགས་སྐོར་མཛད། རི་མགོ་ལ་ལངས་ནས་མར་བལྟས་ན། མཚོ་ངོས་ཤིན་ཏུ་རྒྱ་ཆེན་མོར་སྣང་། མཚོ་ངོས་ལ་སྤྱི་ལེ་གྲུ་བཞི་མ་༦༧༨ དང་མཚོ་འཕྲེད་ལ་སྤྱི་ལེ་༢༥༠ ཡོད་སྐད་འདུག ཁ་ལོ་པས་ཡར་འབྲོག་གཡུ་མཚོའི་ལོ་རྒྱུས་བཤད། སྐབས་དེར། རྗེ་ཉིད་ཀྱིས་རྟ་ནག་བླ་མའི་ལོ་རྒྱུས་ཐུགས་དྲན་གསོས་ནས། ངོ་མཚར་དང་བཅས་ཏེ་ཞལ་ནས། རྟ་ནག་བླ་མའི་སྐྱེ་བ་ཉ་ཆེན་པོ་དེས་མཚོ་ངོས་ཡོངས་ལ་ཁེབས་པར་ཀུན་བཟང་བླ་མའི་ཞལ་ལུང་ལས་གསུངས་ཡོད། ད་ལྟ་བལྟས་ན། ལུས་དེ་ལ་ཧ་ཅང་ཆེན་མོ་ཡོད་པར་འདུག་གསུངས།

སེམས་ཅན་གྱི་ལས་ཟེར་བ་འདི་ནི་བསམ་གྱིས་མི་ཁྱབ་པ་རེད། ང་ཚོས་ལས་རྒྱུ་འབྲས་བསླུ་བ་མེད་པ་འདི་ཡིད་ལ་དམ་པོར་བཟུང་ནས། སྡིག་པའི་ལས་ཐམས་ཅད་ལ་གཟབ་གཟབ་བྱེད་དགོས། ཁྱད་པར་དུ་ཡོན་ཏན་མེད་པའི་མིས་དཀོར་བག་མེད་དུ་ཟོས་ན། ཉེས་པ་དེ་ནི་ཤིན་ཏུ་ཆེ་བ་རེད་ཅེས་གསུངས།

ངས་བླ་མ་དང་མཉམ་དུ་སྐུ་འཁོར་ཚང་མ་མཉམ་པར་ཞིག་ལེན་བསམས་ཀྱང་། པར་ལེན་པ་ལ་རྗེ་ཉིད་ཐུགས་མི་དགྱེས་པར་འདུག་པས། ཐབས་ཟད་ནས་དྲན་རྟེན་ཙམ་གྱི་ཆེད་དུ་ངས་མཚོ་པར་ཞིག་བླངས་པ་ཡིན།

ཡུམ་བུ་བླ་མཁར་བརྒྱུད་ནས་འགྲོ་སྐབས། རྗེ་ཉིད་ཀྱིས་ཕེབས་འཁོར་ལམ་ཟུར་ལ་སྡོད་དུ་བཅུག་ནས་འདོན་པ་ཐུང་ཐུང་ཞིག་གསུང་བར་མཛད། ཡུམ་བུ་བླ་མཁར་ནི་བོད་ཀྱི་རྒྱལ་པོ་ཐོག་མ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་ཕོ་བྲང་ཡིན་ཞིང་། བོད་ལ་ནང་པའི་བསྟན་པ་ཐོག་མར་དབུ་བརྙེས་སའང་ཡིན་པ་རེད། རྒྱང་མ་ནས་བལྟས་ན། རི་མགོར་ཆགས་པའི་ཕོ་བྲང་དེ་ལ་གྱང་རོ་འགའ་ཞིག་ལས་ལྷག་མེད་པ་ལྟ་བུར་སྣང་བས། མི་རྟག་པའི་འདུ་ཤེས་རང་ཤུགས་ཀྱིས་སྐྱེ་བ་འོང་།

རྗེ་ཉིད་ཀྱིས་འདོན་པ་གསུང་སྐབས། སྐུ་མདུན་ལ་སོང་ནས་ཐུགས་སུན་བཟོ་མི་ཕོད་པས། ཡུམ་བུ་བླ་མཁར་རྒྱབ་ལྗོངས་སུ་བྱས་ཏེ་རྗེ་ཉིད་ཀྱི་ཕེབས་འཁོར་ལ་པར་ཞིག་བླངས།

རྒྱང་རྩེ་རྫོང་ལ་འབྱོར་རྗེས། རྗེ་ཉིད་ཀྱིས་རྒྱང་མ་ནས་བོད་ལ་སྐད་གྲགས་ཤིན་ཏུ་ཆེ་བའི་རྒྱང་རྩེ་མཆོད་རྟེན་ལ་མཇལ་ཕྱག་མཛད།

དེ་ནུབ། ངེད་ཚོ་གཞིས་ཀ་རྩེ་ལ་ཐོན་ནས། བཀྲ་ཤིས་ལྷུན་པོའི་ཉེ་འཁོར་གྱི་སྣེ་ལེན་ཁང་ཞིག་ཏུ་བསྡད། ས་གནས་དེ་ལ་བདེ་འཇགས་ཡག་པོ་མེད་སྐད་འདུག་པ་དང་། པཎ་ཆེན་རིན་པོ་ཆེ་ཡང་གནས་འདི་ནས་སྐུ་གཤེགས་ཤིང་གཤེགས་རྐྱེན་ལ་འདྲ་མིན་སྣ་ཚོགས་གླེང་གིན་འདུག་པས། རྗེ་ཉིད་གཟིམས་ཚར་རྗེས། ངེད་ཚོས་སོ་སོའི་ཁང་པའི་ནང་གི་མལ་ཁྲི་ཕྱི་ལ་སྤོས་ནས། རྗེ་ཉིད་གཟིམ་སའི་ཁང་པའི་སྒོ་བཀག་པ་ཡིན། ཞབས་ཞུ་བ་རྣམས་ཤིན་ཏུ་མ་དགའ་ནས། ངེད་ཚོ་ལ་མལ་ཁྲི་མྱུར་དུ་རང་ས་ལ་འཇོག་དགོས་ཟེར་ཞིང་། མཉམ་དུ་ཡོང་བའི་མཁན་པོ་རྣམ་གྲོལ་གྱིས་ཀྱང་། ས་སྐྱ་གོང་མ་དང་། གྲུབ་དབང་པད་ནོར་རིན་པོ་ཆེ་ཕྱི་ལོགས་ལ་འབྱོན་སྐབས། མགྲོན་ཁང་འདི་ལྟ་བུའི་ནང་ལ་བཞུགས་བཞིན་ཡོད་པས། གནས་ཚུལ་འབྱུང་རྒྱུ་མ་རེད་གསུངས་ཀྱང་། ངེད་ཚོས་ནི་ཆོས་ཀྱི་རྗེ་ཉིད་མི་གཞན་དང་མི་འདྲ་བས། གནས་ཚུལ་རེ་བྱུང་ན་སུས་ཀྱང་འགན་ཁུར་མི་གཏུབ་པས། གནས་ཚུལ་མ་བྱུང་ན་དགའ་རྒྱུ་རེད་བསམས་ནས། གཞན་གྱིས་ཅི་ཞིག་སྨྲས་ཀྱང་། ངེད་ཚོས་ཨུ་ཚུགས་བྱས་ཏེ་རྗེ་ཉིད་གཟིམ་སའི་སྒོ་ཁ་ནས་མཚན་གཅིག་ལ་བསྲུངས་པ་ཡིན།

དེ་ཡང་ངེད་ཚོས་ལྐོག་ཏུ་འདི་དག་བྱས་པ་ལས། སྣང་ཚུལ་ལ་རྗེ་ཉིད་ཀྱིས་ནི་མི་མཁྱེན་པ་རེད།

༡༩༩༠ ལོའི་ཟླ་༦ ཚེས་༢༦ །

ཞོགས་པར། ངེད་ཚོ་མུ་མཐུད་དུ་ལམ་ལ་ཆས། ས་སྐྱ་དགོན་བརྒྱུད་ནས་འགྲོ་སྐབས། ཆོས་ཀྱི་རྗེ་ཉིད་ཀྱིས་རྒྱང་མ་ནས་མཇལ་ཕྱག་མཛད།

དེ་ནས་སྐྱིད་གྲོང་རྫོང་ལ་ཞབས་འབྱོར། དེ་ན་མཚོ་འཕགས་༥༠༠༠ ལྷག་འདུག་ཅིང་། གནམ་གཤིས་ཇེ་བས་ཇེ་འཁྱག་ཏུ་གྱུར་པ་དང་། ས་ཆ་ཡང་ཇེ་བས་ཇེ་འགོལ་ལ་གྱུར། རྗེ་ཉིད་ཀྱི་ཞལ་ནས། གུ་རུ་རིན་པོ་ཆེ་བོད་ཀྱི་ཡུལ་ལ་ཐོག་མར་བྱོན་ནས། ལྷ་འདྲེ་མང་པོ་དམ་ལ་བཏགས་པའི་གནས་འདིའི་ཕྱོགས་ལ་ཡོད་པ་རེད་གསུངས། རྗེ་ཉིད་ཀྱིས་སྐུ་ཁམས་མི་བདེ་བའི་ཚུལ་བསྟན་པས། ཕེབས་འཁོར་ལས་བབས་ནས་ཁྲག་ཤེད་མཇལ་ཏེ་སྨན་གསོལ། དེ་དུས་རླུང་ཤིན་ཏུ་ཆེ་བས། རྗེ་ཉིད་ཀྱིས་ལམ་ཟུར་ལ་དུད་ཚང་ཞིག་ཡོད་པ་གཟིགས་ཤིང་། ངེད་ཚོ་དེར་སོང་ནས་སྨན་གསོལ་བ་ལ་ཆུ་དྲོན་མོ་ཉུང་ཟད་བསླངས།

དུད་ཚང་དེ་ལ་ར་བ་ཐེབས་ཆག་ཅིག་ལས་མེད་ཅིང་། ར་ཁ་ཤས་གསོས་འདུག ཁང་པ་ཡང་ཧ་ཅང་རྙིང་ཧྲུལ་དུ་གྱུར་ཏེ། དྲག་རླུང་ནང་དུ་ཡམ་མེ་ཡོམ་མེ་ལྟ་བུ་བྱེད་ཀྱིན་འདུག འབྲོག་པ་དེ་ཚོ་ངོ་མདོག་ནག་ཅིང་། སྐམ་ལ་རིད་པ་དང་ཁོ་ཚོ་ལ་སྐད་བརྡ་ཡང་མི་འཕྲོད་པར་འདུག ཆོས་ཀྱི་རྗེ་ཉིད་མཇལ་ནས་དགའ་དགའ་སྤྲོ་སྤྲོ་བྱེད་ཀྱིན་གདའ་ཡང་། འཚོ་བ་ངན་ངོན་དུ་གྱུར་པའི་སྟབས་ཀྱིས་དེ་ཚོས་ཆུ་ཁོལ་ཉུང་ཟད་ཙམ་ལས་འབུལ་རྒྱུ་མ་རྙེད། རྗེ་ཉིད་དེར་བཞུགས་ཏེ་སྤྱན་ནམ་མཁའ་ལ་ཧར་གྱིས་གཟིགས་ནས། འདོན་པ་ཁ་ཤས་ཤུབ་བུར་གསུངས། ངེད་ཚོས་ཅི་ཞིག་གསུངས་ཡོད་མ་ཤེས་ཀྱང་། དུད་ཚང་འདིས་རྗེ་ཉིད་ལ་འབྲེལ་བ་ཧ་ཅང་ཡག་པོ་ཐོགས་སོང་བསམས།

དེ་ནས་མུ་མཐུད་དུ་ལམ་ལ་ཆས་ཏེ། ཀྲུང་གོ་དང་བལ་པོའི་མཐའ་མཚམས་ལ་སོང་། སྐྱིད་གྲོང་འགག་མདོར་ཡོད་པའི་ཀྲུང་གོའི་རྒྱལ་འགག་ལ་ཐོན་ཁར། ལམ་དུ་ད་རུང་ཡང་འགག་སྒོ་ཁ་ཤས་བཞག་འདུག་པ་དེ་དག་ལས་འགག་སྒོ་གཅིག་ནས་འགྲོ་སྐབས། ངེད་ཅག་འདུག་སའི་རླངས་འཁོར་གཉིས་ཀྱིས་འབྲེལ་ཡོད་ཀྱི་འགྲོ་ལུགས་སྒྲུབ་མི་འདུག་པ་འདྲ་བས། དེའི་ཡན་ལ་མ་ཐར་ནས་ལུས་སོང་། དེ་དུས་བལ་པོའི་མཐའ་མཚམས་ལ་ད་དུང་ཡང་སྨི་༡༠༠༠ ལྷག་ཡོད་པར་འདུག

ངེད་ཚོ་རླངས་འཁོར་ལས་མི་འབབ་ཀ་མེད་དུ་གྱུར་ཅིང་། ལམ་ཆས་ཚང་མ་རླངས་འཁོར་ལས་ཕོག་སྟེ། རྒྱབ་ལ་ཁུར་ནས་འགྲོ་ཆག་བྱས། ལམ་ཆས་ཕོག་མ་ཐག གང་ནས་ཡོང་བ་ཆ་མ་འཚལ་བའི་བལ་པོའི་ན་གཞོན་བཅུ་ཕྲག་ཙམ་ཞིག་ཐོན། ཁོ་ཚོས་དོར་ཐུང་གྱོན་འདུག་པ་དང་། ལུས་བོངས་རིང་ལ་ཤ་སྐམ་ཞིང་། རྐང་ལག་ཀྱང་ཤིན་ཏུ་རིང་བོ་འདུག དེ་ནི་ངས་བལ་པོའི་མི་མཐོང་བའི་ཐོག་མ་ཡིན་ཞིང་། ཁོ་ཚོའི་པགས་མདོག་བོད་པ་ལས་ཀྱང་ནག་པོར་གདའ་བ་མཐོང་བས། མཚར་སྣང་ཆེན་པོ་སྐྱེས། དེ་ལྟར་ལྟ་བཞིན་པའི་སྒང་ལ། ཁོ་ཚོ་གློ་བུར་དུ་ངེད་ཚོའི་ཕྱོགས་སུ་བརྒྱུགས་ཏེ་ལམ་ཆས་ཕྲོགས་ནས་འཁུར་གྲབས་བྱས་པ་ན། ང་ཚོས་ཅི་ནུས་ཀྱིས་བཀག་སྟེ་མ་འཕྲོག་ཅེས་ཇི་ལྟར་སྨྲས་ཀྱང་ཕན་པ་མ་བྱུང་། དེའི་ཚེ། ཆོས་ཀྱི་རྗེ་ཉིད་ཀྱིས་གློ་བུར་དུ་གསུང་ཆེན་པོའི་ང་རོ་བསྒྲགས་ཤིང་། གསུང་སྐད་འབྲུག་ལྡིར་བ་ལྟ་བུ་བྱུང་། རྗེ་ཉིད་སྐུ་བོངས་དང་གཟི་བརྗིད་ཤིན་ཏུ་ཆེ་བའི་རྒྱུ་མཚན་གྱིས་མི་དེ་ཚོ་འཇིགས་ཡེ་རེ་བར་གྱུར་ཏེ། ལམ་ཆས་མི་སྐྱུར་ཀ་མེད་བྱུང་ནས་ཕྱོགས་ཕྱོགས་སུ་བྲོས་ནས་སོང་།

སྐབས་དེར། ཆར་པ་འབབ་ཀྱིན་ཡོད་ལ། ལམ་ཤིན་ཏུ་འདྲེད་སླ་བར་གྱུར་འདུག་པ་དང་། ལམ་ཆས་ཧ་ཅང་མང་བས། ངེད་ཚོས་བླ་མ་ལ་སྐུ་སྐྱོར་འབུལ་བཞིན་ལམ་ཆས་རྒྱབ་ལ་ཁུར་ཏེ་སྐྱིད་གྲོང་གྲོང་ཚོ་ནས་འགྲུལ་ཁང་ཞིག་བཙལ་ནས་བསྡད་ཅིང་། ཕྱིར་ཉིན་སྔ་དྲོར་རྒྱལ་མཚམས་བརྒལ་ཏེ་འགྲོ་བའི་གྲ་སྒྲིག་ཚང་མ་ཚགས་སུ་ཚུད་པར་བྱས་པ་ཡིན།

ས་ཚུགས་དང་པོ། བལ་པོ།

༡༩༩༠ ལོའི་ཟླ་༦ ཚེས་༢༧ །

ཉིན་དེར། ནམ་མཁའ་ལ་སྔོ་ཐག་ཆོད་ཅིང་། གནམ་གཤིས་ཤིན་ཏུ་བཟང་།

ངེད་ཅག་ཞོགས་པ་སྔ་མོ་ནས་ཀྲུང་གོའི་རྒྱལ་འགག་ཐོག་ཁང་ནང་དུ། རྒྱལ་མཚམས་བརྒལ་བའི་འགྲོ་ལུགས་སྒྲུབ་ཏུ་སོང་། དེར་ཞིབ་གཤེར་ནན་མོ་བྱེད་བཞིན་འདུག་པས། ལམ་ཆས་ཐམས་ཅད་རེ་རེ་ནས་གཤེར་དགོས་འདུག

དེ་ནས་ངེད་ཚོ་ཀྲུང་གོའི་རྒྱལ་འགག་ནས་བལ་པོའི་རྒྱལ་འགག་ལ་སོང་།

དེ་གཉིས་ཀྱི་བར་དུ་གཙང་པོ་ཆེན་པོ་བཞུར་ནས་འདུག་པ་ལ་ཟམ་ཞིག་བརྒྱབས་འདུག བལ་པོ་ལ་ལྐོག་བྲོས་བྱེད་པའི་མི་རྣམས། ཟམ་སྟེང་ནས་གཙང་པོར་མཆོངས་ཏེ་ཆུའི་ཕ་རོལ་ལ་སོང་ན་བལ་པོའི་རྒྱལ་མཚམས་སུ་ཐོན་སྐད་དོ། །

བལ་པོའི་རྒྱལ་འགག་ནས་ཞིབ་གཤེར་ནན་མོ་བྱེད་ཀྱིན་མི་འདུག ལས་སྒྲུབ་མི་སྣ་འགའ་ཞིག་གིས་དཔང་ཡིག་ལ་བལྟས་ནས། ཞིབ་གཤེར་མཚོན་བྱེད་ཙམ་རེ་བྱེད་པ་ལས། ཞིབ་གཤེར་སྒྲིག་ཆས་སོགས་ནི་གང་ཡང་མི་གདའ།

དེ་སྔོན་མི་ལ་ལས་ངེད་ཚོ་ལ་ཞིབ་གཤེར་བྱེད་པའི་དུས་སུ། སུན་གཙེར་ཅུང་ཟད་འབྱུང་ཐང་བས། སྒོར་མོ་ཁ་ཤས་སྤྲད་ན་མི་སྐྱོན་ཞེས་ཟེར་བ་བདེན་པར་འདུག ལས་སྒྲུབ་མི་སྣ་དེ་ཚོའི་རྣམ་འགྱུར་ཤིན་ཏུ་རྩུབ་པ་དང་། ངེད་ཚོས་ལྐོག་ཏུ་སྒོར་མོ་ཕྲན་བུ་རེ་སྤྲད་པ་ན། འཕྲལ་དུ་མགུ་ནས་འཇམ་པོར་གྱུར་སོང་། སྒོར་མོ་མ་རེག་པའི་མི་འགའ་ཞིག་གིས། ད་དུང་ཡང་མུ་མཐུད་དུ་སུན་པོ་བཟོས། ངེད་ཚོ་ཐབས་ཟད་ནས་སླར་ཡང་སྒོར་མོ་ཁ་ཤས་སྤྲད་ནས། དཔོན་རིགས་ཆེ་ཆུང་ཚང་མ་མགུ་བར་བྱས། དེ་དུས་དམངས་སྒོར་གཅིག་གིས་བལ་པོའི་སྒོར་མོ་རུ་ཕི་བཅོ་ལྔ་ཁུག་གི་ཡོད་པས། སྒོར་མོ་མང་པོ་མ་སོང་ལ། ཁོ་ཚོས་སྒོར་མོ་རེག་རྗེས། ངེད་ཅག་ལས་སླ་མོའི་ངང་མཐའ་མཚམས་ལས་བརྒལ་ཐུབ་པར་གྱུར་སོང་།

ངས་དྲན་སོས་པ་ཞིག་ལ། ཞིབ་གཤེར་བྱེད་པའི་དུས་སུ་སྨན་པ་རིག་པས་ཞོར་ལ་ཆོས་ཀྱི་རྗེ་ལ་ཁྲག་ཤེད་འཇལ། ལས་སྒྲུབ་མི་སྣ་ཞིག་གིས་ཁྲག་འཇལ་ཆས་མཐོང་བ་ན། ཤིན་ཏུ་ཡ་མཚན་པར་གྱུར་ཏེ། རྗེ་ཉིད་ལ་ཕར་སྐོར་ཚུར་སྐོར་བྱེད་ཀྱིན་ཁོས་ཀྱང་དེ་ལ་ཚོད་ལྟ་ཞིག་བྱེད་འདོད་ཡོད་ཟེར་བ་ལ། སྨན་པ་རིག་པས་ཁོ་ལ་ཡང་ཁྲག་ཤེད་འཇལ་བས་ཤིན་ཏུ་དགའ་ནས་སོང་།

ཆོས་ཀྱི་རྗེ་ཉིད་རྒྱལ་མཚམས་བརྒལ་ནས་ཕེབས་རྗེས། བལ་པོའི་དགོན་སྡེ་ཆེ་ཁག་གི་འཐུས་མི་རྣམས་ཀྱིས་དེ་ནས་ཡུན་རིང་མོ་ལ་བསྒུགས་འདུག

ཁོ་ཚོས་རྗེ་ཉིད་མཐའ་མཚམས་བརྒལ་ནས་ཕེབས་ཐུབ་པ་མཐོང་སྐབས། ཚང་མ་སྐུ་མདུན་ལ་འོངས་ནས་ཕེབས་པར་དགའ་བསུ་ཞུས། རླངས་འཁོར་ནང་དུ་བསྡད་མ་ཐག ཁ་ལོ་པ་གཡས་ལོགས་སུ་བསྡད་ནས་སྐོར་གྱིན་འདུག་པ་མཐོང་བས་མཚར་སྣང་སྐྱེས་ཤིང་། སྐད་ཆ་འགའ་དྲིས་རྗེས། བལ་པོ་ལ་སྔར་རྒྱ་གར་བས་མངའ་དབང་བསྒྱུར་བའི་རྐྱེན་གྱིས། དབྱིན་ལུགས་ཀྱི་ཁ་ལོའི་ལུགས་སྲོལ་གྱི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པས། ཁ་འཁོར་ཐམས་ཅད་གཡས་ལོགས་སུ་ཡོད་པ་ད་གདོད་ཤེས།

ཁ་ལོ་པས་ངེད་ཅག་ལ་ལྷ་ས་ནས་ཀྲུང་བལ་མཐའ་མཚམས་ཀྱི་བར་ལ་སྤྱི་ལེ་༨༠༠ ལྷག་ཡོད་པ་དང་། བལ་པོའི་མཐའ་མཚམས་ནས་རྒྱལ་ས་ཀ་ཏ་མན་རྡུའི་བར་ལ་ཕལ་ཆེར་སྤྱི་ལེ་༡༠༠ ཡོད་ཟེར།

རྒྱལ་ཁབ་འདིའི་ནང་ལ་ཐོན་རྗེས། དུད་ཁྱིམ་ཚང་མས་སྒེའུ་ཁུང་ཕྱེས་ནས་སྐད་ཆེན་མོས་གླུ་དབྱངས་ལེན་ཞིང་། སྲང་ལམ་ཀུན་ཏུ་རོལ་མོ་སྙན་ལ་འཇེབས་པས་གང་འདུག་པ་མཐོང་། ཆོས་ལུགས་རིག་གནས་ཁོ་ཚོའི་ཤ་གསེང་རུས་གསེང་ལ་ཐིམ་པའི་རྐྱེན་གྱིས། བལ་པོ་དང་རྒྱ་གར་གཉིས་ཀྱི་བར་ལ་འདྲ་ཆོས་མང་པོ་འདུག ཁྱད་པར་དུ་གཞས་དང་རོལ་མོའི་ཕྱོགས་ནས་ཁྱད་འབྱེད་དཀའ་བའི་ཚོད་ཙམ་དུ་གདའ། རྒྱལ་ཁབ་གཉིས་ཀའི་ཡུལ་མི་ཐམས་ཅད་གླུ་ལ་མཁས་ཤིང་བྲོ་གར་ལ་བྱང་བ་དང་། འཚོ་བའི་ཆ་ཕྲ་མོ་ནས་རོལ་མོ་ལ་འབྲེལ་བ་དམ་ཟབ་ཏུ་འདུག དེའི་རྒྱུ་མཚན་ཡང་ས་གནས་འདིར་ཆོས་ལུགས་ཤིན་ཏུ་དར་བའི་རྐྱེན་གྱིས། དད་གུས་ཀྱི་སེམས་ཚོར་གཙང་མ་མཚོན་པའི་ཆེད་དུ། མི་རྣམས་ཀྱིས་གླུ་དང་བྲོ་གར་གྱི་ལག་པའི་རྣམ་འགྱུར་དང་། ཟུར་མིག སྟངས་སྟབས་སོགས་ཀྱི་ཐབས་ལ་བརྟེན་པར་འདུག་ཅིང་། ཐབས་འདི་ལ་མི་ཀུན་གྱི་བློ་ཡིད་འགུག་པའི་ནུས་པ་ཤིན་ཏུ་ཆེན་པོ་ཡོད་པར་འདུག ངས་རོལ་མོ་འདི་ལྟ་བུ་ཐེངས་དང་པོར་གོ་བའི་དུས་ནས། སྔར་གོ་མྱོང་བ་ལྟ་བུའི་ཚོར་བ་སྐྱེས་ནས་དེ་ལ་ཧ་ཅང་དགའ་བར་གྱུར། ཕྱིས་སུ་ངས་སྒྲ་ཐག་ཁ་ཤས་ཉོས་ཤིང་། རང་ཤག་ནང་ནས་སེམས་ལྷོད་ལྷོད་བྱས་ཏེ་འདུག་སྐབས་ཉན་གྱིན་ཡོད་པ་དང་། མདོ་གཞུང་སོགས་ཡིག་སྒྱུར་བྱེད་པའི་དུས་སུ། མཚམས་མཚམས་སུ་རྒྱབ་ལྗོངས་རོལ་མོ་ལྟ་བུར་བྱས་ཏེ་གཏོང་གིན་ཡོད།

ཕྱི་དྲོར། ཆོས་ཀྱི་རྗེ་ཉིད་ཀ་ཏ་མན་རྡུར་ཡོད་པའི་རྫོང་ནང་དགོན་དུ་(Zong Nang Monastery)ཕྱགས་ཕེབས། དགོན་པ་དེ་ནི་རྙིང་མའི་རྫོང་ནང་རིན་པོ་ཆེ་སྐུ་བཞུགས་དུས་ཕྱག་བཏབ་པ་རེད། ཕྱིས་ཆོས་ཀྱི་རྗེ་ཉིད་བལ་པོ་ལ་ཕྱིར་ཕེབས་ནས་གནས་སྐབས་རིང་བཞུགས་དུས་ཀྱང་། དེར་ཞག་བཞུགས་མཛད། དགོན་པའི་ནང་ལ་དགེ་འདུན་པ་དྲུག་བདུན་ཙམ་ཡོད་ཅིང་། ཁོང་རྣམ་པས་ངེད་ཅག་ལ་བཟའ་བཏུང་དང་། སྡོད་ཁང་། རླངས་འཁོར་བཀོད་སྒྲིག འབྱོན་བཞུགས་སོགས་ཀྱི་སྐོར་ཐམས་ཅད་ནས་ཐུགས་ཁུར་ཧ་ཅང་བཟང་པོ་མཛད་སོང་།

རྫོང་ནང་དགོན་པའི་རབ་གསལ་སྟེང་དུ་ལངས་ནས་ཕྱོགས་བཞིར་རྒྱང་ལྟ་བྱེད་ཆོག་ཅིང་། ཀ་ཏ་མན་རྡུ་ལ་ཕྱོགས་ཕྱོགས་སུ་ཁང་བརྩེགས་དམའ་མོ་ཉུང་ཟད་ལས། ཐོག་ཁང་ཆེན་པོ་གཅིག་ཀྱང་མི་འདུག གྲོང་ཁྱེར་གྱི་བསྒྲིགས་བཀོད་དག་ཀྱང་རང་གར་བྱས་པ་ལྟ་བུར་གདའ། དགོན་པ་ལ་ཐག་མི་རིང་བའི་སར། སྐད་གྲགས་ཤིན་ཏུ་ཆེ་བའི་མཆོད་རྟེན་བྱ་རུང་ཁ་ཤོར་འདུག་ཅིང་། དགོན་པའི་རབ་གསལ་གྱི་སྟེང་ནས་ཆེས་གསལ་བོར་མཐོང་ཐུབ་པ་ཡོད།

བལ་པོའི་གནམ་གཤིས་ཤིན་ཏུ་དྲོ་བས། ཆོས་ཀྱི་རྗེ་ཉིད་ཀྱིས་ཀུ་རེའི་ཚུལ་དུ་ཞལ་ནས། ལོ་རྒྱུས་ཐོག་བོད་མི་མང་པོ་རྒྱ་གར་ལ་ཆོས་འཚོལ་དུ་ཕེབས་ཤིང་། ཁོང་རྣམས་བལ་པོའི་ཡུལ་ལ་སླེབས་སྐབས་ཚ་བ་ཤིན་ཏུ་ཆེ་བའི་རྐྱེན་གྱིས་ཚ་བའི་ནད་ཐེབས་ཏེ། བོད་ཡུལ་དུ་ཕྱིར་ལོག་ཐབས་མེད་ཅིང་། རྒྱ་གར་ལ་ཕར་མི་ཕྱིན་པར། མཐར་བལ་པོའི་ཡུལ་ལ་ལྷག་ནས་སྐུ་གྲོངས་པ་ཡིན་པས། ཚང་མས་ཆུ་མང་པོ་འཐུང་། ཕར་རྒྱ་གར་ལ་མི་ཕྱིན། ཕྱིར་བོད་ཡུལ་ལ་ལོག་མ་ཐུབ་ནས། འདིར་དོན་མེད་ལ་ཤི་སོང་ན་ཤིན་ཏུ་ཕངས་པ་རེད་གསུངས།

ཆོས་ཀྱི་རྗེ་ཉིད་བལ་པོ་ལ་བཞུགས་པའི་དུས་སུ། གཟིམ་ཁང་ནང་དུ་དྲོད་སྙོམ་མེད་པའི་རྐྱེན་གྱིས། སྐུ་ལས་རྔུལ་ཆུ་མང་པོ་བརྡོལ་པས། ཉིན་རེའི་སྔ་དྲོ་དང་ཕྱི་དྲོ་ལ་སྐུ་ཁྲུས་ལན་རེ་མཛད་དགོས་པ་བྱུང་། དེ་སྔོན། རྗེ་ཉིད་ལ་རྒྱུན་དུ་ན་བཟའ་མང་པོ་བརྗེ་བའི་ཐུགས་འདོད་མེད་ཀྱང་། ཕྱིས་སུ་ཉིན་རེའི་སྔ་དྲོ་ལ་ནང་ལྭ་ཐེངས་རེ་བརྗེ་དགོས་པ་བྱུང་། ཐེངས་འདིར་རྗེ་ཉིད་ཀྱིས་ན་བཟའ་ཅུང་ཟད་སྲབ་མོ་བསྣམས་ཡོད་པ་དང་། བཀྲུ་རྒྱུ་དང་བརྗེ་རྒྱུ་ལ་དམིགས་ནས་ཅུང་ཟད་མང་བ་རེ་གྲ་སྒྲིག་བྱས། ཁོང་ལ་དགེ་སློང་གི་ཆོས་གོས་རྣམ་གསུམ་ལས་གཞན་ད་དུང་ཕུ་ཐུང་མེད་པའི་རས་རྐྱང་འགག་རིང་ཞིག ཕུ་ཐུང་ཐུང་ངུ་ལས་མེད་པ་དང་ཕུ་ཐུང་མེད་པ། ཕུ་ཐུང་རིང་མོ་ཅན་གྱི་ནང་ལྭ་སེར་པོ་ཁ་ཤས་དང་། ནང་ཤམ། གཟན་སོགས་ན་བཟའ་ཅུང་མང་ཙམ་ཡོད་པ་དྲན་སོས་ཀྱི་གདའ།

དེ་དུས་ང་ལ་ཆོས་ཀྱི་རྗེ་ཉིད་ཀྱི་ན་བཟའ་བཀྲུ་བའི་སྐལ་བ་བྱུང་ཞིང་། ཉིན་དཀར་བྲེལ་བ་ཤིན་ཏུ་ཆེ་གཤིས། དགོང་མོ་རྗེ་ཉིད་གཟིམས་ཚར་རྗེས་མ་གཏོགས་བཀྲུ་བའི་ལོང་མེད། ངའི་དྲན་པའི་ཟབ་སར་བསྡད་འདུག་པ་ཞིག་ལ། རྗེ་ཉིད་ཀྱི་ན་བཟའ་ལ་དྲི་བསུང་ཡིད་དུ་འོང་བ་ཞིག་ཡོད། མཚམས་རེར་ཙན་དན་གྱི་དྲི་ལ་འདྲ་བ་བྲོ་ཞིང་། ལན་རེར་བདུག་སྤོས་ཀྱི་དྲི་ལ་འདྲ། འདུལ་བ་ལས་ཚུལ་ཁྲིམས་ཤིན་ཏུ་གཙང་བའི་སྐུ་ལུས་ལས་རང་བཞིན་གྱིས་དྲི་བསུང་བཟང་པོ་འཐུལ་འོང་གསུངས་པས། རྗེ་ཉིད་ཀྱི་སྐུ་ལས་བྱུང་བའི་དྲི་བསུང་དེ་དག་ཀྱང་། ཚུལ་ཁྲིམས་ཀྱི་དྲི་བསུང་ངམ། ཡང་ན་ཡོན་ཏན་གྱི་དྲི་བསུང་ཡིན་ལས་ཆེ། ཉེ་འཁོར་ལ་ཡོད་པའི་མི་ཚང་མས་ཚོར་བ་འོང་། ན་བཟའ་བཀྲུ་བའི་སྐབས་ཀུན་ཏུ་ངའི་ལག་པ་ལ་དྲི་བསུང་དེ་འགོ་འོང་བར་མ་ཟད། ཡུན་རིང་ངེ་བ་ལ་དྲི་མ་མི་སང་བར་འདུག་པ་ཡོད།

༡༩༩༠ ལོའི་ཟླ་༦ ཚེས་༢༨ །

ཆོས་ཀྱི་རྗེ་ཉིད་བལ་པོ་ལ་ཟླ་ཕྱེད་ལྷག་ཏུ་བཞུགས། འདི་ན་ནང་པའི་གནས་ཆེན་མང་པོ་འདུག་པས། རྗེ་ཉིད་ཀྱིས་གོ་སྐབས་འདི་དང་བསྟུན་ནས་གནས་མཇལ་ཡག་པོ་བྱེད་དགོས་གསུངས་པའི་རྐྱེན་གྱིས། ཉིན་ཐམས་ཅད་ལ་ཁོམ་ལོང་ཕལ་ཆེར་མེད་པ་ལྟ་བུ་ཞིག་གི་ངང་། གནས་མཇལ་ཐུགས་སྨོན་གནང་བའམ། བསྙེན་མཚམས་ལ་བཞུགས་པ། ཡང་ན་ཆོས་འཆད་ཉན་མཛད་པ་སོགས་གནང་བ་ལས་རྣམ་པར་གཡེང་བའི་ལས་ཅི་ཡང་མ་མཛད། རྗེ་ཉིད་ཀྱི་སྐུ་དྲུང་ལ་ཡུན་རིང་དུ་བསྡད་ནས་གོམས་ལོབས་སུ་སོང་བའི་སྟོབས་ཀྱིས། མི་ལོ་མང་པོའི་རྗེས་སུ་ང་རང་ཉིད་ཕྱི་ལོགས་ལ་སོང་ནས་ཆོས་འཆད་ཁུལ་བྱེད་པའི་སྐབས་ཀུན་ལ་ཡང་། ལས་རིམ་ཐམས་ཅད་བར་མཚམས་མེད་པར་བཀོད་སྒྲིག་བྱེད་ཀྱི་ཡོད།

ས་ཚུགས་དང་པོ་བལ་པོ་ལ་བཞུགས་སྐབས། ཆོས་ཀྱི་རྗེ་ཉིད་བདུད་འཇོམས་སྐུ་ཕྲེང་གཉིས་པའི་དགོན་པ་བདུད་འཇོམས་དགོན་ཏེ། ཨོ་རྒྱན་མདོ་སྔགས་ཆོས་གླིང་ལ་ཕེབས།(Urgyen Do Ngak Chling Monastery) དགོན་པའི་ནང་ལ་དགེ་འདུན་པ་ཉི་ཤུ་ལྷག་བཞུགས། རྗེ་ཉིད་ཀྱིས་སྐྱ་སེར་སློབ་མ་ཡོངས་ལ་འཇམ་དཔལ་ཞི་སྒྲུབ་ཀྱི་དབང་བསྐུར་ཞིང་། སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་སྐུ་གདུང་མཆོད་རྟེན་ལ་མཇལ་ཁ་ཞུས།

བདུད་འཇོམས་སྐུ་ཕྲེང་གཉིས་པ་ཕྱི་རྒྱལ་དུ་སྐུ་གཤེགས་ཤིང་། སྐུ་གཤེགས་རྗེས་སྐུ་གདུང་ཇེ་ཆུང་དུ་སོང་ནས་བལ་པོ་ལ་གདན་འདྲེན་ཞུས་ཏེ། བདུད་འཇོམས་དགོན་དུ་བཞུགས་སུ་གསོལ་ནས་འདུག སྐུ་གདུང་མཆོད་རྟེན་གྱི་ཕྱི་ལ་ཤེལ་གྱི་ལྡིང་ཁང་བསྒྲིགས་ཤིང་། ཤེལ་གྱི་ངོས་ལ་རྒྱུན་དུ་འཇའ་རིས་སྣ་ཚོགས་འཁྱིལ་ནས། ཁ་དོག་སྣ་ལྔ་འོད་ཆེམ་ཆེམ་དུ་འཕྲོ་བ་དང་འོད་དེ་ཡང་དུས་དང་དུས་སུ་མདོག་མི་འདྲ་བར་འགྱུར་བ་མང་པོ་འདུག གནས་མཇལ་པ་རྣམས་ཀྱིས་རང་རང་གི་སྐལ་བ་དང་མཐུན་པར། ལྟས་བཟང་འདྲ་མིན་མང་པོ་མཐོང་རྒྱུ་ཡོད་པར་བཤད།

མཆོད་རྟེན་འདིའི་ནང་ལ་བདུད་འཇོམས་སྐུ་ཕྲེང་གཉིས་པའི་སྐུ་གདུང་ཆུང་ངུར་སོང་བ་དེ་བཞུགས་སུ་གསོལ་ཡོད།

བླ་རུང་ཆོས་སྡེ་དང་བདུད་འཇོམས་སྐུ་ཕྲེང་དང་པོའི་བར་ལ་འབྲེལ་བ་ཤིན་ཏུ་ཟབ་མོ་ཡོད་པའི་རྐྱེན་གྱིས་ཡིན་ན་ཐང་། ཆོས་ཀྱི་རྗེ་ཉིད་བདུད་འཇོམས་སྐུ་ཕྲེང་གཉིས་པ་འདི་ལ་དད་གུས་ཤིན་ཏུ་ཆེ་ཞིང་། ཁོང་མཇལ་འདོད་ཆེན་མོ་ཡོད་སྐོར་ཐེངས་མང་པོར་གསུངས། ཕྱིས་སུ་བདུད་འཇོམས་སྐུ་ཕྲེང་གཉིས་པ་སྐུ་གཤེགས་ཁར། ཞིང་ཁམས་གཞན་ལ་དགོངས་པ་གཏད་དེ་ལོ་གསུམ་བཞི་ཙམ་ལ་གྲ་སྒྲིག་མཛད་སྐབས། མི་གཞན་ལ་གསུང་གང་ཡང་མ་བྱོན་པར་འདུག དུས་དེ་ནས་བཟུང་། རྗེ་ཉིད་ཀྱིས་སྐུ་དྲུང་དུ་ཡོད་པ་རྣམས་ལ་ངེད་གཉིས་ཚེ་འདིར་མཇལ་འཕྲད་གནང་བའི་གོ་སྐབས་མེད་སོང་སྙམ་པ་ཞིག་ཤར་གསུངས། དུས་སྐབས་དེ་ནི་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པའི་ནང་ཡིན་ཞིང་། སྐྱེས་བུ་ཆེན་མོ་ཁོང་རྣམ་པ་གཉིས་ལ་འབྲེལ་གཏུག་བྱེད་པའི་ཐབས་གང་ཡང་མེད་པ་རེད་འདུག་ཀྱང་། ཕྱིས་སུ་གོ་བསྡུར་བ་ན། རྗེ་ཉིད་ཀྱིས་རེ་བ་ཆུང་དུ་ཕྱིན་ནས་རྩོལ་བ་བཏང་སྙོམས་སུ་བཞག་པའི་དུས་དེ་ཉིད། བདུད་འཇོམས་སྐུ་ཕྲེང་གཉིས་པས་ཞིང་ཁམས་གཞན་ལ་དགོངས་པ་གཏད་པའི་དུས་ལ་ཏག་ཏག་ཁེལ་འདུག

བདུད་འཇོམས་དགོན་ནས་རྡོག་ཐོན་མཛད་དེ། རྗེ་ཉིད་དེའི་ཉེ་འཁོར་ལ་ཆགས་པའི་ཨ་ཏི་དགོན་ལ་ཕེབས། དགོན་པ་འདི་ནི་བལ་པོའི་རྒྱལ་པོ་ཞིག་གིས་བཞེངས་ནས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལ་ཕུལ་བར་གྲགས་ཤིང་། དི་པཾ་ཀ་རིའི་ལྷ་ཁང་ཞེས་ཀྱང་ཟེར། དགོན་པའི་ནང་ལ་འབུམ་པོ་ཏི་བཞི་བཞུགས། དེ་ནི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀླུའི་ཕོ་བྲང་ལ་བྱོན་ནས་ཆོས་གསུངས་རྗེས། ཀླུ་རྒྱལ་གྱིས་ཆོས་ཀྱི་དྲིན་གཟོ་བའི་ཕྱིར་ཡོན་དུ་ཕུལ་ཞིང་། མིའི་ཡུལ་ལ་སྔ་ན་མེད་པར་གྲགས། བལ་པོའི་སྲིད་གཞུང་གིས་རིག་དངོས་དེ་ལ་མཐོང་ཆེན་པོ་བྱས་ནས། ནམ་རྒྱུན་མང་ཚོགས་ལ་མཇལ་ཁ་སྟེར་གྱིན་མི་འདུག་ཀྱང་། ངེད་ཅག་གིས་འབྲེལ་བ་བརྒྱུད་ནས་ད་གདོད་མཇལ་བའི་སྐལ་བ་བྱུང་བ་དང་། དེ་ནས་མ་ཧཱ་ཀཱ་ལའི་སྐུ་ཞིག་བཞུགས་པ་མཇལ། དེ་ནི་འཕགས་པ་ཀླུ་སྒྲུབ་ཀྱིས་མ་ཧཱ་ཀཱ་ལའི་སྐུ་བརྒྱ་རྩ་བརྒྱད་བཞེངས་པ་ལས་གཅིག་ཡིན་པར་གྲགས།

ཉིན་དེར་ང་བདུད་འཇོམས་དགོན་ལ་འགྲོ་བའི་དུས་སུ་མཁན་པོ་ཞིག་ལ་འཕྲད་བྱུང་། ཁོང་གིས་སྔར་བླ་རུང་སྒར་ནས་སློབ་གཉེར་བྱེད་མྱོང་ཞིང་། ཁོང་ནས་ངས་དགོན་པའི་དགེ་འདུན་པ་རྣམས་ལ་ཚད་མ་རིགས་གཏེར་བཤད་དགོས་པའི་བསྐུལ་མ་ཡང་ཡང་བྱུང་བ་ལ། ངས་ཐེངས་འདིར་ལས་རིམ་ཤིན་ཏུ་བྲེལ་ཆེ་བའི་དབང་གིས་མི་འོང་བས། ཐེངས་རྗེས་མར་ལྟ་ཆོག་ཞུས། འོན་ཀྱང་ཁོང་གིས་ཆེས་ནན་ཆེར་ཡང་ཡང་བསྐུལ་མ་བྱུང་བ་ལ་བརྟེན་ནས། ངོས་ལེན་མི་བྱེད་ཀ་མེད་དུ་གྱུར།

ཆོས་ཀྱི་རྗེ་ཉིད་ཀྱི་ལས་རིམ་ལ་ཤུགས་རྐྱེན་མི་ཐེབས་པའི་ཆེད་དུ། ངས་མཚན་མོ་གཉིད་རྒྱུའི་དུས་ཚོད་ཇེ་ཉུང་ལ་གཏོང་བ་ལས་ཐབས་གཞན་མ་རྙེད། ཉིན་རེའི་ཞོགས་པ་ཆུ་ཚོད་ལྔ་པའི་གོང་ནས་བདུད་འཇོམས་དགོན་ལ་སོང་ནས། ཚད་མ་རིགས་གཏེར་ཆོས་ཐུན་གཅིག་ཚར་རྗེས། ཆུ་ཚོད་དྲུག་ཕྱེད་ཀྱི་སྔོན་ལ་ཕྱིར་ལོག་ཐུབ་པར་བྱས། རྫོང་ནང་དགོན་ནས་བདུད་འཇོམས་དགོན་ལ་སྤྱི་ལེ་གཅིག་ལྷག་ཡོད་ཅིང་། ལམ་ལ་ས་ཀོང་དང་རྡོ་འབུར་མང་བས་ཅུང་ཟད་འགྲོ་མི་བདེ་བར་འདུག མཚམས་ལ་ལར་རྗེ་ཉིད་གཟིམས་ཚར་རྗེས། མཚན་ཐོག་ཐགས་ལ་བདུད་འཇོམས་དགོན་ལ་སོང་ནས། ཕྱིར་ཉིན་ཞོགས་པ་སྔ་མོར་ཆོས་ཐུན་ཚར་ཐུབ་པར་བྱས་ནས་ཕྱིར་ལོག་པ་ཡང་ཡོད།

ཉིན་དཀར་བྱ་བ་ཅུང་ཟད་མང་བ་དང་། ང་ཡང་ངལ་ཞིང་དུབ་ནས་དགོང་མོ་ཤིན་ཏུ་འཕྱི་མོར་གྱུར་སྐབས་གཟོད་དཔེ་ཁྲིད་ལ་གྲ་སྒྲིག་བྱེད་པའི་དུས་ཚོད་འོང་། ཉིན་རྟག་པར་འདི་ལྟར་ཕར་འགྲོ་ཚུར་འོང་བྱེད་དགོས་པས། དཀའ་ངལ་ཅུང་ཟད་ཆེ་ཡང་། ཚོགས་མང་ལ་ཆོས་དོན་དུ་གཉེར་བའི་བློ་རྒྱ་ཆེན་པོ་ཡོད་པར་མ་ཟད། ང་ལ་ཡང་ཆོས་འཆད་པའི་འདོད་པ་ཤུགས་ཆེན་པོ་ཡོད་པ་གཉིས་ནང་འདོམས་པའི་ཁར། ངས་སྒར་ནས་རིགས་གཏེར་ལན་གྲངས་ཁ་ཤས་ལ་བཤད་མྱོང་བས། དཔེ་ཁྲིད་ལ་གྲ་སྒྲིག་བྱེད་པར་དཀའ་ངལ་མང་པོ་མེད། དེའི་རྐྱེན་གྱིས་བལ་པོ་ལ་འདུག་སྐབས། ངས་འདི་ལྟར་ཚད་མ་རིགས་གཏེར་ཉི་མ་བཅུ་ལྷག་གི་ཁོངས་སུ་བཤད་ནས་མཇུག་གྲུབ་པར་བྱས་པ་ཡིན།

༡༩༩༠ ལོའི་ཟླ་༦ ཚེས་༢༩ །

ཆོས་ཀྱི་རྗེ་ཉིད་བལ་པོ་ལ་བཞུགས་གདན་འཇགས་མ་ཐག བདེ་འབྱོར་བྱུང་བའི་སྐད་ཅ་གང་མགྱོགས་ཀྱིས་སྒར་ལ་གློག་ཡིག་གཏོང་དགོས་པའི་བཀའ་མངགས་ང་ལ་གནང་། སྐབས་དེ་དུས་འཕྲིན་གཏོང་བ་ལ་ད་ལྟ་ནང་བཞིན་སྟབས་བདེ་མོ་མེད་པ་དང་། ལྷག་ཏུ་ཕྱི་རྒྱལ་ལ་ཐོན་རྗེས། རྒྱལ་སྤྱིའི་གློག་ཡིག་ལས་རྒྱལ་སྤྱིའི་རྒྱང་རིང་ཁ་པར་འཕྲོད་ཤིན་ཏུ་དཀའ་མོ་ཡོད།

ཞོགས་པ་སྔ་མོར། ངས་བལ་པོ་ལ་རྒྱུན་འདུག་བྱས་ཡོད་པའི་བོད་པ་ཞིག་བཙལ་ཏེ། གློག་ཡིག་སྐུར་ཐུབ་ས་ཞིག་ལ་ཁྲིད་རོགས་ཞེས་སྨྲས། ཁོས་ཀ་ཏ་མན་རྡུ་ནས་ང་ཁྲིད་དེ་ཉིན་ཕྱེད་ཙམ་ལ་བཙལ་མཐར། གཟོད་སྦྲགས་སྲིད་ཐོག་ཁང་ངན་ངོན་ཅན་ཞིག་རྙེད། དེ་ནས་དཀའ་ངལ་མང་པོ་བརྒྱུད་རྗེས་ད་གདོད་གསེར་རྟ་ལ་འཕྲོད་ཐུབ་པ་བྱུང་། གློག་ཡིག་ཐད་ཀར་སྒར་ལ་གཏོང་ཐབས་མེད་པས། གསེར་རྟ་རྫོང་དུ་ཡོད་པའི་མི་ལ་བཏང་ནས་ཁོ་ཚོ་ལ་ཆ་བསྐུར་བ་ཡིན། གློག་ཡིག་ནང་དུ་ངེད་ཅག་བལ་པོ་ལ་བདེ་བར་འབྱོར་སོང་། མི་རིང་བར་རྒྱ་གར་འཕགས་ཡུལ་སོགས་ལ་འགྲོ་རྒྱུ་ཡིན། སྟབས་བདེ་ན་འབྲེལ་བ་བྱེད་ཡོང་། ཐུགས་བདེ་མོ་གྱིས། ཞེས་བྲིས་པ་དྲན་གྱི་འདུག

ཕྱིར་ལོག་རྗེས། གློག་ཡིག་བཏང་ཚར་ཡང་། ཕ་རོལ་པོར་འཕྲོད་ཐུབ་ཡོད་མེད་གཏན་ཁེལ་ཡག་མོ་མ་བྱུང་ཞེས་རྗེ་ཉིད་ལ་ཞུས།

དེ་རྗེས། ཆོས་ཀྱི་རྗེ་ཉིད་བྷོ་དྷ་ན་ཐཱའི་མཆོད་རྟེན་(Boudhanath Stupa)མཇལ་ ཁར་ཕེབས། བོད་པ་རྣམས་ཀྱིས་དེ་ལ་བྱ་རུང་ཁ་ཤོར་ཞེས་འབོད་པའི་གོམས་སྲོལ་ཡོད། མཆོད་རྟེན་དེ་ངེད་ཅག་འདུག་ཁང་ནས་སྤྱི་ལེ་གཅིག་ཙམ་གྱི་སར་འདུག་ཅིང་། ཀ་ཏ་མན་རྡུའི་མཚོན་བྱེད་ལྟ་བུའི་འཛུགས་སྐྲུན་རེད། ནང་པའི་ལོ་རྒྱུས་ལ་རྒྱུས་ཡོད་པའི་མི་ཀུན་གྱིས་ཤེས་གསལ་ལྟར། མཆོད་རྟེན་བྱ་རུང་ཁ་ཤོར་ནི་ཨོ་རྒྱན་པདྨ་འབྱུང་གནས་དང་། མཁན་ཆེན་བོ་དྷི་ས་ཏྭ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གསུམ་སྔོན་བལ་པོའི་བྱ་རྫི་མའི་བུ་གསུམ་ཡིན་པའི་དུས་སུ་བཞེངས་པ་རེད། ཨོ་རྒྱན་རིན་པོ་ཆེས་མཆོད་རྟེན་ཆེན་མོ་འདི་ཡིད་བཞིན་གྱི་ནོར་བུ་ཡིན་པས། རེ་བ་དང་འདོད་པ་ཐམས་ཅད་མངོན་དུ་འགྱུར་ཐུབ་པ་འོང་གསུངས་པའི་རྐྱེན་གྱིས། སྨོན་ལམ་ཐམས་ཅད་འགྲུབ་པའི་མཆོད་རྟེན་ཞེས་ཀྱང་ཟེར་རོ། །

ཆོས་ཀྱི་རྗེ་ཉིད་ཀྱིས་མཆོད་རྟེན་ལ་ཞབས་སྐོར་མཛད་པའི་དུས་སུ་ཞལ་ནས། དགེ་བ་ཅི་འདྲ་ཞིག་བསྒྲུབས་ཀྱང་། སྨོན་ལམ་རྒྱ་ཆེན་མོ་འདེབས་དགོས། མཆོད་རྟེན་འདི་ལ་སྐོར་བ་བྱེད་དུས། ང་ཚོས་བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་འདེབས་དགོས་པ་ལས། སྨོན་ལམ་ལོག་པ་རྩ་བ་ནས་རྒྱག་མི་རུང་། སྔོན་མཆོད་རྟེན་འདི་བཞེངས་པའི་དུས་སུ་བ་གླང་དེས་སྨོན་ལམ་ལོག་པ་བརྒྱབས་ནས་སྡིག་རྒྱལ་གླང་དར་མར་སྐྱེ་བ་བླངས་པ་ཡིན་པས། སྨོན་ལམ་ཤིན་ཏུ་ནས་ཀྱང་གལ་ཆེ་བ་རེད་ཅེས་ངེད་ཅག་སྐུ་འཁོར་རྣམས་ལ་བཀའ་བསྩལ།

དེ་ནས་རྗེ་ཉིད་ལ་ཕྱག་སྐྱོར་བྱེད་མ་དགོས་པར། ཞབས་ཐང་ལ་སྐོར་བ་གསུམ་མཛད། ངེད་ཅག་གིས་ཀྱང་སྨོན་ལམ་འདེབས་བཞིན་སྐོར་བ་བྱས་ཤིང་། མཐར་མཆོད་རྟེན་གྱི་མདུན་ལ་སྟེགས་བུ་ལེབ་མོ་ཞིག་ཡོད་པ་དེའི་སྟེང་ནས་མཉམ་དུ་བསྔོ་བ་སྨོན་ལམ་བྱས། འགྲོ་ཁར་རྗེ་ཉིད་ཀྱིས་སྐུ་རང་མོས་ཀྱི་སྒོ་ནས་མཆོད་རྟེན་བྱ་རུང་ཁ་ཤོར་རྒྱབ་ལྗོངས་བྱས་ཏེ་དྲན་རྟེན་དུ་འདྲ་པར་ཞིག་ལེན་དགོས་གསུངས།

ཕྱིས་བལ་པོ་ལ་སྡོད་སྐབས། ངེད་ཅག་དྲུང་འཁོར་བ་རྣམས་ཁོམ་པ་ཡོད་པའི་དུས་ཐམས་ཅད་ལ་མཆོད་རྟེན་འདི་ལ་སྐོར་བ་བྱེད་དུ་འགྲོ་ཡི་ཡོད།

འདི་ལ་མཇལ་ཁ་དང་སྐོར་བ་བྱེད་དུ་ཡོང་བའི་མི་ཉིན་མཚན་མེད་པར་ཟམ་མ་ཆད་དུ་འོང་གི་འདུག དུས་ཆེན་རེ་ཚེས་དུས། སློང་མོ་བ་མང་པོ་དེ་རུ་གྲལ་བསྒྲིགས་ཏེ་སློང་མོ་ཡང་བྱེད་ཀྱིན་འདུག་གོ །

༡༩༩༠ ལོའི་ཟླ་༦ ཚེས་༣༠ །

ཆོས་ཀྱི་རྗེ་ཉིད་འཕགས་པ་ཤིང་ཀུན་(Swayambhunath Stupa)མཇལ་དུ་ཕེབས། འཕགས་པ་ཤིང་ཀུན་ནི་ཀ་ཏ་མན་རྡུའི་ནུབ་མཐའི་དེའུ་འབུར་ཞིག་གི་སྟེང་ལ་ཡོད་ཅིང་། དེའི་ཕྱོགས་བཞི་ནས་མཆོད་རྟེན་ཆུང་ཆུང་མང་པོས་བསྐོར་འདུག

འཕགས་པ་ཤིང་ཀུན་ནི་འཇིག་རྟེན་འདིའི་སྟེང་ལོ་རྒྱུས་ཆེས་རྙིང་ཤོས་ཀྱི་མཆོད་རྟེན་ཡིན་ཞིང་། ལོ་རྒྱུས་ཡིག་ཆ་སོགས་ཀྱི་ནང་ལ་དེའི་བྱུང་ལུགས་སྐོར་ལ་ཁ་མི་མཐུན་པ་མང་པོ་འཁོད་ཡོད། དེ་ཡང་ཚེ་ལོ་ཁྲི་གཅིག་གི་དུས་སུ། རྒྱལ་བ་ཐམས་ཅད་ཀྱི་ཡེ་ཤེས་ལས་རང་བྱུང་གིས་གྲུབ་པའི་ཤེལ་གྱི་མཆོད་རྟེན་ཡིན་ཞིང་། ཕྱིས་སངས་རྒྱས་འོད་སྲུང་གི་དུས་ལ། མཆོད་རྟེན་འདི་སྲུང་བའི་དོན་དུ་རྡོ་རྗེ་སློབ་དཔོན་ཞི་བ་དཔལ་གྱིས་ཕྱིའི་རྣམ་པ་རྒྱ་བསྐྱེད་ནས། ད་ལྟའི་རྣམ་པ་འདི་གྲུབ་ཅེས་དང་། ཡང་ཀ་ཏ་མན་རྡུའི་གཞོང་ས་འདི་ལ་སྔར་མཚོ་ཆེན་མོ་ཞིག་ཡོད་ཅིང་། སངས་རྒྱས་རྣམ་གཟིགས་ཀྱིས་པད་རྩ་ཞིག་འཕངས་པ་ལ་པདྨ་ཞིག་འཁྲུངས་པ་དང་། ཕྱིས་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་རལ་གྲིས་མཚོ་འགྲམ་གྱི་བྲག་རི་བརྟོལ་ཏེ་ཆུ་ཕྱིར་འགྲོ་བར་བྱས། པདྨ་འཁྲུངས་ས་དེ་ད་ལྟའི་མཆོད་རྟེན་འདི་རེད་ཅེས་དང་། ཡང་ལ་ལས་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གྱི་དཔྲལ་བའི་འོད་ཟེར་ལས་གྲུབ་པ་ཡིན་ཚུལ་སོགས་ཟེར་སྒྲོས་མི་གཅིག་པ་མང་པོ་སྣང་། མདོར་བསྡུས་ན། མཆོད་རྟེན་འདི་ལ་ལོ་རྒྱུས་རིང་མོ་ཡོད་པར་མ་ཟད་བྱིན་རླབས་ཤིན་ཏུ་ཆེ་ཞིང་། གྲུབ་པ་བརྙེས་པའི་སྐྱེས་བུ་མང་པོ་དེའི་ཉེ་འཁོར་ལ་བྱོན་ནས་བསམ་གྱིས་མི་ཁྱབ་པའི་མཛད་པ་བཞག་ཡོད།

མཆོད་རྟེན་ལ་སྐོར་བ་མཛད་ཁར། རྗེ་ཉིད་ཀྱི་ཞལ་ནས། མཆོད་རྟེན་ནི་རྒྱལ་བ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་མཚོན་བྱེད་ཡིན་ཞིང་། བདག་ཅག་གི་སྟོན་པའི་ཞལ་དྲོན་མོ་ནས། མ་འོངས་པ་ན་སེམས་དག་པའམ་ཡིད་གུས་པའི་སྒོ་ནས་མཆོད་རྟེན་ལ་བསྙེན་བཀུར་བྱས་ན། ད་ལྟ་ང་ལ་གུས་པས་བསྙེན་བཀུར་བྱས་པ་དང་ཁྱད་མེད་གསུངས། མཆོད་རྟེན་ལ་སྐོར་བ་བྱས་ན་ཚེ་རབས་མང་པོའི་སྔོན་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དག་ནས། ཡོན་ཏན་དཔག་ཏུ་མེད་པ་ཐོབ། བལ་ཡུལ་ལ་མཆོད་རྟེན་མང་པོ་ཡོད་ཅིང་། ཁྱད་པར་དུ་སྐད་གྲགས་ཤིན་ཏུ་ཆེ་བའི་མཆོད་རྟེན་རྣམ་གསུམ་ལ་བྱིན་རླབས་ཆེན་པོ་ཡོད། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ཡང་མཆོད་རྟེན་རྣམ་གསུམ་ལ་མཇལ་སྐོར་ཞུ་བར་བོད་ནས་བལ་ཡུལ་ལ་ཆེད་དུ་ཕེབས་མྱོང་བ་རེད། ང་ཚོས་གོ་སྐབས་འདི་དམ་འཛིན་ཡག་པོ་བྱེད་དགོས། ཞེས་ངེད་ཅག་ལ་གསུངས།

དེ་ལས་རྒྱང་མི་རིང་བའི་ས་ན་སློབ་དཔོན་དབྱིག་གཉེན་གྱི་གདུང་རྟེན་མཆོད་རྟེན་ཡོད། མཆོད་རྟེན་འདི་ལྟོས་བཅས་ཀྱིས་ཅུང་ཟད་ཆུང་ཞིང་། རྣམ་པ་ཡང་གཞན་དང་མི་འདྲ་བར་མཆོད་རྟེན་གྱི་རྩེ་ཞོལ་མོར་ཡོད་པ་དང་། ཆོས་འཁོར་བཅུ་གསུམ་ཡང་མི་འདུག སློབ་དཔོན་དབྱིག་གཉེན་གྱི་གདུང་རྟེན་མཆོད་རྟེན་དྲུང་དུ། རྗེ་ཉིད་ཀྱིས་ཉན་ཐོས་ཐེག་པའི་མཆོད་རྟེན་དང་བྱང་སེམས་ཐེག་ཆེན་པའི་མཆོད་རྟེན་བར་གྱི་ཁྱད་པར་གསུངས་ཤིང་། སློབ་དཔོན་དབྱིག་གཉེན་གྱི་སྐུ་གཤེགས་རྐྱེན་སོགས་ལ་རྗེས་དྲན་གསུང་གླེང་མཛད། དེ་ཡང་སློབ་དཔོན་དབྱིག་གཉེན་འདིར་བྱོན་ནས། བཙུན་པ་ཞིག་གིས་རབ་ཏུ་བྱུང་བའི་ཆས་གོས་གྱོན་བཞིན་ཞིང་རྨོ་ཞིང་། ལུས་ལ་ཆང་དམ་བཏགས་འདུག་པ་གཟིགས་པས་ཐུགས་ཕྱུང་སྟེ། ད་ནི་སངས་རྒྱས་ཀྱི་བསྟན་པའི་མཐའ་ལ་དངོས་སུ་ཐུག་འདུག་དགོངས་ནས། ཐུགས་ཤིན་ཏུ་སྐྱོ་བའི་ཚུལ་མཛད་མ་ཐག་སྐུ་གཤེགས་པའི་ཚུལ་བསྟན་པ་རེད།

ཆོས་ཀྱི་རྗེ་ཉིད་ཐུགས་ཧ་ལས་པ་དང་བཅས་ཏེ་ཞལ་ནས། རང་རེ་རབ་ཏུ་བྱུང་བ་རྣམས་ཀྱིས་ཐོས་བསམ་སྒོམ་གསུམ་ལ་ནན་ཏན་ཆེན་པོ་བྱེད་དགོས། སངས་རྒྱས་གཉིས་པར་གྲགས་པའི་སློབ་དཔོན་ཆེན་པོ་དབྱིག་གཉེན་ཡང་། རབ་ཏུ་བྱུང་བ་ཞིག་གི་ལོག་སྤྱོད་ཀྱིས་བསྟན་པ་ལ་རྨ་འབྱིན་པར་གཟིགས་ནས་ཐུགས་ཕྱུང་སྟེ། སྐུ་གཤེགས་པ་མ་ཡིན་ནམ། ང་རང་ཚོས་ལོ་རྒྱུས་འདི་ནམ་ཡང་ཡིད་ནས་མི་བརྗེད་པ་དགོས་ཚུལ་སོགས་གསུངས།

༡༩༩༠ ལོའི་ཟླ་༧ ཚེས་༡ །

ཆོས་ཀྱི་རྗེ་ཉིད་རི་བོ་གླང་རུ་(Nagarjun Forest Reserve)མཇལ་གཟིགས་ལ་ཕེབས། རི་འདི་ཀ་ཏ་མན་རྡུའི་ནུབ་ཕྱོགས་སུ་ཡོད་ཅིང་། དེ་ནི་བདག་ཅག་གི་སྟོན་པས་འཕགས་པ་གླང་རུ་ལུང་བསྟན་པའི་མདོ་གསུང་ས་ཡིན་པས། བལ་པོ་ན་སྐད་གྲགས་ཤིན་ཏུ་ཆེ།

འཕགས་པ་གླང་རུ་ལུང་བསྟན་པའི་མདོའི་བརྗོད་བྱའི་དོན་ཤིན་ཏུ་ནས་ཀྱང་ཁྱད་དུ་འཕགས་པ་ཞིག་ཡིན་ཀྱང་། ད་ལྟའི་བར་ལ་བོད་འགྱུར་ཁོ་ན་ལས་རྒྱ་ཡིག་དང་དབྱིན་ཡིག་སོགས་ཀྱི་འགྱུར་མེད། མདོ་འདིའི་ནང་དུ་སངས་རྒྱས་འོད་སྲུང་གི་ཚེ། མཆོད་རྟེན་གོ་མ་ས་ལ་གན་དའི་ཉེ་གམ་ལ་རི་བོ་གླང་རི་ཞེས་བྱ་བ་ཡོད་པ་དང་། དེར་མ་འོངས་པའི་དུས་སུ་བོད་དང་རྒྱ་རྣམས་འོང་བར་འགྱུར་ཞིང་། འཕགས་པ་གླང་རུ་ལུང་བསྟན་པའི་མདོ་འདི་བཀླགས་ན། ཕན་ཡོན་ཤིན་ཏུ་ཆེན་མོ་ཡོད་ཚུལ་སོགས་འཁོད་ཡོད།

མདོ་འདིའི་ནང་གསུངས་པའི་མཆོད་རྟེན་གོ་མ་ས་ལ་གན་ད་ནི་འཕགས་པ་ཤིང་ཀུན་ཡིན་འོས་སུ་ཆེ་སྙམ།

རི་འདིའི་ཁོར་ཡུག་དྭངས་ཤིང་གཙང་ལ། ལྗོན་ཤིང་སྣ་ཚོགས་ཀྱིས་སྟུག་པོར་ཁེབས་ཡོད། རི་མགོ་ནས་མར་བལྟས་ན། ཀ་ཏ་མན་རྡུའི་གྲོང་ཐམས་ཅད་མིག་འོག་ཏུ་ཆུད་ཐུབ། རིའི་སྟེང་ལ་འཛུགས་སྐྲུན་ཅི་ཡང་མེད་པས། རང་བྱུང་གི་རྣམ་པ་ཆེས་ཆེར་མངོན་ཞིང་། བལ་པོའི་མི་དང་བོད་པ་རྣམས་འདིར་ཡོང་ནས། བསང་གཏོང་བ་དང་རླུང་རྟ་གཏོར་བ་སོགས་ལ་སྣང་ཆེན་བྱེད་པར་གདའ།

ཆོས་ཀྱི་རྗེ་ཉིད་ཀྱིས་ངེད་ཅག་དྲུང་འཁོར་བ་རྣམས་ལ། རི་བོ་གླང་རུའི་ལོ་རྒྱུས་དང་། འཕགས་པ་གླང་རུ་ལུང་བསྟན་གྱི་མདོ་བཀླགས་པའི་ཕན་ཡོན་སོགས་ངོ་སྤྲད་ནས་གསུངས། དེ་ནས་ཁོང་གིས་རྒྱང་མ་ལ་གཟིགས་བཞིན་ཞལ་ནས་འཛུམ་བསྟན་ཏེ། འདི་ནས་བོད་ཡུལ་གྱི་རི་ཚོགས་རྣམས་རིག་གི་འདུག ང་ཚོས་གནས་འདི་ནས་དཀར་ཕྱོགས་ཆོས་སྐྱོང་བའི་སྲུང་མ་རྣམས་དགའ་བར་བྱེད་པ་དང་། བསྟན་འགྲོའི་དོན་རྒྱ་ཆེན་པོ་འགྲུབ་པའི་ཕྱིར་དུ་བོད་ཡུལ་གྱི་སྲུང་མ་རྣམས་ལ་གསོལ་མཆོད་བྱེད་དགོས་པ་ཡོད། ཅེས་བཀའ་ཕེབས་ནས། ཁོང་གིས་དབུ་དྲངས་ཏེ་གསོལ་ཁ་མཆོད་ཅིང་རླུང་རྟ་གཏོར་བར་མཛད།

རླུང་རྟ་གཏོར་བའི་དུས་སུ། རྗེ་ཉིད་ཀྱི་ཞལ་ནས། ལྷ་རྒྱལ་ལོ། །ལྷ་རྒྱལ་ལོ། །ཞེས་གསུང་གསང་མཐོན་པོས་སྒྲོག་པར་མཛད་ཅིང་། གསུང་སྐད་ཆེན་པོ་རི་ལུང་ཐམས་ཅད་ལ་ཁྱབ། དེའི་ཚེ། གློ་བུར་དུ་རླུང་འཚུབ་ཅིག་གཡུགས་ནས། རླུང་རྟ་མང་པོ་གཡས་ཕྱོགས་སུ་བསྐོར་ནས་གནམ་ལ་ཁྱེར་ཞིང་། ཇེ་མཐོ་ཇེ་མཐོར་གྱུར་ཏེ་རྒྱང་ཐག་ཤིན་ཏུ་རིང་བའི་ཕྱོགས་སུ་འཕུར་སོང་། རྗེ་ཉིད་ཀྱིས་བར་སྣང་ནས་རླུང་གིས་འཁྱེར་བཞིན་པའི་རླུང་རྟ་ལ་གཟིགས་ཏེ་ཞལ་ནས། ང་ཚོས་བསྟན་འགྲོའི་དོན་ཆེན་སྒྲུབ་པ་ལ། གནས་སྐབས་ཤིག་ཏུ་བར་ཆད་མི་འོང་ཞིང་། རྒྱུན་རིང་བོའི་བར་ལ་གནས་རྒྱུ་རེད་གསུངས།

རྣམ་པ་དེ་ཤིན་ཏུ་བརྗེད་དཀའ་ཞིང་། རླུང་རྟ་བལ་པོ་དང་རྒྱ་གར་འཕགས་པའི་ཡུལ་ཕྱོགས་སུ་རླུང་གིས་ཁྱེར་བས། རྗེ་ཉིད་ཀྱི་མ་འོངས་པའི་གདུལ་བྱ་དེ་ཕྱོགས་སུ་རྒྱས་རྒྱུ་ཡིན་ནམ་བསམས་ནས། མཚར་སྣང་ཆེན་པོ་སྐྱེས་ཀྱང་། རྗེ་ཉིད་ཀྱི་ཟིལ་མ་བཟོད་ནས་མང་པོ་འདྲི་མ་ཕོད།

དེ་ནས་རྗེ་ཉིད་ཀྱིས་དབུ་དྲངས་ནས་བཟང་པོ་སྤྱོད་པའི་སྨོན་ལམ་གསུངས།

རྗེ་ཉིད་དང་མཉམ་དུ་གནས་གཟིགས་མཇལ་སྐོར་དུ་འགྲོ་བའམ། ཡང་ན་དཀོན་མཆོག་རྟེན་གསུམ་གྱི་དྲུང་ནས་ཐུགས་སྨོན་གནང་བ་སོགས། སྐབས་གང་ཡིན་ཐམས་ཅད་བསྟན་པ་དང་འགྲོ་བའི་དོན་ལ་འབྲེལ་བ་ཅན་ཤ་སྟག་ཡིན་པར་འདུག མཛད་པ་འདི་ནི་མི་མང་པོས་དཔལ་འབྱོར་དང་། བདེ་ཐང་། ཚེ་རིང་བ་སོགས་དམིགས་ཡུལ་དུ་བཟུང་ནས་གནས་མཇལ་ལ་འགྲོ་བ་དང་མི་འདྲ་བར། ཁོང་ཉིད་ལ་མཚོན་ན། མཐའ་མེད་པའི་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པར་བྱེད་པ་ནི་ཁོང་གི་ཐུགས་སྨོན་ཆེས་ཆེ་བ་དེ་ཡིན་པ་རེད།

ཉིན་དེར། ཆོས་ཀྱི་རྗེ་ཉིད་ཐུགས་ཤིན་ཏུ་དགྱེས་ཤིང་། གནམ་གཤིས་ཀྱང་ཧ་ཅང་དྭངས། རི་རླུང་ཟིམ་ཟིམ་དུ་ལྡང་བའི་རྐྱེན་གྱིས། ཚ་བ་ཐམས་ཅད་མེད་པར་བྱས། ངེད་ཅག་སྤང་ཐང་ལ་བསྡད་ནས་བཟའ་བཏུང་སོགས་བྲོ་ཁ་ཁྱེར་བ་ཐམས་ཅད་ཕྱིར་བླངས་ཏེ། ལྗོངས་ཟས་ཉམས་དགའ་བ་ཞིག་ལ་རོལ་བར་བྱས། ལྗོངས་ཟས་ཟོས་ཚར་རྗེས། ད་དུང་དྲན་རྟེན་གྱི་དོན་སྙིང་ཆེན་པོ་ཡོད་པའི་མཉམ་པར་ཞིག་ཀྱང་བླངས་པ་ཡིན།

རི་ལས་ཕྱིར་འབབ་སྐབས། རྗེ་ཉིད་ཀྱིས་རི་སྐེད་ནས་སྐུ་ངལ་ཞིག་གསོས། རྗེའི་སྐུ་སྲིང་མ་རླངས་འཁོར་ལས་བབས་ཏེ་ཅུང་མ་འགོར་བར། འབུ་པད་(Leech)ཟེར་བའི་རི་མགོ་ལ་ཁྲག་གཞིབ་པའི་འབུ་ཞིག་འདུག་པ་དེས་རྨུགས། བལ་པོའི་མི་རྣམས་ཀྱིས། འབུ་དེ་ལ་དུག་ཆེན་པོ་ཡོད་པས་དེས་རྨུགས་ན་ཉེན་ཁ་ཤིན་ཏུ་ཆེ་ཟེར། ཐོག་མར་ངེད་ཅག་ཅུང་ཟད་སྐྲག་སོང་ཡང་། ཕྱིར་ཐོན་རྗེས་སྨན་རེ་བསྒོས་པ་ན་ཅི་ཡང་སྐྱོན་མ་བྱུང་།

ཉིན་དེར། རྗེ་ཉིད་ཕེབས་འཁོར་དམར་པོ་ཞིག་གི་ནང་ལ་བཞུགས་ཤིང་། བལ་པོ་རུ་སྐབས་སྡོད་མཛད་པའི་རིང་། ཕལ་ཆེར་རླངས་འཁོར་དེའི་ནང་དུ་བཞུགས་རྐྱང་མཛད་པ་རེད། ད་ལྟ་རླངས་འཁོར་དེ་ཆོས་ཀྱི་རྗེ་ལ་དྲན་རྟེན་ཞུ་བའི་ཕྱིར་དུ། གདན་ས་ཞིག་གི་ནང་ལ་བཞག་ཡོད་པར་འདུག་སྐད་དོ། །

༡༩༩༠ ལོའི་ཟླ་༧ ཚེས་༢ །

ཆོས་ཀྱི་རྗེ་ཉིད་ཨོ་རྒྱན་རིན་པོ་ཆེའི་གནས་ཁྱད་པར་ཅན་ཡོད་པའི་རྐྱེན་གྱིས། སྐད་གྲགས་ཤིན་ཏུ་ཆེ་བའི་ཕ་ཕུན་(Pharping)དུ་ཕྱགས་ཕེབས། དེ་ནི་ཀ་ཏ་མན་རྡུ་ནས་སྤྱི་ལེ་ཉེར་གཅིག་གི་སར་འདུག

ས་ཆ་འདིའི་ཡང་ལེ་ཤོད་བྲག་ཕུག་(Yanglesho Cave)ནི། ཨོ་རྒྱན་རིན་པོ་ཆེས་བར་ཆད་གདོན་བགེགས་ཐམས་ཅད་རྡོ་རྗེ་ཕུར་པས་བསྒྲལ་ཅིང་། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་སའི་གནས་རྩ་ཆེན་ཡིན་པ་དང་། ཨོ་རྒྱན་རིན་པོ་ཆེས་མཛད་རྗེས་བསམ་གྱིས་མི་ཁྱབ་པ་མང་པོ་བཞག་པ་མཇལ་རྒྱུ་ཡོད། རིག་འཛིན་ཆེན་མོ་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་ཤོག་སེར་ལས་བསྒྱུར་བའི་གསོལ་འདེབས་ལེའུ་བདུན་མ་ལས། བལ་ཡུལ་ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ། །ཡང་དག་བདེ་ཆེན་སྙིང་པོ་བསྒྲུབས་པའི་ཚེ། །བར་ཆད་བགེགས་རྣམས་རྡོ་རྗེ་ཕུར་པས་བསྒྲལ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་གནས་དེར་ཐོབ། །རྡོ་རྗེ་ཐོད་ཕྲེང་རྩལ་ལ་གསོལ་བ་འདེབས། །ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །ཞེས་གསུངས་ཡོད།

གནས་འདིར་འབྱོར་བ་ན་ཆོས་ཀྱི་རྗེའི་ཞལ་ནས། ཚེ་འདིར་ཨོ་རྒྱན་རིན་པོ་ཆེའི་སྒྲུབ་གནས་ཁྱད་པར་ཅན་འདི་འདྲ་བ་ལ་མཇལ་སྐོར་བྱེད་ཐུབ་པ་ནི། ཤིན་ཏུ་ནས་ཀྱང་དཀའ་མོ་རེད། ཨོ་རྒྱན་རིན་པོ་ཆེས་གནས་གཞན་དུ་ལོ་བརྒྱ་ལ་བུག་སྒོ་འདག་སྦྱར་གྱིས་བསྡད་པ་བས། སྒྲུབ་གནས་དབེན་ཁྲོད་དུ་ཉིན་གཅིག་ལ་ཉམས་སུ་ལེན་ནུས་པ་བཟང་གསུང་མྱོང་བས། ང་ཚོས་རང་རང་སོ་སོའི་ཐད་ནས་སྒྲུབ་པར་གཞོལ་བ་ལ་བརྩོན་དགོས་པ་ལས་རྣམ་གཡེངས་བྱེད་མི་རུང་། ཞེས་ཞབས་དྲུང་སྐུ་འཁོར་ཐམས་ཅད་ལ་གསུངས།

དེ་ནས་རྗེ་ཉིད་བྲག་ཕུག་གི་ཉེ་ཟུར་ལ་མཚམས་ཁང་ཆུང་ཆུང་ཞིག་ཡོད་པ་དེར་ཕེབས། ཕལ་ཆེར་ཉིན་གང་བོའི་རིང་གསུང་ངག་སྡོམ་པའི་སྒོ་ནས་ཐུགས་དམ་ལ་བཞུགས། དེའི་ཚེ། གསོལ་བ་དང་གསོལ་སྨན་རེ་སྐུ་མདུན་ལ་བསྐྱལ་ན་མ་གཏོགས། མི་གཞན་གཅར་མི་ཆོག་པར་མཛད། ང་ཉེ་འཁོར་ཞིག་ལ་སྲུང་བའི་ཚུལ་དུ་བསྡད་ནས་བསྙེན་པ་འགའ་རེ་བཏོན་པ་ཡིན།

འདི་ནས་ཐག་མི་རིང་བའི་ས་ལ་ཆུ་རྫིང་ཞིག་འདུག་ཅིང་། རྒྱ་གར་ཆོས་ལུགས་ཀྱི་དད་ལྡན་མང་པོས་དཔྲལ་བར་རྩི་དམར་པོ་བྱུགས་ནས། དེར་སླེབས་ཏེ་མེ་ཏོག་མཆོད་པ་དང་། ཆོ་ག་དབྱངས་ལ་གྱེར་བ། གསོལ་བ་འདེབས་པ་སོགས་བྱེད་ཀྱིན་འདུག་པ་མཐོང་།

༡༩༩༠ ལོའི་ཟླ་༧ ཚེས་༣ །

ཞོགས་པར་ཆོས་ཀྱི་རྗེས་འོད་གསལ་ཉམས་ཀྱི་སྣང་བ་ལས། ཕུར་པ་མགུལ་ཁུག་མའི་དགོངས་གཏེར་གྱི་སྒོ་འབྱེད་པའི་གསུང་མགུར་ཞིག་ཐོལ་བྱུང་དུ་གསུངས། དེ་ཡང་།

༄༅། ། རྒྱལ་ཀུན་ཕྲིན་ལས་གཅིག་བསྡུས་འཇམ་དཔལ་ནི་དཔའ་བོ། །

སྙིང་དབུས་གཞོན་ནུ་བུམ་སྐུའི་ཀློང་དཀྱིལ་དུ་བཞུགས་ནས། །

བྱིན་རླབས་ཡེ་ཤེས་མཆོག་གི་སྣང་བ་དང་འགྲོགས་པའི། །

དགོངས་བརྒྱུད་རྟོགས་པ་འཕོ་བའི་བྱིན་ཆེན་དེ་ཕོབ་ཤོག །

བལ་ཡུལ་ཡང་ལེ་ཤོད་ཀྱི་གནས་མཆོག་ཏུ་སོན་སྐབས། །

མ་དག་འཁྲུལ་བའི་སྣང་བ་འཇའ་སྤྲིན་བཞིན་དེངས་ནས། །

རྩོལ་བཅས་ལམ་གྱིས་བསྒྲུབས་པའི་ལྷ་སྐུ་ཙམ་མིན་པར། །

ངེས་དོན་སྒྱུ་འཕྲུལ་དྲྭ་བའི་རང་ཞལ་དེ་མཇལ་བྱུང་། །

འདི་ན་ཆོས་ཀུན་རིག་སྟོང་ཉག་གཅིག་ཏུ་དག་སྟེ། །

འཁོར་འདས་ཆོས་ལ་རེ་དོགས་ཞེན་པ་ཀུན་གྲོལ་ནས། །

འཁྲུལ་བ་ཞིག་པའི་རྣལ་འབྱོར་སྐྱིད་ཉལ་ཞིག་བྱས་ཚེ། །

གཟུངས་སྤོབས་བློ་གྲོས་སྒོ་བརྒྱ་དུས་གཅིག་ཏུ་ཕྱེས་སོང་། །

ཚེ་འདིར་བདེ་ཐོབ་གཉེར་བ་ཁྱིམ་པ་ཡི་ཚོགས་དང་། །

ཕྱི་མའི་བདེ་འབྲས་འཚོལ་བ་རབ་བྱུང་གི་སྐྱེ་བོ། །

གསེར་སྒྲོག་ཐག་སྒྲོག་འཆིང་བྱེད་མཉམ་པ་རུ་འདུག་བཞིན། །

གཉིས་ཀ་རེ་དོགས་འཕྲང་ལས་བརྒལ་ཐབས་རང་དཀའ་འོ། །

སྔོན་ཞིག་དགྲ་ལྟར་སྣང་བ་དུག་ལྔ་ཡི་རྟོག་པ། །

དེ་རིང་རིག་སྟོང་ཆེན་པོའི་ངོ་བོ་རུ་དག་འདུག །

དོན་མེད་ངལ་བའི་ཐུན་བཞི་ཁྲིགས་ཆགས་དེ་བོར་ནས། །

སྒྱུ་མའི་རྣལ་འབྱོར་སྐྱིད་པའི་མལ་ས་རུ་ཉལ་འདོད། །

སྔོན་ཞིག་གནས་འདིར་འཇམ་དཔལ་བློ་ལྡན་དེ་མཆོག་སྲེད། །

ཕྱག་རྒྱ་ཆེན་པོའི་རིག་འཛིན་མངོན་སུམ་དུ་གྱུར་སྐད། །

ད་ལྟ་བུ་ཕྲུག་བདག་ཀྱང་ཕ་རྗེས་སུ་ཟིན་ནས། །

གདམས་ངག་གཞན་ལ་རེ་བའི་མདུད་པ་དེ་གྲོལ་ཐལ། །

རྒྱལ་སྲིད་བདུན་གྱི་གྲངས་ལྡན་འདུས་པ་ཡི་ཚོགས་རྣམས། །

ཕ་མེས་རིག་འཛིན་བརྒྱུད་པའི་ཕམ་ཕབ་ལ་རོལ་དང་། །

རིག་འཛིན་རྣམ་བཞིའི་ས་ལ་ཁྱུང་ལྡིང་བཞིན་བགྲོད་དེ། །

མཐའ་ཀླས་འགྲོ་ཀུན་འདྲེན་པའི་དེད་དཔོན་དུ་འགྱུར་ཡོང་། །

ཞེས་གསུངས།

དེ་རྗེས། ཆོས་ཀྱི་རྗེ་ཉིད་ཐུགས་ཤིན་ཏུ་དགྱེས་པའི་ཚུལ་མཛད་ཅིང་། ཞལ་ནས། ད་ཐེངས་ཕྱོགས་སོ་སོའི་རྟེན་འབྲེལ་ལ་ཉེ་ཤིན་ཏུ་བཟང་བས། དེ་རིང་གྲུབ་འབྲས་ཡག་པོ་ལག་ཏུ་ལོན་རྒྱུ་རེད་ཅེས་གསུངས་པ་དང་། ཡང་མགུར་འདིའི་ནང་གི་རྒྱལ་སྲིད་བདུན་གྱི་གྲངས་ལྡན་ཞེས་པ་འདི་ནི། ཁྱོད་ཅག་ཞབས་འབྲིང་སྐུ་འཁོར་བདུན་ལ་གོ་བས། ཁྱེད་རྣམ་པས་རིག་འཛིན་བརྒྱུད་པའི་ཕམ་ཕབ་ལ་རོལ་ནས་ཁྱུང་ཆེན་མཁའ་ལ་ལྡིང་བ་བཞིན་དུ། རིག་འཛིན་རྣམ་པ་བཞིའི་གོ་འཕང་ཐོབ་སྟེ། མཐའ་ཀླས་པའི་འགྲོ་བ་ཐམས་ཅད་ཐར་པའི་ས་ལ་འདྲེན་ནུས་པའི་རེ་བ་ཆེན་པོ་ཡོད། ཅེས་ཁ་གསབ་ཀྱི་ཚུལ་དུ་གསུངས།

ལོ་དེའི་རྒྱུ་རྐྱེན་རྟེན་འབྲེལ་ཁྱད་པར་བ་དེའི་དབང་གིས། རྗེས་སོར་རྗེ་ཉིད་ཞིང་བརྗེ་ལ་ཉེ་བའི་དུས་དེར་སྒར་ནས་རྡོ་རྗེ་ཕུར་པའི་སྒྲུབ་པ་འཚོགས་སྐབས། ཉེ་གནས་བསོད་དོན་དང་། སྨན་པ་རིག་པ། ང་བཅས་གསུམ་ལ་རྡོ་རྗེ་སློབ་དཔོན་གྱི་བྱ་བ་བྱེད་དུ་བཅུག་པ་རེད། འོན་ཀྱང་། སྒར་ལ་དམ་པའི་སྐྱེས་ཆེན་མང་པོ་བཞུགས་ཡོད་པས་ངེད་གསུམ་གྲལ་མགོར་འདུག་ག་ལ་ཕོད། རྟེན་འབྲེལ་མི་འཆུག་པ་ཙམ་གྱི་ཆེད་དུ། གློག་འཕྲིན་ཚང་གི་སྐད་སྦུག་མདུན་ལ་བསྡད་ནས་བཏོན་པ་ཡིན། རྗེ་ཉིད་ཀྱིས་སྒར་ལ་ཞལ་པར་བཏང་ནས། ངེད་གསུམ་པོའི་འདོན་ལུགས་གསན་རྗེས་ཐུགས་མཉེས་མཉེས་མཛད་དེ། ཁོང་གསུམ་ལ་ཕུར་པ་མགུལ་ཁུག་མའི་ཉེ་བརྒྱུད་ཡོད་པས། ད་ལྟ་ཁོང་གསུམ་གས་ངའི་ཁ་ལ་ཉན་ནས་འཚོགས་འདུག་རྐྱེན། རྟེན་འབྲེལ་ཤིན་ཏུ་བཟང་ཞེས་གསུངས། དེ་ནས་ཞལ་པར་ནང་ནས། རང་ཚུགས་མ་ཤོར། གཞན་སེམས་མ་དཀྲུག་ཅེས་པ་སོགས་ཀྱི་བསླབ་བྱ་གནང། དེ་ནི་ངས་རྗེ་ཉིད་ཀྱི་གསུང་ཐོས་པའི་ཐ་མ་ཡིན་ཞིང་། དོན་གྱི་རྣམ་པ་གཞན་ཞིག་གི་དབང་དུ་བྱས་ན། དེ་ཡང་བཀའ་གཏད་ཅིག་ཡིན་རྒྱུ་རེད་སྙམ།

ཐེངས་འདིར་ངས་དྲན་ཐོ་འདི་འབྲི་དུས། ལོ་རྒྱུས་འགའ་རེ་ཡིད་ལ་གསལ་བོར་མ་དྲན་ན། ཉེ་གནས་བསོད་དོན་དང་སྨན་པ་རིག་པ་གཉིས་ལ་བདེན་དཔང་གི་ཆེད་དུ་སྐད་ཆ་འདྲི་བཞིན་ཡོད། ད་ལྟ་ཁོང་གཉིས་ཀ་མཚམས་ལ་བཞུགས་འདུག་ཅིང་། ང་ནི་རྒྱུན་དུ་ཕྱོགས་མང་པོ་ལ་སོང་ནས་ཆོས་འཆད་ཁུལ་བྱེད་ཀྱིན་ཡོད། ང་མ་གཏོགས་ཁོང་རྣམ་པས་ཉམས་སུ་ལེགས་པོ་བླངས་ཡོད་པའི་ཡིད་ཆེས་འདུག ང་ནི་ཉམས་དང་རྟོགས་པ་སོགས་གང་ཡང་མེད་པའི་གྲྭ་རྐྱང་དཀྱུས་མ་ཞིག་ཡིན་ཀྱང་། རྗེ་ཉིད་ཀྱི་ཉེ་བརྒྱུད་བྱིན་རླབས་ཅན་གྱི་ཆོས་མང་པོ་དང་གདམས་ངག་ཁྱད་པར་བ་མང་པོ་ཐོབ་མྱོང་བས། སྐྱེ་བ་འདི་ལ་སྐལ་བ་ཤིན་ཏུ་ལེགས་པོ་བྱུང་།

རྗེ་ཉིད་ཀྱིས་གསུང་མགུར་དེ་ཐོལ་བྱུང་དུ་གསུངས་རྗེས། ཐད་ཀར་ཨ་སུ་རའི་བྲག་ཕུག་(Asura cave)ཏུ་ཕྱགས་ཕེབས།

ཨ་སུ་རའི་བྲག་ཕུག་འདི་ཡང་ལེ་ཤོད་ཀྱི་མཚམས་ཁང་ཆུང་ཆུང་དེ་ལས་སྤྱི་ལེ་ཕྱེད་ཀྱི་སར་ཡོད། རྗེ་ཉིད་བྲག་ཕུག་འདིར་འབྱོར་མ་ཐག སྔོན་བལ་པོའི་བློན་པོ་ཛི་ན་མི་ཏྲ་ཡིན་དུས། ཨོ་རྒྱན་རིན་པོ་ཆེས་གནས་འདིར་ཁོང་ལ་ཕུར་པ་རྡོ་རྗེ་གཞོན་ནུའི་དབང་བསྐུར་གདམས་ངག་ཕོག་པའི་རྣམ་པ་མ་ལུས་པ་ཉམས་སྣང་ལ་གསལ་བོར་ཤར། དེ་ནས་ཕུར་པ་མགུལ་ཁུག་མའི་དབང་བསྐུར་སྒྲུབ་ཐབས་ཀྱི་ཆོ་ག་རྣམས་ཉིད་ཀྱི་རིག་ཀློང་ལས་ཐད་ཀར་བརྡོལ་ཏེ་དགོངས་གཏེར་གྱི་ཚུལ་དུ་ཐོགས་པ་མེད་པར་གསུངས་ནས། ང་ཚོས་འཕྲལ་དུ་ཡི་གེར་ཕབ། ཕུར་པ་མགུལ་ཁུག་མའི་ཆོས་སྐོར་འདི་དག་ཕྱིས་སུ་རྗེ་ཉིད་ཀྱི་གསུང་འབུམ་ནང་དུ་བཞུགས་ཡོད།

ཆོས་ཚན་འདི་ལ་ད་དུང་ཆོ་གའི་ཆ་ལག་མེ་མཆོད་དང་བསྒྲལ་ལས་སོགས་ཀྱི་སྐོར་འགའ་རེ་ཡོད་ཅིང་། རྗེ་ཉིད་རྒྱ་གར་ལ་ཕེབས་པ་དང་བོད་ལ་ཕྱིར་བྱོན་པ་སོགས་ཀྱི་སྐབས་རྣམས་སུ། ཆོ་ག་ཆ་ལག་ཚང་མ་རེ་རེ་བཞིན་མུ་མཐུད་དགོངས་ཀློང་ལས་རྩོལ་མེད་དུ་བརྡོལ་བ་བཞིན། མཐར་ཚང་མ་ཡི་གེར་བཀོད།

ཕུར་པ་རྡོ་རྗེ་གཞོན་ནུའི་ཆོས་སྐོར་ནི་དུས་ཀྱི་ཡང་མཐའ་འདིར་བར་ཆད་གདོན་བགེགས་ཐམས་ཅད་སེལ་བའི་མན་ངག་ཁྱད་དུ་འཕགས་པ་ཞིག་རེད། ཨོ་རྒྱན་རིན་པོ་ཆེས་ཀྱང་། རང་བྱུང་པདྨ་རྒྱལ་པོ་ངས། །བིདྱཏྟོ་མའི་རྒྱུད་ཀུན་གྱི། །སྙིང་པོ་མཐར་ཐུག་འདི་ཁོ་ན། །ཛི་ན་མི་ཏྲ་ཁྱོད་ལ་གཏད། །ཡལ་བར་མ་དོར་ཉམས་སུ་ལོངས། །ཕྱིས་འབྱུང་དུས་ཀྱི་ཐ་མ་ལ། །ཁྱོད་ཀྱི་སྤྲུལ་བའི་སྐྱེས་བུ་དང་། །འཕྲད་ནས་བསྟན་པ་སྐྱོང་བར་འགྱུར། །ས་མཱ་ཡཿ ཞེས་གསུངས་ཏེ། རྗེ་ཉིད་ནི་ཆོས་སྒོ་འདི་གཏེར་ནས་འདོན་པའི་གཏེར་སྟོན་ཡིན་པ་མངོན་གསལ་ལུང་དུ་བསྟན་ཡོད་པ་རེད།

དེ་རྗེས་ཆོས་ཀྱི་རྗེ་ཉིད་ཀྱིས་འཕྲལ་དུ་ངེད་ཅག་ལ་ཕུར་པ་མགུལ་ཁུག་མའི་བཀའ་དབང་གནང།

འདིར་ཐོན་ཁར། ང་ཚོས་ཨ་སུ་རའི་བྲག་ཕུག་ནང་དུ་ནུབ་གཅིག་ལས་མི་འདུག་ཆག་བྱས་ཀྱང་། རྗེ་ཉིད་ཀྱིས་བྲག་ཕུག་འདི་གཏེར་གནས་ཡིན་ཞིང་། གཏེར་གནས་རང་ནས་གཏེར་སྒྲུབ་བྱས་ན་ཆོས་ཁྱད་པར་དུ་འཕགས་པ་ཡིན་པས་གཏེར་གཞུང་གི་སྒོ་ནས་བསྙེན་པ་བཟླ་དགོས་པ་ཡོད་གསུངས་ནས། ཞག་ཁ་ཤས་ལ་འདུག་འཆར་མཛད་དེ། ཞབས་དྲུང་བ་རྣམས་ལ་ཕུར་པ་རྡོ་རྗེ་གཞོན་ནུའི་བསྙེན་པ་ཁྲི་གཅིག་ནས་འབུམ་གཅིག་གི་བར་དུ་བཟླ་བཅུག་པར་མཛད།

འདིའི་སྐབས་ཐམས་ཅད་ལ་རྗེ་ཉིད་ཀྱིས་གསུང་ཤས་ཆེར་མ་བྱོན་ཞིང་། ཐུགས་དམ་ལ་བཞུགས་པའམ། ཡང་ན་བསྙེན་པ་གསུང་བ་ཁོ་ན་མཛད་ཀྱིན་གདའ།

༡༩༩༠ ལོའི་ཟླ་༧ ཚེས་༤ ནས་ཟླ་༧ ཚེས་༧ །

ཨ་སུ་རའི་བྲག་ཕུག་གི་ཉེ་བའི་ཁོར་ཡུག་ཤིན་ཏུ་ཉམས་དགའ་ལ། མེ་ཏོག་དང་རྩི་ཤིང་གི་ཁ་འབུས་ཤིང་། རྫ་ཆབ་དྭངས་ལ་རྙོག་མ་མེད། ལྗོན་ཤིང་ཧ་ཅང་མཐུག བྲག་ཕུག་གི་ནང་ལ་སྒྲོལ་མའི་སྐུ་རང་བྱོན་དང་། ཨོ་རྒྱན་རིན་པོ་ཆེའི་ཕྱག་རྗེས་སོགས་རྗེས་ཤུལ་ཁྱད་པར་བ་མང་པོ་མཇལ་རྒྱུ་ཡོད་པས། ཉམས་སུ་ལེན་པ་དང་སྨོན་ལམ་འདེབས་པའི་ཡུལ་ཁྱད་པར་ཅན་དུ་འདུག

གནས་འདི་ནས་རྗེ་ཉིད་དང་མཉམ་དུ་ཕུར་པ་རྡོ་རྗེ་གཞོན་ནུའི་སྒྲུབ་པ་ལ་གཞོལ་ཐུབ་པར་གྱུར་པས། ང་བློ་ཤིན་ཏུ་དགའ་བ་བྱུང་ཞིང་། ཚེ་འདི་ལ་ཕུར་པ་རྡོ་རྗེ་གཞོན་ནུའི་སྒྲུབ་ཐབས་ཁ་ཏོན་དུ་བྱེད་པའི་ཁས་བླངས། ཚེ་སྨད་ལ་བྲག་ཕུག་དབེན་པ་འདི་འདྲ་བ་ཞིག་གི་ནང་དུ་མཚམས་ལ་འདུག་འདོད་ཤིན་ཏུ་ཆེ་བས། གོ་སྐབས་རེ་བྱུང་ན་ཅི་མ་རུང་སྙམ།

ང་མཚམས་ལ་ལར་ལུང་པའི་སྨད་ཕྱོགས་ཡང་ལེ་ཤོད་ཀྱི་ཉེ་ཟུར་ལ། ཆོས་ཀྱི་རྗེ་ཉིད་སྐུ་མཚམས་ལ་བཞུགས་པའི་ཉེར་མཁོ་རེ་ཉོ་བའི་ཕྱིར་དུ་འགྲོ་བཞིན་ཡོད་ཅིང་། བྲག་ཕུག་གཉིས་ཀྱི་བར་ལ་རྐང་ལམ་ཆུང་ཆུང་ཞིག་ལས་མེད། ལམ་ཟུར་ལ་མེ་ཏོག་སྣ་ལྔ་བཞད་ཅིང་། ནམ་མཁའ་ལ་རྒྱུན་དུ་སྤྲིན་འཇའ་དང་འཇའ་ཚོན་འཆར། ནགས་ནང་ནས་སྐབས་སྐབས་སུ་ཁུ་བྱུག་གི་སྐད་ཀྱང་གོ་འོང་བ་དང་། ང་བོད་ཡུལ་ནས་ཁ་བྲལ་ཏེ་ཡུན་རིང་མ་སོང་ཡང་། ཁུ་བྱུག་གི་སྐད་སྙན་གོ་ཚེ་སེམས་ཐག་ཤིན་ཏུ་ཉེ་བའི་ཚོར་བ་སྐྱེས།

ངས་བསྙེན་པ་བཟླ་ཞོར་སྤྱིལ་བུའི་ནང་ལ་སྡོད་པའི་མཚམས་པ་ཞིག་གིས། ཉིན་རེའི་མཁོ་ཆས་ཉོ་རུ་འགྲོ་བ་བཞིན་དུ་སེམས་དགའ་བས་གང་སྟེ། ཡར་མར་མང་པོར་སོང་བ་ཡིན། ཨ་སུ་རའི་བྲག་ཕུག་གི་སྟེང་ལ་ད་དུང་བཙུན་པ་ཀུན་དགའ་བོས་དགྲ་བཅོམ་པ་ལྔ་བརྒྱ་ལ་ཆོས་འཁོར་བསྐོར་བའི་གནས་ཡོད་ཅིང་། ཐེངས་ཤིག་ང་ཅ་ལག་ཉོ་རུ་འགྲོ་བའི་ཞོར་དུ་དེར་སོང་ནས་མཇལ་སྐོར་ཁྱུག་ཙམ་ཞུས། བྱུང་བ་དེ་དག་བྱུང་ནས་ད་ལྟ་མི་ལོ་སུམ་ཅུ་ཙམ་འདས་ཟིན་ཡང་། ཡིད་ལ་དྲན་འོང་ཚེ་ཐམས་ཅད་ཁ་སང་བྱུང་བ་ཡིན་སྙམ་པ་འོང་གིན་འདུག

དེ་དུས་ཆོས་ཀྱི་རྗེ་ཉིད་ཀྱིས་ངེད་ཅག་ལ། ཕུར་པ་རྡོ་རྗེ་གཞོན་ནུའི་བསྙེན་པ་ཅི་མང་བཟླ་བཅུག་པར་མཛད་པའི་རྐྱེན་གྱིས། ཉིན་རེའི་གུང་ཟས་ཟ་སྐབས་སྐད་ཅ་དཀྱུས་མ་ཙམ་ལས། དུས་གཞན་གྱི་ཚེ་ལ་ཚང་མས་ངག་བཅད་ནས་བསྙེན་སྒྲུབ་ལ་གཞོལ་བར་བྱས། དུས་ཕལ་མོ་ཆེར་རྗེ་ཉིད་ཀྱི་མདུན་ལ་གསོལ་བ་ཕར་སྐྱེལ་བ་ལས། ངེད་ཅག་དང་མཉམ་དུ་མི་གསོལ་བ་རེད། འོན་ཀྱང་ཉིན་ཞིག་གསོལ་ཚིགས་ཀྱི་སྐབས། རྗེ་ཉིད་སྐུ་རང་མོས་ཀྱི་སྒོ་ནས་ངེད་ཚོ་དང་མཉམ་དུ་གསོལ་བ་བཞེས་ཤིང་། ཁོང་གི་སྐུ་སྐྱེ་གོང་མའི་ལོ་རྒྱུས་ཁ་ཤས་གསུངས་པ་ལས་འཕྲོས་ཏེ་ངེད་ཚོ་ལ་གསུང་གླེང་ཅུང་ཟད་མཛད།

བསླབ་བྱ་ཚན་པ་གཅིག་ངས་ཤིན་ཏུ་གསལ་བོར་དྲན་གྱི་འདུག དེ་ཡང་རྗེ་ཉིད་ཀྱི་ཞལ་ནས། མཚན་ལྡན་གྱི་བླ་མ་སྐུ་བཞུགས་པའི་དུས་སུ། སློབ་མ་ལ་བླ་མ་སངས་རྒྱས་དངོས་མཐོང་གི་མོས་གུས་ཡོད་པ་ཤིན་ཏུ་གལ་ཆེ་བ་ཡིན། སློབ་དཔོན་པདྨ་འབྱུང་གནས་ལ་མཚོན་ན། ཁོང་བྲག་ཕུག་འདིར་བསྙེན་སྒྲུབ་ལ་བཞུགས་སྐབས། རྣམ་པ་ལ་སྐུ་ལ་ཟླ་གམ་གསོལ་བའི་ཁྱིམ་པ་རྣལ་འབྱོར་པ་ལྟ་བུ་ཞིག་གི་ཚུལ་མཛད་པས། མི་རྣམས་ཀྱི་སེམས་ལ་ཆེས་བཟང་ན་ཡང་རྫུ་འཕྲུལ་དང་ཤེས་རབ་ཁྱད་པར་བ་ཡོད་པའི་མི་ཞིག་ཡིན་པར་བསམ་པ་ལས། ཁོང་གི་ཉམས་རྟོགས་དངོས་ནི་སུ་གཅིག་གིས་ཀྱང་མི་ཤེས། འགྲོ་བ་མང་པོའི་དབུས་སུ་མཛད་པ་ཐུན་མོང་མ་ཡིན་པ་རེ་སྟོན་སྐབས། མི་འགའ་རེ་ལ་ཐ་ན་ལོག་ལྟ་ཡང་སྐྱེས་པ་རེད་སོགས་གསུངས།

རྗེ་ཉིད་ཀྱིས་བསླབ་བྱ་གནང་པ་ཐོས་རྗེས། ངའི་བསམ་པ་ལ་ཆོས་རྗེ་ཡིད་བཞིན་ནོར་བུ་ཁོང་ཡང་དེ་ལྟ་བུ་ཡིན་པ་རེད། ངེད་ཅག་སློབ་མ་རྣམས་དང་མཉམ་དུ་ཁོང་སྐུ་བཞུགས་པའི་དུས་ལ། དད་གུས་ཆེན་པོ་རང་སྐྱེ་བའི་ངེས་པ་མེད་ཅིང་། ལོ་འགའ་ཞིག་སོང་བའི་རྗེས་སུ་རྗེ་ཉིད་ལ་ཉམས་རྟོགས་ཕལ་བ་དང་མི་འདྲ་བ་ཡོད་པ་ཤེས་པའི་ཚེ། གནས་ལུགས་དེ་སྔར་ལས་ཀྱང་གསལ་ལྷང་ངེར་མངོན་འོང་རྒྱུ་རེད་བསམས།

བླ་མ་དང་མཉམ་དུ་ཟ་མ་བཟའ་བ་ལ་སྣང་བ་ཤིན་ཏུ་སྤྲོ་པོ་ཡོད། ངེད་ཅག་ལ་བྲོ་རྒྱགས་མང་པོ་མེད་ཀྱང་། བྲག་ཕུག་གི་སྒོ་ཁ་དེར་ཟོས་པའི་ཟ་མ་དེ་ལ། ངས་མི་ཚེ་འདིའི་ནང་ནས་ཟོས་པའི་ཟས་མཆོག་གང་གིས་ཀྱང་རྩ་བ་ནས་འགྲན་དུ་མི་གཏུབ་པའི་བྲོ་བ་ཡོད་པ་ལྟ་བུའི་སྣང་བ་སྐྱེས།

སྐབས་དེར། རྒྱང་རིང་ན་ནགས་ཚལ་ཞིག་འདུག་པ་དེ་ལ་མི་ཞིག་གིས་མཛུབ་མོ་བཙུགས་ནས། འདི་ནས་སྤྱི་ལེ་གཅིག་ཙམ་སོང་བའི་ས་ལ་དཱ་ཤྱན་ཀཱ་ལིའི་ལྷ་ཁང་(Dakshinkali Temple)ཟེར་བ་ཞིག་ཡོད་ཅིང་། དེ་ལ་ལྷ་མོ་ནག་མོའི་ལྷ་ཁང་ཡང་ཟེར། ལྷ་ཁང་ནང་ལ་ལྷ་མོ་ཀཱ་ལི་ཟེར་བ་མཆོད་ཡོད། དེ་ནི་ཨོ་རྒྱན་རིན་པོ་ཆེས་དམ་ལ་བཞག་པའི་ལྷ་མོ་ཞིག་ཡིན་པ་ནང་པ་དང་ཕྱི་པ་གཉིས་ཀས་ཁས་ལེན། ཡིན་ན་ཡང་རྒྱ་གར་ཆོས་ལུགས་ཀྱིས་ལྷ་མོ་དེ་མཆོད་པའི་ཡུལ་དུ་བཟུང་ནས། གཟའ་མིག་དམར་དང་གཟའ་སྤེན་པ་གང་ཡིན་ལ། དད་ལྡན་དག་གིས་བྱ་དེ་ཕོ་དང་གག་པ། ར་མ་སོགས་དེར་དེད་ནས་དམར་མཆོད་བྱེད། དཱ་ཤྱན་དུས་ཆེན་ཟེར་བ་དེ། བལ་ཡུལ་ནས་ལོ་རེའི་ཟླ་བ་བཅུ་པའི་ནང་ཚེས་པའི་དུས་ཆེན་ཆེས་ཆེ་ཤོས་ཡིན་ལ། དུད་ཚང་ཀུན་གྱིས་མ་མཐའ་ཡང་ར་མ་གཅིག་བསད་ནས་ལྷ་མོ་ཀཱ་ལི་ལ་དམར་མཆོད་བྱེད་ཅིང་། དེ་དུས་ཀ་ཏ་མན་རྡུའི་དད་ལྡན་ཚང་མ་ལྷ་ཁང་གི་མདུན་ལ་ཕྱིན་ནས་སེམས་ཅན་མང་པོ་གསོད་པ་རེད། དེ་ནས་ལྷ་མོ་ཀཱ་ལིའི་ཁྲག་འཐུང་བའི་འདོད་པ་སྐོང་བའི་ཆེད་དུ་ལྷ་མོའི་སྐུ་ཞིག་ཁྲག་ནང་དུ་འཇོག་ཅིང་། ཁྲག་ནང་ལ་འཇོག་པའི་སྐུ་དེ་སྐུ་ཚབ་ཅིག་ཡིན་པ་ལས་སྐུ་ངོ་མ་དེ་ག་ལ་ཡིན། ལྷ་ཁང་ནང་དུ་ཡོད་པའི་སྐུ་ངོ་མ་དེ་ལ་ཁྲག་འཛེམ་དགོས་པར་བཤད་ཅིང་། གོ་ཐོས་ལ་ཉིན་དེར་ལུང་པའི་ནང་གི་ཆུ་ཐམས་ཅད་དམར་ལོག་གེར་འགྱུར་འགྲོ་བ་ཡོད་ཟེར།

ལ་ལས་བལ་ཡུལ་ནས་ལོ་ལྔ་རེའི་མཚམས་ནས་དམར་མཆོད་ཆེན་མོ་རེ་བྱེད་པ་དེ་ཕ་ཀི་ན་བྱེད་པ་རེད་ཟེར་ཡང་། རྗེས་སོར་བལྟས་ཚེ་དེ་བདེན་པ་རེད་མི་འདུག དམར་མཆོད་ཆེན་མོ་བྱེད་པ་ནི་ལྷ་མོ་གྷ་དྷི་མཻ་(Gadhimai)ཟེར་བའི་ལྷ་ཁང་དེ་ལ་བྱེད་ཅིང་། དེ་ནི་བྱ་རུང་ཁ་ཤོར་ནས་ཕལ་ཆེར་སྤྱི་ལེ་༡༤༩ ལྷག་འགྲོ་དགོས་པར་འདུག་ཅེས་པ་སོགས་ཀྱི་སྐོར་རྗེ་ཉིད་ལ་སྙན་གསན་ཕུལ།

འདི་དག་གསན་རྗེས་རྗེ་ཉིད་ཀྱིས་ཐུགས་ཤིན་ཏུ་སྐྱོ་བའི་ཚུལ་བསྟན་ནས། ངེད་ཚོ་ལ་ཕྱོགས་དེར་ཁ་འཁོར་ཏེ་ཡུན་རིང་མོར་མ་ཎི་འདོན་དུ་བཅུག

༡༩༩༠ ལོའི་ཟླ་༧ ཚེས་༨ །

ཐེངས་འདིའི་བསྙེན་སྒྲུབ་ཕུན་སུམ་ཚོགས་པའི་ངང་མཇུག་གྲུབ། ཆོས་ཀྱི་རྗེ་ཉིད་ཀྱིས་ཐོག་མར་ངེད་ཚོ་ལ་ཕུར་པ་རྡོ་རྗེ་གཞོན་ནུའི་བསྙེན་པ་ཁྲི་གཅིག་ནས་འབུམ་གཅིག་གི་བར་དུ་བཟླ་དགོས་གསུངས་ཀྱང་། ཚང་མས་ཉིན་མཚན་མེད་པར་བཟླས་པས། ཀུན་གྱིས་འབུམ་གཅིག་གི་ཁ་ལོང་བར་བཏོན་འདུག

ཆོས་ཀྱི་རྗེ་ཉིད་ཐུགས་ཤིན་ཏུ་དགྱེས་པའི་ཚུལ་བསྟན་ཏེ་ཞལ་ནས། ཁྱོད་ཅག་ཚང་མས་བསྙེན་པ་ཁ་གང་བར་བཏོན་འདུག ངས་ཕུར་པ་མགུལ་ཁུག་མ་ཁྱེད་རྣམ་པ་ལ་བཀའ་གཏད་བྱས་པ་ཡིན་པས། ཁྱེད་རྣམ་པས་མ་འོངས་པ་ན་གཞན་ལ་དབང་ལུང་སྤེལ་ཆོག ཆོས་འདིས་བསྟན་པ་འཛིན་པའི་སྐྱེས་བུ་མང་པོའི་སྐུ་གེགས་སེལ་ཐུབ་པ་དང་། སྒྲུབ་པ་པོ་རང་ཉིད་ཀྱི་ཆོས་ཀྱི་བར་ཆད་ཐམས་ཅད་སེལ་ནུས་པ་ཡིན། འདི་ནི་དུས་གང་ཞིག་ཡིན་ཡང་ཉམས་སུ་ལེན་ཆོག་ཅིང་། ཤིན་ཏུ་འཁྱེར་བདེ་ལ་སྒྲུབ་སླ་བའི་ཆོས་ཤིག་ཡིན་པ་རེད་ཅེས་གསུངས།

དེ་སྔོན་ཕུར་པ་མགུལ་ཁུག་མ་འདི་དགོངས་གཏེར་གྱི་ཚུལ་དུ་གསུངས་སྐབས། ང་ཚོས་གནས་དེ་ག་ནས་འཕྲལ་དུ་ཡི་གེར་ཕབ་པའི་རྐྱེན་གྱིས། ཡིག་ཚུགས་སླ་ཆོས་སུ་བྲིས་ནས་ཤིན་ཏུ་གྲ་མི་དག་པར་འདུག་པ་ལ། རྗེ་ཉིད་རྒྱ་གར་ལ་འབྱོན་སྐབས་དམ་པའི་སྐྱེས་ཆེན་མང་པོ་ལ་མཁོ་ངེས་པས། ཀ་ཏ་མན་རྡུར་ཕྱིར་སླེབས་རྗེས་ཚར་ཁ་ཤས་བསྐྱར་དཔར་བྱེད་པ་ལ་སྟབས་བདེ་བའི་ཕྱིར་དུ། ཉི་མ་གཉིས་གསུམ་གྱི་རིང་ལ། ངས་ཤོག་བུ་སྣེ་རིང་ཞིག་གི་ཐོག་ལ་བོད་ཡིག་གཟབ་མས་གྲ་དག་པོར་ལག་བྲིས་བྱས་ནས་དཔེ་བཤུས་པ་ཡིན།

དེ་ནས་ངེད་དཔོན་སློབ་རྣམས་འབྲལ་མི་ཕོད་པའི་ངང་ཨ་སུ་རའི་བྲག་ཕུག་ལ་ཁ་གྱེས་ནས་སོང་། རི་ནས་ཕྱིར་བབས་ཏེ་འགྲོ་དུས། མར་པ་ལོ་ཙའི་གནས་རྩ་ཆེན་མང་པོ་མཇལ། ལོ་རྒྱུས་ཡིག་ཚང་དུ་འཁོད་པ་ལྟར་ན། མར་པ་ལོ་ཙ་སྔ་ཕྱིར་ལོ་ཉི་ཤུ་རྩ་གཅིག་གི་རིང་ལ་བལ་པོ་དང་། རྒྱ་གར་ལ་བྱོན་ནས་གསང་སྔགས་ཀྱི་གདམས་པ་མང་པོ་ཞུས། རི་འདིའི་སྟེང་ལ་ཁོང་བཞུགས་མྱོང་བ་དང་། བྱིན་རླབས་མཛད་མྱོང་བ། རྫུ་འཕྲུལ་སྟོན་མྱོང་བའི་གནས་ཁྱད་པར་ཅན་མང་པོ་འདུག་པ་ལ། ངེད་ཅག་གིས་རེ་རེ་ནས་མཇལ་ཕྱག་ཞུས་པ་ཡིན།

ཕྱི་དྲོར་རླངས་འཁོར་ལ་བསྡད་ནས་ཀ་ཏ་མན་རྡུ་ལ་ཕྱིར་ལོག ཇོ་ཝ་གྲོང་ཟེར་བའི་གྲོང་ཚོ་ཞིག་བརྒྱུད་དེ་འགྲོ་བའི་ལམ་དུ། གྲོང་དེའི་ཉེ་འཁོར་ལ་མཚོ་རལ་གྲི་(Taudaha Lake)བྱ་བའི་མཚེའུ་ཞིག་འདུག་ཅིང་། དེ་ནི་རྗེ་བཙུན་འཇམ་པའི་དབྱངས་ལ་འབྲེལ་བ་ཡོད་པར་གྲགས་ཏེ། དེ་ཡང་འདས་པའི་དུས་རིང་མོ་ཞིག་ཏུ། ཀ་ཏ་མན་རྡུ་མཚོ་ཆེན་པོས་ཁེབས་ཤིང་། འཕགས་པ་ཤིང་ཀུན་མཚོ་ཆེན་དེའི་དབུས་སུ་ཡོད་པས། མི་རྫུ་འཕྲུལ་ཅན་ཡིན་ན་མ་གཏོགས་པར་སུ་གཅིག་མཇལ་སྐོར་ལ་འགྲོ་མི་ནུས། ཕྱིས་སུ་བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱི་སྤྲུལ་བ་འཇམ་པའི་ལྷ་ཞེས་བྱ་བའི་རྡོ་རྗེ་སློབ་དཔོན་ཞིག མཆོད་རྟེན་ཆེན་མོ་འཕགས་པ་ཤིང་ཀུན་ལ་བཀུར་སྟི་བྱ་བའི་དོན་དུ། རི་བོ་རྩེ་ལྔ་ནས་བལ་པོའི་ཡུལ་འདིར་ཕེབས། མ་འོངས་པའི་སེམས་ཅན་རྣམས་ཀྱིས་མཆོད་རྟེན་འདི་ལ་ཕྱག་སྐོར་བྱེད་རུང་བའི་ཕྱིར་དུ། འཇམ་པའི་ལྷ་ཡིས་ཤིན་ཏུ་རྣོ་བའི་རལ་གྲིས་མཚོ་འགྲམ་གྱི་རི་དྲལ་ཏེ་ཆུ་ཕྱིར་འགྲོ་བར་བྱས་ཤིང་། ཉིན་མཚན་བཞི་སོང་རྗེས། འཕགས་པ་ཤིང་ཀུན་ཕྱི་རུ་མངོན་ཡོང་བ་དང་། མཚོ་ཆེན་པོའི་ཆུ་བསྐམས་ནས་མཚེའུ་ཞིག་ལྷག་པ་ལ་དྷ་ནཱ་ད་ཧ་སྟེ་མཚོ་རལ་གྲི་ཞེས་འབོད་པ་རེད།

ཆོས་ཀྱི་རྗེ་ཉིད་རི་བོ་རྩེ་ལྔ་ལ་ཕེབས་ནས་ཡུན་རིང་མ་འགོར་ཞིང་། རྗེ་བཙུན་འཇམ་པའི་དབྱངས་དང་ཡང་འབྲེལ་བའི་རྟེན་འབྲེལ་ཁྱད་པར་ཅན་ཡོད་པའི་རྐྱེན་གྱིས། ལོ་རྒྱུས་འདི་གསན་རྗེས་ཐུགས་ཤིན་ཏུ་ཡི་རང་བར་མཛད་དེ། ངེད་ཅག་ཆེད་དུ་དེར་ཁྲིད་ནས་ཕྱག་མཆོད་དང་སྨོན་ལམ་རྒྱ་ཆེར་མཛད་པར་བྱས།

༡༩༩༠ ལོའི་ཟླ་༧ ཚེས་༩ ནས་ཟླ་༧ ཚེས་༡༡ །

ཆོས་ཀྱི་རྗེ་ཉིད་དང་ངེད་སྐུ་འཁོར་རྣམས་ཀྱིས་རྒྱ་གར་ལ་འགྲོ་བའི་རྒྱལ་ཐོན་འགྲོ་ལུགས་སྒྲུབ་པ་ལ་ཉིན་ཁ་ཤས་ཀྱི་དུས་ཚོད་འགོར།

བལ་པོ་ནས་དོར་བྷར་མདུན་ཐང་(Durbar Square)བྱ་བ་དེ་ལ་སྐད་གྲགས་ཆེན་པོ་ཡོད་པ་དང་། བལ་པོ་ལ་ཡུལ་སྐོར་དང་གནས་སྐོར་ལ་འོང་བའི་མི་ཐམས་ཅད་དེར་འགྲོ་བཞིན་འདུག་པས། འགྲོ་ལུགས་སྒྲུབ་པའི་རིང་རྗེ་ཉིད་ཀྱིས་ངེད་ཅག་ཀྱང་དེར་ཁྲིད་ནས་གཟིགས་མོ་མཛད།

དོར་བྷར་མདུན་ཐང་ལ་ཆོས་ལུགས་སོ་སོའི་ལྷ་ཁང་མང་ཞིང་། ཆོས་ལུགས་དེ་དག་གི་དད་ལྡན་མང་ཚོགས་ཀྱང་ཤིན་ཏུ་མང་པོ་ཡོད། འདིར་སྐད་གྲགས་ཤིན་ཏུ་ཆེ་བའི་སྒྲོལ་མའི་སྐུ་ཞིག་ཡོད་ཅིང་། སྔོན་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་ལ་འབྱོན་སྐབས། འཕགས་མའི་སྐུ་འདིས་ཀྱང་ཁོང་དང་མཉམ་པོར་འབྱོན་དགོས་པའི་གསུང་བྱོན་པ་ན། བལ་པོའི་མི་རྣམས་ཀྱིས་སྐུ་དེ་ལྕགས་ཐག་གིས་བསྡམས་ནས་འབྱོན་དུ་མ་སྟེར་བ་ཡིན་པའི་བཤད་སྒྲོས་འདུག མི་མང་པོས་འཕགས་མའི་སྐུ་དེ་དོར་བྷར་ཐང་ཆེན་ལ་ཡོད་པའི་སྐུ་འདི་ཡིན་པར་བཤད་ཅིང་། ལ་ལས་འདི་མ་ཡིན་པར་འཕགས་མའི་སྐུ་ངོ་མ་དེ་སྦུག་གི་ལྷ་ཁང་ནང་ལ་སྦས་པའི་ཚུལ་དུ་བཤམས་ཡོད་པས། མི་ཕལ་བས་མཇལ་མི་ཐུབ་ཅེས་ཀྱང་ཟེར། བཤད་ཚུལ་མི་འདྲ་བ་མང་པོ་འདུག་ཀྱང་། གང་ལྟར་འཕགས་མའི་སྐུ་འདི་བྱིན་རླབས་ཤིན་ཏུ་ཆེ་བས། གཏམ་རྒྱུད་ཡ་མཚན་པ་མང་པོ་བཤད་རྒྱུ་གདའ།

གནའ་བོའི་དུས་ནས་བཞེངས་པའི་འཕགས་མའི་སྐུ་རྟེན་གྱི་དྲུང་དུ། ངས་པུས་མོ་བཙུགས་ཏེ་མོས་གུས་ཤིན་ཏུ་ཆེན་པོའི་སྒོ་ནས་གསོལ་བ་བཏབ།

སྐབས་དེར་བྱིན་རླབས་ཤིན་ཏུ་ཆེ་བའི་སྣང་བ་སྐྱེས་ཤིང་། གཅིག་བྱས་ན་དེ་ཡང་ང་རང་ཆུང་བྱིས་པའི་དུས་ནས་འཕགས་མ་སྒྲོལ་མ་ལ་དད་གུས་ཤིན་ཏུ་ཆེ་བའི་རྐྱེན་གྱིས་ཡིན་ན་ཐང་། ངས་སློབ་ཆུང་དང་སློབ་འབྲིང་འདོན་པའི་དུས་ཏེ་ལོ་རབས་དམིགས་བསལ་བ་དེ་དག་གི་སྐབས་སུ་དད་མོས་ཡོད་ཆོག་གི་མེད་ཀྱང་། གཞན་གྱིས་མི་མངོན་པའི་ས་ནས་རྗེ་བཙུན་འཕགས་མ་སྒྲོལ་མ་ལ་རྒྱུན་མ་ཆད་པར་གསོལ་བ་བཏབ་པ་ཡིན།

བོད་ཡུལ་འདིར་གནའ་སྔ་མོ་ནས་སྒྲོལ་མ་ལ་གསོལ་བ་འདེབས་པ་ཤིན་ཏུ་དར་ཁྱབ་ཆེ་ལ། ངེད་བླ་རུང་ཆོས་སྒར་དུས་ཀྱི་གཉན་འཕྲང་འགའ་རེ་ལ་འཕྲད་སྐབས། ཚོགས་མང་གིས་འཕགས་མ་སྒྲོལ་མ་ལ་གསོལ་འདེབས་རྒྱ་ཆེར་མཛད་སྲོལ་ཡོད། བལ་པོ་དང་རྒྱ་གར་འཕགས་ཡུལ་གཉིས་ལ་མཚོན་ན། འཕགས་མ་སྒྲོལ་མ་ནི་ཡི་དམ་གྱི་ལྷ་ཁྱད་པར་ཅན་ཞིག་ཏུ་རྩི་བས། མི་ཧ་ཅང་མང་པོས་དད་པ་བྱེད་ཀྱིན་འདུག ཁོ་ཚོ་ནང་པ་སངས་རྒྱས་པ་མིན་ཀྱང་། རྒྱ་ནག་ཡུལ་གྱི་མི་རྣམས་ཀྱིས་འཕགས་པ་སྤྱན་རས་གཟིགས་ལ་དད་པ་བྱེད་པ་ལྟར། འཕགས་མ་སྒྲོལ་མ་ལྷ་མོ་ཞིག་ཏུ་བརྩིས་ནས་ཕྱག་སྐོར་དང་དད་གུས་བླ་ལྷག་ཏུ་བྱེད་པར་གདའ།

དོར་བྷར་མདུན་ཐང་ལ་རི་སྐྱེས་ཕུག་རོན་མང་པོ་འདུག་ཅིང་། མཆོད་རྟེན་དང་ལྷ་ཁང་སོགས་ཀྱི་སྟེང་ནས་རང་དབང་དང་ལྡན་པའི་སྒོ་ནས་འཕུར་བཞིན་འདུག རྗེ་ཉིད་ཀྱིས་ཁ་ཟས་འགའ་བླངས་ནས། བསྙེན་པ་འགའ་རེ་གསུང་བཞིན་སྦྱིན་པར་མཛད་པ་དང་། ཕུག་རོན་ལ་ལ་རྗེ་ཉིད་ཀྱི་དབུ་དང་ཕྱག་གི་སྟེང་ལ་བབས། རྗེ་ཉིད་ཀྱི་ན་བཟའ་ཤིན་ཏུ་སྲབ་པས། ང་ཚོས་ཕུག་རོན་གྱིས་སྦར་ཤད་བརྒྱབས་ཏེ་སྐུ་ལ་རྨ་གཏོད་པར་འཇིགས་ནས། ལག་པ་གཡུག་གཡུག་བྱས་ཏེ་ཅི་ནུས་ཀྱིས་བཀག་པ་ཡིན།

ས་ཚུགས་གཉིས་པ། རྒྱ་གར།

༡༩༩༠ ལོའི་ཟླ་༧ ཚེས་༡༢ །

ཉིན་དེར་བལ་པོ་ནས་རྒྱ་གར་ལ་སོང་ཞིང་། ཞོགས་པ་སྔ་མོར། བལ་པོའི་དགོན་པ་འགའ་ཞིག་གི་མཁན་སྤྲུལ་རྣམ་པ་དང་སྐྱ་སེར་སློབ་མ་རྣམས་ཀྱིས། ངེད་དཔོན་སློབ་རྣམས་ཀ་ཏ་མན་རྡུའི་གནམ་ཐང་བར་དུ་སྐྱེལ་མ་བྱས། དེ་ནི་བལ་པོ་ལ་རྒྱལ་སྤྱིའི་གནམ་ཐང་གཅིག་ཁོ་ན་འདུག་པ་དེ་རེད་ལ། གྱེས་ཁར་མཁན་སྤྲུལ་འགའ་རེས་མཉམ་པར་ལེན་ཆོག་པའི་གནང་བ་ཞུས་པར། རྗེ་ཉིད་ཀྱིས་ཀུན་གྱི་རེ་བ་སྐོང་བར་མཛད་ནས་པར་བླངས།

ངེད་ཅག་སྡོད་སའི་གནམ་གྲུ་དེ་བལ་པོའི་མཁའ་བསྐྱོད་སྤྱི་གཉེར་ཁང་གི་རེད་འདུག གྲུ་ཤག་ཤིན་ཏུ་གུ་དོག་ཅིང་ཆ་རྐྱེན་ཡང་མི་བཟང་། འཕུར་ལམ་ནས་བལ་པོའི་སྦྲང་གོར་རེ་ཟུང་ཙམ་ལས་ཁ་ཟས་གང་ཡང་སྤྲད་རྒྱུ་མི་འདུག མི་ཞིག་གིས་ང་ལ་བལ་པོའི་གནམ་གྲུ་སྤུས་ཀ་ཧ་ཅང་ཞན་པས། མཁའ་སྐྱོན་དོན་རྐྱེན་འགའ་རེ་བྱུང་མྱོང་ཡོད་པར་བཤད་སོང་བའི་རྐྱེན་གྱིས། རྗེ་ཉིད་གནམ་གྲུ་དེ་ལྟ་བུའི་ནང་དུ་བཞུགས་རྒྱུ་བྱུང་བར་སེམས་ཁྲལ་ཅུང་ཟད་ཅིག་ལངས་སོང་ཡང་། ཤིན་ཏུ་བཟང་བ་ཞིག་ལ། ཆུ་ཚོད་གཅིག་ལྷག་གི་རྗེས་སུ་གནམ་གྲུ་དེ་རྒྱ་གར་དྷི་ལིའི་གནམ་ཐང་ལ་བདེ་བར་བབས་སོང་།

རྒྱ་གར་རྒྱལ་ས་དྷི་ལི་གསར་པ་ལ་མར་བལྟས་པ།

གནམ་གྲུ་ས་ལ་བབས་པ་དང་མཉམ་དུ་ངའི་སེམས་ཀྱང་ལྷོད་ལ་བབས། དེ་ནས་མཐར་བདག་ཅག་གི་སྟོན་པ་བཞུགས་སའི་གནས་མཆོག་ལ་ཐོན་སོང་སྙམ་ཏེ། དེ་སྔོན་སེམས་ནང་ལ་ཡོད་པའི་ཐེ་ཚོམ་དང་། རེ་དོགས་ཐམས་ཅད་དེ་མ་ཐག་རླུང་གིས་ཐལ་བ་སྤུར་བ་ལྟར་མེད་པར་གྱུར།

གནམ་གྲུ་ལས་བབས་མ་ཐག རྒྱ་གར་ལ་སྡོད་པའི་བོད་མིའི་འཐུས་ཚབ་དང་སྐྱ་སེར་ཕོ་མོ་མང་པོས་རྗེ་ཉིད་ལ་ཕེབས་བསུ་གཟབ་རྒྱས་ཞུས། ཁོ་ཚོས་རེ་རེ་བཞིན་དྲི་མེད་ཀྱི་ཁ་དར་དཀར་པོ་ཕུལ་ནས་བདེ་འབྱོར་ཞུས། ང་རྗེ་ཉིད་ཀྱི་སྐུ་གམ་དུ་ལངས་ནས་ཞབས་ཕྱི་ཞུ་སྐབས། རྒྱ་གར་གྱི་དར་ཁ་དེ་དག་བོད་ཡུལ་གྱི་དར་ཁ་ལྟ་བུ་མིན་པར་སྤུས་ཀ་ཤིན་ཏུ་ལེགས་པོ་ཡོད་པར་མཐོང་།

ཆོས་ཀྱི་རྗེ་ཉིད་གནམ་ཐང་གི་འདུག་ཁྲིའུ་སྟེང་ནས་སྤྱན་ནམ་མཁའ་ལ་ཅེར་རེར་གཟིགས་ཏེ་བཞུགས་ཤིང་། ཟུར་གྱི་མིས་བྱ་བ་འགའ་ཞིག་ངོ་སྤྲོད་ཞུ་སྐབས། ཆོས་རྗེའི་ཞལ་ནས་འོ་ཡ་ཞེས་པ་ལས་གསུང་གཞན་ཅི་ཡང་མ་བྱོན། ངའི་བསམ་པ་ལ་རྒྱ་གར་དང་བདག་ཅག་གི་སྟོན་པའི་བར་ལ་འབྲེལ་བ་ཤིན་ཏུ་ཟབ་མོ་ཡོད་པས། རྗེ་ཉིད་ལ་ཉམས་སྣང་དམིགས་བསལ་བ་འགའ་རེ་ཤར་བའམ། ཡང་ན་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་ལ་རྗེས་དྲན་རེ་མཛད་པ་ཨེ་ཡིན་སྙམ་པ་བྱུང་།

ཅུང་ཙམ་འགོར་རྗེས། རྗེ་ཉིད་ནམ་རྒྱུན་ལྟར་མཛད་ནས་ཚང་མ་ལ་གསུང་གླེང་ཕེབས་མགོ་བརྩམས་ཤིང་། ཕེབས་འཁོར་ལ་ཞུགས་ཏེ་བཞུགས་སའི་མགྲོན་ཁང་ནང་དུ་ཞབས་སོར་བཀོད།

རྒྱ་གར་གྱི་གནམ་གཤིས་ཤིན་ཏུ་ཚ་ཞིང་། ང་དྲོད་སྙོམ་ཡོད་སའི་རླངས་འཁོར་ལ་བསྡད་ནས་ལག་པ་སྒེའུ་ཁུང་གི་ཕྱི་ལ་བརྐྱངས་པས། མཁའ་དབུགས་ཐམས་ཅད་ཚ་ལམ་ལམ་དུ་འདུག་པའི་ཚོར་བ་སྐྱེས། འོན་ཀྱང་རྒྱ་གར་བ་རྣམས་ནི་དེ་ལ་ཅི་མི་སྙམ་པར། ཉི་མ་ཚ་ཟེར་ཅན་གྱི་འོག་ཏུ་སྐྱོབ་ཞྭ་གོན་ཞིང་། འཕྲུལ་རྟ་ལ་ཞོན་ནས་ཉམས་སྣང་ཅི་ཡང་མེད་པར་འགྲོ་ཡི་འདུག་པས། སེམས་ཅན་གྱི་ལས་སྣང་ཞེས་པ་མཚར་བ་ལ་ཨང་སྙམ་པའི་བསམ་པ་འགོག་མེད་དུ་སྐྱེས།

རྒྱ་གར་ལ་མགྲོན་ཁང་ཤིན་ཏུ་བཟང་པོ་ཅན་ཅུང་ཟད་དཀོན་ཡང་། རྗེ་ཉིད་བཞུགས་སའི་གཟིམ་ཁང་ནང་དུ་རླུང་འཁོར་ཞིག་ཀྱང་ཡོད་པས་མི་ཆོག་རྒྱུ་མེད། ངེད་ཅག་སྐུ་འཁོར་རྣམས་འདུག་སའི་མགྲོན་ཁང་དེ་དང་། རྗེ་ཉིད་བཞུགས་སའི་ཐད་ལ་གཞུང་ལམ་ཞིག་གིས་བར་བཅད་ནས་ཡོད་ཅིང་། ཁང་པའི་ནང་ལ་རླུང་འཁོར་མེད་པས། ཚང་མ་རྔུལ་ཆུ་ཟིལ་ཕྲོམ་མེ་བར་གྱུར་ནས་ཆུ་མང་པོ་འཐུང་དགོས་པ་བྱུང་།

རྒྱ་གར་ལ་མ་སོང་བའི་ཡར་སྔོན་དུ། ངས་རྒྱའི་ཡུལ་ནས་ཉི་མའི་ཚ་གདུག་ཟེར་བ་དེ་འདྲ་ཉམས་སུ་མྱངས་ཤིང་། ཉེ་བའི་ལོ་ཤས་རིང་། ང་ད་དུང་ཨ་ཧྥེ་རི་ཀ་ལ་ཡང་འགྲོ་མྱོང་། འོན་ཀྱང་རྒྱ་གར་གྱི་ཚ་གདུག་དེ་འདྲ་བ་ཞིག་ནི་གཏན་ནས་མེད། སྐབས་དེར་ངས་རྔུལ་ཆུ་འབྱིད་བཞིན། སྔོན་གྱི་དུས་སུ་བོད་ཀྱི་སློབ་གཉེར་བ་མང་པོ་གནས་འདི་ནས་ཚ་བའི་ནད་ཀྱིས་གྲོངས་པས། ཁོང་རྣམ་པས་ཀྱང་ཚ་གདུག་འཇིགས་སུ་རུང་བ་འདི་འདྲ་བ་མྱངས་ཡོད་རྒྱུ་རེད་བསམས།

༡༩༩༠ ལོའི་ཟླ་༧ ཚེས་༡༣ །

ཉིན་དེར་ཆོས་ཀྱི་རྗེ་ཉིད་གཟིམ་ཁང་དུ་བཞུགས་ནས་ཕྱི་ལ་མ་བྱོན།

ཕྱི་དྲོར་ངེད་ཅག་གིས་རྗེ་ཉིད་ལ་གསོལ་བ་འདྲེན་སྐབས། རྗེ་ཉིད་ཀྱིས་ཁོང་གི་གཟིམ་ཁང་ནང་གི་རླུང་འཁོར་གྱི་སྒྲ་དེ། འཕགས་པ་འཇམ་པའི་དབྱངས་ལ་གསོལ་བ་འདེབས་པའི་ཚིགས་སུ་བཅད་པའི་སྒྲར་གྱུར་ཏེ་ཆུ་ཚོད་གཅིག་ལྷག་ལ་གྲགས་སོང་གསུངས། ངས་ཚིགས་སུ་བཅད་པ་དེ་ཐད་ཀར་ཡི་གེར་ཕབ། དེ་ཡང་།

ཁྱབ་བདག་འཇམ་པའི་རྡོ་རྗེར། །

གསོལ་བ་སྙིང་ནས་འདེབས་སོ། །

བྱིན་རླབས་ཡེ་ཤེས་མཆོག་གིས། །

བདག་རྒྱུད་གང་བར་མཛོད་ཅིག ། ཅེས་གསུངས་སོ། །

རྗེ་ཉིད་ཀྱི་ཞལ་ནས། འཕགས་པ་འཇམ་དཔལ་ལ་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་འདི་ལ་བྱིན་རླབས་ཆེན་པོ་ཡོད་སྣང་ཤར་བས་ཁྱོད་ཚོས་ཅི་མང་ཐོན་གསུངས། ངེད་ཅག་གིས་དེ་ལ་རྒྱུ་རྐྱེན་རྟེན་འབྲེལ་སོགས་ཅི་ཡོད་མ་ཤེས་ཀྱང་། དེ་ལ་ཡ་མཚན་ཆེན་པོ་སྐྱེས་ཏེ་ནན་ཏན་ཆེན་པོའི་སྒོ་ནས་ཅི་ནུས་སུ་བཏོན་པ་ཡིན།

དེ་ནུབ། རྗེ་ཉིད་ཀྱིས་སང་ཉིན་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ལ་མཇལ་འཕྲད་དགོས་པས། ཅ་ལག་གྲ་སྒྲིག་དགོས་པ་རྣམས་སྔ་མོ་ནས་ཚགས་སུ་ཚུད་པ་གྱིས་གསུངས།

རང་གི་སྡོད་གནས་སུ་ཕྱིར་སླེབས་རྗེས། རླབས་ཆེན་གྱི་སྐྱེས་བུ་འདི་འདྲ་བ་གཉིས་ཕན་ཚུན་མཇལ་འཕྲད་ཡོང་བ་འདི་ནི། ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་མཇལ་འཕྲད་ཅིག་ཡིན་པས། དྲན་རྟེན་གྱི་པར་རེ་མེད་ན་ཤིན་ཏུ་ཕངས་པ་ཡིན་བསམས་ཏེ། ངས་པར་ཆས་ལ་གློག་རྫས་གསར་པ་བརྗེས་ཤིང་། སྤྱིན་དྲིལ་གསར་པ་བཞག་པ་དང་། འཁྱུག་སྒྲོན་ལ་ཡང་གློག་གང་བར་བསོགས།

ནམ་རྒྱུན་རྗེ་ཉིད་དང་མཉམ་དུ་ཕྱི་ལ་འགྲོ་དུས། ངས་བློ་གྲིམ་པོའི་སྒོ་ནས་ལྷོད་གཡེང་མེད་པར་གཟབ་གཟབ་བྱེད་བཞིན་ཡོད། རྗེ་ཉིད་བླ་ཆེན་གཞན་ལ་མཇལ་འཕྲད་མཛད་སྐབས། ངས་འཕྲལ་དུ་དར་ཁ་ཕྱག་ལ་འབུལ་དགོས་ཤིང་། རྗེ་ཉིད་ཀྱིས་རྡོ་རྗེའི་ཐོལ་གླུ་རེ་གསུང་སྐབས། ངས་འཕྲལ་དུ་སྒྲ་ལེན་དགོས། རྗེ་ཉིད་ཀྱིས་སྨན་གསོལ་དུས། ངས་སྨན་ཆུ་བླུགས་ནས་འབུལ་དགོས་པ་དང་། དོན་དག་འགའ་རེ་གློ་བུར་དུ་བྱུང་ཚེ། ངས་མྱུར་དུ་ཟིན་ཐོར་འགོད་ཐུབ་པ་སོགས་དགོས་པ་རེད།

དེ་ལས་གཞན་ས་ཚུགས་གཅིག་གི་མཛད་རིམ་ཐམས་ཅད་མཇུག་ཡོངས་སུ་གྲུབ་པ་ན། ངས་ད་དུང་ས་ཚུགས་རྗེས་མའི་གནས་ཚུལ་ཏེ་དཔེར་ན་གང་དུ་འབྱོན། སུ་ལ་མཇལ་འཕྲད་མཛད། མི་དེ་ཚོའི་ལོ་རྒྱུས་གནས་ཚུལ་ཅི་འདྲ་རེད། ཅི་ཞིག་གྲ་སྒྲིག་བྱེད་དགོས་པ་ལྟ་བུ་སོགས་ལ་སྔོན་ནས་བསམ་བློ་ཡག་པོ་གཏོང་དགོས། མཛད་རིམ་ལ་ལར་བཀོད་སྒྲིག་བྱེད་པའི་དུས་སུ་འབྲེལ་ཡོད་མི་སྣ་དག་གིས་རྗེ་ཉིད་ཁོ་ན་ལ་ཞུ་བ་ལས། ངེད་ཅག་ལ་གསང་ནས་མི་བཤད་པས། དེས་རྗེ་ཉིད་ལ་སྐུ་ངལ་བསྐྱོན་དགོས་པ་མང་པོ་འོང་ཡང་། ངས་ནི་འདྲི་ག་ལ་ཕོད། མཚམས་ལ་ལར་གནས་ཚུལ་གང་ཡང་མ་ཤེས་པའི་རྐྱེན་གྱིས། རྗེ་ཉིད་བླ་ཆེན་རེ་ལ་མཇལ་འཕྲད་དགོས་ཚེ། རྗེའི་ཕྱག་ལ་འབུལ་རྒྱུའི་དར་ཁ་གྲ་སྒྲིག་བྱས་མེད་པ་ལྟ་བུའི་གནས་ཚུལ་འུ་ཐུག་པ་ཡང་འབྱུང་སྲིད་པས། དེ་འདྲ་བ་མི་འབྱུང་བའི་ཕྱིར་དུ་ངས་རྟག་ཏུ་རྒྱབ་ལ་ཅ་ལག་མང་པོ་ཁུར་ནས་འགྲོ་ཞིང་། མ་མཐའ་ཡང་དར་ཁ་ཁ་ཤས་འབྲལ་མེད་དུ་འཁྱེར་བཞིན་ཡོད། རྗེ་ཉིད་ཀྱི་ཞབས་རྐང་མི་བདེ་བས། ངས་ཁོང་ལ་སྐུ་སྐྱོར་འབུལ་དགོས་ཤིང་། སྐབས་ལ་ལར་རྒྱབ་ལ་ཁུག་མ་ལྗིད་ཏིག་གེ་བ་ཞིག་ཁུར་ནས་ཡིད་གཟབ་ཆེན་མོའི་ངང་རྗེ་ཉིད་ཀྱི་ཕྱག་བསྐྱོར་ནས་འགྲོ་དགོས་པས། དེ་ཡང་སྦྱོང་བརྡར་ཆེན་མོ་ཞིག་ཅི་ལ་མིན།

མཚན་མོར་ཆོས་ཀྱི་རྗེ་ཉིད་གཟིམས་ཚར་རྗེས། ངས་སང་ཉིན་གང་དུ་འབྱོན་དགོས་པ་དང་། གནས་ཚུལ་ཅི་ཞིག་འབྱུང་རྒྱུ་ཡིན་མིན་སོགས་ཀྱི་སྐོར་ལ་བསམ་བློ་མང་པོ་གཏོང་དགོས་ཤིང་། དེ་ནས་འབྲེལ་ཡོད་གནས་ཚུལ་ཁག་ལ་རྒྱུས་ལེན་པའི་ཕྱིར་དུ་གཞན་ལ་སྐད་ཅ་འདྲི་བའམ། ཡང་ན་ཐབས་གང་དྲགས་བྱས་ཏེ་རྒྱུ་ཆ་གཞན་རེ་འཚོལ་དགོས། སྐབས་དེ་དུས་དྲྭ་བ་མེད་ཅིང་། མི་ངོ་ཤེས་ཀྱང་ཤིན་ཏུ་ཉུང་བས། དེ་ལ་དཀའ་ངལ་ཅི་འདྲ་ཞིག་ཡོད་པ་རང་ཉིད་གཅིག་པུ་ལས་གཞན་སུས་ཀྱང་མིིི་ཤེས། ཡིན་ན་ཡང་ངས་གྲ་སྒྲིག་འཐུས་སྒོ་ཚང་མོ་བྱས་པའི་རྐྱེན་གྱིས། གནས་ཚུལ་འདྲ་མིན་སྣ་ཚོགས་ཅི་བྱུང་ཡང་། ཕལ་ཆེར་གདོང་ལེན་ཐུབ་པ་བྱུང་བས། རྗེ་ཉིད་ཀྱང་ང་ལ་ཐུགས་མཉེས་མཉེས་མཛད།

སྐབས་དེར་ངའི་ལུས་པོ་བདེ་ཞིང་ཐང་བས། ངལ་ཞིང་དུབ་པའི་ཚོར་བ་ཡེ་མི་སྐྱེ། ངས་བྱ་བ་འདི་དག་སྒྲུབ་དགོས་པ་ལས་གཞན། ཁོམ་པའི་ལོང་ཅུང་ཟད་རེ་བྱུང་དུས། རྫ་དཔལ་སྤྲུལ་རིན་པོ་ཆེས་མཛད་པའི་ཕར་ཕྱིན་སྤྱི་དོན་ལ་དཔེ་ལྟ་བྱས་ཤིང་། ད་དུང་མངོན་རྟོགས་རྒྱན་གྱི་རྩ་བ་ཡང་བློ་རུ་འཛིན་བཞིན་ཡོད་པས། ཉི་མ་ཐམས་ཅད་ཕུན་སུམ་ཚོགས་ཤིང་སྣང་བ་དགའ་ཡལ་ལེ་བའི་ངང་བཏང་བ་ཡིན།

༡༩༩༠ ལོའི་ཟླ་༧ ཚེས་༡༤ །

སྔ་དྲོ་ཆུ་ཚོད་དགུ་པར། ཆོས་ཀྱི་རྗེ་ཉིད་ཀྱིས་རྒྱ་གར་ལ་སྡོད་པའི་འབྲུག་རྒྱལ་ཁབ་གཞུང་ཚབ་ཁང་གི་སྤྲོ་ཁང་ནང་ནས། དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ལ་མཇལ་འཕྲད་ཞུས། དིལ་མགོ་མཁྱེན་བརྩེས་སྐུ་སྟོད་གཅེར་བུར་ཕྱུང་ཞིང་མགུལ་དུ་མངོན་གསལ་དོད་པའི་སྒོ་ནས་གའུ་ཆེན་པོ་ཞིག་དང་། གཟི་སོགས་བྱིན་རླབས་ཀྱི་རྟེན་འགའ་རེ་བཏགས་ནས། གཟིམ་ཁྲི་ཆེན་པོ་ཞིག་གི་ཐོག་ལ་བཞུགས་འདུག ངས་ཐོག་མར་རྒྱ་གར་ལ་ཚད་པ་ཤིན་ཏུ་ཆེ་བའི་རྒྱུ་མཚན་གྱིས། རིན་པོ་ཆེས་སྐུ་སྟོད་གཅེར་བུར་ཕུད་པ་ཡིན་རྒྱུ་རེད་བསམས་ཀྱང་། ཕྱིས་འབྲུག་རྒྱལ་ཁབ་ནས་ཁོང་མཇལ་བའི་དུས་སུ་ཡང་སྐུ་སྟོད་ལ་ན་བཟའ་མནབས་མི་འདུག་པས། གཟོད་ཁོང་གི་མཛད་པ་དེ་ལ་དགོས་པ་དང་དགོངས་གཞི་ཁྱད་པར་ཅན་རེ་ཡོད་རྒྱུ་རེད་སྙམ་པ་བྱུང་།

རྗེ་ཉིད་གཟིམ་ཁང་གི་སྒོ་ནས་ཡར་བྱོན་མ་ཐག དིལ་མགོ་མཁྱེན་བརྩེ་ལ་ཕྱག་ཕུལ། རིན་པོ་ཆེས་ཕྱག་མ་འཚལ། ཕྱག་མ་འཚལ། ངའི་རྐང་བ་མི་བདེ་བས་ཡར་ལང་མི་ཐུབ། ཅེས་གསུངས་ཏེ་ནན་གྱིས་བཀག་ཀྱང་། རྗེ་ཉིད་ཀྱིས་ཕྱག་གསུམ་ཕུལ་བར་བྱས།

དེ་རྗེས། སྐྱེས་བུ་དམ་པ་ཁོང་གཉིས་ཀྱིས་དར་ཁ་འབུལ་རེས་མཛད་དེ། ཆོས་ཀྱི་རྗེ་ཉིད་རིན་པོ་ཆེའི་གཟིམ་ཁྲིའི་ཟུར་ལ་འདུག་ཁྲི་ཞིག་ཡོད་པ་དེའི་སྟེང་ལ་བཞུགས། ཁོང་རྣམ་པ་གཉིས་མཇལ་འཕྲད་ཐོག་མར་མཛད་པ་ཡིན་ཡང་། རྒྱུས་ཡོད་ཀྱི་གྲོགས་པོ་བཟང་པོ་གཉིས་འཕྲད་བྱུང་བ་ལྟར་ཐུགས་མཉེས་པའི་གསུང་གླེང་མང་པོ་གནང། དིལ་མགོ་མཁྱེན་བརྩེ་རིན་པོ་ཆེས་རྗེ་ཉིད་བོད་ནས་བལ་པོ་ལ་ཕེབས་པའི་ལམ་བར་གྱི་གནས་ཚུལ་ལ་ཐུགས་འདྲི་མཛད་ཅིང་། རྗེ་ཉིད་ཀྱིས་དེ་ལ་ལན་ཞིབ་མོའི་སྒོ་ནས་ཞུས། དེ་ནས་རྗེའི་སྐུ་སྲིང་མས་ལུས་ལ་བཅངས་པའི་ཁུག་མའི་ནང་ནས། བོད་མི་རྣམས་ཀྱིས་རིན་པོ་ཆེ་ལ་འབུལ་རྒྱུར་བསྐུར་བའི་དངུལ་བཏུམས་པའི་དར་ཁ་ཕྱིར་བླངས་ཏེ། ཡར་ཕུལ་བ་དང་མཉམ་དུ། རྗེ་ཉིད་ཀྱིས་ཀྱང་འབུལ་བ་འགའ་རེ་མཛད།

དེའི་ཚེ། ངས་པར་ཆས་ཡར་བླངས་ནས་པར་ལེན་མགོ་བརྩམས། དང་པོར་ངས་འཁྱུག་སྒྲོན་གྱི་སྒོ་མ་ཕྱེས་པར་པར་ཞིག་བླངས་པས། རྗེ་ཉིད་ཀྱིས་ཅི་ཡང་མ་གསུངས། གཟིམ་ཁང་ནང་ལ་འོད་གསལ་པོ་མི་འདུག་པས་པར་ཡག་པོ་ལོན་ཡོད་རྒྱུ་མ་རེད་བསམས་ཏེ། པར་ཆས་འཁྱུག་སྒྲོན་གྱི་སྒོ་ཕྱེས་ནས་སླར་ཡང་གཅིག་བླངས་པས། རྗེ་ཉིད་ཀྱིས་སྤྱན་འབྲུ་ཚུགས་སུ་ང་ལ་གཟིགས་སོང་།

ཡིན་ཡང་པར་དེའི་ནང་ལ་མི་གཞན་ཡང་ཆུད་སོང་བས། དེ་འདྲའི་ཡིད་ཚིམ་མོ་རང་མ་བྱུང་བའི་རྐྱེན་གྱིས། ཟུར་གཞན་ཞིག་ནས་ཡང་བསྐྱར་པར་གཅིག་བླངས་པའི་དུས་སུ། རྗེ་ཉིད་ཀྱིས་དེ་ལ་ཐུགས་མི་དགྱེས་པའི་ཚུལ་མཛད་དེ། ཁྱོད་ལ་པར་མ་ལེན་ཞེས་བཤད་པ་མ་ཡིན་ནམ། ཁྱོད་ཀྱིས་ཅི་བྱེད་བཞིན་ཡོད། ཅེས་བཀའ་བཀྱོན་ཕེབས། ངས་པར་ཆས་མར་བཞག་ཏེ་ལེན་མ་ཕོད། རྗེ་ཉིད་ཀྱིས་བཀའ་བཀྱོན་གནང་བྱུང་ཡང་། ཕྱི་རབས་གདུལ་བྱ་རྣམས་ཀྱི་དྲན་རྟེན་གྱི་ཆེད་དུ། ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་པར་དེ་དེ་ལྟ་བུའི་སྒོ་ནས་ལེན་ཐུབ་པ་བྱུང་བས། ངའི་སེམས་ལ་ནི་དགའ་བ་ལས་མ་སྐྱེས།

དིལ་མགོ་མཁྱེན་བརྩེ་རིན་པོ་ཆེས། ངས་ཁྱེད་ལ་འཕྲིན་ཡིག་ཅིག་བྲིས་ཏེ་འཇམ་དཔལ་རྫོགས་པ་ཆེན་པོའི་སྨོན་ལམ་ལ་འགྲེལ་བ་ཞིག་མཛད་དགོས་པའི་བསྐུལ་མ་ཞུས་ཡོད་པས། ཁྱེད་ཀྱིས་མཛད་ཐུབ་པ་ཨེ་བྱུང་། ཞེས་བཀའ་འདྲི་ཕེབས།

རྗེ་ཉིད་ཀྱིས་གུས་པ་དང་ལྡན་པའི་སྒོ་ནས། ད་དུང་བྲིས་མེད། ངས་དཔེ་ལྟ་མང་པོ་རེ་བྱས་ཏེ་བྲིས་ན་མང་པོ་འབྲི་རྒྱུ་འོང་ཡང་དེ་ལ་དོན་ཆེན་པོ་མེད། གསོལ་འདེབས་རེ་བྱས་ན་རིག་སྟོང་གི་ཀློང་ནས་རྩོལ་མེད་དུ་ཤར་འོང་རྒྱུ་ཞིག་ཡོད་དར་བས། ད་བར་དུ་དེ་ལ་བསྒུགས་པ་ཡིན། དེ་སྔ་ས་བཅད་འདི་ཙམ་ལས་ཡིད་ངོ་ལ་འཆར་རྒྱུ་མི་འདུག་ཅེས་ཞུ་བཞིན། གྲ་སྒྲིག་ཟིན་པའི་ས་བཅད་དེ་དར་ཁ་ཞིག་གིས་བཏུམས་ནས་མཁྱེན་བརྩེ་རིན་པོ་ཆེ་ལ་ཕུལ།

རིན་པོ་ཆེ་ཐུགས་ཤིན་ཏུ་དགྱེས་ཏེ། འགྲེལ་བ་དེ་མཐར་ཕྱིན་པར་འབྲི་ཐུབ་པའི་བཀའ་དྲིན་གནང་རོགས་གྱིས། ཞེས་ཡང་ཡང་བསྐུལ་མ་མཛད་ནས་གསོལ་བ་བཏབ་པས། རྗེ་ཉིད་ཀྱིས་དབུ་ལྕོག་ལྕོག་མཛད་བཞིན། ཡ་ཡ། རེད་འོང་ན་ཐང་། ཞེས་གསུངས།

མཁྱེན་བརྩེ་རིན་པོ་ཆེས། ཁྱེད་ཀྱིས་རིན་ཆེན་གཏེར་མཛོད་ཀྱི་དབང་ལུང་གསན་ཐུབ་པ་ཨེ་བྱུང་ཞེས་དྲིས་པ་ལ། རྗེ་ཉིད་ཀྱིས་དེ་མ་ཐོབ། ལོ་གཞོན་དུས་དཔེ་ཆ་སྦྱང་རྒྱུ་ཤིན་ཏུ་གལ་ཆེ་བ་ཡིན་ཞིང་། དཔེ་ཆ་ཤེས་ན་དབང་ལུང་ག་ལེར་ལས་སླ་རྒྱུ་རེད་བསམས་པ་ཡིན་ཡང་། ཕྱིས་སུ་ཟིང་འཁྲུག་ཆེན་པོ་ལངས་ནས་སྐྱེས་ཆེན་དམ་པ་མང་པོ་སྐུ་གཤེགས་པའམ་ཕྱི་ཕྱོགས་ལ་བྱོན་སོང་ནས། ཞུ་བའི་སྐལ་བ་མ་ལྡན་པས་ང་ལ་དབང་ལུང་རྒྱ་ཆེན་པོ་ཐོབ་མ་སོང་གསུངས།

རྗེ་ཉིད་ཀྱི་ཞལ་ནས་ཡང་། ང་ཆུང་བྱིས་པའི་དུས་ནས་བླ་མ་མི་ཕམ་རིན་པོ་ཆེ་ལ་ཐུན་མོང་མ་ཡིན་པའི་དད་གུས་ཆེན་མོ་ཡོད། དེ་ལྟར་ཡུན་རིང་མོ་ལ་གསོལ་བ་བཏབ་པས། བླ་མ་མི་ཕམ་རིན་པོ་ཆེའི་བྱིན་རླབས་ལ་བརྟེན་ནས་རྫོགས་པ་ཆེན་པོ་ལ་གོ་རྟོགས་ཤར་སྣང་སྐྱེས་ཤིང་། དུས་དེ་ནས་བཟུང་ངས་བསྟན་པ་དང་སེམས་ཅན་གྱི་དོན་ལ་གང་ཐུབ་ཅི་ཐུབ་བྱས་པ་ཡིན་ཞེས་མཁྱེན་བརྩེ་རིན་པོ་ཆེ་ལ་གསུངས།

མཁྱེན་བརྩེ་རིན་པོ་ཆེས་གསན་རྗེས་ཕྱག་ཐལ་མོ་སྦྱར་ཏེ། ད་ཧ་ཅང་ཡག་པོ་འདུག ད་ཧ་ཅང་ཡག་པོ་འདུག་གསུངས།

ཡང་རིན་པོ་ཆེས། ཁྱེད་ཀྱིས་གཏེར་ག་གེ་མོ་ཞིག་གཏེར་ནས་བཞེས་ཐུབ་པ་ཨེ་བྱུང་གསུངས།

རྗེ་ཉིད་ཀྱིས། མ་ལོན་ཐལ། ང་དེའི་དོན་དུ་ཉག་རོང་ལ་སོང་རུང་། རྟེན་འབྲེལ་གཞན་དབང་དུ་གྱུར་ནས་གནས་སྐབས་མི་སྐྱུར་ཀ་མེད་བྱུང་སོང་གསུངས།

དེ་དུས། དིལ་མགོ་མཁྱེན་བརྩེ་རིན་པོ་ཆེའི་སྐུ་དྲུང་ལ་ནུབ་ཕྱོགས་པའི་གྲྭ་པ་ལོ་ཆུང་ཞིག་འདུག་ཅིང་། ང་ལ་མཚར་སྣང་ཞིག་སྐྱེས་ནས་ཅུང་ཙམ་བལྟས་པ་ལས་ཡིད་ལ་མ་བཞག ཕྱིས་༢༠༡༧ ལོར་ང་ཡོ་རོབ་གླིང་ལ་ཆོས་ཁྲིད་བཤད་དུ་སོང་དུས། མིང་ལ་རེས་ཆཱར་དྷི་མཱ་ཤོས་ཟེར་བའི་ནུབ་ཕྱོགས་པའི་གྲྭ་པ་ཞིག་ལ་འཕྲད་ཅིང་། ཁོང་ནི་རབ་ཏུ་བྱུང་བ་དང་མཚན་ཉིད་རིག་པ་བ་བྱ་བའི་བྲིན་དེབ་དེའི་རྩོམ་པ་པོ་ཡིན་པ་དང་། མཁྱེན་བརྩེ་རིན་པོ་ཆེའི་ཞབས་ཕྱི་དེ་ཁོང་ཡིན་པར་ད་གདོད་ཤེས་པ་བྱུང་། དེ་དུས་ཁོང་མཁྱེན་བརྩེ་རིན་པོ་ཆེའི་དབྱིན་ཇིའི་སྐད་སྒྱུར་ཡིན་པར་འདུག་ཅིང་། ང་ནི་ཆོས་རྗེ་ཡིད་བཞིན་ནོར་བུའི་རྒྱ་ཡིག་སྐད་སྒྱུར་ཡིན། ཁོང་གི་བློ་ཡིད་ཆོས་ཀྱི་རྗེ་ཉིད་ལ་གཏད་ཅིང་། ངའི་བློ་མིག་མཁྱེན་བརྩེ་རིན་པོ་ཆེ་ལ་གཏད་ཆེས་པའི་རྒྱུ་མཚན་གྱིས། སྐབས་དེར་ཕན་ཚུན་ངོ་ཐུག་པའི་སྐལ་བ་ཙམ་ལས་ཅི་ཡང་མ་བྱུང་བ་རེད། མི་ལོ་༢༨་སོང་བའི་རྗེས་སུ་ངེད་གཉིས་སླར་ཡང་འཕྲད་སྐབས། སྔར་བླ་ཆེན་གཉིས་པོ་མཇལ་འཕྲད་མཛད་པའི་རྣམ་པ་དང་། རྣམ་པ་གཉིས་ཀྱིས་བསྟན་འགྲོའི་དོན་དུ་བཞག་པའི་རླབས་ཆེན་གྱི་མཛད་རྗེས། བླ་མ་ལ་ཞབས་ཕྱི་ཞུ་བའི་ཉམས་མྱོང་སོགས་ཀྱི་སྐོར་ནས་ཐུན་མོང་གི་སྐད་ཅ་མང་པོ་བཤད་རྒྱུ་འདུག ད་ལྟ་ངེད་གཉིས་ཀས་སོ་སོའི་ས་ནས་རང་རང་གི་བླ་མའི་བརྒྱུད་པ་བཟུང་སྟེ། རང་ནུས་ཅི་ཡོད་ཀྱི་སྒོ་ནས་བསྟན་འགྲོའི་དོན་དུ་བྱ་བ་ཅི་ནུས་སུ་ཨེ་འགྲུབ་ལྟ་བཞིན་ཡོད། སྔོན་དུས་ཀྱི་ལང་ཚོ་མེད་པར་གྱུར་དུ་ཟིན་ཡང་། བླ་མ་ལ་ཡོད་པའི་དད་འདུན་ནི་ལོ་ན་འཕེལ་བ་དང་བསྟུན་ནས་ཇེ་རྒས་སུ་མ་སོང་བ་འདིའོ། །

དེ་ལས་གཞན་ད་དུང་མཁྱེན་བརྩེ་རིན་པོ་ཆེའི་སློབ་མ་འགས་དྲན་སོས་བྱས་པ་ལྟར་ན། ཉིན་དེར་རྗེ་ཉིད་བྱོན་ཚར་རྗེས་ཀྱི་དགོང་མོ་དེར་ཁོང་རྣམ་པས། ཆོས་རྗེ་འཇིགས་མེད་ཕུན་ཚོགས་ཞུ་བའི་བླ་མ་དེ་ལ་ཅི་འདྲ་ཞིག་འདུག ཅེས་རིན་པོ་ཆེ་ལ་བཀའ་འདྲི་ཞུས་ཚེ། མཁྱེན་བརྩེ་རིན་པོ་ཆེས། བླ་མ་དེ་བསམ་གྱིས་མི་ཁྱབ་པ་ཧ་ལས་པ་ཞིག་རེད་འདུག་ཅེས་གསུངས།

སློབ་མས་ཡང་། འཇམ་དཔལ་རྫོགས་པ་ཆེན་པོའི་སྨོན་ལམ་གྱི་འགྲེལ་བ་དེ་མཛད་ཐུབ་པ་ཨེ་ཡོང་ཞེས་བཀའ་འདྲི་ཞུས་པ་ན། རིན་པོ་ཆེས། དེ་སེམས་ཅན་གྱི་བསོད་ནམས་ལ་རག་ལས་པ་རེད། གལ་སྲིད་མཛད་ཐུབ་པ་བྱུང་ན་བརྗོད་བྱ་ཆེས་ཤིན་ཏུ་ཕུན་སུམ་ཚོགས་པ་འོང་། བསྟན་བཅོས་ཆེན་པོ་ཡིད་བཞིན་མཛོད་དང་ཐེག་མཆོག་མཛོད་ལྟ་བུ་འོང་ཞིང་། མཛོད་བདུན་དང་རིན་ཐང་ཁྱད་མེད་པ་ལྟ་བུ་འོང་རྒྱུ་རེད། གདུལ་བྱ་སེམས་ཅན་བསོད་ནམས་ཀྱི་སྐལ་བས་ཆུན་དང་མི་ཆུན་ཅི་ཤེས་གསུངས།

ཨོ་རྒྱན་སྟོབས་རྒྱལ་ཞུ་བའི་སྤྲུལ་སྐུ་ཞིག་ཀྱང་དེ་དུས་ཡོད་ཅིང་། ཉིན་འགའ་ཞིག་གི་རྗེས་རྗེ་ཉིད་ཁོང་གི་དགོན་པ་ལ་གདན་འདྲེན་ཞུ་བའི་ཕྱིར་དུ། རྗེ་ཉིད་ལ་ཞབས་བརྟན་འདོན་རྒྱུ་ཞིག་རྩོམ་གནང་རོགས་གྱིས་ཞེས་མཁྱེན་བརྩེ་རིན་པོ་ཆེ་ལ་ཞུས་པ་དང་། རིན་པོ་ཆེས་འཕྲལ་དུ་བྲིས་ནས་ཁོང་ལ་གནང། འོན་ཀྱང་ཡིད་ཕངས་པ་ཞིག་ལ། ཕྱིས་སུ་རྗེ་ཉིད་ཁོང་གི་དགོན་པར་ཕེབས་པ་ན། ཁོང་ནུབ་ཕྱོགས་ལ་ཆོས་གསུང་བར་བྱོན་ཚར་འདུག་ཅིང་། ཞབས་བརྟན་གསོལ་འདེབས་དེ་གཞན་ལ་བཅོལ་གདམ་བྱས་པའི་རྐྱེན་གྱིས་ངེད་ཅག་གིས་དེ་དུས་མཐོང་མ་བྱུང་ལ། ཕྱིས་སུའང་ཅང་མ་རྙེད།

༡༩༩༠ ལོའི་ཟླ་༧ ཚེས་༡༥ །

ཆོས་ཀྱི་རྗེ་ཉིད་ས་ཚུགས་རྗེས་མ་སྟེ་དྷི་ལི་གསར་པ་ནས་སྤྱི་ལེ་༣༠༠ ལྷག་ཡོད་པའི་ཅན་དྷི་གྷར་(Chandigarh)ལ་ཕེབས། ངེད་ཅག་ཐོག་མར་གནམ་གྲུར་བསྡད་ནས་འགྲོ་འཆར་བྱས་ཀྱང་། འགྲོ་ཁར་གནམ་གྲུ་ལ་སྐྱོན་བྱུང་ནས་འཕུར་མ་ཐུབ་པས། རླངས་འཁོར་ནང་ལ་མི་འདུག་ཀ་མེད་དུ་གྱུར་ནས། ཤིན་ཏུ་འཕྱི་མོར་གྱུར་པའི་དུས་སུ་ད་གདོད་དེར་འབྱོར་ཐུབ་པ་བྱུང་།

བལ་པོ་ལ་སྡོད་པའི་ཟླ་བ་ཕྱེད་ལྷག་གི་རིང་། ངེད་ཅག་རྟག་ཏུ་རྫོང་ནང་དགོན་དུ་བསྡད་པ་ཡིན། དགོན་པའི་དགེ་འདུན་པ་རྣམས་ཀྱིས་ས་གནས་དེ་གའི་ཁ་ཟས་རྗེ་ཉིད་ཀྱི་ཐུགས་ལ་འཕྲོད་རྒྱུ་མ་རེད་བསམས་ཏེ། བོད་ཟས་ཤ་སྟག་བཟོས་པའི་སྟབས་ཀྱིས། ངེད་ཅག་གིས་རྒྱ་གར་གྱི་ཟས་ལ་བྲོ་བ་ཅི་འདྲ་ཡོད་པ་མ་ཤེས་པས། ལམ་བར་ནས་ཆེད་དུ་རྒྱ་གར་གྱི་ཟ་མ་ཞིག་ཀྱང་ཟོས་ནས་བྲོ་བ་མྱངས་པ་ཡིན།

ངས་ལྒ་བསྲེས་ཐེངས་དང་པོར་བཟའ་སྐབས། མི་ཞིམ་པའི་ཚོར་བ་ཅི་ཡང་མ་སྐྱེས། ཕྱིས་རྒྱ་གར་ལ་ཐོན་རྗེས་ལྒ་བསྲེས་ཀྱིས་བཙོས་པའི་ཟ་མ་ལ་བློ་ཤིན་ཏུ་བབས་པ་བྱུང་། ཡིན་ཡང་ཆོས་ཀྱི་རྗེ་ཉིད་ཀྱི་གསོལ་བ་ལ་སྣུམ་དང་ཚྭ་ཅུང་ཟད་ལས། ཙོང་དང་། སྒོག་པ། སུར་པན། གཡེར་མ་སོགས་དུས་རྒྱུན་ནས་མི་བཞེས་ཤིང་བྲོ་རྫས་ལ་ཐུགས་མི་དགྱེས་པས། ཁོང་གིས་ལྒ་བསྲེས་ཀྱིས་གཡོས་པའི་འབྲས་ཆན་ཉུང་ཟད་ལས་རྒྱ་གར་གྱི་ཚོད་མ་གཞན་གང་ཡང་མ་བཞེས།

རྒྱ་གར་བས་བོད་པའི་བཟའ་ལུགས་དང་འདྲ་བར་ལག་པས་ཐད་ཀར་ཁ་ནང་དུ་བཞག་སྟེ་བཟའ། དེའི་རྐྱེན་གྱིས་རྒྱ་གར་གྱི་ཟ་ཁང་ལ་ཆ་རྐྱེན་ཇི་ལྟར་ཞན་ཡང་ལག་པ་བཀྲུ་ས་མེད་པ་མི་འདུག མི་ཐམས་ཅད་ཀྱིས་ཟས་སྔོན་ཟས་རྒྱབ་སོགས་སྐབས་ཀུན་ཏུ་ལག་པ་བཀྲུ་ཞིང་། ཟ་མ་ཟ་སྐབས་ཆུ་འཐུང་དགོས་ན་ཇ་ཕོར་ཡང་མེད་པས། རྫ་མ་མཆུ་རིང་ཞིག་གིས་ཐད་ཀར་ཁ་ནང་དུ་ཡ་ཡོ་མེད་པར་བླུགས་ནས་ཁ་ལ་མི་རེག་པར་འཐུང་བ་དང་། ས་གནས་དེ་གའི་མི་ཐམས་ཅད་ཀྱིས་དེ་ཁོ་ན་ལྟར་དུ་བྱས་ནས་འཐུང་གིན་འདུག

༡༩༩༠ ལོའི་ཟླ་༧ ཚེས་༡༦ །

ཆོས་ཀྱི་རྗེ་ཉིད་ཅན་དྷི་གྷར་ནས་ཀང་ར་(Kangra)ལ་ཞབས་སོར་བཀོད། ས་གནས་དེ་གའི་དགོན་པའི་དགེ་འདུན་པ་རྣམས་དང་དད་ལྡན་མང་ཚོགས་རྣམས་ཀྱིས་ཕེབས་བསུ་ཟབ་རྒྱས་ཞུས། ཁོང་གིས་ཞལ་འཛུམ་མོལ་ལེར། ཕྱག་གཉིས་ཀྱིས་དར་ཁ་དང་སྟོན་པ་ཐུགས་རྗེ་ཅན་གྱི་གསེར་སྐུ་ཞིག་བསྣམས་ནས། རྗེ་ཉིད་ལ་ཕེབས་བསུ་གནང།

ཕྱི་དྲོར། རྗེ་ཉིད་ཀྱིས་ཁོང་ལ་གཏེར་ཆེན་ལས་རབ་གླིང་པའི་གཏེར་བྱོན་རྟེན་འབྲེལ་ཉེས་སེལ་གྱི་དབང་དང་བལ་པོ་ནས་བཞེས་པའི་ཕུར་པ་མགུལ་ཁུག་མའི་བཀའ་དབང་ཕུལ།

དེ་ནུབ། རྗེ་ཉིད་ངེད་སྐུ་འཁོར་རྣམས་དང་བཅས་གྲྭ་ཚང་དེ་གར་ཞག་བཞུགས་མཛད། ས་ཆ་དེའི་གནམ་གཤིས་དྭངས་ཤིང་བསིལ་ལ། ཁོ་ར་ཁོར་ཡུག་རྣམས་བོད་ཀྱི་ཡུལ་གྲུ་དང་ཧ་ཅང་འདྲ། གསོམ་ཤིང་གི་སྐྱེད་ཚལ་དང་རྫ་ཆབ་སིལ་མ་ཡོད་པར་མ་ཟད། རྒྱང་རིང་གི་གངས་རིའི་ཕྲེང་བ་དག་ཀྱང་མཐོང་ཞིང་། ཚ་གདུག་གིས་བཟོད་དུ་མེད་པར་མནར་བའི་བལ་པོ་ནས་ས་ཆ་འདི་རུ་ཐོན་པ་ན། ཚ་དམྱལ་གྱི་གནས་ནས་དྭངས་བསིལ་གྱི་འཇིག་རྟེན་ཞིག་ལ་སླེབས་པ་ལྟ་བུའི་ཚོར་བ་སྐྱེས།

༡༩༩༠ ལོའི་ཟླ་༧ ཚེས་༡༧ །

ཉིན་དེར་རྟེན་འབྲེལ་དམིགས་བསལ་བ་ཞིག་གིས་བསྐུལ་ནས། རྗེ་ཉིད་ཀྱི་རིག་ཀློང་ལས་ཁོང་གི་ཞབས་བརྟན་གསོལ་འདེབས་ཀྱི་མགུར་མ་ཞིག་ཐོལ་བྱུང་དུ་གསུངས། ཞབས་བརྟན་གསོལ་འདེབས་དེ་ལ་བྱིན་རླབས་བསམ་གྱིས་མི་ཁྱབ་པ་ཡོད་ཅིང་། འཛམ་བུ་གླིང་གི་ཡུལ་གྲུ་སོ་སོ་ན་ཡོད་པའི་ནང་པའི་རྗེས་འཇུག་པ་མང་ཤོས་ཀྱིས་ད་ལྟ་ཡང་འདོན་མུས་སུ་འདུག

ཕྱི་དྲོར། ཕན་བདེ་ལེགས་བཤད་གླིང་གི་གཙུག་ལག་ཁང་དུ་ཕུར་པ་ཡང་གསང་སྤུ་གྲིའི་སྒོ་ནས་ཚོགས་འཁོར་ཟབ་རྒྱས་བསྐོར། ཆོས་རྗེ་ཡིད་བཞིན་ནོར་བུ་དང་ཁོང་རྣམ་གཉིས་ཆོས་ཁྲི་མཐོན་པོའི་སྟེང་དུ་ཚོགས་དབུ་ལ་གཟི་བྱིན་ལྷམ་མེར་བཞུགས་ཤིང་། མཐོང་ན་མི་མཐུན་པ་མེད་པའི་སྐུ་ལ་དད་གུས་བླ་ལྷག་ཏུ་འཕེལ། དགོན་པ་སོ་སོའི་མཁན་སྤྲུལ་དགེ་འདུན་པ་རྣམས་ཀྱིས་མཐའ་ནས་བསྐོར་ཏེ་བཞུགས་པས། ཚོགས་པ་རྒྱ་ཆེ་ཞིང་ཡིད་ཤིན་ཏུ་འགུལ་བ་བྱུང་། གཏེར་ཆེན་ལས་རབ་གླིང་པས་གཏེར་ནས་བཞེས་པའི་ཕུར་པ་ཡང་གསང་སྤུ་གྲི་ལ། གདོན་བགེགས་ཐམས་ཅད་འདུལ་བ་དང་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་བྱེད་པའི་བྱིན་རླབས་ཐུན་མོང་མ་ཡིན་པ་དང་རྟེན་འབྲེལ་གྱི་གནད་ཆེན་མོ་ཡོད་པ་རེད།

ཚོགས་འཁོར་ལ་ཞུགས་མཁན་ཧ་ཅང་མང་ཞིང་། རྒྱལ་ཁབ་སོ་སོ་ནས་དད་ལྡན་ཕོ་མོ་མང་པོ་སླེབས། ལོ་མང་པོའི་རྗེས་སུ་ཁོ་ཚོས་རྣམ་པ་དེ་ཕྱིར་དྲན་བྱེད་སྐབས། སེམས་ནང་གི་གཡོ་སྒུལ་ད་དུང་ཡང་མ་འཇགས་པར་བརྗོད་ཐབས་མེད་པ་ཞིག་ཡིན་སྐད།

ཉིན་དེའི་ཚོགས་རྫས་ཁ་ཤས་ཕྱིས་སུ་ངེད་ཚོས་ཕྱིར་ཁྱེར་ཡོང་ནས་བདུད་རྩིའི་རིལ་བུར་བསྒྲུབས་ཤིང་། ད་ལྟའི་བར་དུའང་ཉར་ཚགས་བྱས་ནས་ཡོད།

༡༩༩༠ ལོའི་ཟླ་༧ ཚེས་༡༨ །

ཆོས་ཀྱི་རྗེ་ཉིད་དང་ཁོང་རྣམ་གཉིས་ཡང་བསྐྱར་མཇལ་འཕྲད་མཛད། རྣམ་པ་གཉིས་སྐུ་སྐྱེ་སྔ་མའི་དུས་ནས་རྟེན་འབྲེལ་དམིགས་བསལ་བ་ཡོད་པའི་རྐྱེན་གྱིས། མཇལ་འཕྲད་མཛད་པའི་སྐབས་སྔ་ཕྱི་ཐམས་ཅད་དུ་ཡུན་རིང་མ་འཕྲད་པའི་ཕུ་ནུ་ལྷན་འཛོམས་བྱུང་བ་ལྟར། ཐུགས་མཉེས་མཉེས་བསམ་གྱིས་མི་ཁྱབ་པ་མཛད། དེ་དང་མཉམ་དུ་སྐྱེ་བོ་ཕལ་བའི་བསམ་ཡུལ་ལས་འདས་པའི་དོན་ངོ་མཚར་བ་མང་པོ་བྱུང་།

ཉིན་དེར་རྗེ་ཉིད་ཀྱི་རིག་ཀློང་ལས་ཕུར་པ་མགུལ་ཁུག་མའི་ཆ་ཤས་མེ་མཆོད་འདོད་དགུའི་དཔལ་སྩོལ་ཐོལ་བྱུང་དུ་བརྡོལ་ཞིང་། ཁོང་གིས་ཕྱག་བྲིས་མཛད། ཁོང་གི་ཡིག་ཚུགས་ཤིན་ཏུ་ལེགས་ཤིང་ཕྱིས་ངེད་ཅག་ལ་གནང། ཕུར་པ་མགུལ་ཁུག་མའི་ཤིས་བརྗོད་ཀྱི་ཚིགས་སུ་བཅད་པ་དེ། མི་ལོ་བཅུ་ཕྲག་འགའ་ཞིག་གི་གོང་ནས་ཁོང་གི་ཐུགས་ལ་ཤར་མར་ཡོད་པར་འདུག་པས་ཤིན་ཏུ་ངོ་མཚར་བ་ཞིག་གོ །

དེ་རྗེས་རྗེ་ཉིད་ཀྱིས་མཁའ་འགྲོའི་སྒྲུབ་ཐབས་བཞུགས་པའི་གཏེར་སྒྲོམ་ཞིག་དང་། རྗེ་ཉིད་བསམ་ཡས་མཆིམས་ཕུ་ལ་བྱོན་སྐབས་གཏེར་སྲུང་གིས་དངོས་སུ་ཕྱག་ལ་ཕུལ་བའི་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་མགུལ་རྒྱན། རྗེ་ཉིད་བསམ་ཡས་དགོན་ལ་ཕེབས་དུས་རྟ་མགྲིན་གྱི་བཞུགས་ཁྲིའི་འོག་ནས་གཏེར་ལ་བཞེས་པའི་གཟི་མིག་རིན་ཆེན་སྒྲོམ་བུ་སོགས་གཏེར་རྫས་འགའ་ཞིག་ཁོང་གི་ཕྱག་ལ་ཕུལ་ནས། རྟེན་འབྲེལ་ཐམས་ཅད་ལེགས་ཕྱོགས་སུ་སྒོ་ཀུན་ནས་འགྲིག།

དེ་ནས་རྣམ་པ་གཉིས་ཀྱིས་ནང་པའི་ཆོས་ཀྱི་སྐོར་ནས་ཐུགས་བསམ་བརྗེ་རེས་མཛད་ཅིང་། གསང་སྔགས་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་འོད་གསལ་རྫོགས་པ་ཆེན་པོའི་ལྟ་སྒོམ་སྤྱོད་གསུམ། གོ་མྱོང་རྟོགས་གསུམ་སོགས་ཀྱི་སྐོར་ལ་ཐུགས་ཞིབ་མོའི་སྒོ་ནས་གསུང་གླེང་གནང་པ་དང་ཆབས་གཅིག སེམས་ཅན་ཐམས་ཅད་ཀྱི་བདེ་ཐབས་ཀྱི་ཆེད་དུ་ནང་པའི་བསྟན་པ་འཛམ་བུ་གླིང་གི་རྒྱལ་ཁབ་སོ་སོ་ལ་ཇི་ལྟར་སྤེལ་དགོས་པ་སོགས་ཀྱི་སྐོར་ལ་ཐུགས་གྲོས་གནད་སྨིན་མཛད།

༡༩༩༠ ལོའི་ཟླ་༧ ཚེས་༡༩ །

ཆོས་ཀྱི་རྗེ་ཉིད་ཀྱིས་ཁོང་ལ་འཕགས་པ་འཇམ་པའི་དབྱངས་ཀྱི་སྐུ་ཞིག་ཕུལ། སྐུ་དེ་ནི་རྗེ་ཉིད་ཀྱིས་རྒྱ་ནག་རི་བོ་རྩེ་ལྔའི་སྲེད་མེད་བུའི་ཕུག་པ་ནས་ཁོང་གི་ཆེད་དུ་གཏེར་ནས་བཞེས་པར་གདའ། ཁོང་གི་ཐུགས་ཤིན་ཏུ་དགྱེས་ནས། རྗེ་ཉིད་ལ་ཚུར་གསེར་གྱི་མནྜལ་དང་སྐུ་གོང་མས་ཆེད་སྤྱོད་མཛད་པའི་དངུལ་སྒོར་ཞིག་བཅས་གནང།

རྗེ་ཉིད་ཀྱིས་ཁོང་ལ་ད་དུང་འཇམ་དཔལ་ཞི་སྒྲུབ་ཀྱི་དབང་དང་། དེའི་ཆ་ལག་ཁྲིད་ཡིག་སངས་རྒྱས་ལག་སྟེར་གྱི་ཁྲིད་ལུང་ཕུལ།

ཉིན་གུང་། རྣམ་པ་གཉིས་མཉམ་དུ་གདུགས་ཚོད་བཞེས་ནས་སྐུ་གོང་མའི་ལས་སྨོན་ལོ་རྒྱུས་ཁྱད་དུ་འཕགས་པ་རྣམས་ཀྱི་སྐོར་ནས་གསུང་གླེང་མཛད་པ་དང་། ཁོང་གི་ཞལ་ནས། ཁྱེད་ནི་གངས་ལྗོངས་བསྟན་པའི་བདག་པོ་ཡིན་པས། མ་འོངས་པར་བར་ཆད་འགའ་རེ་ལྡང་ཡོང་ན་དེ་ལ་བརྟེན་ཏེ་སྤོབས་པ་ཞུམ་མི་རུང་། ཁྱེད་ནི་ཁ་བ་བུ་ཡུག་འཚུབ་པའི་ཁྲོད་ནས་ཀྲོང་ངེར་འགྱིང་བའི་ཐང་ཤིང་ལྟ་བུར་ཞབས་པད་ཡུན་རིང་དུ་བརྟན་ནས། གཞན་དོན་རྒྱ་ཆེན་པོར་སྒྲུབ་དགོས་ཞེས་ནན་ཏན་དུ་གསུངས། དེ་རྗེས་ཁོང་གིས་འདི་ངས་རྒྱལ་དབང་ལྔ་པས་མཛད་པའི་ཚེ་དཔག་མེད་རིགས་ལྔ་འཆི་མེད་མཆོག་སྦྱིན་གྱི་སྒོ་ནས་བསྙེན་སྒྲུབ་བྱེད་སྐབས་ཀྱི་སྐུ་རྟེན་ཡིན་གསུངས་ནས། རྗེ་ཉིད་ལ་ཚེ་དཔག་མེད་ཀྱི་སྐུ་ཁྲུ་གང་ཙམ་ཡོད་པ་ཞིག་གནང་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཞབས་པད་ཡུན་རིང་དུ་བརྟན་ནས་བཞུགས་དགོས་ཞེས་རྗེ་ཉིད་ལ་གསོལ་བ་ཡང་ཡང་བཏབ།

༡༩༩༠ ལོའི་ཟླ་༧ ཚེས་༢༠ །

རྡོ་རྗེ་གྲགས་ལྡན་གྱིས་རྗེ་ཉིད་ལ་དར་ཁ་འབུལ་བཞིན་པ།

སྔ་དྲོར། གནས་ཆུང་རྡོ་རྗེ་སྒྲ་དབྱངས་གླིང་གིས་གདན་ཞུས་བྱས་པ་བཞིན། རྗེ་ཉིད་དགོན་པ་དེར་ཕྱགས་ཕེབས་ནས་སྐྱ་སེར་དད་ལྡན་ཡོངས་ལ་ཕུར་པ་མགུལ་ཁུག་མའི་བཀའ་དབང་བསྩལ། ཡེ་ཤེས་པ་བྱིན་འབེབས་ཀྱི་དུས་སུ་དམ་པའི་ཆོས་སྐྱོང་བའི་སྲུང་མ་རྡོ་རྗེ་གྲགས་ལྡན་དགོན་པ་དེའི་སྐུ་རྟེན་གྲྭ་པ་ཞིག་ཡོད་པ་དེ་ལ་ཐོག་བབས་ཀྱི་ཚུལ་གྱིས་ལྷ་ཕེབས། ཁོང་ཐད་ཀར་ས་ལ་འགྱེལ་ཞིང་ཚོགས་མང་གིས་ལྷ་གོས་དང་ཅོད་པན་སོགས་གསོལ་མ་ཐག་སྤྱན་ཧར་གྱིས་གཟིགས་པ་དང་། མི་གཞན་ཞིག་ལ་འགྱུར་སོང་བ་ལྟར་བྱད་གཟུགས་ཤིན་ཏུ་འཇིགས་སུ་རུང་བར་གྱུར་འདུག་པ་མཐོང་། རྣམ་པ་དེ་འདྲ་ངས་ཐེངས་དང་པོར་མཐོང་བ་ཡིན་ཞིང་། མིག་གིས་དངོས་སུ་མཐོང་བ་མ་ཡིན་ན་མི་ཕལ་མོ་ཆེས་ཤིན་ཏུ་ཡིད་ཆེས་དཀའ་བའི་ཚོད་དུ་གདའ།

རྡོ་རྗེ་གྲགས་ལྡན་ཆོས་ཀྱི་རྗེའི་སྐུ་དྲུང་ལ་བྱོན་ནས་ཉིད་དང་རྗེའི་སྐུ་སྐྱེ་གོང་མ་གཏེར་ཆེན་ལས་རབ་གླིང་པའི་བར་གྱི་ལོ་རྒྱུས་རྣམས་ཞུས་ཚེ། རྗེ་ཉིད་ཀྱིས་སྤྱན་ཆབ་བསིལ་ཞིང་། སྐུ་སྐྱེ་སྔ་མའི་རྣམ་པར་གྱུར་སོང་བ་ལྟར་སྐུའི་རྣམ་འགྱུར་རྒྱུན་ལྡན་མ་ཡིན་པ་ལྟ་བུའི་ཚུལ་བསྟན། དེ་ནས་རྡོ་རྗེ་གྲགས་ལྡན་གྱིས། དཔལ་ཆེན་རྡོ་རྗེ་གཞོན་ནུའི་བསྐྱེད་རིམ་གྱིས། །བསྟན་འགྲོའི་བདེ་སྐྱིད་གཞོམ་པའི་དགྲ་དང་བགེགས། །དབང་དུ་སྡུད་ཅིང་དྲག་པོས་གཏོར་འཕང་སོགས། །དགྲ་བོའི་ཕྱོགས་ལ་ནན་ཏན་མཛད་གལ་ཆེ། །གསུང་འཛིན་ཆེན་པོ་མ་ཧཱ་གུ་རུ་ཡིས། །མི་མངོན་དབྱིངས་ནས་ཉིན་མཚན་དུས་དྲུག་ཏུ། །ཐུགས་ཀྱི་དགོངས་པ་སྐྱེས་མཆོག་ཁྱེད་ལ་གཏད། །དེ་ཕྱིར་དོན་ཆེན་རྩོམ་པའི་དུས་ལ་བབས། །ཞེས་སོགས་གསུངས་ནས་རྗེ་ཉིད་ཀྱི་མ་འོངས་འབྱུང་འགྱུར་གྱི་བྱ་བ་འགའ་རེ་ལ་ལུང་བསྟན་གནང།

གསུང་དེ་དག་ངེད་ཅག་གིས་སྐུ་འཁྲིས་ནས་སྒྲ་རུ་ཕབ། སྐུ་རྟེན་གྲྭ་པ་དེའི་ཁ་སྐད་ཅུང་ཟད་གོ་དཀའ་བ་ལྟར་འདུག་ཀྱང་དོན་མ་གོ་བ་མ་བྱུང་། ཕྱིས་སུ་རྡོ་རྗེ་གྲགས་ལྡན་གྱི་ལུང་བསྟན་ཐམས་ཅད་ཐོག་ཏུ་བབས་པ་བྱུང་།

དམ་པའི་ཆོས་སྐྱོང་བའི་སྲུང་མ་རྡོ་རྗེ་གྲགས་ལྡན་གྱིས་གསུངས་ཚར་རྗེས། དཔལ་ལྡན་ལྷ་མོ་སོགས་སྲུང་མ་མང་པོ་མི་སོ་སོ་ལ་བབས་ནས། རྗེ་ཉིད་ཨོ་རྒྱན་པདྨའི་རྒྱལ་ཚབ་ཡང་དག་ཡིན་པ་དང་། སྙིགས་མའི་སེམས་ཅན་ཐམས་ཅད་ཀྱི་སྐྱབས་མགོན་ཐུགས་རྗེ་ཅན་གཅིག་པུར་གྱུར་པ་ཡིན་པའི་ལུང་བསྟན་དངོས་སུ་བསྩལ།

དེ་རྗེས། རྗེ་ཉིད་ཚོགས་དབུ་ལ་ཕེབས་ནས་དགོན་པ་དེའི་འདུས་སྡེ་ཡོངས་ཀྱིས། གཏེར་ཆེན་ལས་རབ་གླིང་པས་དམར་ནག་རཀྟའི་མཚོ་ནང་ནས་སྤྱན་དྲངས་པའི་ཕུར་པ་ཡང་སྙིང་སྤུ་གྲིའི་སྒོ་ནས་ཚོགས་འཁོར་རྒྱ་ཆེན་མོ་བསྐོར།

ཉིན་གུང་། ཆོས་ཀྱི་རྗེ་ཉིད་གཟིམ་ཁང་དུ་སྐུ་མལ་གསོས་ནས་བཞུགས་སྐབས། ཕུར་པ་མགུལ་ཁུག་མའི་ཆོས་སྲུང་མཆོད་ཐབས་ཐོལ་བྱུང་གི་ཚུལ་དུ་གསུངས་ཤིང་། ངས་འཕྲལ་དུ་ཡི་གེར་ཕབ་པ་དེང་སང་རྗེ་ཉིད་ཀྱི་གསུང་འབུམ་ཁྲོད་དུ་བཞུགས།

ཕྱི་དྲོར། རྗེ་ཉིད་ཀྱིས་ས་གནས་དེ་གའི་དད་ལྡན་མང་ཚོགས་རྣམས་ལ་བཀའ་སློབ་བསྩལ་ཅིང་། ཕྱག་དཔེ་ཞིག་གིས་མི་ཐམས་ཅད་ལ་ཕྱག་དབང་གནང།

དེ་རྗེས། རྗེ་ཉིད་ཆོས་ལུགས་སྡེ་ཁག་དང་ཆབ་སྲིད་སྡེ་ཁག རིག་གནས་སྡེ་ཁག་སོགས་འབྲེལ་ཡོད་མི་སྣའི་བཞུགས་མོལ་འཚོགས་འདུར་དངོས་སུ་ཞུགས་ཤིང་། མཚན་ཉིད་གྲྭ་ཚང་དང་རྣམ་རྒྱལ་གྲྭ་ཚང་སོགས་ཀྱི་མཁན་སྤྲུལ་རྣམ་པ་ཡང་ཚོགས་ཞུགས་མཛད། ཚོགས་མི་རྣམས་ཀྱིས་ཆོས་འཇིག་རྟེན་གཉིས་ཀའི་ཐད་ནས་ད་ཡོད་ཀྱི་གནད་དོན་མང་པོ་ལ་བགྲོ་གླེང་ཞིབ་མོ་གནང་པ་དང་ཆབས་གཅིག རྗེ་ཉིད་བོད་ཡུལ་ནས་རྒྱ་གར་ལ་ཞབས་སོར་བཀོད་དེ་སྐྱེས་ཆེན་དམ་པ་མང་པོའི་སྐུ་གེགས་བསལ་ཅིང་། སྐྱ་སེར་དད་ལྡན་མང་ཚོགས་ལ་བཀའ་དབང་དང་གདམས་ངག་ཟབ་མོ་སྐྱེས་སུ་བསྩལ་བ་ལ་བཀའ་དྲིན་ཞུས་ནས། འཐུས་མི་སོ་སོས་རྗེ་ཉིད་ལ་རྟེན་གསུམ་གྱི་འབུལ་བ་ཟབ་རྒྱས་མཛད།

༡༩༩༠ ལོའི་ཟླ་༧ ཚེས་༢༡ །

ཆོས་ཀྱི་རྗེ་དང་ཁོང་རྣམ་གཉིས་ཀྱིས་མདོ་སྔགས་ཀྱི་དཀའ་བའི་གནད་མང་པོ་ལ་ཉིན་གང་བོའི་རིང་གསུང་གླེང་ལྷུག་རྒྱས་སུ་མཛད།

ཁོང་གིས་ངེད་ཆུང་དུས་ནས་བསྡུས་ཚན་སོགས་མདོ་ཕྱོགས་ཀྱི་གཞུང་ཆེན་ཁག་ལ་གཙོ་བོར་སྦྱངས་ཤིང་། ཡོངས་འཛིན་རྣམས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་གསང་སྔགས་རྙིང་མའི་དབང་བསྐུར་སོགས་ཐོབ་པ་ཉུང་། ཕྱིས་སུ་གསང་སྔགས་རྙིང་མའི་སློབ་དཔོན་འགའ་ཞིག་བསྟེན་ནས། དབང་ཁྲིད་གདམས་ངག་སོགས་གང་འཚམས་ཐོབ་རྗེས། རྙིང་མའི་ཕྱོགས་ཀྱི་མཁས་པ་ཀློང་ཆེན་པ་དང་མི་ཕམ་རིན་པོ་ཆེ། རྡོ་གྲུབ་བསྟན་པའི་ཉི་མ་སོགས་ཀྱི་སྔགས་སྐོར་གྱི་བསྟན་བཅོས་རྣམས་ལ་དད་གུས་ཆེན་པོ་སྐྱེས་བྱུང་། འོན་ཀྱང་དེ་དག་ལས་དོན་གནད་འགའ་ཞིག་དང་རང་ཉིད་ཀྱི་གོ་བ་རྣམས་རྗེ་ཉིད་ཀྱི་སྐུ་མདུན་ནས་བརྡར་ཤ་གཅོད་དགོས་གསུངས་ཏེ། ཁོང་གིས་ཕྱོགས་སོ་སོའི་སྐོར་ནས་བཀའ་འདྲི་མང་པོ་གནང་འདུག

ཉིན་དེར་ང་འགྲོ་རྒྱུ་མ་སོང་ལ། ཆོས་ཀྱི་རྗེ་ཉིད་ཉིན་གུང་ཕྱིར་ཕེབས་པ་དང་ཞལ་ནས། ཁོང་གི་ཤེས་རབ་ནི་དངོས་གནས་བསམ་གྱིས་མི་ཁྱབ་པ་རང་རེད། རྫོགས་པ་ཆེན་པོའི་ལྟ་སྒོམ་སྤྱོད་གསུམ་ཐུགས་ལ་ཇི་ཙམ་འཕྲོད་བསམས་ཀྱང་གོམས་འདྲིས་ཆེན་པོ་འདུག རོང་ཟོམ་པཎྜི་ཏའི་ཐེག་ཆེན་ཚུལ་འཇུག་ལ་ཕྱུག་པོས་རང་གི་གཅེས་ནོར་བགྲང་ནུས་པ་ཙམ་གྱི་རྒྱུས་གདའ་གསུངས། རྗེ་ཉིད་ཀྱིས་ད་དུང་གསུང་བཤད་མང་པོ་གནང་སོང་ཡང་། ངས་ད་ལྟ་བརྗེད་ནས་དྲན་སོས་ཀྱི་མི་འདུག

ཕྱི་དྲོར། ངས་རྗེ་ཉིད་ལ་གནང་བ་ཞུས་ཏེ་གཅིག་པུར་དཔེ་ཚོང་ཁང་ཞིག་ཏུ་སོང་། ལོ་མང་པོ་འདི་དག་གི་རིང་། ང་ལ་ཕྱི་རུ་འགྲོ་བའི་ཁོམ་ལོང་ཅུང་ཟད་རེ་བྱུང་ན་དཔེ་ཚོང་ཁང་ལ་ཐོག་མར་འགྲོ་བའི་གོམས་གཤིས་ཤིག་འཇགས་སོང་། རྒྱལ་ཁབ་མང་པོ་ལ་འགྲོ་སྐབས་ཀྱང་དེ་ལྟར་ཡིན། ནམ་རྒྱུན་ཡིན་ན་རྗེ་ཉིད་དང་མཉམ་དུ་སྐུ་འཁྲིས་སུ་འདུག་དགོས་པས། ཁོམ་ལོང་ཡོད་ཀྱང་ཕྱི་ལ་འགྲོ་མི་ཕོད། ཉིན་དེར་གོ་སྐབས་དེ་ལྟ་བུ་ཞིག་ལྡན་བྱུང་བས། རྐང་གསུམ་འཁོར་ལོར་བསྡད་ནས་ཡུག་གཅིག་ཏུ་འཁྱར་ཞིང་། དཔེ་ཚོང་ཁང་ཞིག་ཏུ་སོང་ནས་དཔེ་ཆ་ལེགས་པོ་ཁ་ཤས་ཉོས་ཤིང་། ཕྱིས་སུ་དཔེ་ཆ་དེ་དག་མཁོ་ཡག་པོ་ཆོད་བྱུང་།

ཉིན་དེའི་ཕྱི་དྲོ་ནི་ཆེས་ལྷོད་ལ་འབབ་ཐུབ་པའི་ཉིན་མོ་ཞིག་ཏུ་གྱུར་པའི་སྟབས་ཀྱིས། ཤིན་ཏུ་འཕྱི་མོར་མ་གཏོགས་ཕྱིར་མ་ལོག གནས་དེ་གའི་མཚན་ལྗོངས་ལྟ་ན་སྡུག་ཅིང་། བར་སྣང་དང་སྐྱེད་ཚལ་སོགས་ལས་དྲི་བསུང་སིབ་སིབ་ཏུ་འཐུལ་བ་དག་གིས་སེམས་ལ་ངལ་གསོ་ཅིར་ཡང་སྦྱིན་པར་གྱུར་ཏོ། །

༡༩༩༠ ལོའི་ཟླ་༧ ཚེས་༢༢ །

ཆོས་ཀྱི་རྗེ་ཉིད་དང་ངེད་ཞབས་འབྲིང་བ་རྣམས་ཀྱིས་བསྐུལ་མ་ཞུས་པ་བཞིན། ཁོང་གིས་ངེད་ཅག་མི་ཉུང་ཤས་ཤིག་ལ་རྒྱལ་དབང་ལྔ་བའི་དག་སྣང་ཆོས་སྐོར་ལས་ཐུགས་སྒྲུབ་ཡང་སྙིང་འདུས་པའི་བཀའ་དབང་ཆེན་མོ་གནང་ཞིང་། དེ་ནི་ཨོ་རྒྱན་རིན་པོ་ཆེའི་སྒྲུབ་ཐབས་ཤིག་རེད།

དབང་དེ་ལ་བགེགས་བསྐྲད་པ་དང་། སྲུང་འཁོར་སྒོམ་པ། དཀྱིལ་འཁོར་ལ་མེ་ཏོག་འབུལ་བ། མིག་དར་དམར་པོ་བགོ་བ་སོགས་ཀྱི་རིམ་པ་མང་པོ་འདུག་པས། དབང་བསྐུར་བའི་དུས་ཚོད་ཅུང་ཟད་རིང་པོ་འདུག ཁོང་གིས་ཨོ་རྒྱན་རིན་པོ་ཆེའི་སྐུ་ཞིག་བསྣམས་ནས་དབང་གསུང་བའི་དུས་སུ། ང་ལ་དགའ་བ་དང་དད་པ་ཤིན་ཏུ་ཆེན་པོ་འཕེལ་བའི་སྣང་བ་བྱུང་།

ཁོང་གི་ཞལ་ནས། ངེད་རྫོགས་པ་ཆེན་པོ་ལ་དད་འདུན་ཐུན་མོང་མ་ཡིན་པ་ཡོད་པའི་རྒྱུ་མཚན་གཙོ་བོ་རྒྱལ་དབང་ལྔ་བའི་གཏེར་ཆོས་དང་རྣམ་ཐར་ཁག་ལ་བརྟེན་ནས་བྱུང་བ་ཡིན། ཁོང་གིས་མཛད་པའི་བསྟན་བཅོས་རྣམས་ཞིབ་མོའི་སྒོ་ནས་བཀླགས་རྗེས་གསང་སྔགས་ལ་མན་ངག་འདི་འདྲའི་ཁྱད་པར་ཅན་ཡོད་པ་གཟོད་ཤེས་པ་བྱུང་། ཁོང་གི་བརྒྱུད་འཛིན་པ་ཞིག་ཡིན་པའི་ཆ་ནས། ངོས་ནས་ཀྱང་ཆོས་སྐོར་འདི་དག་སྤེལ་དགོས་རྒྱུ་རེད་གསུངས་ཤིང་། དེ་རྗེས་ཁོང་ཨོ་རྒྱན་རིན་པོ་ཆེ་ལ་དད་གུས་ཆེ་ལུགས་དང་། གསོལ་བ་འདེབས་ལུགས། ཉམས་སུ་ལེན་སྟངས་བཅས་ཀྱི་སྐོར་ནས་བསླབ་བྱ་ཁ་ཤས་གནང།

ཕྱི་དྲོར། ཆོས་ཀྱི་རྗེ་ཉིད་ཀྱིས་ཐེག་ཆེན་ཆོས་གླིང་གི་གཙུག་ལག་ཁང་ནས། མཚན་ཉིད་གྲྭ་ཚང་གི་འདུས་པ་བྱིངས་ལ། ཕུར་པ་ཡང་གསང་ཁྲོས་པ་དང་ཕུར་པ་མགུལ་ཁུག་མའི་བཀའ་དབང་གནང་ཞིང་། དེ་དང་འབྲེལ་ཡོད་ཀྱི་ཕུར་པ་རྡོ་རྗེ་གཞོན་ནུའི་སྒྲུབ་སྐོར་གྱི་ལུང་གསུངས།

༡༩༩༠ ལོའི་ཟླ་༧ ཚེས་༢༣ །

སྔ་དྲོར། ཆོས་ཀྱི་རྗེ་ཉིད་མཚན་ཉིད་གྲྭ་ཚང་གི་གཙུག་ལག་ཁང་དུ་ཕེབས་ནས་རྟེན་གསུམ་ལ་རབ་གནས་མཛད།

ཕྱི་དྲོར། ཆོས་ཀྱི་རྗེས་བསྐུལ་མ་མཛད་པ་བཞིན་ཁོང་གིས་ཕུར་པ་མགུལ་ཁུག་མ་ལ་བརྒྱུད་འདེབས་བྱིན་རླབས་མྱུར་འཇུག་བྱ་བ་མཛད་ནས། ངེད་ཅག་ལ་ལུང་གསུངས། གསུང་ཆོས་འདི་དེང་སང་རྗེ་ཉིད་ཀྱི་གསུང་འབུམ་ལས་ཕུར་པའི་ཆོས་སྐོར་གྱི་ནང་དུ་བཞུགས།

དགོང་མོར། མཚན་ཉིད་གྲྭ་ཚང་གི་འཛིན་གྲྭ་སོ་སོའི་དགེ་འདུན་པ་རྣམས་ཀྱིས་ཆོས་ཀྱི་རྗེ་ཉིད་དང་ཁོང་རྣམ་པ་གཉིས་ལ་ལེགས་པར་བཤད་པ་ཆོས་ཀྱི་རྩོད་པའི་མཆོད་པ་རྨད་དུ་བྱུང་བ་བསྟབས། སྐྱེས་ཆེན་དམ་པ་ཁོང་གཉིས་ཀས་སྐུ་ན་གཞོན་པའི་དུས་སུ་བོད་བརྒྱུད་ནང་བསྟན་གྱི་རྩོད་པའི་སྦྱོང་བརྡར་མང་པོ་མཛད་མྱོང་བས། སྔ་མོ་ནས་ཐུགས་རྒྱུས་ཆེ་བའི་རྩོད་པའི་རྣམ་པ་གཟིགས་སྐབས། ཐུགས་གཏིང་ནས་དགྱེས་པའི་ཚུལ་མཛད།

༡༩༩༠ ལོའི་ཟླ་༧ ཚེས་༢༤ །

སྔ་དྲོར། ཆོས་ཀྱི་རྗེ་ཉིད་བཞུགས་སྒར་གྱི་ཉེ་འཁོར་ལ་ཡོད་པའི་ཟིལ་གནོན་བཀའ་བརྒྱད་གླིང་(Zilnon Kagye Ling Monastery)ལ་ཕྱགས་ཕེབས་ནས། དགོན་པ་དེའི་དགེ་འདུན་པ་རྣམས་དང་སྐྱ་སེར་མང་ཚོགས་ཀུན་ལ་ཕུར་པ་མགུལ་ཁུག་མའི་བཀའ་དབང་གནང་པ་དང་། ཆོས་ཀྱི་བསླབ་བྱ་ཁ་ཤས་གསུངས།

ཕྱི་དྲོར། ཆོས་ཀྱི་རྗེ་ཉིད་ཀྱིས་ཁོང་ལ་དཔལ་སྤྲུལ་རིན་པོ་ཆེས་མཛད་པའི་ཚིག་གསུམ་གནད་བརྡེག་གི་ཁྲིད་ལུང་ཕུལ། དེ་ནས་རྣམ་པ་གཉིས་ཀྱིས་རྒྱུད་གསང་བ་འདུས་པ་དང་། དུས་འཁོར། དབུ་མ་ཐལ་རང་གི་ཁྱད་པར་སོགས་ཀྱི་སྐོར་ལས་འཕྲོས་ཏེ། གཞུང་སོ་སོའི་ལུང་རྒྱབ་རྟེན་དུ་བྱས་ནས་ཐུགས་ཞིབ་མོའི་སྒོ་ནས་བགྲོ་གླེང་མཛད།

ཉི་མ་དེ་དག་གི་རིང་ལ། རྣམ་པ་གཉིས་ཆོས་ཀྱི་གླིང་གར་ཅི་དགར་རྩེན་ནས་དབང་བསྐུར་རེས་མཛད་པའམ། ཡང་ན་ཆོས་གསུང་རེས་མཛད་པ། དེ་མིན་ན་བཀའ་འདྲི་མཛད་རེས་གནང་བ་སོགས་ཀྱིས། རྣམ་པ་དགའ་ཡལ་ལེ་བ་བྱུང་བས་ཤིན་ཏུ་བརྗེད་དཀའ་བ་ཞིག་རེད། ང་ལ་མཚོན་ནས་བཤད་ན་དེ་དག་ནི་བསམ་པའི་གནས་སྐོར་གྱི་འགྲུལ་བཞུད་རྨད་དུ་བྱུང་བ་ཞིག་ཏུ་གྱུར་སོང་།

༡༩༩༠ ལོའི་ཟླ་༧ ཚེས་༢༥ །

ཉིན་དེ་བོད་ཟླ་དྲུག་པའི་ཚེས་བཞི་ལ་ཏག་ཏག་ཁེལ་ཞིང་། སྟོན་པ་ཐུགས་རྗེ་ཅན་གྱིས་ཆོས་ཀྱི་འཁོར་ལོ་ཐོག་མར་བསྐོར་བའི་དུས་ཆེན་རེད། ཆོས་ཀྱི་རྗེ་ཉིད་ངེད་ཅག་སྐུ་འཁོར་དང་བཅས་ཁོང་གི་ཕོ་བྲང་དུ་ཕེབས་ཏེ། བྱིན་རླབས་ཤིན་ཏུ་ཆེ་བའི་སྤྱན་རས་གཟིགས་ཀྱི་སྐུ་རྙིང་སྐྱིད་གྲོང་ཇོ་བོ་ཝ་ཏི་བཟང་པོའི་སྐུ་མདུན་ནས་མཉམ་དུ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་སྨོན་ལམ་ཟབ་རྒྱས་སུ་གནང་ཞིང་། མཐའ་མེད་པའི་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བཟང་པོ་སྤྱོད་པའི་སྨོན་ལམ་གསུངས།

ངེད་ཅག་གིས་བསྐུལ་མ་ཞུས་པ་ནང་བཞིན་ཁོང་གིས་ཉིད་ཀྱི་ཞལ་སྔ་ནས་མཛད་པའི་ཨོ་རྒྱན་རིན་པོ་ཆེའི་གསོལ་འདེབས་ཀྱི་ལུང་གསུངས་ཤིང་། གསོལ་འདེབས་དེའི་ཐུན་མིན་བྱིན་རླབས་སོགས་ཀྱི་སྐོར་ནས་ངོ་སྤྲོད་མཛད།

དེ་རྗེས། ཁོང་གིས་ཇོ་བོའི་སྐུ་མདུན་ནས་གསེར་བཙོ་མས་བྱས་པའི་བཀྲ་ཤིས་རྟགས་བརྒྱད་ཅིག་བླངས་ནས། རྟེན་འབྲེལ་ལེགས་ཕྱོགས་སུ་འགྲིག་པའི་ཆེད་དུ་རྗེ་ཉིད་ལ་ཕྱག་འབུལ་མཛད། བཀྲ་ཤིས་རྟགས་བརྒྱད་དེ་ནི་དབུས་སུ་ཆོས་འཁོར་ཆེན་མོ་ཞིག་དང་། ཆོས་འཁོར་དེའི་སྟེང་ལ་དུང་དཀར་གྱིས་ཏོག་བྱས་པ་ཞིག་རེད། ཁོང་གི་ཞལ་ནས། ཁྱེད་ཕྱིར་བོད་ལ་ཕེབས་རྗེས་ཆོས་ཀྱི་འཁོར་ལོ་རྟག་ཏུ་བསྐོར་ཞིང་གཞན་དོན་རྒྱ་ཆེན་པོ་འགྲུབ་པའི་གསོལ་བ་སྨོན་ལམ་འདེབས། མི་འགྱང་བར་ང་ཧོང་སོར་ལ་འགྲོ་དགོས་པ་ཡོད་པས། དེ་དུས་ངེད་གཉིས་ཡང་བསྐྱར་འཕྲད་པའི་རེ་བ་ཡོད་གསུངས།

ཁོང་གིས་ད་དུང་ངེད་ཅག་ཞབས་འབྲིང་བ་རྣམས་ལ་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པའི་ཐང་ག་རེ་རེ་དང། མ་ཎི་རིལ་བུ། ཕུར་པ་རྡོ་རྗེ་གཞོན་ནུའི་སྒོ་ནས་བསྒྲུབས་པའི་བདུད་རྩི་རིལ་བུ་དང་། ཕྱག་མདུད་ཁ་ཤས་སོགས་ཀྱི་བྱིན་རྟེན་གནང། ད་ལྟའི་བར་དུ་མི་ལོ་སུམ་ཅུ་འདས་ཚར་བས་རིལ་བུ་དེ་དག་ཟོས་ཚར་ཡང་། ཐང་ག་དེ་ནི་ད་དུང་ཡང་ངའི་འཆར་ཅན་ཕྱག་མཆོད་ཀྱི་རྟེན་དུ་བྱས་ནས་ཉར་ཚགས་ལེགས་པོ་བྱས་ཡོད།

ཉིན་བཅུའི་མཛད་རིམ་ཁག་ལེགས་པར་མཇུག་ཡོངས་སུ་གྲུབ་ལ་ཉེ་ཞིང་། ཕྱིར་ཉིན་ངེད་ཅག་ཁ་གྱེས་ནས་འགྲོ་རྒྱུ་ཡིན་པས། ངའི་ཡིད་ཤིན་ཏུ་འཕྲེང་ངེ་བ་བྱུང་།

༡༩༩༠ ལོའི་ཟླ་༧ ཚེས་༢༦ །

ཆོས་ཀྱི་རྗེ་དང་ངེད་ཞབས་འབྲིང་བ་རྣམས་ཕེབས་སྐྱེལ་རྒྱ་ཆེན་པོ་ཞིག་གི་ངང་ཁོང་གིས་བཀོད་སྒྲིག་མཛད་པའི་རླངས་འཁོར་ལ་བསྡད་དེ་ཀང་ར་ནས་ཞལ་གྱེས་ཏེ། སྤྱི་ལེ་༦༦ སར་ཡོད་པའི་སྦེ་རི་(Bir)ལ་ཕེབས་ཁ་བསྒྱུར།

ལམ་དེ་ཤིན་ཏུ་བགྲོད་དཀའ་ཡང་། ལམ་ཟུར་གྱི་ཡུལ་ལྗོངས་ཤིན་ཏུ་ལྟ་ན་སྡུག་པ་ཞིག་རེད། ཉིན་གུང་ངེད་ཅག་ལྗོངས་ཁུལ་ཞིག་ལ་བསྡད་ནས་ཟ་མ་ཟོས། དེའི་ཟ་མ་ཐམས་ཅད་རིམ་པ་མཐོ་ཤོས་སུ་རྩི་བར་འདུག་པས་རིན་གོང་ཅུང་ཟད་ཆེ། གྲྭ་པ་ཞིག་གིས་ངེད་ཚོའི་རྒྱ་གར་ནས་ཟ་མ་གཅིག་པ་ཡིན་ཡང་། ཟ་ཁང་གི་ཁྱད་པར་གྱིས་རིན་གོང་ལ་ཡང་ཁྱད་ཆེན་པོ་ཡོད། ཚོད་མ་ལ་ལ་ས་ཆ་གཞན་ནས་གོང་ཤིན་ཏུ་དམའ་ཡང་། འདི་རུ་སླེབས་རྗེས་ཧ་ཅང་མཐོ་འགྲོ་བ་རེད་ཅེས་རྗེ་ཉིད་ལ་ཞུས། དེ་དུས་ང་ལ་ཉམས་མྱོང་མེད་པ་དང་། འཇིག་རྟེན་གྱི་བྱ་བ་གང་ལ་ཡང་ཆ་རྒྱུས་ཆེན་མོ་མེད་པའི་རྒྱུ་མཚན་གྱིས་དེ་ཚོ་མཐོང་ཐོས་བྱུང་ཚེ་མགོ་རྙོག་པ་ལ་ཨང་བསམས་པ་བྱུང་།

ཕྱི་དྲོར། ཆོས་ཀྱི་རྗེ་ཉིད་དཔལ་ཡུལ་བྱང་ཆུབ་ཆོས་འཁོར་གླིང་(Palyul Chkhorling Monastery)ལ་ཆིབས་ཁ་བསྒྱུར། རི་འགོ་སྤྲུལ་སྐུས་བཤད་གྲྭའི་དགེ་འདུན་པ་བརྒྱ་ལྷག་གི་སྣ་དྲངས་ཏེ་ལུས་ལ་ངུར་སྨྲིག་གི་ཆོས་གོས་གསོལ་བ་དང་བཅས་སེར་ཕྲེང་བསྒྲིགས་ནས་རྗེ་ཉིད་ལ་ཕེབས་བསུ་ཞུས། རི་འགོ་སྤྲུལ་སྐུ་རྗེ་ཉིད་ལ་དད་གུས་ཤིན་ཏུ་ཆེ་ཞིང་། རྗེ་ཉིད་ཀྱིས་ས་གནས་དེ་གའི་སྐྱ་སེར་ཡོངས་ལ་བཀའ་དབང་བསྩལ་པ་དང་། བསླབ་པ་སློབ་གཉེར་ཇི་ལྟར་བྱེད་དགོས་པའི་སྐོར་ནས་བཀའ་སློབ་ཕེབས།

དགོན་པ་དེའི་འཛུགས་སྐྲུན་ནི་ཁང་པ་བཞི་བསྐོར་ཅན་ཞིག་ལ་འདྲ་སེ་བ་ཡོད་ཅིང་། བརྩེགས་གཉིས་གསུམ་ཙམ་འདུག དགོན་པའི་ཐོག་ཁ་ནས་བལྟས་ན་ས་སྐྱ་འབྲི་རུ་དགོན་(Dirru Monastery)གསལ་བོར་མཐོང་ཐུབ།

དཔལ་ཡུལ་བྱང་ཆུབ་ཆོས་འཁོར་གླིང་གི་ཉེ་འཁོར་ལ་ད་དུང་དཔལ་སྤུངས་ཤེས་རབ་གླིང་(Paplung Sherabling Monastery)དང་། ཚེ་རིང་ལྗོངས་(Tsering Dzong Monastery)སོགས་དགོན་སྡེ་ཁ་ཤས་འདུག་ཅིང་།

དགོན་པ་དེ་དག་གིས་འཛུགས་སྐྲུན་འཆར་འགོད་དང་ཁོར་ཡུག་མཛེས་ལྗོངས་སོགས་ལེགས་པོ་བྱས་ནས་གདའ། རྒྱང་ནས་དགོན་སྡེ་དེ་དག་ལ་ལྟ་བཞིན། སེམས་སུ་བོད་ཀྱི་སྐྱེན་ཆེན་རྣམ་པ་རྒྱུས་གང་ཡང་མེད་པའི་ས་ཆ་འདི་རུ་ཕེབས་ནས། གདན་ས་ཕྱག་འདེབས་མཛད་དགོས་བྱུང་བར་འོ་བརྒྱལ་མང་པོ་མྱངས་ཡོད་རྒྱུ་རེད་བསམས།

༡༩༩༠ ལོའི་ཟླ་༧ ཚེས་༢༧ །

སྔ་དྲོར། ཆོས་ཀྱི་རྗེ་ཉིད་དཔལ་ཡུལ་བྱང་ཆུབ་ཆོས་འཁོར་གླིང་གི་ཉེ་ས་ལ་ཡོད་པའི་དགོན་སྡེ་ཁག་ལ་ཕྱགས་ཕེབས་མཛད། དེ་རྗེས་ཕེབས་འཁོར་ལ་བཞུགས་ནས་སྤྱི་ལེ་༩༢ སར་ཡོད་པའི་མཚོ་པདྨ་ཅན་(Rewalsar Lake) ལ་ཆིབས་ཁ་བསྒྱུར།

ཨོ་རྒྱན་པདྨ་འབྱུང་གནས་ཟ་ཧོར་ལ་བཞུགས་སྐབས། ཟ་ཧོར་རྒྱལ་པོས་མེ་ལ་གསོན་སྲེག་བྱས་པ་དང་། ཨོ་རྒྱན་པདྨ་འབྱུང་གནས་ཀྱིས་མེ་དཔུང་རབ་ཏུ་འབར་བ་རྫུ་འཕྲུལ་གྱིས་མཚོ་རུ་བསྒྱུར་ནས། མཚོ་དབུས་ཀྱི་པདྨའི་ཟེའུ་འབྲུའི་སྟེང་ལ་བཞུགས་པར་མཛད་པས། དེ་ནས་བཟུང་མཚོ་དེའི་མིང་ལ་མཚོ་པདྨ་ཅན་ཞེས་གྲགས་པར་ཨོ་རྒྱན་པདྨའི་རྣམ་ཐར་ལས་གསུངས།

ཉིན་དེར་རླངས་འཁོར་ཤིན་ཏུ་མང་པོ་ཡོད། རླངས་འཁོར་ལ་ལ་རྗེའི་ཕྱི་བཞིན་འབྲངས་ནས་འོང་བ་ཡིན་ཞིང་། ལ་ལ་ནི་རྗེ་ཉིད་ལ་ཕེབས་བསུ་ཞུ་བར་འོང་བ་རེད། ངས་ལྐོག་ཏུ་རྩིས་ཤིག་བརྒྱབས་པས་ཁྱོན་རླངས་འཁོར་༤༢ གདའ།

མཚོ་པདྨ་ཅན་ལ་ཐོན་རྗེས། ངེད་ཚོས་འདུག་ས་ཞིག་བཙལ་ནས་བསྡད།

རྗེ་ཉིད་ཀྱིས་གློ་བུར་དུ་གུ་རུ་པདྨ་བྱོན་ཐལ། ང་མྱུར་དུ་མཚོ་ཁ་ལ་འགྲོ་དགོས་གསུངས་ནས། ཞབས་ལྷམ་ཡང་མ་མནབས་པར་ཤར་རྒྱག་གིས་བྱོན། ངེད་ཚོས་འཕྲལ་དུ་བྲེལ་ཟིང་གིས་ཅ་ལག་འགའ་དང་། རྗེའི་ཞབས་ལྷམ་ཁྱེར་ནས་རྗེས་སུ་བརྒྱུགས་པ་ཡིན་ཞིང་། རྗེ་ཉིད་ཀྱིས་རྒྱ་གར་ནས་མནབས་པའི་ཞབས་ལྷམ་དེ་འདྲུད་ལྷམ་སྐྱ་གཉིས་མ་ལ་འདྲ་སེ་བ་ཡོད་པ་དང་། དང་པོར་རྗེ་ཉིད་ཀྱིས་བདེ་མོ་མི་འདུག་གསུངས་ཀྱང་། ཕྱིས་སུ་ལྷམ་དེ་གོན་ན་བསིལ་མོ་ཡོད་པར་མ་ཟད་རྐང་པ་ལ་འཕྲོད་མོ་ཡོད་པས་བདེ་མོ་འདུག་པ་ཤེས་རྗེས། ཡུལ་ལུགས་དང་མཐུན་པར་རྒྱ་གར་ལ་བཞུགས་པའི་སྐབས་ཐམས་ཅད་ལ། ཞབས་ལྷམ་དེ་འདྲ་རྒྱུན་དུ་མནབས་པ་རེད།

མཚོ་ཁ་ལ་ཐོན་རྗེས་རྗེ་ཉིད་དེར་བཞེངས་འདུག་པ་མཐོང་ཞིང་། ངེད་ཚོས་སྔར་མ་ཐོས་པའི་ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས་པའི་མགུར་མ་ཞིག་ཐོལ་བྱུང་དུ་གསུངས། དེ་ཡང་།

༄༅། །ཨེ་མ་ཧོ། དགོངས་ཤིག་ཐུགས་རྗེ་ཆེ་མངའ་སྤྲུལ་པའི་སྐུ། །

མཁྱེན་བརྩེ་ནུས་གསུམ་མཚུངས་པ་མེད་པའི་རྗེ། །

རིག་འཛིན་ཐོད་ཕྲེང་རྩལ་ལ་གསོལ་བ་འདེབས། །

ཕྱི་ནང་གསང་བའི་བར་ཆད་དབྱིངས་སུ་སོལ། །

ཆོས་དང་སྲིད་ཀྱི་ལེགས་ཚོགས་མ་ལུས་པའི། །

རེ་འབྲས་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །

སྔོན་ཚེ་རང་བྱུང་མཚོ་སྐྱེས་རྡོ་རྗེ་ཉིད། །

ཟ་ཧོར་རྒྱལ་པོས་གསོན་སྲེག་མཛད་པའི་ཚེ། །

འབྱུང་བཞིའི་གནོད་པ་རིག་སྟོང་རྒྱན་དུ་ཤར། །

དྭངས་བསིལ་ཡན་ལག་བརྒྱད་ལྡན་མཚོ་དབུས་སུ། །

ལོ་འབྲས་རྒྱན་གྱིས་སྤུད་པའི་ཆུ་སྐྱེས་ཁར། །

མཚན་རྫོགས་དཔེ་བྱད་མཛེས་པའི་སྐུར་སྣང་ཚེ། །

དེར་འཁོད་རྗེ་བློན་འདུས་པ་རྒྱ་མཚོ་ཡི། །

དད་པའི་གཡོ་བ་ཁོང་དུ་མ་ཤོང་ནས། །

སྤྱི་གཙུག་ཛ་ལནྡྷ་རའི་བ་གམ་རྩེར། །

སོར་བཅུའི་འདབ་སྟོང་དལ་དུ་མེད་པར་གྱུར། །

དེ་ཚེ་བདུད་དང་མུ་སྟེགས་གླང་ཆེན་ཚོགས། །

ང་རྒྱལ་རྒྱགས་པའི་ལུས་སྟོབས་ཆེར་བརྟས་ཏེ། །

སྦྱོར་ངན་སྣ་ཞགས་རིང་དུ་བརྐྱངས་ཙ་ན། །

མཁའ་འགྲོ་དྲག་མོ་སེང་གདོང་ཞལ་གྱི་སྒོར། །

སྲིད་གསུམ་ཅིག་ཆར་རྔུབ་པའི་ཨེ་ཀློང་ནས། །

ཧཱུྃ་ཕཊཿ སྒྲ་ཡིས་ཐུགས་དམ་རྒྱུད་བསྐུལ་བས། །

བདུད་འདུལ་མཉམ་པ་ཆེན་པོའི་སྐུར་བཞེངས་ཏེ། །

རྫུ་འཕྲུལ་ལུང་རིགས་མཆེ་སྡེར་རྣོན་པོ་ཡིས། །

ཕས་རྒོལ་རི་དྭགས་བསད་པའི་གཟན་ལ་རོལ། །

སྙན་གྲགས་ང་རོས་སྲིད་གསུམ་རལ་སྙམ་བྱས། །

དེ་ཚེ་ས་བླར་འཁོད་པའི་ལྷ་རྣམས་ཀྱིས། །

སེང་གེ་སྒྲ་སྒྲོག་ཅེས་པའི་མཚན་གསོལ་བས། །

ཆེ་བའི་ཆེ་བ་མངོན་སུམ་བསྟན་པ་ན། །

ནོར་འཛིན་བུ་མོས་ཕྲག་པས་མ་ཐེག་པར། །

འདར་ཞིང་འཁུན་སྒྲ་འགྲན་པ་བཞིན་དུ་གྱུར། །

དེ་ལྟར་མཚུངས་མེད་མ་ཧཱ་གུ་རུ་ཡིས། །

ཞི་དང་དྲག་པོའི་རོལ་རྩེད་འབུམ་ཕྲག་ཀུན། །

དུས་གཅིག་ངོམ་པའི་གནས་མཆོག་ཁྱད་པར་ཅན། །

མངོན་སུམ་མིག་གི་དགའ་སྟོན་གྱུར་པའི་སྐབས། །

ཡིད་ཀྱི་ཁྱེའུ་ཆུང་དགའ་བའི་གར་གྱིས་བྲེལ། །

མ་བཅོས་གླུ་འདི་མགྲིན་པའི་ལམ་ནས་རྡོལ། །

སྐྱབས་མཆོག་ཁྱེད་ཀྱིས་འགྲོ་ཁམས་མ་སྟོང་བར། །

ཕན་བདེའི་འཕྲིན་ལས་དུས་ལས་མི་ཡོལ་བའི། །

ཞལ་བཞེས་རྡོ་རྗེའི་དམ་བཅའ་བསྐུལ་ལགས་ན། །

རྟགས་དང་མཚན་མ་མྱུར་དུ་སྣང་བར་མཛོད། །

ཁྱད་པར་རང་རེ་ཁ་བ་ཅན་པ་ཡི། །

སྐྱབས་མགོན་མཆོག་དང་འབངས་མི་མཐའ་དག་ཀུན། །

མ་བགྲོས་བློ་སེམས་གཅིག་ཏུ་གྱུར་པའི་ངང་། །

ཉིན་མཚན་ཀུན་ཏུ་ཨོ་རྒྱན་རྗེས་དྲན་ནས། །

སྨྲེ་སྔགས་གདུང་ཡུས་དྲག་པོས་འབོད་པ་འདི། །

བརྩེ་ཆེན་ཁྱེད་ཀྱིས་བཏང་སྙོམས་འཇོག་ཕོད་དམ། །

ད་ནི་ཐུགས་རྗེ་ནུས་པའི་རྩལ་ཕྱུང་ལ། །

མོས་ལྡན་བདག་ལ་དབང་བསྐུར་བྱིན་གྱིས་རློབས། །

བསྟན་འཛིན་ཞབས་བརྟན་བསྟན་པ་ཕྱོགས་བཅུར་རྒྱས། །

འགྲོ་ཀུན་བདེ་ཞིང་ཆོས་ལ་སྤྱོད་པ་ཡི། །

རེ་འབྲས་མཐའ་དག་མངོན་དུ་འགྱུར་བར་མཛོད། །

ཅེས་གསུངས་སོ། །

མཚོ་པདྨ་ཅན་གྱི་མཚོ་དཀྱིལ་དུ་པདྨའི་སྡོང་པོ་ཞིག་ཡོད་ཅིང་། དེ་ནི་ཨོ་རྒྱན་པདྨས་མེ་དཔུང་གི་ཚོགས་ཐམས་ཅད་མཚོ་རུ་བསྒྱུར་རྗེས་གང་ཉིད་བཞུགས་སའི་པདྨའི་སྡོང་པོ་དེ་ཡིན་པར་གྲགས། ཆེ་ཆུང་ལ་མི་ཚད་ལོངས་པ་ཙམ་ཡོད་པ་དང་། ཆུའི་ཁ་ལ་གཡེང་བའི་ཆ་ཤས་ལ་བལྟས་ན་འདམ་རྩྭའི་ཕུང་པོ་ཞིག་ལ་མཚུངས་ངེ་བ་འདུག ས་གནས་དེ་གའི་མི་རྣམས་ཀྱིས་བཤད་པ་ལྟར་ན། པདྨའི་སྡོང་པོ་དེ་ཨོ་རྒྱན་པདྨའི་དུས་ཆེན་ཚེས་སྐབས་ཆུའི་ཁར་གཡེང་འོང་བ་ལས་ནམ་རྒྱུན་ཆུ་འོག་ཏུ་བྱིང་ནས་ཡོད་ཟེར།

ཆོས་ཀྱི་རྗེ་ཉིད་ཀྱིས་ཨོ་རྒྱན་སངས་རྒྱས་གཉིས་པ་ལ་གསོལ་བ་འདེབས་པའི་མགུར་མ་དེ་གསུང་སྐབས། པདྨའི་སྡོང་པོ་དེ་ཡ་མཚན་ཆེན་པོའི་སྒོ་ནས་ཆུ་ཁར་ལྡིང་སོང་བར་མ་ཟད། རྗེ་ཉིད་ཀྱི་སྐུ་མདུན་ལ་ཤར་གྱིས་སླེབས། རྗེ་ཉིད་ཀྱིས་རྡོ་རྗེའི་ཐོལ་གླུ་དེ་གསུང་བཞིན་པའི་ངང་ལ་པདྨའི་སྡོང་པོར་དར་ཁ་ཕུལ་ཞིང་། དེ་རྗེས། པདྨའི་སྡོང་པོ་དེ་སླར་ཡང་མཚོ་དཀྱིལ་དུ་དལ་གྱིས་ཕྱིར་སོང་། རྣམ་པ་འདི་མཐོང་བའི་མི་ཐམས་ཅད་ཡ་མ་མཚན་པ་གཅིག་ཀྱང་མི་འདུག

ཆོས་ཀྱི་རྗེ་ཉིད་ཀྱིས་གུ་རུ་པདྨ་འབྱུང་གནས་ཞིང་ཁམས་གང་ཞིག་ཏུ་བཞུགས་ཀྱང་། ཚིག་བདུན་གསོལ་འདེབས་ཀྱི་སྒོ་ནས་གསོལ་བ་བཏབ་མ་ཐག་ཁོང་མི་ཕེབས་པ་མི་སྲིད་ཅེས་ཁོ་བོ་ཅག་ལ་གསུངས་ནས། རྗེ་ཉིད་ཀྱིས་དབུ་དྲངས་ཏེ་ཚིག་བདུན་གསོལ་འདེབས་གསུངས་པ་དང་། བཟང་པོ་སྤྱོད་པའི་སྨོན་ལམ་ལ་བརྟེན་ནས་ཐུགས་བསྐྱེད་སྨོན་ལམ་ཟབ་རྒྱས་གནང་།

ཉིན་དེར་ཆོས་ཀྱི་རྗེ་ཉིད་ཀྱིས་ཐུགས་དགྱེས་ཚུལ་ཆེན་པོ་མཛད། ཁོང་གིས་གནས་སྐོར་བ་མང་པོ་སླེབས་འདུག་པ་གཟིགས་ནས་སྐུ་རང་མོས་ཀྱི་སྒོ་ནས། མཚོ་འདི་ལ་བྱིན་རླབས་ཤིན་ཏུ་ཆེན་པོ་ཡོད་པས་ང་ཚོས་པར་ཞིག་ལེན་དགོས་གསུངས་པའི་རྐྱེན་གྱིས། ཞལ་སློབ་ཐམས་ཅད་དགའ་མགུ་ཡི་རང་བར་གྱུར་ཏེ་མཚོ་ཁ་ནས་རྗེ་ཉིད་དང་མཉམ་དུ་པར་ཞིག་བླངས་པ་ཡིན།

དེ་ནུབ། ངེད་ཚོ་མཚོ་པདྨ་ཅན་གྱི་ཟུར་ལ་ཡོད་པའི་འགྲུལ་ཁང་ཞིག་ཏུ་བསྡད།

༡༩༩༠ ལོའི་ཟླ་༧ ཚེས་༢༨ །

ཞོགས་པར། རྗེ་ཉིད་ཀྱི་རིག་སྟོང་གི་ཀློང་ནས་གྲུབ་དབང་པད་ནོར་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས་ཐོལ་བྱུང་དུ་བརྡོལ་ཞིང་། དེ་ཕྱིས་སུ་རྣམ་གྲོལ་གླིང་གིས་ཁོང་རྣམ་པའི་ཞལ་འདོན་ནང་དུ་བསྒྲིགས་ནས་རྒྱུན་དུ་འདོན་གྱིན་འདུག།

ཉིན་དེར། རྗེ་ཉིད་ད་དུང་མཚོ་པདྨ་ཅན་གྱི་ཉེ་སར་བྲག་ཕུག་བྱིན་རླབས་ཅན་འགའ་ཡོད་པ་དེ་དག་ཏུ་ཕེབས། ཨོ་རྒྱན་སངས་རྒྱས་གཉིས་པ་སྒྲུབ་ཕུག་དེ་དག་ཏུ་མཚམས་ལ་བཞུགས་མྱོང་བར་མ་ཟད། མཁའ་འགྲོ་མ་མནྡ་ར་བའི་ཕྱག་རྗེས་སོགས་རྟེན་བྱིན་རླབས་ཅན་ཡང་འགའ་རེ་མཇལ་རྒྱུ་འདུག

གནས་གཟིགས་ཚར་རྗེས། ངེད་དཔོན་སློབ་རྣམས་སྤྱི་ལེ་༡༨༠ ལྷག་ལ་རླངས་འཁོར་དུ་བསྡད་དེ་མཚོ་པདྨ་ཅན་ནས་ཅན་དྷི་གྷར་ལ་སོང་ཞིང་། དེ་ནུབ་དེ་གར་ཞག་འདུག་བྱས།

༡༩༩༠ ལོའི་ཟླ་༧ ཚེས་༢༩ །

ཉིན་དེར། ཅན་དྷི་གྷར་ནས་རླངས་འཁོར་ལ་ཞུགས་ཏེ་སྤྱི་ལེ་༣༠༠ ལྷག་སོང་རྗེས་དྷི་ལི་གསར་པར་སླེབས། ལམ་ལ་ས་ཀོང་དང་རྡོ་འབུར་ཤིན་ཏུ་མང་བས་ཕར་གཡོ་ཚུར་སྐྱོམ་མང་པོ་བྱུང་། ཕལ་ཆེར་ཉིན་གང་བོར་རླངས་འཁོར་ལ་བསྡད་ནས་སོང་བས། རྗེ་ཉིད་དང་ངེད་སྐུ་འཁོར་ཚང་མ་ལ་ངལ་དུབ་ཆེན་མོ་བྱུང་ཞིང་། དེ་ནུབ་དྷི་ལི་གསར་པ་ལ་བཞུགས་གདན་འཇགས།

སྐབས་ལ་ལར་རྗེ་ཉིད་ཀྱིས་བསྟན་པ་དང་སེམས་ཅན་གྱི་དོན་དུ་སྐུ་ན་བགྲེས་པ་ལ་གང་ཡང་མ་འཛེམ་པར། ཕྱོགས་སོ་སོར་ཕེབས་ནས་འགྲོ་དོན་མཛད་པ་ལ་ཡིད་ཤིན་ཏུ་འགུལ་བ་བྱུང་། ཁྱད་པར་དུ་རྗེ་ཉིད་ཀྱིས་ཆོས་གསུངས་པ་ལ་བརྟེན་ནས་སེམས་ཅན་ཆེས་མང་པོ་ལ་ཕན་བཏགས་པ་དང་། ཐ་ན་ཁོང་གི་ཞལ་མཚར་རེ་རེ་དང་སྐུའི་རྣམ་འགྱུར་རེ་རེས་མི་མང་པོའི་སེམས་ཀྱི་མདུད་པ་ལྷག་མེད་དུ་དཀྲོལ་ཞིང་། མི་ཚེའི་ལས་དབང་ལ་བསྒྱུར་བཅོས་ཐེབས་པ་ལ་སོགས་པའི་མཛད་པ་མཐོང་ཐེངས་རེར། ངའི་སེམས་སུ་མོས་གུས་འགྲན་དུ་མེད་པ་འགོག་མེད་དུ་སྐྱེས། མོས་གུས་དེ་གནས་སྐབས་ཀྱི་དགའ་ཚོར་ཙམ་ནི་ཅི་ལ་ཡིན་ཏེ། ལོ་མང་པོའི་རིང་། རྗེ་ཉིད་ཀྱིས་རྣམ་པ་ཇི་ལྟ་བུ་ཞིག་གི་ཚུལ་མཛད་ཀྱང་། ང་ལ་ལོག་པར་རྟོག་པའི་བསམ་པ་ནམ་ཡང་སྐྱེ་མ་མྱོང་།

༡༩༩༠ ལོའི་ཟླ་༧ ཚེས་༣༠ །

དྷི་ལི་གསར་པ་ནས་གནམ་གྲུར་བཞུགས་ཏེ་རྡོག་ཐོན་མཛད་ཅིང་། ཆུ་ཚོད་གཉིས་ལྷག་ལ་འཕུར་རྗེས། རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་མན་སོར་(Mysore)ལ་ཞབས་པད་བཀོད།

གྲོང་ཁྱེར་མན་སོར་གྱི་གནམ་ཐང་ཤིན་ཏུ་ཆུང་ཞིང་གནམ་གྲུ་ཡང་ཤིན་ཏུ་ཆུང་བ་དང་། འཕུར་རེས་ཀྱང་ཉིན་ཐམས་ཅད་ལ་མེད་པར་འདུག་ཀྱང་། ཉིན་དེར་སྟབས་ལེགས་པར་གནམ་གྲུ་འཕུར་རེས་ཡོད་པ་ཞིག་ལ་ཁེལ་བྱུང་།

ནུབ་ཕྱོགས་རྒྱལ་ཁབ་ལ་ལའི་མཁའ་ཞབས་མ་ཕལ་མོ་ཆེ་དར་མ་ཡིན་པ་དང་མི་འདྲ་བར། རྒྱ་གར་མཁའ་བསྐྱོད་ཀྱི་མགྲོན་ཞབས་པ་ཚང་མ་གཞོན་ནུ་ཤ་སྟག་ཏུ་སྣང་། གནམ་གྲུའི་ནང་དུ་མངར་ཟས་དང་། འབྲས་ཆན། གོར་སོབ། སྔོ་ཚལ་སོགས་སྤྲད་རྒྱུ་འདུག་པས། རྗེ་ཉིད་ཀྱིས་འབྲས་ཆན་ཉུང་ཟད་གསོལ་བ་དང་། སྣུམ་སེར་ལ་སྤགས་ནས་གོར་སོབ་རེ་གཉིས་གསོལ། རྗེ་ཉིད་གོར་སོབ་བཞེས་རྒྱུར་ཐུགས་མོས་འདུག་པ་མཐོང་བས། ངས་མཁའ་ཞབས་མ་ལ་གོར་སོབ་ལྷག་མ་གཉིས་གསུམ་བྱིན་རོགས་ཞེས་སྨྲས། གནམ་གྲུའི་ནང་ནས་སྤྲད་པའི་བཏུང་བ་ལ། ཚིག་ཇ་ཁོ་ན་མ་གཏོགས་བཏུང་བ་གཞན་ཕལ་ཆེར་རྗེ་ཉིད་ཀྱི་ཐུགས་ལ་འཕྲོད་པར་འདུག

དེ་ནུབ་མན་སོར་ལ་ཞལ་བཞུགས་མཛད། མན་སོར་ནི་གནའ་བོའི་རྒྱ་གར་གྱི་མན་སོར་རྒྱལ་རབས་ཀྱི་རྒྱལ་ས་ཡིན་ཞིང་། རིག་གནས་ཤུལ་བཞག་དང་ལྷ་ཁང་སོགས་མང་པོ་འདུག རྗེ་ཉིད་བཞུགས་གདན་ལེགས་པོར་འཇགས་རྗེས། ངེད་སྐུ་འཁོར་རྣམས་གྲོང་ཁྱེར་དེའི་ནང་ལ་ལྟད་མོ་བལྟ་རུ་ཁྱུག་ཙམ་སོང་བ་ཡིན།

༡༩༩༠ ལོའི་ཟླ་༧ ཚེས་༣༡ །

ཞོགས་པ་སྔ་མོར་མན་སོར་ནས་ཕེབས་ཐོན་གྱིས་སྤྱི་ལེ་༡༠༠ ལྷག་ཏུ་རླངས་འཁོར་ལ་བསྡད་ནས་བྷ་ལེ་ཁོ་པེ་(Bylakuppe)ལ་འབྱོར། གྲོང་ཚོ་འདི་ནི་རྒྱ་གར་ལྷོ་ཕྱོགས་ཀྱི་བོད་རིགས་འདུས་སྡོད་ས་ཁུལ་ཆེ་ཤོས་ཡིན་པར་འདུག་ཅིང་། ཉེ་འཁོར་ལ་བོད་པ་ཁྲི་གཅིག་ཡོད་པ་དང་། དེའི་ནང་ལ་དགེ་འདུན་པ་སྟོང་གསུམ་ལྷག་ཡོད་པར་བཤད།

གྲུབ་དབང་པད་ནོར་རིན་པོ་ཆེས་ཕྱག་བཏབ་པའི་རྣམ་གྲོལ་གླིང་(Namdroling Monastery)ཡང་གྲོང་ཚོ་འདིའི་ནང་དུ་ཆགས་ཡོད། ཁོང་ནི་རྙིང་མ་བའི་སྐབས་གསུམ་པའི་ཁྲི་འཛིན་ཡིན་པ་དང་། དགོན་པ་འདི་༡༩༦༠ ལོར་ཕྱག་བཏབ་ནས་རྙིང་མ་བའི་དགོན་པ་གཞི་རྒྱ་ཆེ་ཤོས་རྣམས་ཀྱི་ཡ་གྱལ་ཞིག་ཏུ་གྱུར་ཡོད། ཐེངས་འདིར་རྗེ་ཉིད་གཙོ་ཆེར་གྲུབ་དབང་པད་ནོར་རིན་པོ་ཆེས་གདན་ཞུས་མཛད་པ་ལྟར། རྣམ་གྲོལ་གླིང་དུ་བཀའ་ཆོས་གསུང་བར་ཕེབས་པ་རེད།

ཆོས་ཀྱི་རྗེ་ཉིད་ཕེབས་པ་ན། གྲུབ་དབང་པད་ནོར་རིན་པོ་ཆེས་གཙོ་བྱས་པའི་རྙིང་མ་དང་། དགེ་ལུགས། ས་སྐྱ་སོགས་གྲུབ་མཐའ་སོ་སོའི་མཁན་སྤྲུལ་དགེ་བའི་བཤེས་གཉེན་རྣམ་པ་དང་དགེ་འདུན་པ་སྟོང་ཕྲག་ལྷག་གིས། ངུར་སྨྲིག་གི་ཆོས་གོས་སེར་པོ་གསོལ་བ་དང་བཅས། སེར་ཕྲེང་བསྒྲིགས་ནས་ཕེབས་བསུ་རྒྱ་ཆེན་མོ་ཞུས། དེ་ནས་བོད་བརྒྱུད་ནང་བསྟན་གྱི་ལུགས་སྲོལ་བཞིན། དགེ་འདུན་པ་རྣམས་ཀྱིས་གདུགས་ཕུབ་ཅིང་རྔ་གླིང་རོལ་མོ་དང་བཅས་ཏེ་རྗེ་ཉིད་གཙུག་ལག་ཁང་གི་ཆོས་ཁྲི་མཐོ་ཤོས་ཀྱི་ཡང་སྟེང་དུ་གདན་དྲངས་པ་དང་ཆབས་གཅིག རྟེན་གསུམ་མཎྜལ་གྱི་འདེགས་འབུལ་མཛད། རྗེ་ཉིད་ཀྱིས་འབུལ་བ་རེ་རེ་བཞིན་བཞེས་རྗེས། གསོལ་ཚིགས་གསར་པ་ཕུལ་བ་བཞེས་ཤིང་། དེ་ནས་ཞལ་འདོན་ཁ་ཤས་གསུངས་ཏེ་གཟིམ་ཤག་ཏུ་སྐུ་མལ་བསྟེན།

རྗེ་ཉིད་བརྩེགས་གཉིས་པའི་སྐུ་མགྲོན་ཤག་ཏུ་བཀོད་སྒྲིག་བྱས་ཤིང་། ངེད་ཞབས་འབྲིང་བ་རྣམས་བརྩེགས་དང་པོའི་མཐོ་རིམ་གྲྭ་ཤག་ནང་དུ་བསྡད། ཁང་པ་ཐམས་ཅད་ཀྱི་ནང་དུ་རླུང་འཁོར་འདུག་ཅིང་། དེ་རྗེས་ཀྱི་ཟླ་བ་གསུམ་ཙམ་གྱི་རིང་ལ་ངེད་ཅག་འདིར་བསྡད་པ་ཡིན།

རྗེ་ཉིད་ཀྱི་གསོལ་བ་ཚང་མ་ཐུགས་ལ་འཕྲོད་མོ་ཡོང་བའི་ཕྱིར་དུ། གྲུབ་དབང་པད་ནོར་རིན་པོ་ཆེས་ངེད་ཅག་ལ་ཆེད་གཉེར་གྱིས་གྲྭ་པ་འགའ་བཀོད་སྒྲིག་མཛད་ནས་ཟ་མ་བཟོ་རུ་བཅུག དེ་དུས་སློབ་གླིང་དེར་ཆ་རྐྱེན་བཟང་པོ་མེད་ཅིང་། བོད་ཡུལ་གྱི་དགེ་འདུན་པ་རྣམས་ཀྱི་འཚོ་བ་ལ་ཁྱིམ་ཚང་ནས་རྒྱབ་སྐྱོར་ཡོད་པ་དང་མི་འདྲ་བར། དགོན་པ་འདིའི་དགེ་འདུན་པ་སྟོང་ཕྲག་ལྷག་གི་འཚོ་བ་ཐམས་ཅད། གྲུབ་དབང་པད་ནོར་རིན་པོ་ཆེ་གཅིག་པུ་ལ་བརྟེན་ནས་རྒྱུན་སྐྱོང་དགོས། རྒྱ་གར་གྱི་དཔལ་འབྱོར་གནས་སྟངས་ཡག་པོ་མེད་པའི་རྒྱུ་མཚན་གྱིས། དགེ་འདུན་པ་རྣམས་ལ་འཚོ་བཅུད་ལྡན་པའི་གསོལ་བ་ཅུང་ཟད་དཀོན་ཞིང་། ཉིན་རེའི་ཞོགས་པར་མངར་ཇ་ཕོར་གང་དང་རྒྱ་གར་ཆུར་བ། བག་ལེབ་ཁ་ཤས་ལས་མི་གསོལ། ཉིན་གུང་འབྲས་དང་ཚོད་མ་སྟབས་བདེ་བ་ཞིག་དང་། དགོང་མོར་འབྲས་ཁུ་ཅུང་ཟད་ལས་མེད་པར་འདུག

ངེད་ཅག་ལ་བཟོས་པའི་ཟ་མ་ཁོང་རྣམས་ལས་ཅུང་ཟད་ལེགས་ཀྱང་ལེགས་རྒྱུ་ཆེན་པོ་ནི་མེད། ང་ཚོ་བོད་ལ་ཡོད་དུས་རྒྱ་གར་འཕགས་པའི་ཡུལ་ནི་ལྷ་ཡུལ་ཞིག་དང་འདྲ་བར་བསམས་ཀྱང་། དེར་ཕྱིན་རྗེས་ཚ་གདུག་ཤིན་ཏུ་ཆེ་བ་ད་གདོད་ཤེས་ཤིང་། ང་ཚོས་བོད་ནས་ཁྱེར་ཡོང་བའི་མར་རྩམ་ཐམས་ཅད་འཕྲལ་དུ་རུལ་ནས་བཟའ་མི་རུང་བར་གྱུར། དེའི་སྟེང་དུ་རྒྱ་གར་གྱི་ཟ་མའི་ནང་ལ་བྲོ་རྫས་མང་པོ་དགོས་པར་འདུག་པས། རྗེ་ཉིད་དེ་དག་ལ་འཕྲལ་དུ་ཆེར་མ་འཕྲོད་པའི་སྟབས་ཀྱིས། ཉིན་རེ་ཉུང་ངུ་ཙམ་ལས་མི་གསོལ།

རྗེ་ཉིད་ལ་གསོལ་བ་བཟོ་བའི་གྲྭ་པ་དེས་བོད་ཡུལ་ནས་རྒྱུན་དུ་བཟོ་བའི་བྲོ་ཐུག་དེ་འདྲ་བཟོ་ཤེས་ཀྱི་ཡོད་ཀྱང་། རྗེ་ཉིད་ཀྱིས་ཆེར་མི་གསོལ། ངེད་ཚོ་རྗེ་ཉིད་ཀྱི་སྐུ་ལུས་ཀྱི་བདེ་ཐང་ལ་སེམས་ཁྲལ་ཆེན་མོ་ལངས་ནས། མཚམས་ལ་ལར་ལྐོག་ཏུ་ཕྱི་རོལ་ལ་རྒྱ་གར་གྱི་སྲན་སྐུད་ཉོ་བར་སོང་ཞིང་། དེས་ནང་སྙིང་བྱས་ཏེ་བཟོས་པའི་ཕོ་ལོག་ལ་རྗེ་ཉིད་ཀྱིས་ཐུགས་དགྱེས་དགྱེས་མཛད་པའི་རྐྱེན་གྱིས། ད་ལྟ་སྲན་སྐུད་ཀྱིས་ནང་སྙིང་བྱས་ཏེ་བཟོས་པའི་ཕོ་ལོག་རེ་མཐོང་སྐབས། ལོ་དེའི་རྣམ་པ་མ་ལུས་པ་སེམས་ལ་འགོག་མེད་དུ་ཁྲ་ལམ་མེར་འཆར་ཡོང་བར་འདུག

སློབ་གླིང་གི་ཉེ་འཁོར་ལ་གསེར་རྟ་ནས་སླེབས་པའི་དུད་ཚང་ཞིག་ཡོད་པ་དེས་བ་ལང་འཚོས་ཡོད་པས། ཁོ་ཚོས་ཉི་མ་རེ་རེ་ལ་མར་དང་ཞོ་གསར་པ་ཁྱེར་ནས་རྗེ་ཉིད་ལ་འབུལ་གྱི་ཡོད། གྲུབ་དབང་པད་ནོར་རིན་པོ་ཆེའི་བླ་བྲང་ན་ཡང་བ་མོ་ཚགས་འདུག་པ་དང་། རྒྱུན་དུ་མར་ཆུར་རྩམ་པ་སོགས་འཁྱེར་ཡོང་གི་ཡོད་ཀྱང་། རྒྱ་གར་གྱི་བ་མོ་དེ་ཚོ་བོད་ཀྱི་ནོར་དང་མི་འདྲ་བར་མ་ཟད་མར་གྱི་བྲོ་བ་ལ་ཡང་ཁྱད་པར་ཆེན་པོ་འདུག རྒྱ་གར་གྱི་རྩམ་པ་ཡང་བོད་ཡུལ་གྱི་རྩམ་པ་དང་མི་འདྲ་བར། བཟའ་བའི་དུས་སུ་གྲོ་ཕྱེ་དང་འདྲ་སེ་བ་ཞིག་རེད། ཞོ་དག་ནི་ཚ་བ་ཤིན་ཏུ་ཆེ་བ་དང་འཁྱག་སྒམ་མེད་པའི་རྒྱུ་མཚན་གྱིས་ཕྱིར་ཉིན་ནས་རུལ་འགྲོ་བས། རྗེ་ཉིད་ཀྱིས་གསོལ་བ་ལེགས་པོ་གསོལ་རྒྱུ་ཆེར་མི་ཡོང་ཞིང་། དེའི་སྟེང་དུ་མཛད་རིམ་ཁག་གཅིག་རྗེས་གཉིས་མཐུད་ཀྱིས་མང་ཙམ་བསྒྲིགས་ཡོད་པ་དང། རྗེ་ཉིད་བཀའ་ཆོས་གསུང་བར་ཕྱོགས་མང་པོ་ལ་ཕེབས་དགོས་པས། དུས་སྐབས་ཤིག་གི་རྗེས་སུ་རྗེ་ཉིད་ཀྱི་སྐུ་ཤ་ཇེ་ཞན་དུ་གྱུར་སོང་།

༡༩༩༠ ལོའི་ཟླ་༨ ཚེས་༡ །

ཆོས་ཀྱི་རྗེ་ཉིད་ལ་འདུས་མང་བྱིངས་ཀྱིས་བསྐུལ་མ་ཞུས་པ་ལྟར། གྲུབ་དབང་པད་ནོར་རིན་པོ་ཆེ་དང་རྣམ་གྲོལ་གླིང་། རྣམ་གྲོལ་གླིང་གི་བཤད་གྲྭ་བཅས་ཀྱི་དགེ་འདུན་པ་སྟོང་ཕྲག་ལྷག་ལ་འཇལ་དཔལ་རྒྱུད་ལུགས་ཀྱི་བཀའ་དབང་ཟབ་མོ་བསྩལ། དབང་འདིའི་ཆོག་འགྲིག་དང་སྒྲུབ་ཐབས་སོགས་ནི་འཇམ་མགོན་བླ་མ་མི་ཕམ་རིན་པོ་ཆེའི་ཞལ་སྔ་ནས་མཛད་ཅིང་། བསྟན་པ་ཡང་དར་གྱི་དུས་སུ་རྗེ་ཉིད་ཀྱིས་ཙིཏྟ་མ་ཎི་ནས་གསུངས་པའི་བཀའ་དབང་ཐོག་མ་ཡང་འཇམ་དཔལ་རྒྱུད་ལུགས་འདི་རེད།

རྒྱུན་ལྡན་གྱི་དབང་ཆོག་མཐའ་དག་རྗེ་ཉིད་ཀྱི་ཐུགས་ལ་ཤར་མར་ཡོད་ཀྱང་། དབང་ཆེན་རྣམས་ཀྱི་དབང་ཆོག་དག་ལ་སྔ་ཕྱིའི་གོ་རིམ་མི་འདྲ་བ་ཡོད་པར་མ་ཟད། རྗེ་ཉིད་ཀྱིས་ཡི་གེ་མི་གཟིགས་པའི་ཚུལ་མཛད་པའི་རྐྱེན་གྱིས་ངས་སྔ་ས་ནས་སྒྲ་ལེན་པའི་ཞབས་ཕྱི་ཞུ་དགོས།

ངས་སྔར་འཇམ་དཔལ་རྒྱུད་ལུགས་ཀྱི་དབང་ཞུ་མྱོང་ཡང་། དེ་དུས་ཚོགས་མང་དང་མཉམ་དུ་རྗེས་ཟློས་བྱེད་པ་ཙམ་ལས། ཆོ་གའི་སྔ་ཕྱིའི་གོ་རིམ་ལ་རྒྱུས་ཆེན་མོ་མེད། བྱ་བ་འགག་ལ་ཐུག་པའི་དུས་སུ་སྤོབས་པ་ཆེར་བསྐྱེད་ཀྱིས་རྗེ་ཉིད་ལ་བཀའ་འདྲི་མི་ཞུ་ཐབས་མེད་དུ་གྱུར། སྔ་ཕྱིའི་གོ་རིམ་མཐའ་དག་ཞིབ་མོའི་སྒོ་ནས་བཀའ་འདྲི་ཞུས་ཚར་རྗེས། གཟོད་ཕྱིར་ལོག་སྟེ་སྒྲ་ལེགས་པོ་རེ་ཨེ་ཡོང་བལྟས་ནས་བླངས་པ་ཡིན།

རྗེ་ཉིད་ཀྱིས་བཀའ་དབང་གནང་ཚར་རྗེས། ཞལ་ནས། འཇམ་དཔལ་རྒྱུད་ལུགས་ཀྱི་ཆོ་ག་འདི་བྱིན་རླབས་ཤིན་ཏུ་ཆེ་ཞིང། ངེད་ཅག་གིས་ཀྱང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་བཙུགས་པ་ནས་བཟུང་ད་བར་དུ་ཟླ་རེའི་ཚེས་བཅུའི་དུས་སུ་ཚོགས་འཁོར་ལ་བརྟེན་ནས་འཇམ་དཔལ་རྒྱུད་ལུགས་ཀྱི་ཆོ་ག་འདི་རྒྱུན་མ་ཆད་པར་འདོན་བཞིན་ཡོད། དེའི་ཕྱིར་ན་རྣམ་གྲོལ་གླིང་དང་རྣམ་གྲོལ་གླིང་གི་བཤད་གྲྭ་ཡིན་ན་འདྲ། མི་སྒེར་སོགས་སུ་ཡིན་རུང་ཐམས་ཅད་ཀྱིས་ཕྱིན་ཆོད་ཆོས་འདི་ཉམས་སུ་ལེན་པའི་རེ་བ་ཤིན་ཏུ་ཆེན་པོ་ཡོད་ཅེས་འདུས་པ་ཡོངས་ལ་བཀའ་ཕེབས་སོང་བ་ཡང་དྲན་གྱི་འདུག་གོ །

༡༩༩༠ ལོའི་ཟླ་༨ ཚེས་༢ །

ཆོས་ཀྱི་རྗེ་ཉིད་ཀྱིས་དེ་སྔོན་རྒྱ་མཚོ་ལ་གཟིགས་མོ་མཛད་མ་མྱོང་བའི་རྐྱེན་གྱིས་མཚོ་གཟིགས་ལ་ཕེབས་འདོད་ཡོད་པར་བརྟེན། ངེད་སྐུ་འཁོར་དང་བཅས་སྤྱི་ལེ་༡༧༠ ལྷག་ལ་རླངས་འཁོར་དུ་བཞུགས་ནས་གྲོང་ཁྱེར་མང་གྷ་ལི་རུ་(Mangaluru)ལ་ཕེབས། གྲོང་ཁྱེར་འདི་ནི་རྣམ་གྲོལ་གླིང་ལ་ཉེ་ཤོས་ཀྱི་རྒྱ་མཚོའི་གྲོང་ཁྱེར་ཞིག་ཡིན་པ་དང་། ཧིན་རྡུ་རྒྱ་མཚོ་ལ་འདབས་འབྲེལ་ནས་ཡོད། ཉིན་དེར་ངེད་ཅག་དང་མཉམ་དུ་ཡོང་བ་ལ་ད་དུང་རླངས་འཁོར་གཞན་གསུམ་ཡོད།

རྒྱ་མཚོའི་འགྲམ་དུ་ཞབས་སོར་འཁོད་པ་ན། རྗེ་ཉིད་ཀྱིས་ཐུགས་དགྱེས་ཚུལ་ཆེན་པོ་མཛད་དེ། དབང་སྡུད་གསོལ་འདེབས་ཚར་འགའ་གསུངས་ཚར་རྗེས་ཤམ་ཐབས་ཕྱག་གིས་བརྫིས་ནས་ཞབས་རྗེན་མར་རྒྱ་མཚོའི་ཆུ་རུ་ཞུགས་ཏེ། ཞལ་ནས། འདུལ་བ་ལུང་ལས་རྒྱ་མཚོའི་ཆུ་བ་ཚྭ་ཅན་ཡིན་པས་འཐུང་མི་རུང་གསུངས་པ་ལ། དེ་རིང་ངས་ཚོད་ལྟ་ཞིག་དགོས་གསུངས་ནས། ཕྱག་གིས་ཆུ་ཁྱོར་བ་གང་བཅུས་ནས་ཞལ་གྱིས་བཞེས་པར་མཛད་ཅིང་། ཉེ་ཟུར་གྱི་ཞལ་སློབ་རྣམ་པས་མཐོང་རྗེས། འཕྲལ་དུ་མིད་མི་རུང་བའི་དྲན་སྐུལ་ཞུས།

ངས་ཀྱང་ཚེ་འདིར་རྒྱ་མཚོ་མཐོང་བའི་ཐོག་མ་ཡིན་པས། མཚོ་འགྲམ་ནས་ཁ་ཏོན་རེ་བཏོན་ཏེ་པར་བླངས་ཤིང་། སྣང་བ་ཤིན་ཏུ་སྐྱིད་པོ་བྱུང་། འོན་ཀྱང་ཧིན་རྡུ་རྒྱ་མཚོའི་ཆུ་ནི་དེ་ཙམ་སྔོན་པོ་མིན་ཏེ། ཕྱིས་སུ་ང་རང་སིང་གྷ་ཕོར་དང་ཁེ་ན་ཏ། ཨ་མེ་རི་ཁ་བཅས་ལ་འགྲོ་སྐབས། ཆུ་ཤེལ་སྔོན་པོ་ཆེན་པོ་ཞིག་དང་སྒོ་ཀུན་ནས་མཚུངས་པའི་རྒྱ་མཚོའི་ཆུ་ཤིན་ཏུ་དྭངས་པ་མཐོང་། རྒྱ་མཚོ་དེ་དག་ཤིན་ཏུ་ལྟ་ན་སྡུག་ཀྱང་། ཐེངས་འདིར་མཚོ་གཟིགས་ལ་སོང་བ་ལྟ་བུའི་བག་ཆགས་ཟབ་མོ་ཞིག་ནི་གང་གིས་ཀྱང་མ་བཞག འདི་ནི་ངས་རྒྱ་མཚོ་མཐོང་བའི་ཐོག་མ་ཡིན་པའི་རྐྱེན་གྱིས་ཡིན་ན་ཐང་ཞིང་། གཅིག་བྱས་ན་རྗེ་ཉིད་དང་མཉམ་དུ་སོང་བའི་རྐྱེན་གྱིས་ཡིན་ཡང་སྲིད། ཕྱིས་སུ་རྒྱ་མཚོ་མཐོང་བའི་སྐབས་ཐམས་ཅད་ལ་ལོ་དེའི་རྣམ་པ་མ་ལུས་པ་ཡིད་ངོ་ལ་གསལ་བོར་འཆར་འོང་གི་འདུག

མཚོ་གྲམ་གྱི་ཐོག་ལ་ཉ་པ་ཁ་ཤས་བསྡད་འདུག་ཅིང་། ངེད་ཚོས་གྲྭ་ཆས་དམར་པོ་གྱོན་འདུག་པ་མཐོང་ནས་ཡ་མཚར་བའི་ངང་ཚུར་ཐོན་འོང་ཞིང་། ཁོ་ཚོས་འགྲོ་ཞོར་དུ་ཉ་རེ་བཟུང་ནས་བཟའ་བཞིན་འདུག་པས། ངེད་ཅག་དང་པོར་ཤིན་ཏུ་དགའ་ནས་བསྡད་ཡོད་པ་ལ་རྣམ་པ་དེ་མཐོང་རྗེས། དགའ་བའི་སྣང་བ་འཕྲལ་དུ་མེད་པར་བྱས། རྗེ་ཉིད་ཀྱི་ཞལ་ནས། མཚོ་འགྲམ་ལ་བསྡད་ཡོད་པའི་ཉ་པ་འདི་ཚོ་ཤིན་ཏུ་སྙིང་རེ་རྗེ། ཁོ་ཚོས་ཉ་ལས་གཞན་པའི་ཁ་ཟས་ཅི་ཡང་མི་ལོན། མི་ཚེ་གཅིག་གི་ནང་ལ་ཉ་ཅི་འདྲ་མང་པོ་གསོད་དགོས་རྒྱུ་རེད། ཕྱིས་སུ་ལས་ཀྱི་འབྲས་བུ་རྣམ་པར་སྨིན་འོང་བའི་སྐབས་སུ་ནི་སུ་ཞིག་གིས་ཟློག་ནུས་གསུངས།

དེ་རྗེས། ངེད་ཅག་རྣམ་གྲོལ་གླིང་ལ་ཕྱིར་ལོག

ཉིན་དེར། མི་ཞིག་གིས་རྗེ་ཉིད་ལ་ཁྱི་གུ་ཞིག་ཕུལ། བོད་ལ་བཞུགས་དུས་ནས་རྗེ་ཉིད་ཁྱི་ལ་ལྷག་པར་ཐུགས་དགྱེས་པ་དང། རྗེ་ཉིད་རི་བོ་རྩེ་ལྔར་འབྱོན་སྐབས་ཀྱང་ཁྱི་མང་པོ་ཁྲིད་ཡོད། ལམ་ནས་གནམ་གྲུ་ལ་བཞུགས་སྐབས་ཁྱི་དེ་དག་མཁའ་བསྐྱོད་སྒམ་གྱི་ནང་ནས་མངག་སྐྱེལ་བྱེད་པ་ལས་ཐབས་མེད་པས། རྗེ་ཉིད་ཀྱིས་ཁྱི་དེ་དག་ལ་རྨས་སྐྱོན་ཕོག་ཨེ་འགྲོ་དགོངས་ཏེ། ཐུགས་ཁྲལ་གནང་པའི་རྐྱེན་གྱིས་མཚན་མོ་གཟིམ་མི་ཟིན་པ་ཡང་འོང་།

ཕྱི་རྒྱལ་ལ་ཕེབས་ཐེངས་འདིར་རྗེ་ཉིད་ཀྱིས་ཁྱི་གཅིག་ཀྱང་ཁྲིད་མེད། མི་ཞིག་གིས་རྗེ་ཉིད་ཁྱི་ལ་ཐུགས་དགྱེས་པ་ཤེས་ནས་ཆེད་གཉེར་གྱིས་ཁྱི་གུ་ཞིག་ཕུལ། ཁྱི་གུ་དེ་གཟུགས་ཆུང་ཞིང་ཇེ་ཆེར་འཚར་ལོང་འབྱུང་རྒྱུ་མེད་པ་དང་། བློ་ཤིན་ཏུ་གྲུང་ལ་བདག་པོའི་ངོ་ཤེས་ཤིང་ཁ་ལ་ཉན་པར་མ་ཟད་གཙང་སྦྲ་ཡང་ཆེ། རྗེ་ཉིད་ཀྱིས་དེ་ལ་པོའུ་ཁཱོ་ཟེར་བའི་མིང་བཏགས། དེ་ནི་སྤྲེའུ་དོན་རྟོགས་བྱ་བའི་དོན་རེད། ནུབ་བསྐྱོད་སྒྲུང་ཡིག་ལས་ཐང་ཟན་བླ་མ་རྒྱ་གར་ལ་ཆོས་ཞུ་རུ་འགྲོ་སྐབས། སྤྲེའུ་དོན་རྟོགས་ནི་མཐུན་རྐྱེན་མ་ལུས་པ་སྒྲུབ་པའི་འཁྲབ་གཟུགས་ཤིག་གི་ཚུལ་དུ་ཡོད་པས། ཁྱི་གུ་འདི་ལ་ཡང་འགལ་རྐྱེན་སྲུང་བའི་དོན་གྱི་རྟེན་འབྲེལ་ཡོད་ཅེས་རྗེ་ཉིད་ཀྱི་ཞལ་ལས་གསུངས།

ཕྱིས་སུ་རྗེ་ཉིད་རྒྱ་གར་ནས་ས་ཆ་གང་ཞིག་ལ་ཕེབས་ཀྱང་པོའུ་ཁཱོ་འབྲལ་མེད་དུ་ཁྲིད་བཞིན་ཡོད་ཅིང་། ཚ་བ་ཇི་ལྟར་ཆེ་ཡང་རྗེའི་སྐུ་རུམ་ལ་པང་གིན་ཡོད་པའི་སྟབས་ཀྱིས། མཇལ་འཕྲད་གལ་ཆེན་སོགས་སྐབས་མང་པོར་པོའུ་ཁཱོའི་ཞལ་རེ་ཆོས་རྗེའི་པང་ནས་ཕྱིར་མངོན་འོང་བ་ཞིག་ཡོད་དར། ངེད་སྐུ་འཁོར་ཚང་མས་ཁྱི་གུ་དེ་ལ་དག་སྣང་སྒོམ་བཞིན་ཡོད་ཀྱང་། ངོ་གཏན་ནས་མི་ཤེས་པའི་མི་དང་ཁྱད་པར་དུ་གྲུབ་མཐའ་གཞན་གྱི་མཁན་སྤྲུལ་དགེ་བའི་བཤེས་གཉེན་འགའ་རེས། བླ་མ་བླ་ཆེན་འདི་འདྲ་ཞིག་གིས་ཁྱི་གུ་ཞིག་ཁྲིད་ནས་འདུག་པ་མཐོང་དུས། མཚམས་ལ་ལར་གོ་བ་མི་ལོན་པའི་རྣམ་འགྱུར་འགའ་རེ་ཡང་སྟོན་འོང་བར་གདའ།

མཚན་མོར་པོའུ་ཁཱོ་རྗེ་ཉིད་དང་མཉམ་དུ་གཟིམ་ཞིང་། རྗེ་ཉིད་མ་གཏོགས་སུ་གཅིག་གི་པང་ལ་མི་འདུག ནམ་རྒྱུན་ཁ་ལ་ཉན་ཞིང་གང་སར་མི་གཙང་བ་མི་གཏོང་བས་ཤིན་ཏུ་སྙིང་རྗེ་མོ་ཡོད། ཡིན་ཡང་ཐེངས་ཤིག་ལ། རྗེ་ཉིད་དགོན་པ་ཞིག་གི་ནང་ལ་བཀའ་ཆོས་གསུང་བར་གདན་འདྲེན་ཞུས་ནས་ཆོས་གསུང་སྐབས། དགེ་བཤེས་ཤིག་པོའུ་ཁཱོ་ལ་སུན་སྣང་ཆེན་པོ་སྐྱེས་ནས། ངོ་གདོང་ལས་ཡི་མ་རང་བའི་རྣམ་པ་མང་པོ་བསྟན། བསམ་ཡུལ་ལས་འདས་པ་ཞིག་ལ། པོའུ་ཁཱོ་རྐང་བཙུགས་ནས་དགེ་བཤེས་དེའི་སྔོན་ལ་བརྒྱུགས་ཏེ་གཅིན་པ་བཏང་། ང་ཚོས་ཧང་སངས་དགོས་པའི་བྱ་བ་དེ་མཐོང་ནས་སྐྱི་བུང་ངེ་བ་བྱུང་ཞིང་། དེ་ནས་བཟུང་པོའུ་ཁཱོ་ལ་མཐོང་ཆུང་རྩ་བ་ནས་བྱེད་མི་ཕོད་པར་གྱུར།

རྗེ་ཉིད་ཀྱི་སྐུ་དྲུང་དུ་ཡོད་པའི་ཁྱི་དེ་དག་ལ་ལོ་རྒྱུས་ཡ་མཚན་པ་མང་པོ་བཤད་རྒྱུ་ཡོད་པ་ལས། མཚན་གཞི་ཞིག་དཔེར་བཀོད་ན། ནེའུ་ལེ་ཟེར་བའི་ཁྱི་ཆེན་པོ་ཞིག་ཡོད་པ་དེ། རྗེ་ཉིད་ཀྱིས་ཆོས་ཁྲིད་ནམ་གསུང་གི་དུས་སུ་ཆོས་ཁྲིར་འཛེགས་ནས། རྗེ་ཉིད་ཀྱི་སྐུ་འཁྲིས་སུ་ཉལ་བ་ལས་གང་བྱུང་དུ་འགྲོ་རྒྱུག་གཏན་ནས་མི་བྱེད། རྗེ་ཉིད་ཀྱིས་ཆོས་ཁྲིད་གསུངས་ཚར་རྗེས། གཟོད་མགོ་ཡར་བཀྱགས་ནས་ཆོས་ཁྲི་ལས་བབས་ཏེ་ཕྱིར་ལོག་འགྲོ་བ་ཡོད།

མི་ལ་ལ་ཡིད་མི་ཆེས་ན་ཐང་ཡང་། འདི་ནི་ངས་མིག་གིས་དངོས་སུ་མཐོང་བ་ཁོ་ན་ཡིན་ཞིང་། ངས་ཁྱི་འདི་དག་རྗེ་ཉིད་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་ཁྱད་པར་བ་ཤ་སྟག་ཡིན་རྒྱུ་རེད་ཅེས་རྟག་ཏུ་བསམ་བཞིན་ཡོད།

༡༩༩༠ ལོའི་ཟླ་༨ ཚེས་༣ །

རྒྱུད་སྨད་གྲྭ་ཚང་(Gyudmed Monastery)གིས་གདན་ཞུས་བྱས་པ་དང་དུས་དེར་ཁོང་ཡང་དེར་ཕེབས་ནས་དབང་བསྐུར་རྒྱུ་ཡིན་པའི་རྐྱེན་གྱིས། ཆོས་ཀྱི་རྗེ་ཉིད་རྣམ་གྲོལ་གླིང་ནས་རླངས་འཁོར་ལ་བཞུགས་ཏེ་ཕེབས་ཐོན་གྱིས་སྤྱི་ལེ་༤༤ སར་ཡོད་པའི་ཧོང་སོར་(Hunsur)ལ་ཞབས་སོར་བཀོད།

རྒྱུད་སྨད་གྲྭ་ཚང་ནི་གཙོ་བོར་གསང་སྔགས་རྒྱུད་སྡེའི་སྐོར་ལ་འཆད་ཉན་བྱེད་སའི་གདན་ས་ཞིག་ཡིན་ཞིང་། ཕྱི་ལོ་༡༩༨༢ ལོར་ས་གནས་དེ་གའི་དགེ་ལུགས་པ་རྣམས་ཀྱིས་ཕྱག་བཏབ་གནང་། ལོ་རྒྱུས་ཐོག་ནས་རྗེ་ཙོང་ཁ་པས་གསང་སྔགས་ཀྱི་བསྟན་པ་སྤེལ་བའི་ཕྱིར་དུ་མདོ་ལུགས་ལ་མི་འདྲ་བའི་འཆད་ཉན་གྱི་རྒྱུན་འཛུགས་དགོས་གསུངས་ནས། རྒྱུད་སྟོད་རྒྱུད་སྨད་གཉིས་སོ་སོར་བཙུགས་ཤིང་། ཕྱི་ལོ་༡༤༣༣ ལོར་ཁོང་གི་སློབ་ཆེན་རྗེ་ཤེས་རབ་སེང་གེས་རྒྱུད་སྡེ་ལ་འཆད་ཉན་བྱེད་སའི་རྒྱུན་དངོས་སུ་བཙུགས་ནས་གྲྭ་ཚང་བཏབ། ཕྱིས་དགེ་ལུགས་པས་སྲོལ་དེའི་རྒྱུན་བསྐྱངས་ནས་དར་རྒྱས་སུ་མཛད་པ་ད་བར་དུ་གནས་ཡོད།

རྒྱུད་སྨད་གྲྭ་ཚང་གཞི་རྒྱ་མི་ཆེ་ཞིང་སློབ་གཉེར་བ་བཞི་བརྒྱ་ལྔ་བརྒྱ་ཙམ་ལས་མེད། རྗེ་ཉིད་ཕྱགས་ཕེབས་རྗེས་དགེ་བཤེས་རྣམ་པས་ངེད་དཔོན་སློབ་རྣམས་ལ་འདུག་ཤག་ཆེས་ལེགས་ཤོས་དག་བཀོད་སྒྲིག་མཛད། འདུག་ཤག་གི་ཉེ་འཁོར་དུ་མེ་ཏོག་གི་དྲི་བསུང་འཐུལ་ཞིང་། ལྗོན་ཤིང་གི་བསིལ་གྲིབ་སྣུམ་ལ་མཐུག་པས་ཁོར་ཡུག་ཤིན་ཏུ་མཛེས་ཤིང་ཉམས་དགའ་བ་ཡོད།

ཉིན་དེར། ཁོང་ཡང་ཕྱགས་ཕེབས་མཛད་ཅིང་གྲྭ་ཚང་དེ་གར་བཞུགས།

༡༩༩༠ ལོའི་ཟླ་༨ ཚེས་༤ །

འཇར་པན་ནས་སླེབས་པའི་ནང་པའི་རྗེས་འཇུག་པ་རྣམས་ཀྱིས་ཁོང་ལ། རྒྱལ་དབང་སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱ་མཚོས་མཛད་པའི་འཕགས་པ་ཐུགས་རྗེ་ཆེན་མོ་དཔལ་མོའི་ལུགས་ཀྱི་བཀའ་དབང་སྩོལ་བའི་བསྐུལ་མ་ཞུས།

དབང་འདི་གསང་རྒྱ་ཅན་ཞིག་ཡིན་པའི་རྒྱུ་མཚན་གྱིས་གང་ཡིན་ཡིན་ལ་མི་བསྐུར་ཀྱང་། རྗེ་ཉིད་དང་ངེད་ཅག་ལ་དམིགས་བསལ་གྱིས་གནང་བ་མཛད་ནས་དབང་གྲལ་དུ་ཚུད་པ་བྱུང་། ཉིན་དང་པོ་ལ་དབང་གི་སྟ་གོན་དང་། གཉིས་པ་ལ་དབང་གི་དངོས་གཞི་བཅས་ཉི་མ་གཉིས་ཀྱི་ཁོངས་སུ་བསྐུར་གྲུབ་པར་མཛད།

༡༩༩༠ ལོའི་ཟླ་༨ ཚེས་༥ །

སྔ་དྲོར། ཆོས་ཀྱི་རྗེ་ཉིད་ཀྱིས་ཁོང་ལ་གཏེར་ཆེན་ལས་རབ་གླིང་པས་གཏེར་ནས་བཞེས་པའི་ཚེ་སྒྲུབ་བདུད་རྩིའི་གཏེར་བུམ་གྱི་བཀའ་དབང་ཕུལ།

དབང་གྲུབ་རྗེས་རྗེ་ཉིད་ཀྱིས། ཨོ་རྒྱན་སངས་རྒྱས་གཉིས་པས་ཚེ་དབང་རིག་འཛིན་གྱི་དངོས་གྲུབ་ཐོབ་སྐབས་སུ་བསྒྲུབས་ཤིང་། ཕྱི་ངོས་ལ་གཏེར་ཆེན་ལས་རབ་གླིང་པའི་གསང་བའི་རྒྱ་ཡིས་བསྡམས་པའི་འཆི་མེད་ཚེ་ཡི་རིལ་བུ་ཞིག་ཡོད་པ་དེ་རིན་པོ་ཆེ་ལ་ཕུལ། རིན་པོ་ཆེས་གཟིགས་རྗེས་ཐུགས་ཤིན་ཏུ་དགྱེས་ཚུལ་མཛད་ནས་སྐུ་དྲུང་བ་ཞིག་ལ། ངའི་གའུ་ཁྱེར་ཤོག ངས་ཀྱང་ཁོང་ལ་རྟེན་རྩ་ཆེན་འགའ་འབུལ་དགོས་གསུངས།

སྐུ་དྲུང་བ་དེས་གའུ་ཆེན་པོ་ཞིག་ཁྱེར་ཡོང་ཞིང་། ཁོང་གིས་གའུ་དེའི་ཁ་ཕྱེས་ནས་རྗེ་ཉིད་ལ་རྟེན་རྫས་འགའ་རེ་གནང། དེ་ཡང་ཨོ་རྒྱན་སངས་རྒྱས་གཉིས་པ་དང་། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གསུམ་གྱིས་བསྒྲུབས་པའི་འཆི་མེད་ཚེ་ཡི་རིལ་བུ། ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཀའ་ཤོག་དུམ་བུ་ཅུང་ཟད། བཀའ་བརྒྱད་བདེ་གཤེགས་འདུས་པ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་མའི་ཕྱག་བྲིས་འཁྲུལ་མེད་ཅུང་ཟད། གཏེར་ཆེན་ཉང་རལ་པའི་གཏེར་རྫས་ཁ་ཤས། གུ་རུ་ཆོས་དབང་གིས་གཏེར་ནས་བཞེས་པའི་བཀའ་བརྒྱད་གསང་རྫོགས་ཀྱི་ཤོག་སེར་ཅུང་ཟད། རྒྱལ་དབང་ལྔ་བའི་དབུ་བླ་གཏེར་བདག་གླིང་པས་གཏེར་ནས་བཞེས་པའི་ཨོ་རྒྱན་སངས་རྒྱས་གཉིས་པའི་དབུ་ཞྭའི་ཆ་ཤས་ཅུང་ཟད། འབྲོམ་སྟོན་པའི་སྐུ་གདུང་རིང་བསྲེལ། སློབ་དཔོན་ཟླ་བ་གྲགས་པས་གཟིགས་ཤིང་པ་ཚབ་ཉི་མ་གྲགས་པས་ཕྱིས་བོད་ཡིག་ཏུ་བསྒྱུར་བའི་གསང་འདུས་ལེགས་སྦྱར་མའི་ལྡེབས་ཤས་ཅུང་ཟད། རྗེ་བཙུན་མི་ལ་རས་པའི་སྒོམ་ཐག་གི་ཟར་བུ་ཉུང་ཟད་སོགས་ཡོད་པ་གནང་བྱུང་།

རྟེན་རྫས་འགའ་རེ་ངེད་སྐུ་འཁོར་རྣམས་ལ་ཡང་ཉུང་ཟད་བགོས་ནས་གནང།

རྗེ་ཉིད་ཀྱི་ཕྱག་ཏུ་གནང་པའི་རྟེན་རྫས་རྩ་ཆེན་དེ་དག་ལ་ངས་ཁ་བྱང་རེ་རེ་བཞིན་བྲིས་ཤིང་། ཕྱིར་ཐོན་རྗེས་རྗེ་ཉིད་ལ་གའུ་ཆེན་པོ་ཞིག་ཡོད་པ་དེའི་ནང་ལ་བཞག་ནས་རྒྱུན་དུ་ཁུར་བའི་ཞབས་ཕྱི་གང་ལེགས་ཞུས་པ་ཡིན།

ཕྱི་དྲོར། ཁོང་གིས་འཕགས་པ་ཐུགས་རྗེ་ཆེན་མོའི་དབང་གི་དངོས་གཞི་གནང།

དབང་བསྐུར་ཚར་རྗེས་ངའི་སེམས་ཤིན་ཏུ་དགའ་བར་གྱུར་ཅིང་། འཕགས་པ་ཐུགས་རྗེ་ཆེན་པོ་ལྟར་བྱམས་སྙིང་རྗེས་རྒྱུད་ཡོངས་སུ་ཕྱུག་ནས། མ་འོངས་པ་ལ་འཕགས་པ་ཐུགས་རྗེ་ཆེན་མོའི་ཆོས་སྐོར་ལ་བརྟེན་ནས་གཞན་དོན་རྒྱ་ཆེན་པོ་འགྲུབ་པའི་གསོལ་བ་སྨོན་ལམ་བཏབ།

སྐབས་དེར་སྤྱད་པའི་དབང་དཔེ་དེ་ཕྱིས་ངས་སྒར་ལ་ཁྱེར་ཡོང་ཡང་། རྗེ་ཉིད་ཀྱིས་དབང་འདི་གཞན་ལ་བསྐུར་རྒྱུ་མ་བྱུང་བས་ཅུང་ཟད་ཡིད་ཕངས་པའི་གནས་སུ་གྱུར།

༡༩༩༠ ལོའི་ཟླ་༨ ཚེས་༦ །

རྒྱུད་སྨད་གྲྭ་ཚང་གིས་གཙུག་ལག་ཁང་གསར་པ་ཞིག་བཞེངས་གྲུབ་པ་ལ་ཉིན་དེར་རབ་ཏུ་གནས་པའི་མཛད་སྒོ་སྤེལ།

སྔ་དྲོར། གྲྭ་ཚང་གི་འདུས་པ་བྱིངས་ཀྱིས་རབ་གནས་ཀྱི་ཆོ་ག་ཐུང་ཐུང་ཞིག་གསུངས་པ་ལ། ངེད་དཔོན་སློབ་རྣམས་ཞུགས་རྒྱུ་མ་སོང་། དེ་རྗེས་རབ་གནས་ཀྱི་མཛད་སྒོ་དངོས་ལ་ཐུག་པའི་དུས་སུ་ཁོང་དང་ཆོས་ཀྱི་རྗེ་ཉིད་རྣམ་པ་གཉིས་ཀ་ཚོགས་ཞུགས་མཛད།

གཙུག་ལག་ཁང་གི་མདུན་ནས་མཛད་སྒོ་སྤེལ་ཞིང་། རྡོ་སྐས་ཀྱི་སྟེང་ཕྱོགས་ལ་རྒྱ་གར་གྱི་དཔོན་རིགས་དང་གྲུབ་མཐའ་རིས་མེད་ཀྱི་མཁན་སྤྲུལ་དགེ་བའི་བཤེས་གཉེན་སོགས་སྐུ་མགྲོན་རྣམ་པ་བཞུགས་པ་དང་། འོག་ཕྱོགས་ལ་དགོན་པའི་དགེ་འདུན་པ་རྣམས་དང་ས་ཆ་སོ་སོ་ནས་སླེབས་པའི་དད་ལྡན་པ་རྣམས་བཞུགས། ཉིན་དེར་མི་ཚོགས་ཤིན་ཏུ་མང་ཞིང་གཞི་རྒྱ་ཤིན་ཏུ་ཆེ།

ས་གནས་དེ་གའི་འཕྲིན་སྦྱོར་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། མི་ཁྲི་གཉིས་ལྷག་འདུས་པར་བཤད་ཅིང་། གྲོང་ཁྱེར་མན་སོར་དང་ཉེ་ས་རུ་ཡོད་པའི་ནང་པའི་རྗེས་འཇུག་པ་ཕལ་ཆེར་ཐོན་ཡོད་སྐད།

ཁོང་གིས་གཏམ་བཤད་རྒྱུན་རིང་ངེ་བ་གནང་ཞིང་། རྗེ་ཉིད་དམིགས་བསལ་དུ་གླེང་ནས་ཁོང་གིས་སྐུ་ངལ་མང་པོ་བསྐྱོན་ཏེ་བོད་ནས་ཕེབས་པས་རྟེན་འབྲེལ་ཤིན་ཏུ་ལེགས་པ་བྱུང་གསུངས།

དེའི་རྗེས་སུ་གཏམ་བཤད་སྤེལ་བའི་དུས་སུ་རྗེ་ཉིད་ཀྱིས་མང་པོ་རང་མ་གསུངས་ཤིང་། གང་གསུངས་པའི་དོན་རྣམས་ཞིབ་ཏིག་ཏུ་ངས་ད་ལྟ་ཕལ་ཆེར་བརྗེད་ནས་དྲན་ངོ་ན་མི་འདུག་ཀྱང་། གསུང་བཤད་དཔེ་མེད་པ་ཞིག་གནང་སོང་བ་ཙམ་ནི་དྲན། ཡིན་ན་ཡང་ས་གནས་དེ་གའི་མི་ཕལ་མོ་ཆེས་ལྷ་སའི་སྐད་ཁོ་ན་བཤད་ཅིང་། རྗེ་ཉིད་ཀྱིས་ཨ་མདོའི་སྐད་གསུངས་པའི་རྐྱེན་གྱིས་མི་མང་པོས་ཡག་པོ་གོ་ཡོད་སྣང་མ་ཤར།

༡༩༩༠ ལོའི་ཟླ་༨ ཚེས་༧ །

ཉིན་འདི་ནས་བཟུང་། ཁོང་གིས་ཚོགས་མང་ཡོངས་ལ་རྒྱུད་གསང་བ་འདུས་པའི་དབང་གསུངས།

ཐོག་མར་དབང་གི་སྟ་གོན་སོགས་དབང་གི་སྔོན་འགྲོ་ཡོངས་རྫོགས་གསུངས་ཤིང་། དབང་གྲལ་དུ་གཙོ་ཆེར་རྒྱ་གར་སེ་ར་དགོན་དང་འབྲས་སྤུངས་དགོན། རྒྱུད་སྟོད་གྲྭ་ཚང་། རྒྱུད་སྨད་གྲྭ་ཚང་སོགས་ཀྱི་དགེ་འདུན་པ་ཉིས་སྟོང་ལྷག་བཞུགས་པ་དང་། ད་དུང་ཁྱིམ་པ་ཕོ་མོ་ཡང་མང་པོ་འདུག

དབང་གི་དཀྱིལ་འཁོར་དུ་འཇུག་ཁར། ཁོང་གིས་སླར་ཡང་རྗེ་ཉིད་ཀྱི་སྐོར་ནས་ཚོགས་མང་དུ་གསུང་བཤད་མཛད། ཁོང་གི་ཞལ་སྔ་ནས་འདི་ནི་རྒྱལ་དབང་བཅུ་གསུམ་པའི་དབུ་བླ་གཏེར་ཆེན་ལས་རབ་གླིང་པའི་ཡང་སྤྲུལ་རེད། ཁོང་གིས་དགེ་སློང་གི་རྟེན་བཟུང་ནས་ལོ་མང་པོའི་རིང་། སྐུ་ལུས་དང་སྐུ་སྲོག་ལ་མ་འཛེམས་པར་བསྟན་འགྲོའི་དོན་ཆེན་སྒྲུབ་བཞིན་པའི་སྒང་རེད། ངས་ཆེད་དུ་ཁོང་འདི་རུ་གདན་འདྲེན་ཞུས་པ་ཡིན། ཁྱོད་ཚོས་བསོད་ནམས་མཆོག་ཏུ་གྱུར་པ་བསགས་པ་ལ་བརྟེན་ནས་ཁོང་མཇལ་ཐུབ་པར་གྱུར་པ་རེད་སོགས་གསུངས།

དབང་གསུང་སྐབས་ཁོང་གིས་དབང་རྫས་འགྲེམ་པའི་དུས་སུ་ཐོག་མར་ཆོས་ཀྱི་རྗེ་ཉིད་ལ་གནང་ཞིང་། དེ་ནས་དགའ་ལྡན་ཁྲི་པ་དང་གྲུབ་དབང་པད་ནོར། དེ་རྒྱབ་མཁན་སྤྲུལ་དགེ་བའི་བཤེས་གཉེན་གཞན་རྣམས་ལ་རིམ་པ་བཞིན་དུ་གནང་།

དེ་དུས་ནང་པའི་སྡེ་ཁག་ཏུ་ཆོས་ཀྱི་རྗེ་ཉིད་ལ་ད་ལྟ་ནང་བཞིན་སྐད་གྲགས་ཆེན་པོ་མེད་པར་བརྟེན། ཁོང་གིས་ཚོགས་ཆེན་མི་འདྲ་བའི་ནང་ནས་ཆེད་དུ་འོས་སྦྱོར་དམིགས་བསལ་བ་མཛད། ལར་བོད་བརྒྱུད་ནང་བསྟན་གྱི་སྔ་མའི་ལུགས་སྲོལ་ལྟར་ན། གྲུབ་མཐའ་སོ་སོས་རང་ལུགས་ཀྱི་ཆོས་སྐོར་ཙམ་ལས་གཞན་དང་དུ་མི་ལེན་ཡང་། རྗེ་ཉིད་ཀྱིས་ནི་དགེ་ལུགས་པའི་ཆེས་གཙོ་ཆེ་ཤོས་ཀྱི་རྒྱུད་གསང་བ་འདུས་པའི་ཟབ་དབང་བཞེས་པས། འདི་ནི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཐོད་བརྒལ་ཆེན་པོ་ཞིག་ཅི་ལ་མིན། ལོ་རྒྱུས་ཐོག་ནས་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་དང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་སོགས་སྐྱེས་ཆེན་དམ་པ་མང་པོས་གྲུབ་མཐའ་རིས་མེད་ཀྱི་ལྟ་བ་རྒྱ་ཆེར་སྤེལ་སྐབས། ཁོང་རྣམ་པས་གྲུབ་མཐའ་གཞན་གྱི་ཆོས་སྐོར་ཐུགས་ཉམས་སུ་བཞེས་ཏེ་དང་དུ་ལེན་པར་མཛད་པ་ལས། དེ་མིན་གྲུབ་མཐའ་གཞན་གྱི་ཟབ་དབང་དང་། སྒྲུབ་ཐབས། ལུང་སོགས་ཀྱི་ཆོས་བཀའ་ཡོངས་རྫོགས་ཉམས་བཞེས་སུ་མཛད་པ་ནི་སྔར་ཡང་ཤིན་ཏུ་དཀོན་པ་ལྟ་བུར་སྣང་།

སྐབས་དེར་སྐྱེ་བོ་ལ་ལས་མཛད་པ་འདི་ལ་ཡི་མ་རངས་ནས་བསམ་འཆར་མི་འདྲ་བ་སྣ་འགའ་བཏོན་ཀྱང་། ཁོ་ཚོས་གཟི་བྱིན་བླ་ན་མེད་པའི་ཆོས་ཀྱི་རྗེའི་ཞལ་མཇལ་ཞིང་། ཁོང་གི་འགྲན་ཟླ་བྲལ་བའི་སྤོབས་པ་དང་ཐོགས་པ་མེད་པའི་མཁྱེན་རབ་ཀྱི་རྩལ་སོགས་ཉམས་སུ་མྱངས་རྗེས། རང་དབང་མེད་པར་དད་པ་དང་གུས་པ་བླ་ལྷག་ཏུ་འཕེལ་ནས། སྔར་གྱི་ལྟ་བ་ལ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་བ་ཐེབས།

གསང་སྔགས་ཀྱི་རྒྱུད་སྡེ་མང་པོའི་ནང་དུ་ཕ་རྒྱུད་གསང་བ་འདུས་པ་དང་མ་རྒྱུད་འཁོར་ལོ་སྡོམ་པ་ཞེས་པའི་སྒྲོས་རྟག་ཏུ་འབྱུང་བའི་རྐྱེན་གྱིས། ང་རང་སྒེར་ལ་དུས་སྔ་མོ་ནས་གསང་བ་འདུས་པའི་དབང་ལུང་རེ་ཨེ་ཐོབ་སྙམ་པའི་འདུན་པ་ཆེན་པོ་ཡོད་པ་དང་། བླ་མ་མི་ཕམ་རིན་པོ་ཆེའི་ཞལ་སྔ་ནས་མཛད་པའི་གསང་འདུས་རིམ་ལྔའི་འགྲེལ་བ་དང་། སློབ་དཔོན་ཟླ་བ་གྲགས་པ་དང་རྗེ་ཙོང་ཁ་པ་ཆེན་པོ་སོགས་ཀྱིས་མཛད་པའི་གསང་འདུས་སྐོར་གྱི་དཔེ་ཆ་འགའ་རེ་མཇལ་མྱོང་ཡོད། དེའི་རྐྱེན་གྱིས་བཀའ་དབང་ཟབ་མོ་འདི་ཐོབ་པ་ལ་ཡིད་ཤིན་ཏུ་གཡོ་དགོས་པ་བྱུང་ཞིང་། མ་འོངས་པར་ལས་དང་སྨོན་ལམ་གྱི་སྐལ་བ་རེ་ལྡན་ན། གསང་བ་འདུས་པའི་ཆོས་སྐོར་བསྒྱུར་ཅིང་ཤུགས་ཆེར་སྤེལ་བའི་འདུན་པ་ཆེན་པོ་ཡོད།

༡༩༩༠ ལོའི་ཟླ་༨ ཚེས་༨ ནས་ཟླ་༨ ཚེས་༩ །

ཁོང་གིས་གསང་བ་འདུས་པའི་དབང་གི་དངོས་གཞི་གནང་ཞིང་། དབང་གི་རིམ་པ་ཆེས་གལ་ཆེ་ཤོས་ཏེ་རྡོ་རྗེ་སློབ་དཔོན་གྱི་དབང་གསུང་སྐབས། རིན་པོ་ཆེ་ཉིད་ཆོས་ཁྲིའི་ཡང་སྟེང་ནས་བཞེངས་ཏེ་མཁན་སྤྲུལ་རྣམ་པའི་བཞུགས་གྲལ་དུ་སྐུ་དངོས་སུ་ཕེབས་པ་དང་། དབང་རྫས་རྣམས་ཆོས་རྗེ་ཡིད་བཞིན་ནོར་བུ་ཁོ་ནའི་ཕྱག་ལ་བསྩལ་པ་ལས། མཁན་སྤྲུལ་གཞན་རྣམས་ལ་དབང་འགྲེམ་པས་གཏད་བྱུང། འདི་ལ་རྟེན་འབྲེལ་གྱི་ཆེ་བ་ཅི་ཞིག་ཡོད་པ་ནི་མ་ཤེས།

དབང་གསུངས་ཚར་རྗེས། ས་གནས་དེ་གའི་དགེ་འདུན་པས་གསོལ་བ་བཏབ་པའི་ངོར་ཁོང་གིས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་གནང་བ་དང་མཉམ་དུ། མ་ཎི་སདྡྷི་སྒྲོལ་སྔགས་སོགས་གཟུངས་སྔགས་འགའ་རེའི་ལུང་གསུངས།

ཕྱི་དྲོར། ཆོས་ཀྱི་རྗེ་དང་གྲུབ་དབང་པད་ནོར་རྣམ་པ་གཉིས་ཁོང་གི་གཟིམ་ཁང་དུ་ཕེབས། དེ་སྔོན་ཁོང་ལ་རྗེ་ཉིད་ལ་སྐུ་གེགས་ཡོད་མེད་བཀའ་འདྲི་ཞུས་པ་ལ། ཁོང་གིས་བརྟག་པ་མཛད་ནས་གནས་སྐབས་ཤིག་ཏུ་རྗེ་ཉིད་ཀྱི་སྐུ་ཚེ་ལ་བར་ཆད་ཅི་ཡང་མི་འདུག སློབ་མ་རྣམས་ཀྱིས་ཐོས་བསམ་སྒོམ་གསུམ་ལ་བར་མ་ཆད་དུ་བརྩོན་པར་བྱས་ན་རྗེ་ཉིད་ལ་དེ་ལས་ལྷག་པའི་སྲུང་བ་རིམ་གྲོ་གང་ཡང་མི་དགོས་གསུངས་ཤིང་། ཁོང་གིས་ད་དུང་དོན་དེ་དག་ཤོག་བུ་ཞིག་གི་ཐོག་ལ་ཞིབ་མོར་བྲིས་པ་ཞིག་ངེད་ཅག་ལ་གནང།

དེ་རྗེས་རྣམ་པ་གསུམ་གྱིས་ཐུགས་ལྷོད་པོའི་སྒོ་ནས་གསུང་མོལ་དཀྱུས་མ་ཡུན་རིང་ལ་མཛད།

ཁོང་གི་ཞལ་ནས། ཐེངས་འདིར་གསང་བ་འདུས་པ་དང་འཕགས་པ་ཐུགས་རྗེ་ཆེན་མོའི་དབང་གཉིས་ཀ་ཕུན་སུམ་ཚོགས་པའི་སྒོ་ནས་མཇུག་གྲུབ་སོང་། ངའི་ཕྱོགས་ནས་ལྟས་བཟང་པོ་ཡང་འགའ་རེ་བྱུང་སྟེ། འཕགས་པ་ཐུགས་རྗེ་ཆེན་མོའི་དབང་གི་སྟ་གོན་བྱེད་པའི་ནུབ་མོ། ཁྱེད་ཀྱིས་མངགས་པ་ཡིན་ཟེར་བའི་མི་ནག་པོ་འཇིགས་སུ་རུང་བ་ཞིག་གིས་ང་ལ་ཐུམ་བུ་ཞིག་སྤྲད་སོང་། ངས་ཅི་ཡིན་མི་ཤེས་པའི་ངང་འཕྲལ་དུ་ཁ་ཕྱེས་ནས་བལྟས་པས་དེའི་ནང་ལ་གདོན་བགེགས་ཤིག་གི་མགོ་བོ་བཞག་འདུག་པ་རྨིས། ངས་བསམས་ན་འདི་ནི་ཕུར་པ་མགུལ་ཁུག་མའི་སྒོ་ནས་མ་རུངས་གདོན་བགེགས་བསྒྲལ་བའི་མཐུ་སྟོབས་ལས་བྱུང་བ་ཞིག་ཡིན་རྒྱུ་རེད། དམ་པའི་ཆོས་སྐྱོང་བའི་སྲུང་མ་རྡོ་རྗེ་གྲགས་ལྡན་གྱིས་ལུང་བསྟན་གནང་པ་དང་ཡང་ཤིན་ཏུ་འགྲིག དེའི་རྐྱེན་གྱིས་ད་ཐེངས་ཀྱི་དབང་འདི་དང་ཁྱེད་ཀྱིས་གནང་པའི་ཕུར་པ་མགུལ་ཁུག་མ་གང་ཡིན་ཡང་། སེམས་ཅན་རྣམས་ལ་བྱིན་རླབས་ཐུན་མོང་མ་ཡིན་པ་རེ་འབྱུང་རྒྱུ་རེད་ཅེས་རྗེ་ཉིད་ལ་གསུངས།

ཁོང་གིས་སླར་ཡང་། ངེད་ཕུར་པ་རྡོ་རྗེ་གཞོན་ནུའི་ཆོས་སྐོར་ལ་ལས་སྨོན་ཐུན་མོང་མ་ཡིན་པ་ཡོད། ངས་གཏེར་ཆེན་ལས་རབ་གླིང་པའི་ཕུར་པ་ཡང་གསང་ཁྲོས་པའི་དབང་མ་ཐོབ་པའི་སྔར་གོང་ཞིག་གི་ནུབ་མོར། ཉམས་དང་རྨི་ལམ་འདྲེས་པའི་སྣང་བ་ལ། མི་ཞིག་གིས་རས་ཀྱི་ཐུམ་བུ་ཞིག་ཁྱེར་ནས་མདུན་དུ་བཞག ངས་འཕྲལ་དུ་ཁ་ཕྱེས་ནས་བལྟས་པས་དེའི་ནང་དུ་སེང་གེའི་མགོ་ཞིག་ཡོད་པ་མཐོང་ཞིང་། དེའི་ཡ་ཐོད་ལ་ཚིགས་བཅད་གསེར་གྱིས་བྲིས་པ་ཞིག་འདུག ཕྱིར་ཉིན་ཞོགས་པར་གཉིད་ལས་སད་སྐབས་ཚིགས་བཅད་དེ་མ་བརྗེད་པར་བློ་ལ་འདུག་ཅིང་ད་ལྟར་ཐུག་གི་བར་དུ་ཡོད་ཅེས་གསུངས། སྐབས་དེར་རིན་པོ་ཆེ་ཉིད་ཀྱིས་ཚིགས་བཅད་དེ་ཞལ་ནས་ཤར་མར་གསུངས་ཤིང་། ངས་འཕྲལ་དུ་ཡི་གེར་འབེབས་བསམས་ཀྱང་། ཁོང་གི་གསུང་སྐད་མགྱོགས་ཆེས་པའི་རྐྱེན་གྱིས་འབྲི་བའི་ལོང་མ་བྱུང་ཞིང་བཀའ་འདྲི་ཞུ་ཡང་མ་ཕོད་དེ། འདི་འདྲའི་མཇལ་འཕྲད་གལ་ཆེན་ཞིག་གི་ནང་ནས་ང་ལྟ་བུའི་གྲྭ་ཆུང་ཕལ་བ་ཞིག་གིས་གང་བྱུང་དུ་འདྲི་རྒྱུ་ག་ལ་ཡོད་བསམས།

མི་རྣམས་ཀྱིས་གུས་པ་ཆེན་པོའི་སྒོ་ནས་རིན་པོ་ཆེ་ཉིད་དགོན་པ་ནས་ཕེབས་སྐྱེལ་ཞུ་བཞིན་པ།

ཚིགས་སུ་བཅད་པ་དེ་ཕུར་པ་རྡོ་རྗེ་གཞོན་ནུ་ལ་འབྲེལ་བ་ཅན་ཞིག་ནི་ཡིན་པར་དྲན། དེ་ནས་མི་འགྱང་བར་རིན་པོ་ཆེ་ཉིད་ཀྱིས་དིལ་མགོ་མཁྱེན་བརྩེའི་མདུན་ནས་གཏེར་ཆེན་ལས་རབ་གླིང་པའི་ཕུར་པ་རྡོ་རྗེ་གཞོན་ནུའི་ཆོས་སྐོར་གྱི་དབང་ལུང་ཞུས་པ་དང་ཆབས་གཅིག ཁོང་གི་དགོན་པས་ཟླ་རེ་བཞིན་ཕུར་པ་རྡོ་རྗེ་གཞོན་ནུའི་སྒྲུབ་པ་འཚོགས་ཤིང་། དེ་དང་འབྲེལ་བའི་སྒོ་ནས་ཚོགས་འཁོར་ཡང་རྒྱུན་དུ་འབུལ་བའི་མགོ་ཚུགས་པ་རེད།

དེ་ལས་གཞན་ད་དུང་ཁོང་ཉིད་ཀྱིས་བསམ་ཡུལ་ལས་འདས་པའི་ཉམས་རྟོགས་འགའ་རེ་གསུངས་སོང་ཡང་། འདིར་ཡི་གེར་འབེབས་སྟབས་མི་བདེ་བས་ས་མ་ཡཿ

ཆོས་ཀྱི་རྗེ་ཉིད་ཞལ་གྱེས་ཁར། རིན་པོ་ཆེ་ཉིད་ཀྱིས་ཐུགས་ཅུང་ཟད་སྐྱོ་བའི་ཚུལ་མཛད་ནས། ངེད་གཉིས་སྐུ་སྐྱེ་གོང་མ་ནས་ལས་དང་སྨོན་ལམ་གྱི་དབང་གིས་འབྲེལ་ནས་ཡོད་པས་ཕུ་ནུ་ཟུང་དང་འདྲ་བ་ཡིན། ད་ཁ་གྱེས་ནས་འགྲོ་རན་དུས་སེམས་ལ་མི་འདོད་པ་ཡོད་ཀྱང་ཐབས་མེད་པ་རེད། སང་ཉིན་ང་རྒྱལ་ཁབ་གཞན་ལ་ཆོས་འཆད་དུ་འགྲོ་དགོས་ཤིང་། མི་འགྱང་བར་ཁྱེད་ཀྱང་བོད་གངས་ཅན་ལྗོངས་ལ་ཕྱིར་ཕེབས་འགྲོ་རྒྱུ་རེད། མ་འོངས་པར་སླར་ཡང་མཉམ་དུ་འཛོམས་ནས་མདོ་སྔགས་ཀྱི་ཆོས་ཚུལ་རྒྱ་མཚོ་ལ་ལོངས་སུ་སྤྱོད་ཐུབ་པའི་རེ་བ་ཤིན་ཏུ་ཆེ་གསུངས།

སྐྱེས་ཆེན་རྣམ་གཉིས་ཞལ་གྱེས་ཁའི་རྣམ་པ་དེ་བརྗེད་ཤིན་ཏུ་དཀའ། རྣམ་པ་གཉིས་ཞལ་འཛོམས་སྐབས་སྒེར་གྱི་མཚན་སྙན་གྲགས་དང་ཐོབ་ཤོར་སོགས་ལ་ཐུགས་བསམ་གཏན་ནས་མི་བཞེས་པར། འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་ཕན་བདེའི་དོན་ཁོ་ན་ལ་གསུང་མོལ་གནང། རྣམ་པ་གཉིས་ཞལ་གྱེས་སྐབས་ཀྱང་། སོ་སོའི་ས་ནས་གདུལ་བྱ་མི་འདྲ་བའི་སེམས་ཅན་རྣམས་ལ་ཕན་བདེ་སྒྲུབ་པའི་དོན་དུ་བྱོན་པ་རེད། སེམས་ཅན་ཞེས་པ་ནི་ཁོང་རྣམ་གཉིས་ཀྱི་སྐུ་སྲོག་གི་རྩ་བ་ལྟ་བུར་གྱུར་ནས་འདུག ལས་ཅི་ཞིག་བསྒྲུབས། དོན་ཅི་ཞིག་གསུངས་ཀྱང་སྒོ་ཀུན་ཏུ་སེམས་ཅན་ཐམས་ཅད་ཀྱི་དོན་ཁོ་ན་དམིགས་ཡུལ་མཐར་ཐུག་ཏུ་འཇོག་པར་མཛད་པས། ཕྱོགས་མང་པོའི་སྐོར་ནས་བལྟས་ན་མི་ཕལ་བ་དང་ཁྱད་པར་ཆེན་པོ་ཡོད། གཅིག་བྱས་ན་འདི་ཚོ་ཚང་མ་ཁོང་རྣམ་གཉིས་ཀྱི་སྐུ་སྐྱེ་གོང་མའི་སྨོན་ལམ་ལས་བྱུང་བ་ཡིན་རྒྱུ་རེད། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་གི་མཛད་སྤྱོད་རྣམས་ནི་ང་ལྟ་བུའི་མི་ཕལ་བ་ཞིག་གིས་སྨྲ་བསམ་བརྗོད་མི་ཐུབ་པར་འདུག་ལ། ཐུབ་པའི་དབང་དུ་བཏང་རུང་། རྙོག་དྲ་ཤིན་ཏུ་ཆེ་བའི་འཇིག་རྟེན་འདིའི་ནང་ནས་མི་ལ་ལས་གོ་བ་གཏན་ནས་ལོན་རྒྱུ་མ་རེད།

ཉིན་དེར། རིན་པོ་ཆེ་ཉིད་ཀྱིས་ལོ་མང་པོར་མནབས་པའི་ཆོས་གོས་སེར་པོ་ཞིག་རྗེ་ཉིད་ལ་གནང་པ་དང་སྦྲགས། རྗེ་ཉིད་གནས་སྐོར་ལ་ཕེབས་པའི་ཆ་རྐྱེན་དུ་རུ་ཕི་ཁྲི་གསུམ་དང་། བསྟན་འགྲོའི་དོན་ཆེན་གྱི་ཆོས་ཕྱོགས་ལ་གཏོང་བའི་ཆ་རྐྱེན་དུ་རུ་ཕི་ཁྲི་གཅིག་བཅས་གནང།

རིན་པོ་ཆེ་ཉིད་ཀྱིས་ད་དུང་རྗེ་ཉིད་རྒྱ་གར་དང་འབྲུག་ཡུལ་སོགས་ཀྱི་གནས་ཆེན་ཁག་ལ་ཕེབས་དུས། བསྟན་པ་དང་སེམས་ཅན་ཐ་ན་ཁོང་སྐུ་སྒེར་ལ་སྨན་པའི་བསླབ་བྱ་རྗེའི་མཁྱེན་རབ་ཀྱི་རྩལ་ལས་གང་བྱུང་ཐམས་ཅད་འཕྲལ་དུ་ཡི་གེར་བྲིས་ནས་བསྐུར་རོགས་གྱིས་ཞེས་ངེད་ཅག་ལ་བཀའ་ཕེབས།

མཇལ་ཐེངས་དེར། ངའི་སེམས་སུ་དགའ་བ་དང་སྤྲོ་བ། སྐྱོ་བ་སོགས་རྙོག་ལ་འཛིང་བའི་ཚོར་བ་མང་པོ་ལྷན་ཅིག་ཏུ་སྐྱེས་བྱུང་། དུས་དེ་ནས་བཟུང་། ངས་རིན་པོ་ཆེ་ཉིད་གཏན་ནས་མཇལ་རྒྱུ་མ་བྱུང་ལ། མཚམས་རེར་བསམ་བློ་རེ་བཏང་ན་ཁོང་ལྟ་བུ་བསམ་གྱིས་མི་ཁྱབ་པའི་སྐྱེས་ཆེན་དམ་པ་ཞིག་མཇལ་མྱོང་བའི་རྐྱེན་གྱིས་ང་སྐལ་བ་རེ་བཟང་བསམ་དགོས་པ་འོང་།

༡༩༩༠ ལོའི་ཟླ་༨ ཚེས་༡༠ །

འབྲས་སྤུངས་དགོན་དང་སེ་ར་དགོན། དགའ་ལྡན་དགོན་བཅས་ནི་དགེ་ལུགས་ཀྱི་དགོན་ཆེན་གསུམ་རེད། ཉིན་དེར། དགེ་བཤེས་དང་མཁན་པོ་འགའ་ཞིག་གིས་རྒྱ་གར་གྱི་འབྲས་སྤུངས་དང་སེ་ར་དགོན། དགའ་ལྡན་དགོན་བཅས་ཀྱི་ཚབ་མཛད་ནས་ཆོས་ཀྱི་རྗེ་ཉིད་བཀའ་ཆོས་གསུང་བའི་ཕྱིར་དུ་གདན་འདྲེན་ཞུ་བར་ཆེད་དུ་ཕེབས་སོང་།

རྟེན་འབྲེལ་གྱི་དབང་དུ་བྱས་ནས། རྗེ་ཉིད་དེ་ན་ཕེབས་འདུན་ཆེན་མོ་ཡོད་པའི་ཚུལ་མཛད་པར་མ་ཟད། ཐེངས་འདིར་རྒྱ་གར་ལ་འབྱོན་སྐབས་སེ་ར་དགོན་པ་ལ་བཀའ་ཆོས་གསུང་བའི་དུས་ཚོད་བཀོད་སྒྲིག་མཛད་ཡོད་ཀྱང་། འབྲས་སྤུངས་དང་སེ་ར་དགོན་ནི་ཧོང་སོར་ནས་སྤྱི་ལེ་༤༠༠ ལྷག་ཏུ་འགྲོ་དགོས་པའི་མོའུ་ཨིན་དྷིག་དི་ལ་ཡོད་པར་འདུག་པ་དང་། རྗེ་ཉིད་ཕྱིར་རྣམ་གྲོལ་གླིང་ལ་ཆོས་གསུང་བར་ཕེབས་པའི་དུས་ཚོད་སྔར་ནས་གཏན་ཁེལ་མཛད་ཟིན་ཞིང་། ཡར་མར་མང་པོ་ཕེབས་ན་འགོར་འགྱང་འོང་བ་ལས་གཞན་མེད་པའི་རྒྱུ་མཚན་ལ་བརྟེན་ནས་ཕེབས་ཐབས་མ་བྱུང་ལ། ཁོང་རྣམ་པས་ཀྱང་ཡིད་ཕངས་པའི་རྣམ་པ་མང་པོ་བསྟན།

༡༩༩༠ ལོའི་ཟླ་༨ ཆེས་༡༡ །

བོད་ནས་ཞལ་གྱེས་རྗེས། ཆོས་ཀྱི་རྗེ་ཉིད་བཀའ་ཆོས་གསུང་བ་དང་། དབང་བསྐུར་བ། གནས་གཟིགས་པ། འབྱོན་བཞུད་མཛད་པ་སོགས་ལ་ཐུགས་བྲེལ་ཆེ་བར་མཛད་ནས་སྐུ་ངལ་མང་པོ་བསྐྱོན་དགོས་བྱུང་བར་བརྟེན། ཉིན་འདི་ལ་ལས་རིམ་ཅི་ཡང་བཀོད་སྒྲིག་མ་མཛད་པར་སྐུ་མལ་གསོས་ནས་ཐུགས་ལྷོད་ལྷོད་ངང་བཞུགས།

༡༩༩༠ ལོའི་ཟླ་༨ ཚེས་༡༢ །

གྲོང་ཁྱེར་བྷེང་ལོར་(Bangalore)ལ་འཛམ་བུ་གླིང་དུ་སྐད་གྲགས་ཤིན་ཏུ་ཆེ་བའི་ལལ་བྷ་ཧ་སྤྱི་གླིང་(Lalbagh Garden)བྱ་བ་ཞིག་ཡོད་པ་དང་། ས་གནས་དེ་གའི་མི་རྣམས་ཀྱིས་དེ་ལ་སྐྱེད་ཚལ་དམར་པོ་ཞེས་འབོད། མི་ཧ་ཅང་མང་པོས་སྐྱེད་ཚལ་དེ་མཛེས་རབས་ཀྱི་ལོ་རྒྱུས་མང་པོ་རྗེ་ཉིད་ལ་རྒྱུན་དུ་ཞུས་པའི་རྐྱེན་གྱིས། ངེད་དཔོན་སློབ་རྣམས་སྤྱི་ལེ་༢༠༠ ལྷག་ཏུ་རླངས་འཁོར་ལ་བསྡད་ནས་དེ་རུ་སོང་།

སྐྱེད་ཚལ་དམར་པོ་ནི་༡༧༦༠ ལོར་བཏབ་ཅིང་། དབྱིན་མུ་༢༤༠ ཙམ་གྱི་རྒྱ་ཁྱོན་ཧ་ཅང་ཆེན་པོ་འདུག་པས། ངེད་ཚོས་ཉིན་ཁོར་མོ་ཡུག་ཏུ་བསྐོར་ཀྱང་སྐྱེད་ཚལ་ཧྲིལ་པོར་སྐོར་བ་རྒྱག་མ་ཐུབ།

སྐྱེད་ཚལ་གྱི་ནང་དུ་མེ་ཏོག་སྣ་ལྔས་གང་ཞིང་དྲི་བསུང་ཞིམ་མོ་དག་ཕྱོགས་ཀུན་ནས་འཐུལ་བཞིན་ཡིད་ལ་སིམ་པ་སྟེར་བར་བྱེད་པ་དང་། ཕྱེ་མ་ལེབ་དང་བུང་བ་རྣམས་མེ་ཏོག་གི་གསེབ་ནས་དགའ་བའི་གར་ལ་རྩེན་ཞིང་། མཁའ་ལ་བསྙེགས་པའི་ལྗོན་ཤིང་ཆེན་པོ་རྣམས་ཀྱིས་ཁོ་ར་ཁོར་ཡུག་ཏུ་གང། ལྗོན་ཤིང་ལ་ལར་ཐ་ན་མི་ལོ་བརྒྱ་ཕྲག་ལྷག་གི་ལོ་རྒྱུས་ལྡན་པས། ཕྱི་རོལ་གྱི་ཡུལ་གྲུ་གཞན་མཐོང་མ་མྱོང་བའི་མི་ང་ལ་མཚོན་ནས་བཤད་ན་མཐོང་རྒྱ་ཆེ་རུ་བསྐྱེད་ཐུབ་པ་བྱུང་། སྐྱེད་ཚལ་འདིའི་ནང་ལ་མེ་ཏོག་རྩི་ཤིང་སོགས་ཀྱི་རིགས་སྣ་ཚོགས་པ་ཡོད་པས། འཛམ་བུ་གླིང་གི་ཚ་ཁུལ་མེ་ཏོག་གི་གནས་གཞི་ཆེས་ཆེ་ཤོས་ཡིན་པ་དང་། འདི་ཡང་ལང་ཚོ་དར་ལ་བབས་པའི་གཞོན་ནུ་རྣམས་ཀྱིས་དགའ་བའི་སྙིང་གཏམ་གླེང་ས་དང་། རྩི་ཤིང་རིག་པ་བ་དང་སློབ་མ་རྣམས་ཀྱིས་སྐྱེ་ཁམས་ཁོར་ཡུག་གི་རྩྭ་རྩི་ཤིང་གསུམ་ལ་ཞིབ་འཇུག་བྱེད་སའི་རང་བྱུང་ཁམས་ཀྱི་སློབ་ཁང་ཆེན་མོ་ཞིག་ཀྱང་ཡིན་སྐད་འདུག།

ཉིན་དེའི་གནམ་གཤིས་ལ་མཚམས་རེར་ཉི་འོད་ཆེམ་ཆེམ་དུ་འཕྲོ་ཞིང་། མཚམས་རེ་ལ་ཆར་པ་ཟིམ་ཟིམ་དུ་བབས། ཆོས་ཀྱི་རྗེ་ཉིད་ཐུགས་དགྱེས་ཚུལ་དཔེ་མེད་མཛད་ཅིང། ཁ་དོག་སྣ་ལྔས་བརྒྱན་པའི་མེ་ཏོག་རྣམས་ལ་གཟིགས་མོ་མཛད་ཅིང་། ཞལ་འདོན་འགའ་རེ་གསུངས་ཏེ་མཛེས་ལྗོངས་ལྟ་ན་སྡུག་པ་དེ་ཚོ་དཀོན་མཆོག་གསུམ་ལ་མཆོད་པར་ཕུལ། རྗེ་ཉིད་ལ་ངལ་དུབ་ཅུང་ཟད་རེ་བྱུང་ཚེ་སྐུ་མལ་གསོས་ཤིང་། དེ་ནས་ཡང་མུ་མཐུད་དུ་ལྗོངས་རོལ་ལ་ཕེབས།

རྗེ་ཉིད་ཀྱིས་ངས་པར་ཆས་ཤིག་བཟུང་འདུག་པ་གཟིགས་ཏེ། སྐུ་རང་མོས་ཀྱིས་ས་ཆ་མི་འདྲ་བ་ནས་པར་ལེན་དགོས་གསུངས་ཀྱང་། ངའི་པར་ཆས་ལ་སྤུས་ཀ་དེ་ཙམ་མེད་པའི་རྐྱེན་གྱིས་པར་སྒྲོས་གཙང་མོ་མ་ལོན། སྟབས་ལེགས་པ་ཞིག་ལ་ཁ་ལོ་པ་དང་རོགས་པ་ཕོ་གསར་ཞིག་གིས་ངའི་པར་ཆས་ལས་བཟང་བ་ཞིག་ཁྱེར་འདུག་པས། རིན་ཐང་ཤིན་ཏུ་ཆེ་བའི་པར་མང་པོ་བླངས།

དེ་ཉིན་ངས་འགག་རིང་ཕྱི་ནང་གཉིས་དང་གཟན་མཐུག་པོ་ཞིག་གོན་ཡོད་པས། ཚ་བས་མནར་ཏེ་རྔུལ་ཆུ་ཟིལ་ཕྲོམ་མེ་བར་གྱུར། ཡིན་ན་ཡང་མི་ཚེ་འདིའི་ནང་ནས་མེ་ཏོག་དེ་འདྲའི་མང་པོ་མཐོང་བའི་ཐོག་མ་ཡིན་པས། སེམས་ཤིན་ཏུ་དགའ་བ་བྱུང་ཞིང་། དེ་ནུབ་བྷེང་ལོར་ལ་བསྡད་པ་ཡིན།

༡༩༩༠ ལོའི་ཟླ་༨ ཚེས་༡༣ །

ས་གནས་དེ་གའི་མི་དག་གིས་བྷེང་ལོར་ནས་རི་བོ་མ་ལ་ཡའི་ཙན་དན་གྱི་ནགས་ལ་ཐག་རིང་པོ་མེད་ཅིང་། དེ་ནས་བྱུང་བའི་ཙན་དན་ལ་སྐད་གྲགས་ཤིན་ཏུ་ཆེན་མོ་ཡོད་ཅེས་རྗེ་ཉིད་ལ་ཞུས་པ་དང་། ནང་པའི་གཞུང་ཆེན་ཁག་ལས་རི་བོ་མ་ལ་ཡའི་ཙན་དན་ནགས་ཀྱི་སྐོར་ནས་ཚིག་སྒྲོས་མང་པོ་འབྱུང་སྟེ། དཔེར་ན་རིག་འཛིན་འཇིགས་མེད་གླིང་པས་མཛད་པའི་ཡོན་ཏན་མཛོད་ལས། ཇི་ལྟར་མ་ལ་ཡ་ཡི་ནགས་ཀླུང་དུ། །རྣམ་པར་འཁྱམས་པའི་སྡོང་དུམ་ཕལ་པ་ཡང་། །ཡལ་འདབ་བརླན་པས་ཙན་དན་དྲི་བསུང་ལྟར། །གང་ལ་བསྟེན་པ་དེ་ཡི་རྗེས་སུ་འགྲོ། །ཞེས་གསུངས་པ་དང་། དེའི་སྟེང་དུ་བོད་ཀྱིས་ཙན་དན་ཕྲེང་བ་ལ་མཐོང་ཤིན་ཏུ་ཆེན་མོ་བྱེད་པའི་སྟབས་ཀྱིས། རྒན་འཁོགས་ཕལ་མོ་ཆེ་ལ་ཙན་དན་ཕྲེང་བ་དམར་པོ་རེ་ཡོད་པ་རེད། དེའི་ཕྱིར། ཉིན་དེར་རྗེ་ཉིད་ཙན་དན་འཚོང་སའི་ཚོང་ལས་སྲང་ཁྲོམ་ཞིག་ལ་ཆེད་དུ་གཟིགས་སྐོར་ལ་ཕེབས།

སྲང་ལམ་དེ་ན་ཚོང་ཁང་མང་པོ་འདུག གཙོ་བོར་ཙན་དན་ལ་བརྐོས་པའི་རྒྱ་གར་གྱི་ལྷ་སྐུ་དང་བཟོ་རྩལ་ཐོན་རྫས་འདྲ་མིན་འཚོང་གིན་འདུག་པ་ལས་ནང་པའི་སྐུ་འདྲ་ཤིན་ཏུ་ཉུང་། ཡར་མར་ཅུང་ཟད་སོང་རྗེས་བོད་པས་བེད་སྤྱོད་པའི་ཙན་དན་ཕྲེང་བ་དེ་དག་ལ། རྒྱ་གར་ཙན་དན་གྱི་དྲི་མ་ཞིམ་པོ་དམིགས་བསལ་བ་དེ་འདྲ་མི་འདུག་པས་ཙན་དན་དག་མ་མིན་པ་ཤེས་པར་བརྟེན། རྗེ་ཉིད་ཀྱིས་ཙན་དན་དཀར་པོའི་ཕྲེང་བ་ཁ་ཤས་ཉོས་པ་དང་། ད་དུང་ཨ་གར་གྱི་ཇ་ཅོག་ཆུང་ཆུང་འགའ་ཉོས་ཤིང་། རིན་གོང་ཧ་ཅང་ཆེ་བའི་རྐྱེན་གྱིས་མང་པོ་རང་ནི་ཉོ་བར་མ་མཛད།

སྒར་གྱི་མཁན་པོས་ཉར་ཚགས་མཛད་པའི་དབྱངས་ཅན་མའི་སྐུ།

ཆོས་ཀྱི་རྗེ་ཉིད་ཀྱིས་ད་དུང་ཙན་དན་དཀར་པོ་ལ་བརྐོས་པའི་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་བརྙན་དང་དབྱངས་ཅན་མའི་སྐུ་བླུས། ཁྱད་པར་དུ་དབྱངས་ཅན་མའི་སྐུ་ཅུང་ཟད་མང་པོ་བླུས་ནས། སྒར་ལ་ཕྱིར་ཕེབས་རྗེས་མཁན་པོ་འགའ་རེ་ལ་ཕ་འབབ་ཀྱི་ཚུལ་དུ་གནང་ཞིང་། ཁོང་ཚོས་ད་བར་དུ་སྐུ་དེ་དག་ཉར་ཚགས་ལེགས་པོ་མཛད་འདུག

དེ་ལས་གཞན་རྗེ་ཉིད་ཀྱིས་ད་དུང་ཙན་དན་དཀར་པོ་ལ་བརྐོས་པའི་ཚོགས་བདག་གླང་སྣའི་སྐུ་ཞིག་ཀྱང་བླུས། རྗེ་ཉིད་ཀྱིས་ཚོགས་བདག་གླང་སྣ་ནི་རྒྱ་གར་བའི་ནོར་ལྷ་ཡིན་ཡང་། ནང་པ་སངས་རྒྱས་པའི་སྲུང་མ་ཡང་རེད། སྔར་བྲམ་ཟེ་ཆོས་ལུགས་ཀྱི་གདུག་ཅན་མཐུ་བོ་ཆེ་ཞིག་ཡིན་པ་དང་། གདོན་དམག་གི་དཔུང་ཆེན་དགུ་སྟོང་བརྒྱད་བརྒྱ་ལྷག་དྲངས་ནས་ནང་པ་ལ་སྐྱབས་སུ་སོང་ཞིང་། དཀོན་མཆོག་གསུམ་གྱི་སྲུང་མར་ཁས་བླངས་པ་རེད། འདི་ལ་མཆོད་བསྟོད་བྱས་ན་དགེ་བའི་མཐུན་རྐྱེན་འགྲུབ་པ་དང་བར་ཆད་ཞི་བ་སོགས་ཀྱི་དགོས་པ་ཡོད་གསུངས། ཕྱིས་སུ་སྟབས་སྟེས་དབང་འདྲ་བ་ཞིག་གིས་སྐུ་དེ་ངའི་ལག་ཏུ་སོན་སོང་།

རྗེ་ཉིད་ལ་ཙན་དན་སྦྲུལ་ཤིང་ཞིག་ཉོས་ནས་ཕྱིར་བོད་ལ་ཕེབས་རྗེས་སྐུ་ཞིག་བརྐོ་བའི་ཐུགས་འདུན་ཆེན་པོ་འདུག་ཀྱང་། རྒྱ་གར་སྲིད་གཞུང་གིས་ཙན་དན་ཉོ་ཚོང་ལ་བཀག་སྡོམ་ཆེན་པོ་བྱས་ནས། ཙན་དན་གྱི་ཤིང་བཅད་ན་ཁྲིམས་འགལ་ཡིན་པར་མ་ཟད། རྒྱལ་ཁབ་གཞན་ལ་ཙན་དན་འཁྱེར་མི་ཆོག་པའི་ཁྲིམས་ནན་མོ་འདུག་པར་བརྟེན། ངེད་ཚོས་ཉོ་རྒྱུ་ལོན་བྱུང་ན་ཡང་། ཕྱིར་འཁྱེར་ཐབས་མེད་པ་འདྲ་བས་མཐར་མ་ཉོས།

༡༩༩༠ ལོའི་ཟླ་༨ ཚེས་༡༤ །

ཆོས་ཀྱི་རྗེ་ཉིད་རྒྱ་གར་ལ་ཕེབས་རྗེས། མི་མང་པོས་སྐུ་ལུས་ལ་ཕྱོགས་ཡོངས་ནས་བརྟག་དཔྱད་དགོས་པའི་བསྐུལ་མ་ཡང་ཡང་ཞུས་པར་བརྟེན། རྗེ་ཉིད་ཀྱིས་བྷེང་ལོར་ན་ཡོད་པའི་སྨན་ཁང་ཞིག་ནས་སྐུ་ལུས་ལ་བརྟག་དཔྱད་མཛད།

བརྟག་དཔྱད་མཇུག་འབྲས་ཐོན་རྗེས། སྨན་པས་རྗེ་ཉིད་ཀྱི་སྐུ་ལུས་ལ་སྐྱོན་ཆེན་མོ་མི་འདུག་ཟེར་བ་གོ་ནས་སེམས་ཤིན་ཏུ་དགའ་བ་བྱུང་། ཡིན་ཡང་སྐུ་ལུས་ཀྱི་ཆ་གང་དག་ལ་བརྟག་དཔྱད་བྱས་པ་གསལ་པོ་རང་ནི་དྲན་གྱི་མི་འདུག

༡༩༩༠ ལོའི་ཟླ་༨ ཚེས་༡༥ ནས་ཟླ་༨ ཚེས་༡༦ །

རླངས་འཁོར་ལ་བཞུགས་ཏེ་བྷེང་ལོར་ནས་རྣམ་གྲོལ་གླིང་ལ་ཕྱིར་ཕེབས།

༡༩༩༠ ལོའི་ཟླ་༨ ཚེས་༡༧ །

ཆོས་ཀྱི་རྗེ་ཉིད་ཀྱིས་གྲུབ་དབང་པད་ནོར་དང་རྣམ་གྲོལ་གླིང་གི་དགེ་འདུན་པ་སྟོང་ཕྲག་ལྷག་ལ་བཀའ་ཆོས་གསུང་རྒྱུའི་གྲ་སྒྲིག་མཛད།

རྣམ་གྲོལ་གླིང་ལ་བཤད་གྲྭ་དང་མ་དགོན་གཉིས་ཡོད་པ་དང་། དེ་གཉིས་ཁ་ཁ་སོ་སོ་ཡིན་རུང་། གྲུབ་དབང་པད་ནོར་རིན་པོ་ཆེས་གཅིག་གྱུར་གྱི་སྒོ་ནས་དོ་དམ་མཛད་བཞིན་འདུག ཡིན་ན་ཡང་ཆོས་ཀྱི་རྗེ་ཉིད་ཀྱིས་བཀའ་ཆོས་གསུང་བའི་དུས་སུ་བཤད་གྲྭ་དང་མ་དགོན་གཉིས་ཀའི་དགེ་འདུན་པ་ཐམས་ཅད་ཕེབས་འདུག།

ཁོང་རྣམ་པས་ཆོས་ཀྱི་རྗེ་ཉིད་ལ་གསོལ་བ་བཏབ་པ་བཞིན་བཀའ་ཆོས་གསུང་བའི་གོང་རོལ་ཏུ་གཏེར་ཆེན་ལས་རབ་གླིང་པའི་རྟེན་འབྲེལ་ཉེས་སེལ་གྱི་དབང་རྒྱས་པ་གནང། བཀའ་དབང་འདི་ལ་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ་དང་མི་སྒེར་གྱི་མཚམས་ཉམས་ལེན་སོགས་ལ། བྱིན་རླབས་དམིགས་བསལ་བ་དང་རྟེན་འབྲེལ་ཐུན་མོང་མ་ཡིན་པ་ཡོད་པ་རེད། དབང་ཆོག་ལ་ཕྱག་ལེན་ཅུང་ཟད་དཀའ་མོ་ཡོད་པར་བརྟེན། ངས་རྗེ་ཉིད་ལ་སྔ་ས་ནས་སྒྲ་ལེན་པའི་ཞབས་ཕྱི་ཞུས་པ་ཡིན།

དེ་རྗེས། ཆོས་ཀྱི་རྗེ་ཉིད་ཀྱིས་སླར་ཡང་ཕུར་པ་རྡོ་རྗེ་གཞོན་ནུའི་བཀའ་དབང་གནང་ཞིང་། དབང་གསུང་བའི་དུས་སུ་རྗེ་ཉིད་ཀྱི་རིག་སྟོང་གི་ཀློང་ནས་ཕུར་པ་མགུལ་ཁུག་མའི་ཆ་ལག་བསྒྲལ་ལས་གནམ་ལྕགས་ཐོག་མདའ་བྱ་བ་ཐོལ་བྱུང་གི་ཚུལ་དུ་གསུངས་ཤིང་། ཆོ་ག་དེ་ཚང་མ་དེང་སང་རྗེ་ཉིད་ཀྱི་གསུང་འབུམ་ཁྲོད་དུ་བཞུགས། ཆོ་གའི་མཇུག་བྱང་ཡིག་ཆུང་གི་ནང་དུ་སྐབས་དེར་ཇི་ལྟར་གསུང་ལུགས་རྣམས་འཁོད་ཡོད། དེ་ཡང་འདི་སྐད་དུ།

ཅེས་པ་འདི་ནི་༧ གོང་ས་༧ སྐྱབས་མགོན་ཆེན་པོ་དང་རྡོ་རྗེ་གྲགས་ལྡན་གྱིས་ཡང་ཡང་བསྐུལ་བ་དོན་ལྡན་བྱ་ཕྱིར། ལྕགས་རྟ་ཟླ་༦ ཚེས་༢༧ ཉིན་༧ ཆོས་རྗེ་དམ་པ་ངག་དབང་བློ་གྲོས་མཚུངས་མེད་མཆོག་གསང་ཆེན་སྔ་འགྱུར་ཆོས་སྡེ་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་གཙུག་ལག་ཁང་དུ་མི་འཇིགས་གདོང་ལྔས་བཏེགས་པའི་ཁྲིར་ལྷ་མཆོག་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་དུ་སྐུར་བཞེངས་ཤིང་བཟླས་དམིགས་ལ་སྦྱོར་བའི་སྐབས་སུ་རིག་ཀློང་ནས་རྩོལ་མེད་དུ་རྡོལ་སྐབས་བདག་མཁན་པོ་རྣམ་གྲོལ་གྱིས་ཡི་གེར་བཀོད་པས་མི་མཐུན་པའི་གཡུལ་ལས་རྒྱལ་ཞིང་དགེ་ལེགས་ཀྱི་སྣང་བ་རྟག་ཏུ་འབར་གྱུར་ཅིག ཅེས་གསུངས་སོ། །

བཀའ་དབང་གནང་གྲུབ་རྗེས། རྗེ་ཉིད་ཀྱིས་ཁོང་རྣམ་པ་ལ་བླ་མ་ལ་བཀུར་བ་དང་། བླ་མེད་མི་སྤང་བ། སྔགས་དང་ཕྱག་རྒྱ་རྒྱུན་མི་གཅོད་པ། ཡང་དག་པའི་ལམ་དུ་ཞུགས་པ་ལ་བྱམས་པ། གསང་བའི་དོན་སྣོད་མིན་ལ་མི་བཤད་པ་བཅས་སྒྱུ་འཕྲུལ་གསང་སྙིང་ལས་བསྟན་པའི་རྩ་ལྟུང་ལྔ་ལ་འགྲེལ་བ་རྒྱ་ཆེར་བསྐྱོན་ནས་གསུངས།

༡༩༩༠ ལོའི་ཟླ་༨ ཚེས་༡༨ །

ཞོགས་པར། ཆོས་ཀྱི་རྗེ་ཉིད་ཀྱི་རིག་སྟོང་གི་ཀློང་ནས་ཕུར་པ་མགུལ་ཁུག་མའི་ཆ་ལག་བསྐང་བཤགས་ཀུན་བཟང་མཆོད་སྤྲིན་བྱ་བ་ཐོལ་བྱུང་གི་ཚུལ་དུ་བརྡོལ། ཆོ་ག་འདིའི་མཇུག་བྱང་ཡིག་ཆུང་གི་ནང་དུ་འདི་སྐད་དུ།

ཞེས་རབ་བྱུང་བཅུ་བདུན་པའི་ལྕགས་རྟ་ཟླ་༦ ཚེས་༢༨ ཀྱི་ཉི་ཤར་གྱི་དུས་སུ་སྔ་འགྱུར་ཆོས་སྡེ་ཐེག་མཆོག་རྣམ་གྲོལ་གླིང་རང་གནས་ཀྱི་ཁང་པར་གློ་བུར་དུ་རིག་སྟོང་ནས་རྡོལ་བ་བཞིན། སྡོམ་བརྩོན་སྡེ་སྣོད་འཛིན་པ་མཁན་བསོད་དར་རྒྱས་ཀྱིས་ཡི་གེར་བཀོད་པ་དགེ་ལེགས་འཕེལ། ཞེས་གསུངས་ཡོད།

སྔ་དྲོར། རྗེ་ཉིད་ཀྱི་རིག་སྟོང་གི་ཀློང་ནས་ཕུར་པ་མགུལ་ཁུག་མའི་ཆ་ཤས་ལྷན་ཐབས་རིན་ཆེན་ཕྲ་ཚོམ་བྱ་བ་ཐོལ་བྱུང་དུ་བརྡོལ་ཞིང་། དེའི་མཇུག་བྱང་ཡིག་ཆུང་གི་ནང་ལ་འདི་སྐད་དུ།

ལྕགས་རྟ་ཟླ་༦ ཚེས་༢༨ ལ་པདྨ་དབང་ཆེན་དགྱེས་པའི་རྡོ་རྗེའི་རིག་ཀློང་ནས་རྡོལ་བའོ། །འདིའི་ཚིག་དོན་རྣམས་མཇུག་ནས་ཡར་གོ་ལྡོག་ཏུ་ཤར་འོང་བས་རྟེན་འབྲེལ་གྱི་གནད་ངོ་མཚར་ཅན་ཞིག་ཡོད་པ་འདྲའོ། །དགེ་ལེགས་འཕེལ། ཞེས་གསུངས།

ཆོ་ག་འདི་ངས་ཡི་གེར་བཀོད་ཅིང་། ཚིག་དོན་གོ་ལྡོག་ཏུ་ཤར་འོང་བའི་རྒྱུ་མཚན་ངས་ཆོས་ཀྱི་རྗེ་ཉིད་ལ་ཞུས་པ་ན། ཞལ་ནས་གསལ་པོར་མི་ཤེས་པས་ང་ཚོས་བརྟག་དགོས་པ་ཡོད་གསུངས་ཀྱང་། དེ་ལ་རྟེན་འབྲེལ་གྱི་ཆེ་བ་ཅི་ཞིག་ཡོད་པ་གུས་པ་རང་གིས་ད་སྔ་ཡན་ད་དུང་མ་ཤེས་སོ། །

ཡི་གེར་བཀོད་ཚར་བའི་རྗེས་སུ་རྗེ་ཉིད་ཀྱིས་རྒྱུན་ལྡན་གྱི་གོ་རིམ་ལྟར་སྒྲིག་ཆོག་པའི་གནང་བ་བསྩལ་ཅིང་། དེང་སང་གསུང་འབུམ་གྱི་ཁྲོད་དུ་བཞུགས་ཡོད།

ཉིན་འདི་ནས་ཆོས་ཀྱི་རྗེ་ཉིད་ཀྱིས་རྣམ་གྲོལ་གླིང་གི་འདུས་སྡེ་བྱིངས་ལ་བཀའ་ཆོས་གསུང་བའི་དབུ་ཚུགས་པ་རེད།

༡༩༩༠ ལོའི་ཟླ་༨ ཚེས་༡༨ ནས་ཟླ་༩ ཚེས་༥ །

ཆོས་ཀྱི་རྗེ་ཉིད་ཀྱིས་བཀའ་ཆོས་ཀྱི་ཐོག་མ་ལ་བླ་མ་མི་ཕམ་ཚང་གིས་མཛད་པའི་གུ་རུའི་ཚིག་བདུན་གསོལ་འདེབས་ཀྱི་རྣམ་བཤད་པདྨ་དཀར་པོ་གསུངས། ཉི་མ་རེ་ལ་ཆོས་ཐུན་གཅིག་སྟེ་ཕྱི་དྲོ་ཆུ་ཚོད་གཉིས་པའི་ཐོག་ཏུ་དབུ་བཟུང་ནས་མ་མཐའ་ཆུ་ཚོད་གཉིས་ཙམ་ལ་གསུངས། ཉིན་རེའི་གསུང་བྱའི་གཞུང་གི་ཚིག་རྣམས་ངས་སྔ་ས་ནས་ཆོས་ཀྱི་རྗེ་ཉིད་ལ་སྒྲ་ལེན་གྱི་ཡོད།

སྐབས་དེར་ང་ལ་ཐོས་བསམ་བྱེད་པའི་འདུན་མོས་ཤུགས་ཆེན་ཡོད་པར་བརྟེན། རྗེ་ཉིད་ཀྱི་བཀའ་ཆོས་ཞུ་བ་ལས་གཞན་ད་དུང་དགེ་འདུན་པ་རྣམས་ཀྱི་རྩོད་གྲྭ་དང་ཆོས་ཁྲིད་གནང་ས་སོགས་ལ་ཡང་མ་ཆག་པར་སོང་ནས། ཁོང་རྣམ་པ་དང་མཉམ་དུ་ཆོས་ཀྱི་དོན་ལ་བགྲོ་གླེང་གང་མང་བྱས་པ་ཡིན།

རྣམ་གྲོལ་གླིང་གི་དགེ་འདུན་པ་རྣམས་ཀྱིས་ཕྱི་དྲོའི་སྐབས་ཐམས་ཅད་ལ་རྩོད་པ་མཛད་ཅིང་། ཁོང་རྣམ་པའི་ཐུགས་དཀྱེལ་ཤིན་ཏུ་ཡངས་པས་གྲུབ་མཐའ་སོ་སོའི་བཞེད་པ་རྩལ་དུ་བཏོན་ནས་རྩོད་པ་བྱེད་ཀྱིན་འདུག་པ་དང་ད་དུང་རྒྱུན་དུ་ལུང་དུ་ཡང་འདྲེན་གྱིན་འདུག སྐབས་དེ་དུས་ངེད་ཚོ་བླ་རུང་སྒར་ལ་རྩོད་པ་ད་དུང་མེད་ཅིང་། རྩོད་པའི་ཐབས་འདི་ལ་བརྟེན་ནས། ངས་ཆོས་ཀྱི་དོན་མི་འདྲ་བ་མང་པོ་བློ་ལ་ཆུད་ནས་གོམ་གང་མདུན་སྤོས་ཀྱི་ཚུལ་དུ་གྲུབ་མཐའ་སོ་སོའི་ལྟ་བའི་གནད་མང་པོ་ཤེས་ཐུབ་པ་བྱུང་།

དེ་སྐབས་ཁོང་རྣམ་པས་ལྷ་སའི་སྐད་ཀྱིས་གསུངས་ཤིང་ཨ་མདོའི་སྐད་བཤད་པ་ང་གཅིག་པུ་ལས་མེད་པའི་རྐྱེན་གྱིས། བོད་ནས་འོངས་པའི་གྲྭ་ཆུང་དཀྱུས་མ་ང་ལ་ཐོག་མར་དོ་སྣང་ཆེར་མི་བྱེད་པར་འདུག་ཀྱང་། ལོ་ན་ཤིན་ཏུ་གཞོན་པའི་ང་ལ་གཞུང་ལ་ངེས་ཆ་དང་དང་དུ་ལེན་པའི་ནུས་པ་སོགས་མི་དམན་པ་ཡོད་པས་རྩོད་པ་ཁ་ཤས་བྱས་པ་བརྒྱུད། ཡུན་རིང་མ་འགོར་བར་ཁོང་རྣམ་པའི་སྐད་ཆའི་གོམས་སྲོལ་ལ་རྒྱུས་ལོན་ནས་རྟག་ཏུ་དྲི་བ་འཕེན་ཞིང་། རང་ཉིད་ཀྱི་ལྟ་བ་དམིགས་བསལ་བ་ཡོད་པ་དག་བཤད་པར་བརྟེན། ཁོང་རྣམ་པས་རིམ་གྱིས་ང་ལ་ལྟ་སྟངས་ལེགས་པོ་བཟུང་ཞིང་རྣམ་འགྱུར་ཡང་ཇེ་བས་ཇེ་བཟང་དུ་གྱུར་སོང་། རྩོད་པ་བརྒྱུད་དེ་ངས་མཁན་པོ་དང་སྤྲུལ་སྐུ་འགའ་རེ་ངོ་ཤེས་ནས་གྲོགས་པོར་གྱུར་པར་མ་ཟད། ད་ལྟའི་བར་དུ་འབྲེལ་བ་ཡོད་པ་དང་། ཆོས་ཀྱི་དོན་འགའ་རེ་ལ་སྐབས་ལ་ལར་ད་དུང་ཡང་བསམ་ཚུལ་བརྗེ་རེས་བྱེད་བཞིན་ཡོད་ལ། དེར་མ་ཟད་ད་ལྟར་ཐུག་གི་བར་དུ་ངས་དབུས་གཙང་གི་སྐད་ཀྱང་ཡག་པོ་གོ་ཡི་ཡོད།

ཉིན་པར་བགྲོ་གླེང་བྱེད་པ་དང་གཞན་མཚན་མོར་ཆོས་ཀྱི་རྗེ་ཉིད་གཟིམས་ཚར་རྗེས། རྣམ་གྲོལ་གླིང་གི་མཁན་པོ་རྣམས་ཀྱི་མདུན་ནས་ལུང་དང་ཆོས་ཐུན་འགའ་རེ་ཡང་ཞུས། སྐབས་དེ་དུས་ངས་སྨིན་གླིང་ལོ་ཆེན་གྱིས་མཛད་པའི་སྒྱུ་འཕྲུལ་གསང་སྙིང་གི་འགྲེལ་བ་གསང་བདག་ཞལ་ལུང་དང་དགོངས་རྒྱན་གཉིས་ཀའི་ལུང་ཆ་ཚང་ཞུ་རྒྱུ་བྱུང་ཞིང་། རྫ་དཔལ་སྤྲུལ་རིན་པོ་ཆེས་མཛད་པའི་ཕར་ཕྱིན་སྤྱི་དོན་གྱི་ཁྲིད་རྒྱས་པ་ཞུས། ༡༩༨༦ ལོར་ང་ལ་རྗེ་ཉིད་ཀྱི་སྐུ་མདུན་ནས་ཕར་ཕྱིན་སྤྱི་དོན་ཐོབ་མྱོང་ཡང་། བཤད་གྲྭ་གཞན་དུ་བཀའ་པོད་ལྔར་འགྲེལ་ལུགས་མི་འདྲ་བ་ཡོད་པ་རྣམས་ལ་ཤེས་འདོད་ཆེན་པོ་ཡོད་པར་བརྟེན། ཉིན་དཀར་བྱ་བ་ཇི་ལྟར་མང་ན་ཡང་། དགོང་མོར་ཁོམ་པའི་དུས་ཚོད་ཅི་ཡོད་བཙལ་ནས་ཞུས་པ་ཡིན་ཞིང་། མཚམས་ལ་ལར་གཉིད་མཐུག་པོ་ཞིག་གིས་མནར་ནས་འོང་ཡང་། ཐབས་ཅི་དྲགས་བྱས་ཏེ་རྒྱུན་བསྐྱངས་ནས་ཞུས་པ་ཡིན་ནའང། བློ་ཕངས་པ་ཞིག་ལ་རྗེས་ནས་དུས་ཚོད་ཀྱིས་མ་འདང་བར་ཚང་མ་ཞུ་ཐུབ་པ་མ་བྱུང་།

མདོར་བསྡུས་ནས་བཤད་ན། རྣམ་གྲོལ་གླིང་ནས་ཐོས་བསམ་བྱས་པ་དེ་དག་གིས་ང་ལ་ཕན་རྒྱ་ཆེན་པོ་ཐོགས་སོང་།

༡༩༩༠ ལོའི་ཟླ་༩ ཚེས་༦ །

རྗེ་ཉིད་ཀྱིས་བཀའ་ཆོས་གསུང་བཞིན་པའི་སྒང་ལ། གློ་བུར་དུ་འབྲུག་རྒྱལ་པོའི་གདན་ཞུ་ཡི་གེ་འབྱོར།

དེ་དུས་འབྲུག་ཡུལ་ལ་ཕྱི་དགྲས་བཙན་འཛུལ་བྱེད་པའི་ཉེན་ཁ་ཆེན་པོར་ཐུག་ཡོད། གཏེར་སྟོན་འབྲུག་སྒྲ་རྡོ་རྗེའི་གཏེར་ལུང་ནང་རྟ་ལུག་གཉིས་ཀྱི་མཚམས་སུ་འཇམ་པའི་དབྱངས་ཀྱི་སྤྲུལ་པའི་གཏེར་སྟོན་ཞིག་འབྲུག་ཡུལ་ལུང་པ་ལ་བོད་ནས་གདན་འདྲེན་ཞུ་ཐུབ་ན། ཁོང་གི་མཐུ་དང་ནུས་པ་ལ་བརྟེན་ནས་བར་ཆད་མཐའ་དག་ཞི་བར་བྱེད་ཐུབ་ཅིང་། དེ་མ་བྱུང་ན་འབྲུག་རྒྱལ་ཁབ་ལ་ཆག་འཇིག་ཆེན་པོ་ཞིག་འབྱུང་རྒྱུ་ཡིན་ཚུལ་གསལ་བར་བརྟེན། འབྲུག་རྒྱལ་པོས་ཁོང་གི་དབུ་བླ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ལ་ཐུགས་གྲོས་མཛད་རྗེས། འཇམ་པའི་དབྱངས་ཀྱི་སྤྲུལ་པ་ཆོས་ཀྱི་རྗེ་ཉིད་ཡིན་པར་ཤེས་ནས། རྗེ་ཉིད་གདན་འདྲེན་ཞུ་བའི་ཕྱིར་དུ་ཆེད་གཉེར་གྱིས་འཕྲིན་ཡིག་དེ་ཕུལ་བ་ཡིན་པར་འདུག

འབྲུག་ཡུལ་ལ་ཕེབས་པ་འདི་སྔ་མ་ནས་བཀོད་པའི་འཆར་གཞི་མིན་ཡང་། ཆོས་ཀྱི་རྗེ་ཉིད་དང་གྲུབ་དབང་པད་ནོར་རིན་པོ་ཆེ་གཉིས་ཐུགས་གྲོས་མཛད་རྗེས། འབྲུག་ཡུལ་གྱི་གདུལ་བྱའི་སེམས་ཅན་རྣམས་ལ་ཕན་འདོགས་པའི་སླད་དུ། རྣམ་གྲོལ་གླིང་ལ་བཀའ་ཆོས་གསུང་རྒྱུ་ཇེ་ཉུང་ལ་བཏང་ནས། འབྲུག་ཡུལ་ལ་ཕེབས་པའི་དུས་ཚོད་བཀོད་སྒྲིག་མཛད་པ་རེད།

རྣམ་གྲོལ་གླིང་གི་ཉེ་ས་ལ་གནམ་ཐང་ཡོད་ཀྱང་། འབྲུག་ཡུལ་ལ་འཕུར་བའི་གནམ་གྲུ་ནི་དྷི་ལི་གསར་པ་དང་གྲོང་ཁྱེར་ཀོལ་ཀ་ཊ་ལ་མ་གཏོགས་མེད་སྟབས། རྗེ་ཉིད་ཀྱིས་བརྟག་པ་མཛད་རྗེས་ཀོལ་ཀ་ཊ་ལ་ཕེབས་རྒྱུའི་ཐུགས་ཐག་བཅད།

ངས་རྗེ་ཉིད་འབྲུག་ཡུལ་ལ་ཕེབས་རྒྱུ་ཡིན་པ་གོ་རྗེས་ཡིད་ཤིན་ཏུ་དགའ་བ་བྱུང་། རྣམ་གྲོལ་གླིང་གི་དགེ་འདུན་པ་རྣམས་ལ་མཚོན་ན་ཆོས་ཀྱི་རྗེ་ཉིད་འདྲ་བ་གདན་འདྲེན་ཞུ་ཐུབ་པ་ཤིན་ཏུ་དཀའ་བས། ཁོང་མི་ཕེབས་པར་རྣམ་གྲོལ་གླིང་དུ་བཞུགས་ནས་བཀའ་ཆོས་གསུང་བའི་ཐུགས་རེ་ཆེ་བར་འདུག་ཀྱང་། ང་ལ་མཚོན་ནས་བཤད་ན་ནི། ཆོས་ཀྱི་རྗེའི་མདུན་ནས་བཀའ་ཆོས་ཞུ་བའི་གོ་སྐབས་ནམ་ཡང་ཡོད་པ་འདྲ་ཞིང། འབྲུག་ཡུལ་ལ་སོང་ན་རྒྱལ་ཁབ་དེའི་མི་དམངས་ཡོངས་རྫོགས་ཐེག་པ་ཆེན་པོའི་ཆོས་ལ་དད་གུས་ཅན་ཤ་སྟག་ཡིན་པ་དང་། སྐད་ཡིག་དང་ཡུལ་སྲོལ་གོམས་གཤིས་སོགས་ངེད་ཅག་བོད་པ་དང་ཤིན་ཏུ་འདྲ་བར་ཡོད་ཅིང་། རྒྱལ་པོའི་ལམ་ལུགས་ད་དུང་སྔ་མ་ལྟར་སོར་བཞག་བྱས་ཡོད་པ་སོགས་རྣ་ཐོས་བྱུང་བའི་རྐྱེན་གྱིས། དེ་དག་ལ་མཚར་སྣང་ཆེན་པོ་སྐྱེས་ཏེ་ཤིན་ཏུ་འགྲོ་འདོད་པ་བྱུང་།

སྐབས་དེར་འབྲུག་ཡུལ་དང་རྒྱལ་ཁབ་མང་པོའི་བར་ལ་ཕྱི་འབྲེལ་བཙུགས་མེད་པས། ངེད་ཅག་ལ་རྒྱལ་པོའི་ཕོ་བྲང་ནས་ཐད་ཀར་གདན་འདྲེན་ཞུ་ཡིག་འབྱོར་བའི་རྐྱེན་གྱིས་ལམ་ཡིག་ལ་དཀའ་ལས་གང་ཡང་རྒྱག་མ་དགོས་པར་མྱུར་དུ་ཆོག་མཆན་ཐོབ།

༡༩༩༠ ལོའི་ཟླ་༩ ཚེས་༧ །

རྣམ་གྲོལ་གླིང་ནས་ཕེབས་ཐོན་གྱིས་སྤྱི་ལེ་༢༣༨ ལ་རླངས་འཁོར་དུ་བཞུགས་ནས་བྷེང་ལོར་ལ་ཞབས་སོར་བཀོད་ཅིང་། དེ་ནུབ་དེ་གར་ཞལ་བཞུགས་མཛད།

༡༩༩༠ ལོའི་ཟླ་༩ ཚེས་༨ །

ཕྱི་དྲོའི་ཆུ་ཚོད་དྲུག་པར། གྲོང་ཁྱེར་ཀོལ་ཀ་ཊ་ལ་འཕུར་བའི་གནམ་གྲུ་ལ་བཞུགས་ཤིང་། འཕུར་ལམ་ལ་སྤྱི་ལེ་༡༥༠༠ ལྷག་ཡོད་པར་འདུག

གནམ་གྲུ་བར་སྣང་ལ་འཕུར་བའི་དུས་སུ་ཉི་མ་ནུབ་རི་ལས་ཡོལ་རན་ཁར་ཐུག་པས། དགོང་ཁའི་མཚམས་སྤྲིན་ཤིན་ཏུ་མཛེས་ཤིང་། སེར་ལམ་ལམ་གྱི་འོད་སྣང་ཡུག་གཅིག་གིས་ནམ་མཁའ་བཀང་འདུག ཆོས་ཀྱི་རྗེ་ཉིད་ཀྱིས་རྒྱུན་ལྡན་བཞིན་སྒེའུ་ཁུང་གི་ཕྱི་རུ་གཟིགས་ནས་ཞལ་འདོན་ཞིག་གསུང་གིན་འདུག་ལ། མཚམས་ལ་ལར་སྤྲིན་གྱི་རྒྱ་མཚོའི་མཛེས་ལྗོངས་ལ་གཟིགས་ནས་སྐུ་དྲུང་དུ་ཡོད་པ་དག་ལ། ལྟོས་དང་། ཧ་ལས་པ་ཡག་གི་ཨཱ། ཞེས་པ་དང་། ཅི་འདྲའི་མཛེས་པ་ལ་ཨང་ཞེས་སོགས་ཀྱི་གསུང་ཕེབས་པའང་དྲན་གྱི་འདུག

རྗེ་ཉིད་གནམ་གྲུའི་ནང་དུ་བཞུགས་པའི་སྐབས་ཐམས་ཅད་ལ། དོ་སྣང་བྱེད་དགོས་པའི་དོན་ཚན་ཁག་རྣམས་ལ་རྒྱལ་ཁབ་སོ་སོའི་བཤད་ལུགས་འདྲ་བར་ཨེ་འདུག་ལྟ་བའི་ཆེད་དུ་བོད་སྐད་ལ་སྒྱུར་དུ་འཇུག་པ་ཡིན། སྐབས་ལ་ལར་ཁོང་གིས་ཞལ་མཚར་དང་བཅས་ཏེ་བར་སྣང་ནས་ངོ་མ་ཉེན་ཁ་འདྲ་བྱུང་ཡོང་ན། འདི་ཚོ་ཤེས་ཀྱང་གསོན་ཐུབ་པའི་ངེས་པ་མེད་པས་སེམས་གསོ་སྤྱད་ཙམ་ཡིན་ས་རེད་ཅེས་གསུངས་ཀྱང་། ཁོང་གིས་ཁོ་ཚོས་བཤད་པ་ནང་བཞིན་སྐྱོབ་ཐག་བཅིང་བར་མཛད་ཀྱིན་ཡོད་པ་རེད།

ཆོས་ཀྱི་རྗེ་ཉིད་གནམ་གྲུའི་ནང་དུ་ཕལ་ཆེར་མི་གཟིམ་ཞིང་། གཟིམ་ན་ཡང་སྤྱན་འཛུམ་པ་ཙམ་ལས་མི་མཛད། གནམ་གྲུ་ལ་རླུང་ཁམས་ཀྱིས་གཡོ་སྒུལ་འདྲ་བྱུང་ན། ངེད་ཚོའི་སེམས་འཚུབ་ནས་རྟག་ཏུ་རྗེ་ཉིད་ལ་ཅེར་རེ་ལྟ་ཡི་ཡོད་ཀྱང་། རྗེ་ཉིད་ནི་ལྷོད་ཤིག་གེ་བར་བཞུགས་པ་ལས་ཐུགས་ལ་གཡོ་འགུལ་ཅི་ཡང་མི་འབྱུང་བར་འདུག་པ་འདྲ།

གནམ་གྲུ་འབབ་སྐབས། ཆོས་ཀྱི་རྗེ་ཉིད་ཀྱིས་སྐུ་མདུན་གྱི་ཅ་ལག་ཚང་མ་གཙང་མར་བཟོ་ཞིང་། གོར་སོབ་གསོལ་མ་ཚར་བ་ཡོད་ན་ངེད་ཚོར་ཁུག་མའི་ནང་དུ་བླུགས་ནས་ཕྱིར་འཁྱེར་དུ་འཇུག་པ་རེད།

རྒྱ་གར་ནས་གནམ་ཐང་དག་ལ་འདུག་ཁྲིའུ་སྒྲིག་པའི་ཆ་རྐྱེན་མི་འདུག་ཀྱང་། ཤིན་ཏུ་ལེགས་པ་ཞིག་ལ་རྗེ་ཉིད་དེ་དུས་སྐུ་ལུས་བདེ་ཐང་ཡིན་པས་འདུག་ཁྲིའུ་མེད་ཀྱང་ཆོག ཕྱིས་སུ་ངེད་ཅག་ཨ་རི་དང་སིང་གྷ་ཕོར་བཅས་ལ་འགྲོ་སྐབས། གནམ་ཐང་ནས་ལམ་རིང་པོའི་བར་དུ་རྐང་ཐང་ལ་འགྲོ་དགོས་པར་བརྟེན། སྣེ་ལེན་བྱེད་མཁན་རྣམས་ཀྱིས་འདུག་ཁྲིའུ་རེ་བཀོད་སྒྲིག་བྱེད་ཀྱི་ཡོད་ལ། རྗེ་ཉིད་ཀྱང་དེའི་སྟེང་ལ་བཞུགས་པའི་མོས་མཐུན་མཛད་སྲོལ་ཡོད།

ང་ལ་གནམ་ཐང་ནས་ཆོས་ཀྱི་རྗེ་ཉིད་འདུག་ཁྲིའུ་ལ་བཞུགས་ནས་བསྒྲིལ་ཏེ་འགྲོ་བར་དགའ་སྣང་ཆེན་པོ་ཡོད། རྗེ་ཉིད་བཞུགས་མ་ཐག་ངས་ཞབས་རྐང་བརྫི་ས་འཕྲལ་དུ་བརྐྱངས་ནས་རྗེ་ཉིད་ཀྱིས་ཞབས་རྐང་ལེགས་པོར་བཀོད་ཚར་རྗེས། ང་རྗེའི་སྐུ་རྒྱབ་ཏུ་ཡོང་ནས་ཕར་ལ་སྒྲིལ་གྱི་ཡོད། འདུག་ཁྲིའུ་སྒྲིལ་བ་ལ་ཤེད་ཆེན་མོ་རང་འབྱིན་མི་དགོས་པར། རྗེ་ཉིད་ལ་རླངས་འཁོར་བསྐོར་ནས་འགྲོ་བཞིན་ཡོད་པའི་ཚོར་བ་འདྲ་བ་ཞིག་སྐྱེས་ནས་ས་ཤིན་ཏུ་སྤྲོ་སྣང་དང་ལྡན་པ་ཞིག་ཡོད་དར། སྐབས་ལ་ལར་གཟབ་གཟབ་མ་བྱས་ནས་སྒྲིལ་བ་མགྱོགས་ཆེས་པར་སོང་ན། རྗེ་ཉིད་ཀྱིས་ད་དུང་རྒྱབ་ཀྱི་མི་རྣམས་ཅུང་ཟད་སྒུག་དགོས་ཞེས་ང་ལ་དྲན་སྐུལ་གནང་འོང་།

ད་སྐབས། ངས་མཚམས་ལ་ལར་གནམ་ཐང་ནས་མི་འགའ་རེ་འདུག་ཁྲིའུའི་སྟེང་ལ་བསྡད་འདུག་པ་མཐོང་དུས། རྗེ་ཉིད་འདུག་ཁྲིའུའི་སྟེང་ལ་བཞུགས་པའི་རྣམ་པ་ཡིད་ལ་འཆར་བ་དང་། ངས་རྗེ་ཉིད་བཞུགས་པའི་འདུག་ཁྲིའུ་བསྒྲིལ་ནས་གང་སར་ཡན་པའི་རྣམ་པ་མ་ལུས་པ་ཡིད་ལ་ལམ་ལམ་དུ་འཆར་འོང་གི་འདུག་གོ །

༡༩༩༠ ལོའི་ཟླ་༩ ཚེས་༩ །

ཀོལ་ཀ་ཊ་ནས་ཆུ་བོ་གངྒཱ་མཐོང་གི་ཡོད་ཅིང་། མདོ་མང་པོའི་ནང་དུ་ཆུ་བོ་གངྒཱའི་སྐོར་མང་པོ་གསུངས་ཡོད་ཅིང་། རྒྱ་གར་གྱི་པཎ་གྲུབ་མང་པོས་ཆུ་བོ་གངྒཱ་ཤེས་རབ་ཀྱི་ཆུ་ཡིན་པས། དེ་འཐུང་ན་ཤེས་རབ་འཕེལ་བ་སོགས་ཡོང་བར་གསུངས་ཡོད་པའི་རྐྱེན་གྱིས། རྗེ་ཉིད་ཀྱིས་བྱ་བ་ཅི་ལ་ཐུག་ཀྱང་ཐེངས་འདིར་ངེས་པར་དུ་ཆུ་བོ་གངྒཱ་ལ་ལྟ་སྐོར་ཞིག་དགོས་གསུངས་སྟབས། ངེད་ཅག་ཀོལ་ཀ་ཊ་རུ་ཉི་མ་གཅིག་ལ་བསྡད་པ་ཡིན།

ཀོལ་ཀ་ཊ་ལ་བོད་པ་རྣམས་ཀྱིས་ཀ་ལ་ཀ་ཏ་ཞེས་འབོད་ཅིང་། བུམ་བྷེ་དང་དྷི་ལི་གསར་པ་ནས་བརྩིས་པའི་རྒྱ་གར་གྱི་གྲོང་ཁྱེར་ཆེན་པོ་ཨང་གསུམ་པ་རེད། འབངས་བསྐྱེད་ཀྱི་ཡོ་ལང་ཤིན་ཏུ་འཁྲུག་པའི་སྐབས་སུ། ཕྱི་ལོ་༡༧༧༢་ནས་ཕྱི་ལོ་༡༩༡༡་བར་གྱི་མི་ལོ་༡༤༠ རིང་། ཀོལ་ཀ་ཊ་དབྱིན་ཇིའི་ཁོངས་ལ་ཚུད་པའི་རྒྱ་གར་གྱི་རྒྱལ་ས་ཡིན་པའི་རྐྱེན་གྱིས། དེང་རབས་རྒྱ་གར་གྱི་སློབ་གསོ་དང་། ཚན་རྩལ། རིག་གནས། ཆབ་སྲིད་སོགས་ཀྱི་ལྟེ་བ་ཡིན་པར་མ་ཟད། ཝིག་ཐྲོ་རེས་ཡའི་ལུགས་ཀྱི་འཛུགས་སྐྲུན་མང་པོ་ད་དུང་ཡང་རང་སོར་བཞག་ནས་ཡོད་པ་མཐོང་རྒྱུ་འདུག ལོ་རྒྱུས་ཐོག་ནས་གྲོང་ཁྱེར་འདི་ལ་དར་རྒྱས་ཆེ་བའི་གྲགས་པ་ཆེན་པོ་ཡོད་ནའང་། ༡༩༤༧ ལོར་རྒྱ་གར་རང་བཙན་བྱས་པ་ནས་བཟུང་དེའི་དཔལ་འབྱོར་གྱི་གནས་སྟངས་ཆེས་ཞན་པར་གྱུར་སོང་བ་རེད་ཅེས་ས་གནས་དེ་གའི་མི་རྣམས་ཀྱིས་ཟེར་བཞིན་འདུག་ལ། ངེད་ཅག་དེར་ཐོན་དུས་ཀྱང་། གྲོང་ཁྱེར་ཡོངས་རྫོགས་ཅུང་ཟད་ཉམས་རིད་དུ་གྱུར་འདུག་པ་མཐོང་།

ངེད་དཔོན་སློབ་རྣམས་རླངས་འཁོར་ལ་ཞུགས་ནས་ཆུ་བོ་གངྒཱའི་འགྲམ་ལ་སོང་ཞིང་། མི་མང་པོས་སྡིག་པ་འདག་པའི་ཕྱིར་ཆུ་བོའི་ནང་དུ་ལུས་ལ་ཁྲུས་བྱེད་བཞིན་ཡོད་པ་མཐོང་བས། རྗེ་ཉིད་ཀྱི་ཐུགས་ཧ་ལས་པའི་ངང་ཞལ་ནས། སྡིག་པ་ནི་ཆུས་བཀྲུས་ནས་འདག་འགྲོ་རྒྱུ་ཞིག་མིན་ཏེ། ནང་པ་སངས་རྒྱས་པའི་ལུགས་ལྟར་ན། སྡིག་པ་ཐམས་ཅད་བཤགས་པ་ཁོ་ནས་ད་གཟོད་འདག་ཏུ་རུང་བར་གསུངས་ཡོད་གསུངས།

ངས་ཆུ་བོ་གངྒཱ་མཐོང་ཐེངས་དང་པོ་ཡིན་ཞིང་ཚོར་བ་དེ་ཚིག་ཅི་འདྲ་ཞིག་གིས་བརྗོད་དགོས་པ་མི་ཤེས། ཆུ་བོ་གངྒཱ་ལ་སྔར་བསམས་པ་ལྟ་བུའི་དྭངས་མོ་རང་མི་འདུག་ཀྱང་ཆུ་ཞེང་ནི་ཤིན་ཏུ་ཆེ་ལ། བྱེ་མ་ཞིབ་ཅིང་རྫོང་མཐུག་པས་མདོ་རྣམས་ལས་གངྒཱའི་བྱེ་མ་སྙེད་ཅེས་བྱ་བས་གྲངས་ཤིན་ཏུ་མང་པོ་མཚོན་པར་བྱས་པ་རེད་འདུག་སྙམ། ང་ཆུ་བོ་གངྒཱའི་འགྲམ་ལ་ལངས་ནས། སྔར་སྟོན་པ་ཐུགས་རྗེ་ཅན་གྱི་དུས་སྐབས་དེ་དག་ཡིད་ལ་དྲན་ཞིང་། གངྒཱ་ལ་འབྲེལ་བ་ཡོད་པའི་གསུང་མང་པོ་བློ་ཡུལ་ལ་བར་མ་ཆད་དུ་ཤར།

ཆུ་བོ་གངྒཱའི་ཉེ་ས་ཞིག་ལ་ཆེད་དུ་དུང་དཀར་གཡས་འཁྱིལ་བཙོང་སའི་ཚོང་ཁང་འགའ་རེ་གདའ། དེ་དུས་ད་ལྟ་དང་མི་འདྲ་བར་དུང་དཀར་དེ་འདྲ་ཧ་ཅང་དཀོན་པས། ངེད་ཅག་གིས་ཆོས་དུང་དཀར་པོ་འགའ་རེ་ཉོས་ནས་ཕྱིར་སྒར་ལ་ཁྱེར་འོང་བ་ཡིན།

ཕྱི་དྲོར། ཆོས་ཀྱི་རྗེ་ཉིད་ཆུ་བོ་གངྒཱའི་སྟེང་ནས་འཕྲེད་ལ་བརྒྱབས་པའི་ཟམ་ཆེན་ཧ་ཨོ་ར་(Howrah Bridge)བྱ་བར་གཟིགས་མོ་ལ་ཕེབས། ཟམ་པ་དེ་༡༩༣༦ལོར་བཙུགས་ཤིང་། རིང་ཚད་ལ་སྨི་༧༠༥ ཡོད། དེ་ནི་འཛམ་བུ་གླིང་གི་ཆེས་རིང་ཤོས་ཀྱི་འདེགས་དཔུང་ཟམ་པ་ཨང་གསུམ་པ་ཡིན་པ་དང་གྲོང་ཁྱེར་ཀོལ་ཀ་ཊའི་མཚོན་བྱེད་ལྟ་བུ་ཡིན་པར་འདུག

ཆོས་ཀྱི་རྗེ་ཉིད་ནི་བོད་ཀྱི་ནང་ཆོས་ཇི་བཞིན་ལག་བསྟར་གནང་བའི་སྲོལ་རྒྱུན་གྱི་བཤེས་གཉེན་ཁྱད་པར་བ་ཞིག་ཡིན་གཤིས། ནང་པའི་གནས་ཆེན་ཁག་ལ་མཇལ་གཟིགས་གནང་རྒྱུར་ཐུགས་དགྱེས་ཚུལ་ཆེན་པོ་མཛད་ཀྱིན་ཡོད་པ་སྨོས་མ་དགོས་མོད། མི་འདྲ་ས་ཞིག་ལ་ནང་པ་སངས་རྒྱས་པ་ལ་འབྲེལ་བ་མེད་པའི་འཛུགས་སྐྲུན་སོགས་ལ་ཡང་། རྒྱུས་ལོན་བྱེད་པའི་ཐུགས་འདུན་ཡོད་པ་རེད། ཁོང་ས་ཆ་གང་འདྲ་ཞིག་ལ་ཕེབས་ཀྱང་། རྣམ་པ་ཀུན་ཏུ་ས་གནས་དེ་གའི་ལོ་རྒྱུས་དང་། ཆོས་ལུགས། རིག་གནས། ཡུལ་སྲོལ་གོམས་གཤིས་སོགས་ལ་བཀའ་འདྲི་གནང་ནས་འགྲོ་བའི་བདེ་སྡུག་སྣ་ཚོགས་ལ་ཐུགས་ཁུར་ཟབ་བཞེས་མཛད་སྲོལ་ཡོད། བླ་མའི་ཕྱི་བཞིན་དུ་འབྲངས་ནས་མཉམ་དུ་སོང་བས། ང་ལ་ཉི་མ་རེ་རེ་བཞིན་དུ་བློ་བསྐྱེད་མང་པོ་བྱུང་སོང་།

ས་ཚུགས་གསུམ་པ། འབྲུག་ཡུལ།

༡༩༩༠ ལོའི་ཟླ་༩ ཚེས་༡༠ །

ཀོལ་ཀ་ཊ་ནས་གནམ་གྲུ་ལ་ཞུགས་ཏེ་འབྲུག་ཡུལ་ལ་འཕུར། གནམ་གྲུ་དེ་ཆུང་ཆུང་ཞིག་ལས་མེད་ཀྱང་མགྲོན་ཞབས་པ་རྣམས་རྒྱུད་ཤིན་ཏུ་འཇམ་ཞིང་། གདོང་ལ་འཛུམ་གྱིས་ཁེངས་པ་དང་། རབ་ཏུ་བྱུང་བ་རྣམས་ལ་དགའ་གུས་ཀྱིས་ཐལ་མོ་སྦྱོར་བཞིན་གདའ།

གནམ་གྲུའི་ནང་ནས་འབྲུག་ཡུལ་གྱི་སྤ་རོའི་གནམ་ཐང་ནི་འཛམ་བུ་གླིང་གི་གནམ་ཐང་ཆེས་ཉེན་ཁ་ཅན་དག་ལས་གཅིག་རེད་ཅེས་མི་ཞིག་གིས་བཤད་པ་ཐོས། དེའི་རྒྱུ་མཚན་ཡང་འབྲུག་ཡུལ་ལ་ས་ཁོད་སྙོམ་པོ་ཡོད་པ་ཤིན་ཏུ་ཉུང་བས། གནམ་ཐང་རི་ཚོགས་ཀྱིས་བསྐོར་བའི་ལུང་ཆུང་ཞིག་གི་ནང་དུ་མི་འཛུགས་ཀ་མེད་དུ་གྱུར་པ་དང་། རི་དེ་དག་ལ་མཐོ་ཚད་མཚོ་འཕགས་སྨི་༥༥༠༠ ལྷག་ཡོད་པའི་རྐྱེན་གྱིས་རེད་འདུག གནམ་ཐང་གི་དབྱིབས་ཁུག་མ་ཞིག་དང་འདྲ་ལ། བར་སྣང་ནས་འཕུར་ཚེ་ཕལ་ཆེར་འཕུར་སྐྱོད་པས་མིག་གིས་རྒྱང་རིང་ཐུང་སོགས་ལ་བརྟག་པ་ལས་གཞན་ལྟར་མི་ཡོང་བས། ཉིན་དཀར་ཁོ་ནར་ཡར་འཕུར་བ་དང་མར་འབབ་པ་བྱེད་ཀྱིན་འདུག གོ་ལ་ཧྲིལ་བོའི་ནང་གནམ་ཐང་འདིའི་སྟེང་དུ་འབབ་ཐུབ་མཁན་གྱི་འཕུར་བསྐྱོད་པ་བརྒྱད་ཁོ་ན་ལས་མེད་པར་གྲགས།

ངའི་བློ་ངོར་འབྲུག་ཡུལ་ལ་གནམ་གྲུ་གཅིག་ཁོ་ན་ལས་མི་འདུག་པ་དྲན་ཞིང་། ༡༩༥༨ ལོར་རྒྱ་གར་གྱི་དབུ་བློན་སྔ་མ་ནེ་ཧཱི་རུའུ་འབྲུག་ཡུལ་ལ་རྟ་ཞོན་ནས་སོང་བ་རེད་ལ། གྲུབ་དབང་པད་ནོར་རིན་པོ་ཆེ་སྔ་ལོར་འབྲུག་ཡུལ་ལ་ཕེབས་སྐབས། འབྲུག་ཡུལ་ལ་རླངས་འཁོར་གཅིག་ཁོ་ན་ཡོད་པ་དེའི་ནང་དུ་ཕེབས་སྐད། ཅུང་བཟང་བ་ཞིག་ལ། ཐེངས་འདིར་རྗེ་ཉིད་ཕེབས་དུས་ཏག་ཏག་གནམ་གྲུ་གཅིག་འཕུར་མཁན་འདུག ཆུ་ཚོད་གཅིག་ལྷག་ལ་སྤྱི་ལེ་༨༠༠ ལྷག་འཕུར་བ་བརྒྱུད། ངེད་དཔོན་སློབ་རྣམས་རི་རྒྱུད་མང་པོའི་སྟེང་ནས་བརྒལ་ཏེ་སྤ་རོའི་གནམ་ཐང་དུ་བདེ་བར་བབས།

ཆོས་ཀྱི་རྗེ་ཉིད་གནམ་གྲུ་ལས་བབས་དུས། འབྲུག་རྒྱལ་པོའི་ཕོ་བྲང་ནས་ཕེབས་བསུ་གཟབ་རྒྱས་ཞུས། དེ་རྗེས་རླངས་འཁོར་ལ་བཞུགས་ནས་སྐྱིད་ཆུའི་ལྷ་ཁང་(Kyichu Lhakhang)དུ་ཐད་ཀར་ཞབས་སོར་བཀོད།

སྐྱིད་ཆུའི་ལྷ་ཁང་ནི་གནམ་ཐང་དེ་ལས་ཐག་མི་རིང་བའི་སར་འདུག་ཅིང་། ལྷ་ཁང་དེ་ནི་རྒྱལ་པོ་སྲོང་བཙན་སྒམ་པོས་ལྷ་ཁང་བརྒྱ་རྩ་བརྒྱད་བཞེངས་པར་གྲགས་པ་ལས་གཅིག་ཡིན་པ་དང་། འབྲུག་རྒྱལ་པོའི་ཕོ་བྲང་ནས་མཛད་སྒོ་ཆེན་མོ་ཁག་སྤེལ་སའི་གནས་གལ་ཆེན་ཡང་ཡིན་པར་འདུག ལྷ་ཁང་དེའི་འཛུགས་སྐྲུན་གྱི་རྣམ་པ་ནི་ལྷ་ཁང་གཉིས་གཤིབ་ཅན་ཞིག་ཡིན་འདུག་པར་མ་ཟད། ལྷ་ཁང་དང་པོ་དེ་རྒྱལ་པོ་སྲོང་བཙན་སྒམ་པོས་སྤྱི་ལོ་༦༣༨ ལོར་བཞེངས་པ་དང་། ལྷ་ཁང་གཉིས་པ་དེ་ནི་འབྲུག་རྒྱལ་པོ་རྒྱལ་རབས་བཞི་པའི་ཡུམ་ཆེན་ཨ་ཞེ་སྐལ་བཟང་ཆོས་ལྡན་དབང་ཕྱུག་གིས་སྤྱི་ལོ་༡༩༦༨ ལོར་ལྷ་ཁང་དང་པོའི་རྣམ་པ་ལ་དཔེ་བྱས་ནས་དེ་ཁོ་ན་ལྟར་དུ་བཞེངས།

ཉིན་དེར་སྐྱིད་ཆུའི་ལྷ་ཁང་ནས་སྐུ་རིམ་རྒྱ་ཆེན་པོ་ཞིག་འཚོགས་འདུག དིལ་མགོ་མཁྱེན་བརྩེ་རིན་པོ་ཆེས་རྗེ་ཉིད་ལྷ་ཁང་དང་པོའི་ནང་དུ་གདན་འདྲེན་ཞུས། རྣམ་པ་གཉིས་ཆོས་ཁྲི་མཐོན་པོའི་ཡང་སྟེང་དུ་བཞུགས་ཤིང་། རྒྱལ་ཡུམ་རྒྱལ་ལྕམ་དང་མི་གཞན་རྣམས་གཤམ་དུ་བསྡད་ནས། འབྲུག་རྒྱལ་ཁབ་ལ་བདེ་སྐྱིད་ཕུན་སུམ་ཚོགས་པ་འོང་བར་མཉམ་གཅིག་ཏུ་སྲུང་བ་རིམ་གྲོ་གསུངས།

འདིའི་དུས་སུ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེས་བསྐུལ་མ་ཞུས་པ་བཞིན་ཆོས་ཀྱི་རྗེ་ཉིད་ཀྱིས་ཁོང་ཉིད་དང་རྒྱལ་ཡུམ། རྒྱལ་ལྕམ་སོགས་ལ་གུ་རུ་དྲག་པོ་དང་ཕུར་པ་མགུལ་ཁུག་མའི་བཀའ་དབང་དང་། འཇམ་དཔལ་རྫོགས་པ་ཆེན་པོའི་ཁྲིད་གནང།

ཉིན་དེ་ནས་བཟུང་། དིལ་མགོ་མཁྱེན་བརྩེ་རིན་པོ་ཆེས་གུ་རུ་དྲག་པོའི་སྒྲུབ་ཐབས་དེ་ཁོང་གི་ཞལ་འདོན་ནང་དུ་བཅུག་ནས་སྐུ་མ་གཤེགས་ཀྱི་བར་དུ་སྒོམ་སྒྲུབ་མ་ཆག་པར་མཛད་ནས། ཆོས་སྒོ་འདི་ལ་རྒྱལ་འགོང་དམ་སྲིའི་གནོད་པ་མཐའ་དག་ཞི་བར་བྱེད་པ་ལ་ཕན་ཐོགས་དཔེ་མི་སྲིད་པ་འདུག་ཅེས་བཀའ་གནང་སྐད།

དེ་རྗེས། ཆོས་ཀྱི་རྗེ་ཉིད་སྐྱིད་ཆུའི་ལྷ་ཁང་ནས་ཐག་མི་རིང་བའི་སར་ཡོད་པའི་ཨོ་ལ་ཐང་(Olathang Hotel)གི་མགྲོན་ཁང་དུ་ཞབས་སོར་བཀོད།

མགྲོན་ཁང་དེ་དེའུ་འབུར་ཞིག་གི་སྒང་ལ་འདུག་ཅིང་འབྲུག་རྒྱལ་པོའི་ཕོ་བྲང་ནང་མ་ཁག་གིས་སྐུ་མགྲོན་གལ་ཆེན་སྣེ་ལེན་བྱེད་ས་ཡིན་པར་འདུག

བཟོ་བསྐྲུན་གྱི་རྣམ་པ་རྙིང་ལུགས་ལྟར་ཡོད་ཅིང་། ར་སྐོར་རྣམས་ཤིན་ཏུ་གཙང་ཞིང་སྐྱིད་ལ་བབ་ཆགས། ཤུག་པ་དང་གསོམ་ཤིང་གི་ལོ་མ་སྟུག་ཅིང་གནམ་ལ་ཟུག་པ་དང། རི་སྒང་གི་མཁའ་དབུགས་དྭངས་ལ་གཙང་བས་མི་རྣམས་ལ་ཤིན་ཏུ་བག་དྲོ་བའི་སྣང་བ་སྟེར།

ཨོ་ལ་ཐང་གི་མགྲོན་ཁང་ནས་འབྲུག་རྒྱལ་པོའི་ཕོ་བྲང་ནང་མི་ལྷན་རྒྱས་དང་མཉམ་དུ་བླངས་པའི་པར།

སྐབས་དེར་ངས་ཐང་ལྷོད་མེད་པའི་བརྩོན་འགྲུས་ཀྱིས། དགོང་མོར་རྟག་ཏུ་ཡི་གེ་བློ་རུ་འཛིན་གྱི་ཡོད། ས་རུབ་དུས་ང་མགྲོན་ཁང་གི་མེ་ཏོག་ལྡུམ་རར་ཕྱིན་ཏེ་ལྗོན་ཤིང་གི་གསེབ་ནས་ཁྱད་མཚར་བའི་འོད་སྣ་ཚོགས་པ་འཕྲོ་བཞིན་འདུག་པ་མཐོང་ཞིང་། དེ་ནི་ངས་བོད་ཡུལ་ནས་རྩ་བ་ནས་མཐོང་མ་མྱོང་བའི་ལྟད་མོ་མཚར་པོ་ཞིག་རེད། ཞིབ་ཏུ་བལྟས་པས་ལྗོན་ཤིང་གི་གསེབ་ལ་གློག་ཆུང་ཆུང་མང་པོ་སྦས་ནས་བཞག་འདུག་པ་དག་ལས་འོད་འཕྲོ་ཞིང་འདུག་པ་མཐོང་སོང་། གློག་འོད་ལྟ་ན་སྡུག་པ་དེ་དག་ལ་བརྟེན་ནས་ངས་འཆམ་འཆམ་ལ་འགྲོ་ཞོར་དུ་ཡི་གེ་བློ་རུ་བཟུང་། སྐབས་ལ་ལར་སྲོག་ཆགས་ཆུང་ངུའི་སྐད་དང་བྱིའུ་སྐད་གྲགས་པ་ཡང་གོ་འོང་བས། མཚན་མོ་དེ་ནི་ཤིན་ཏུ་བརྗེད་དཀའ་བ་ཞིག་ཏུ་གྱུར་སོང་།

༡༩༩༠ ལོར་ཟླ་༩ ཚེས་༡༡ །

ཆོས་ཀྱི་རྗེ་ཉིད་སྐྱིད་ཆུའི་ལྷ་ཁང་དུ་ཕྱིར་ཕེབས་ནས། ལྷ་ཁང་ནང་གི་རྟེན་གསུམ་ལ་མཇལ་གཟིགས་མཛད་རྗེས། ལྷ་ཁང་གཉིས་པའི་ནང་གི་སྐུ་མགྲོན་སྣེ་ལེན་བྱེད་སའི་ཚོམས་ཆེན་དུ་འབྲུག་རྒྱལ་པོ་འཇིགས་མེད་སེངྒེ་དབང་ཕྱུག་གིས་བསྒུགས་འདུག་པར་བརྟེན། རྗེ་ཉིད་དེར་གདན་འདྲེན་ཞུས་ནས་ཞབས་སོར་བཀོད།

འབྲུག་རྒྱལ་པོས་རྗེ་ཉིད་མཇལ་སྐབས། གུས་པ་ཆེན་པོའི་སྒོ་ནས་དྲི་མེད་ཀྱི་དར་ཁ་དཀར་པོ་ཞིག་ཕུལ་ཞིང་། རྗེ་ཉིད་ཀྱིས་དར་ཁ་སེར་པོ་ཞིག་ཕར་ལ་གནང། དེ་རྗེས་རྣམ་པ་གཉིས་བཞུགས་ཁྲི་རིང་བོའི་སྟེང་དུ་བཞུགས་ཤིང་། ངེད་སྐུ་འཁོར་རྣམས་དང་རྒྱལ་ལྕམ་བློན་ཆེན་ཁག་རྣམས་གཡས་གཡོན་དུ་གྲལ་བསྒྲིགས་ནས་བསྡད། དེ་དུས་ངས་དྲན་རྟེན་དུ་པར་ཞིག་ལེན་འདོད་ཆེན་པོ་སྐྱེས་ཀྱང་། ཅུང་ཟད་མ་གུས་པར་འགྱུར་འགྲོ་རྒྱུ་རེད་བསམས་ནས་བསམ་བློ་དེ་མི་སྐྱུར་ཀ་མེད་བྱུང་།

འབྲུག་རྒྱལ་པོས་རྗེ་ཉིད་འབྲུག་ཡུལ་ལ་ཕེབས་ཐུབ་པ་འདི་རྒྱལ་ཁབ་གོང་འོག་ཡོངས་ནས་གཟི་བརྗིད་དང་བསོད་ནམས་ཆེན་པོ་རུ་རྩི་ཡི་ཡོད། རྗེ་ཉིད་ཀྱི་འབྲུག་ཡུལ་གྱི་མཛད་རིམ་ཐམས་ཅད་ཁོང་གིས་བཀོད་སྒྲིག་བྱེད་ཆོག་ཅིང་། འབྲུག་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ་དང་། མི་མཐུན་པའི་རྒུད་པ་ཐམས་ཅད་ཡོངས་སུ་ཞི་ནས་རྒྱལ་ཁམས་བདེ་ཞིང་སྐྱིད་པར་འོང་བའི་བྱིན་རླབས་ཅིས་ཀྱང་མཛད་དགོས་ཞེས་རྗེ་ཉིད་ལ་ཞུས་པ་ན། རྗེ་ཉིད་ཀྱིས་ཐུགས་བརྩེ་བ་ཆེན་པོས་དབུ་ལྕོག་ལྕོག་མཛད་དེ་འོ་ཡ་གསུངས་པ་དང་ཆབས་གཅིག ཆོས་ཕྱོགས་ཀྱི་བསླབ་བྱ་འགའ་རེ་དང་ལུང་བསྟན་གལ་ཆེན་ཁ་ཤས་བཀའ་སློབ་ཏུ་བསྩལ།

གསུང་མོལ་གནང་བའི་སྐབས་སུ་འབྲུག་རྒྱལ་པོས་བོད་ཀྱི་རིག་གནས་ལོ་རྒྱུས་དང་དེའི་གལ་ཆེན་གྱི་སྐོར་ནས་གསུང་གླེང་མཛད་པ་དང་སྦྲགས། བོད་ཀྱི་སྲོལ་རྒྱུན་ཕུལ་དུ་བྱུང་བ་རྣམས་རང་སོར་བཞག་སྟེ་སྲུང་སྐྱོབ་གང་ལེགས་བྱེད་དགོས་པའི་དགོངས་གཞི་ཤུགས་ཆེན་ཡང་ཡང་བསྟན།

དོན་དེའི་ཐད་ལ་འབྲུག་ཡུལ་ནས་ངོ་མ་ཤིན་ཏུ་ལེགས་པོ་བསྒྲུབས་འདུག་སྟེ། གནའ་སྔ་མོ་ནས་བཟུང་འབྲུག་ཡུལ་གྱི་སྲོལ་རྒྱུན་དམིགས་བསལ་བ་དེ་དག་ལ་འགྱུར་བ་ཆེན་པོ་སོང་མི་འདུག

དཔེར་ན་དད་མོས་ཀྱི་ཐོག་ནས་བཤད་ན། མཐོ་རྒྱལ་པོ་ནས་དམའ་སྤྱི་དམངས་ཀྱི་བར་མི་ཐམས་ཅད་ཐེག་པ་ཆེན་པོའི་ཆོས་ལ་དད་པ་དང་། ཐ་ན་ཕོ་བྲང་གི་ནང་མི་རྣམས་ཀྱིས་ཀྱང་ལག་ཕྲེང་བ་དང་མི་འབྲལ་བར་བྱེད་ཅིང་། དམ་པའི་སྐྱེས་བུ་ཆེན་པོ་རྣམས་དང་དཀོན་མཆོག་རྣམ་གསུམ་གྱི་རྟེན་ལ་དད་འདུན་ཆེན་པོ་བྱེད། གྱོན་གོས་ཀྱི་སྟེང་ནས་འབྲུག་ཡུལ་གྱི་སྐྱེས་པས་དོར་མ་རིང་པོ་གོན་མི་ཆོག་པར་བྱས་ཏེ་བཀག་པས། ཁོ་ཚོས་ལུས་ལ་གོས་རིང་པོ་དང་ཕུ་ཐུང་རིང་སེ་བ་གྱོན་སྲོལ་ཡོད་པ་དང་། ཁོག་སྟོད་ལ་སྲོལ་རྒྱུན་གྱི་གོས་རིང་དང་། ཁོག་སྨད་ལ་པུས་མོར་སླེབས་པ་ཙམ་གྱི་སྨད་ཤམ་དང་རྐང་ཤུབས་ཡུ་རིང་གོན། རྒྱལ་པོའི་ལྷ་ལྕམ་ལས་གཞན་པའི་བུད་མེད་ཐམས་ཅད་ཀྱི་སྐྲ་རིང་ཚད་ངེས་ཅན་ཞིག་ལས་འཇོག་མི་ཆོག རྒྱལ་པོས་དེ་བས་ཀྱང་བྱད་བཞིན་གོས་ལུགས་སོགས་ལ་དོ་སྣང་ཆེན་པོ་དགོས་ཤིང་། རྒྱུན་དུ་རས་གཟན་སེར་པོ་གོན་དགོས་པ་དང་། འབངས་ཕལ་བས་དཀར་པོའམ་ཡང་ན་དམར་པོ་རྐྱང་བ་གོན་དགོས་པ་ལས་གོང་འོག་འཁྲུག་མི་ཆོག་པར་འདུག ད་སྐབས་རྒྱལ་ཁབ་མང་པོས་རང་གི་མིག་ཟུང་བཀབ་སྟེ་སྔོན་ཐོན་དང་དུས་སྲོལ་གྱི་གཡང་ལ་བརྒྱུགས་ནས། རང་གི་སྲོལ་རྒྱུན་ཐམས་ཅད་རྙིང་ལུགས་སུ་བཟུང་ནས་དོར་ཡང་། འབྲུག་རྒྱལ་ཁབ་ཀྱིས་ནི་དེ་ལས་ལྡོག་སྟེ་རང་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་དག་ལ་སྲུང་སྐྱོབ་བྱས་ནས་འདུག་པ་ལ་སློབ་སྦྱོང་གི་རིན་ཐང་ཆེན་པོ་ཅིས་ཀྱང་ཡོད་པ་རེད།

འབྲུག་རྒྱལ་པོ་ནི་རྒྱལ་ཁབ་གཅིག་གི་རྒྱལ་པོ་ཡིན་ཡང་། ཁེངས་དྲེགས་ང་རྒྱལ་གྱི་ཉམས་སོགས་ནི་ཡེ་མེད་པར། སྒོ་གསུམ་གྱི་སྤྱོད་པ་ཞི་ཞིང་དུལ་ལ་ཁེངས་པ་སྐྱུང་བ་དང་ཆབས་གཅིག གཟི་བརྗིད་དང་སྤོབས་པ་ཡང་ལྡན་པ་ཞིག་རེད་འདུག ཁོང་ལ་སྤྱི་འབངས་ཀྱིས་དགའ་གུས་དང་རྒྱབ་སྐྱོར་ཆེན་པོ་བྱེད་ཅིང་། ལོ་མང་པོའི་རྗེས་སུ་ཁོང་གིས་སྐུ་རང་མོས་ཀྱིས་རྒྱལ་པོའི་གདུང་གཅིག་ནས་གཅིག་ཏུ་བརྒྱུད་དེ་རྒྱལ་སྲིད་འཛིན་པའི་ལམ་ལུགས་མེད་པར་མཛད་ནས། དམངས་གཙོའི་གྲོས་ཚོགས་བཙུགས་ཤིང་དེ་ལ་འཛམ་གླིང་གོ་ལ་ཧྲིལ་བོས་དོ་ཁུར་བླ་ལྷག་ཏུ་བྱས། ཁོང་ན་རེ། ང་རང་ཉིད་འབངས་ཐམས་ཅད་ལ་དགའ་ཞིང་གུས་པའི་རྒྱལ་པོ་ཞིག་ཡོང་བ་ལ་འབད་འབུངས་རྒྱ་ཆེན་པོ་བྱེད་ཆོག་ཀྱང་། འབྲུག་གི་རྒྱལ་རབས་ཐམས་ཅད་ལ་རྒྱལ་པོ་བཟང་པོ་ཡོང་བའི་ཁག་ཁུར་མི་ཐུབ། འབྲུག་མི་དམངས་ཀྱི་གཏན་གྱི་བདེ་བའི་ཕྱིར་དུ་ང་ཚོས་དམངས་གཙོའི་ལམ་ལུགས་འཛུགས་པ་ལ་ཤུགས་རྒྱག་དགོས། ལམ་ལུགས་ཕན་ནུས་ལྡན་པ་ཞིག་ནི་རྒྱལ་སྲིད་ལས་ཀྱང་གཙོ་ཆེ་བ་རེད་ཅེས་གསུངས།

ཉིན་དེར། ཆོས་ཀྱི་རྗེ་དང་འབྲུག་རྒྱལ་པོ་རྣམ་པ་གཉིས་ཀྱིས་ཆུ་ཚོད་གཅིག་ལྷག་གི་ཡུན་ལ་ཐུགས་ལྷོད་པོའི་ངང་གསུང་མོལ་ཉམས་དགའ་བ་གནང། རྗེ་ཉིད་བཞུགས་སྒར་དུ་ཕྱིར་ཕེབས་རྗེས། ཁོང་གིས་འབྲུག་རྒྱལ་པོ་ལ་བསྩལ་བའི་བཀའ་སློབ་དེ་ང་ལ་ཡི་གེར་འབྲིར་བཅུག་ནས། རྒྱལ་པོའི་ཕོ་བྲང་དུ་མི་མངགས་ནས་བསྐྱལ་ཞིང་། བཀའ་སློབ་དེ་དེང་སང་རྗེ་ཉིད་ཀྱི་གསུང་འབུམ་ཁྲོད་དུ་བཞུགས། དེ་ཡང་འདི་སྐད་དུ།

འབྲུག་རྒྱལ་པོའི་ཕོ་བྲང་།

༄༅། །འབྲུག་ཆོས་རྒྱལ་ཆེན་པོ་ལ་གཏམ་དུ་བྱ་བ་གསར་བྱུང་

མགྲོན་པོའི་རྒྱང་གླུ་ཞེས་བྱ་བ་བཞུགས་སོ། །

༄༅། །རྒྱལ་བ་ཀུན་གྱི་འཕྲིན་ལས་གཅིག་བསྡུས་པ། །

སྙིགས་མའི་རྒུད་པ་འཇོམས་ལ་གཅིག་ཏུ་དཔའ། །

ཨོ་རྒྱན་རིག་འཛིན་བརྒྱུད་པར་བཅས་པ་ཡིས། །

མི་བདག་ཁྱོད་ལ་དུས་ཀུན་བསྲུང་གྱུར་ཅིག །

ས་སྐྱོང་རྗེ་བོའི་དབུ་འཕང་དགུང་ལས་མཐོ། །

འབངས་ཀྱི་སྐྱེ་བོ་རང་དབང་བདེ་དགེས་འཚོ། །

ཀུན་ཀྱང་ཐེག་ཆེན་ཟབ་མོའི་དཔལ་ལ་སྤྱོད། །

ཆོས་ལྡན་རྒྱལ་ཁབ་འདི་ལ་ཡིད་རེ་སྤྲོ། །

དཀར་ཟླུམ་ཁ་བའི་རི་བོ་རབ་མཛེས་ཀྱང་། །

བདེ་སྡུག་གྲོགས་ཀྱི་སྣང་བ་མི་བརྟན་པས། །

ཆུ་ལྷའི་ཕྲག་པར་ཁུར་བའི་འོད་སྣང་གིས། །

ཡུན་དུ་འཁྱུད་ན་ཆབ་ཀྱི་ཕུང་པོར་འགྱུར། །

སྐྱབས་གསུམ་ཀུན་འདུས་ཨོ་རྒྱན་ཐོད་ཕྲེང་དང་། །

ལྷ་མཆོག་རྡོ་རྗེ་ཕུར་པའི་བསྙེན་སྒྲུབ་ཀྱིས། །

དངོས་གྲུབ་སྤྲིན་ཕུང་གྲོགས་སུ་འགུགས་ནུས་ན། །

རབ་བརྗིད་གངས་ཀྱི་རི་བོ་སྲིད་མཐར་བརྟན། །

སྔོན་སྤྱད་མི་བཟད་རྟེན་འབྲེལ་གཞན་དབང་གིས། །

སྲོག་བདག་སྲོག་ལ་འགྲན་ཟླ་འཚོལ་སྲིད་ན། །

འཇམ་དབྱངས་ཐུགས་སྤྲུལ་མི་ཡི་ནོར་བུ་ཉིད། །

མ་གཏོགས་སྐྱབས་གཞན་སྲིད་འདིར་རྙེད་པར་དཀའ། །

བཀའ་བརྒྱུད་བསྟན་པ་གསེར་གྱི་རྒྱལ་མཚན་རྩེར། །

སྔ་འགྱུར་ཙིནྟ་མ་ཎིའི་ཏོག་འཆང་འདི། །

བླ་ནས་བླ་རུ་འདེགས་པའི་སྟོབས་བསྐྱེད་ན། །

ཆོས་སྲིད་ལེགས་ཚོགས་ཡར་ཟླའི་མཆེད་དུ་འགྱུར། །

བསླུ་མེད་དཀོན་མཆོག་གསུམ་གྱི་བདེན་པ་དང་། །

བདག་གི་ལྷག་བསམ་རྣམ་པར་དག་པའི་མཐུས། །

ཡུལ་འདིའི་དགེ་ལེགས་ངང་གིས་འཕེལ་བ་དང་། །

འགལ་རྐྱེན་མཐའ་དག་ཞི་བའི་བཀྲ་ཤིས་ཤོག །

ཅེས་ཚིགས་སུ་བཅད་པ་རྒྱལ་སྲིད་སྣ་བདུན་གྱི་གྲངས་ལྡན་འདི་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཡང་འདུལ་གྱི་གཙུག་ལག་ཁང་ཆེན་པོར་འབྲུག་རྒྱལ་པོ་དང་སྐུ་འཁོར་ལྷན་རྒྱས་ལ་མཇལ་འཕྲད་བྱེད་སྐབས་ངག་དབང་བློ་གྲོས་མཚུངས་མེད་ཀྱི་ཡིད་ངོར་ཤར་བ་བཞིན་མཁན་པོ་བསོད་དར་རྒྱས་ཀྱིས་ཡི་གེའི་གཟུགས་སུ་བྱས་པ་དགེ་ལེགས་འཕེལ། རབ་བྱུང་བཅུ་བདུན་པའི་བོད་ལྕགས་རྟ་ཟླ་༧ ཚེས་༢༢ ལའོ། ། ཞེས་གསུངས།

དེ་ཡང་མདོར་བསྡུས་ན་འབྲུག་རྒྱལ་པོས་འབངས་མི་ཐམས་ཅད་ཐེག་ཆེན་དམ་པའི་ཆོས་ཀྱི་སྒོར་བཙུད་ནས། སངས་རྒྱས་པའི་བསྟན་པ་ལ་དད་གུས་བླ་ལྷག་ཏུ་འཕེལ་བཅུག་འདུག་པ་ལ་བློ་ཤིན་ཏུ་སྤྲོ་ཞིང་ཡིད་སྨོན་ཤོར། ཡིན་ན་ཡང་ཕྱི་རྐྱེན་ལ་རྟག་པ་དང་བརྟན་པ་འགའ་ཡང་མེད་པས་ཁྱིམ་མཚེས་རྒྱལ་ཁབ་ཀྱི་འཚེ་བ་འདྲ་བྱུང་ན། གུ་རུ་དྲག་པོ་ལ་བསྙེན་སྒྲུབ་རྩེ་གཅིག་ཏུ་བྱས་ན་རྒྱལ་སྲིད་མི་ནུབ་པར་ཤིན་ཏུ་བརྟན་ཞིང་བརླིང་པོར་བྱེད་ཐུབ་ལ། གལ་སྲིད་སྔོན་གྱི་སྨོན་ལམ་ལོག་པའི་དབང་དུ་གྱུར་པ་དག་གིས་རྒྱལ་པོའི་སྐུ་སྲོག་ལ་བསྡོ་བ་འདྲ་བྱུང་ན། འཇམ་དཔལ་ཐུགས་ཀྱི་སྤྲུལ་པ་མི་ཡི་ནོར་བུ་ཁོ་ན་སྐྱབས་སུ་བསྟེན་ཏེ་བར་ཆད་ཐམས་ཅད་ཀྱི་གཡུལ་ལས་རྒྱལ་ཐུབ་ཅིང་། མ་འོངས་པ་ལ་རྒྱལ་པོ་མཆོག་གིས་བཀའ་བརྒྱུད་བསྟན་པའི་གསེར་གྱི་རྒྱལ་མཚན་གྱི་རྩེ་ལ། སྔ་འགྱུར་རྙིང་མའི་ཙིནྟ་མ་ཎིའི་ཏོག་གིས་ཕྲ་བཏབ་ན། རྒྱལ་སྲིད་དང་ཆོས་སྲིད་ཀྱི་ལུགས་གཉིས་ཀ་ལ་ཟླ་བ་ཡར་གྱི་ངོ་བཞིན་དུ་འཕེལ་རྒྱས་ཆེན་པོ་འོང་བར་འགྱུར་རོ་ཞེས་པའི་དོན་རེད།

ཕྱིས་སུ་འབྲུག་རྒྱལ་ཁབ་ལ་ལྡང་བའི་འཚེ་བ་ཐམས་ཅད་དབྱིངས་སུ་ཞི་ཞིང་། ཉེ་བའི་ལོ་ཤས་རིང་ལ་འབྲུག་རྒྱལ་ཁབ་ནི་འཛམ་བུ་གླིང་གི་ཆེས་བདེ་སྐྱིད་ལྡན་པའི་རྒྱལ་ཁབ་ཅིག་ཏུ་གྱུར་པ་རེད། འདི་ཡང་ལོ་དེའི་རྟེན་འབྲེལ་དེ་ཚོ་ལ་འབྲེལ་བ་ངེས་ཅན་རེ་ཡོད་སྲིད་རྒྱུ་རེད་སྙམ།

༡༩༩༠ ལོའི་ཟླ་༩ ཚེས་༡༢ །

འབྲུག་སྤ་གྲོ་སྟག་ཚང་(Taktshang)ནི་སློབ་དཔོན་པདྨ་འབྱུང་གནས་གུ་རུ་དྲག་པོའི་སྐུར་བཞེངས་ཏེ། སྟག་མོ་ལ་ཞོན་ནས་གདོན་བགེགས་དམ་ལ་བཞག་པའི་གནས་ཡིན་པས། སྤ་གྲོ་སྟག་ཚང་ཞེས་ཐོགས། དེ་ཡང་ཨོ་རྒྱན་སངས་རྒྱས་གཉིས་པའི་བོད་ཡུལ་གྱི་གདུལ་བྱ་འཕྲིན་ལས་ཐམས་ཅད་ཡོངས་སུ་རྫོགས་ནས་ལྷོ་ནུབ་སྲིན་པོའི་ཡུལ་ལ་འབྱོན་པའི་ཉེར་བསྡོགས་རྩོམ་སྐབས། གནས་འདིར་ཕེབས་ཏེ་གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་སྐུར་བཞེངས་ནས། ལྷ་འདྲེ་ཐམས་ཅད་དམ་ལ་བཞག་ཅིང་། བྲག་ཕུག་གི་ནང་ལ་ཟླ་བ་གསུམ་ཙམ་དུ་བསྙེན་སྒྲུབ་ཀྱི་ལས་ལ་གཞོལ་བ་དང་མཉམ་དུ་གཏེར་ཁ་མང་པོ་སྦ་བར་མཛད། གནས་འདི་ལ་བྱིན་རླབས་བསམ་གྱིས་མི་ཁྱབ་པ་ཡོད་པས། དད་འདུན་ཆེན་པོའི་སྒོ་ནས་མཇལ་བསྐོར་རེ་ཞུས་ན། འཚོ་བ་དང་ཆོས་ལ་བར་དུ་གཅོད་པའི་རྐྱེན་ངན་གདོན་བགེགས་ཐམས་ཅད་ཡོངས་སུ་སེལ་བ་ལ་ཕན་ཐོགས་རྒྱ་ཆེན་མོ་ཡོད་པ་རེད།

ཉིན་དེར། ཆོས་ཀྱི་རྗེ་ཉིད་སྤ་གྲོ་སྟག་ཚང་ལ་མཇལ་གཟིགས་མཛད་རྒྱུའི་གྲ་སྒྲིག་ཡོངས་སུ་གྲུབ་ཟིན་ཞིང་། དེ་སྔོན་རྒྱ་གར་འཕགས་ཡུལ་ལ་བཞུགས་སྐབས། ཚ་བ་ཤིན་ཏུ་ཆེ་བའི་རྐྱེན་གྱིས་རྗེ་ཉིད་ཀྱིས་གཟན་ཤམ་གྱི་འོག་ལ་ནང་ལྭ་དང་ནང་ཤམ་མམ། ཡང་ན་འགག་རིང་དམར་པོ་སྲབ་མོ་ཞིག་ཡོད་པ་སོགས་ན་བཟའ་སྲབ་མོ་ཉུང་ཤས་ལས་མི་མནབ། འོན་ཀྱང་འབྲུག་ཡུལ་ལ་གནམ་གཤིས་ལྟོས་བཅས་ཀྱིས་ཅུང་ཟད་བསིལ་ཞིང་། སྟག་ཚང་དེ་ཡང་མཚོ་འཕགས་སྨི་༣༠༠༠ ལྷག་གི་སར་ཡོད་པས། རི་སྒང་ཅུང་འཁྱག་མོ་འདྲ་ཡོད་པར་བརྟེན་རྗེ་ཉིད་ཀྱིས་འགག་རིང་སྨུག་པོ་ཅུང་ཟད་མཐུག་པོ་ཞིག་ཡོད་པ་དེ་མནབས་ནས་ཕེབས།

སྟག་ཚང་དེ་གཡང་གཟར་ཞིག་གི་ངོས་ལ་ཆགས་འདུག ༡༦༩༢ ལོར་བྲག་ཕུག་གི་ཉེ་ཟུར་ལ་དགོན་པ་ཞིག་བཏབ་པ་ལ་སྟག་ཚང་དགོན་ཟེར། རི་འདབས་ནས་སྟག་ཚང་དགོན་དུ་སོང་ན་ཆེས་མགྱོགས་པའི་འགྲོས་ཚད་ལ་ཆུ་ཚོད་གཉིས་དགོས་ཤིང་། རྒྱུན་ལྡན་ལྟར་སོང་ན་ཆུ་ཚོད་གསུམ་ལྷག་དགོས་པར་བཤད། རི་མགོའི་ལམ་ཤིན་ཏུ་བགྲོད་དཀའ་བས། ས་གནས་དེ་གའི་མི་དག་གིས་གནས་སྐོར་བ་རྣམས་རྟ་ལ་བསྐྱོན་ནས་སོང་ན་ལམ་ཕྱེད་ཙམ་ལས་སྐྱེལ་མི་ཐུབ་ཅིང་། ལྷག་མ་རྣམས་རང་གི་རྐང་པ་ལ་བརྟེན་ནས་འཛེགས་དགོས་པར་འདུག། གལ་སྲིད་ལུས་ཤུགས་ཀྱིས་མ་འདང་ན། མདོ་ལིའི་སྟེང་ལ་བསྡད་ནས་སོང་ན་ཡང་ཆོག་གི་འདུག རྗེ་ཉིད་ཀྱི་སྐུ་ན་དང་སྐུ་ལུས་ཀྱི་གནས་སྟངས་ལ་གཞིགས་ནས། འབྲུག་རྒྱལ་པོའི་ཕོ་བྲང་ནང་མི་ཁག་གིས་མདོ་ལི་སེར་པོ་ཞིག་དང་སྟོབས་ཤུགས་ཡོངས་སུ་རྫོགས་པའི་ན་གཞོན་བཅུ་སྐོར་ཙམ་ཞིག་ཆེད་གཉེར་གྱིས་བཀོད་སྒྲིག་མཛད་དེ་ཕེབས།

སྟག་ཚང་དགོན་ལ་དོ་དམ་ཤིན་ཏུ་ནན་མོ་རང་མཛད་ཀྱིན་འདུག་སྟེ། དགོན་པའི་ནང་ལ་མི་གཞན་ཞག་སྡོད་བྱེད་མི་ཆོག་ཅིང་། ཕྱི་རོལ་ཏུ་གུར་ཡང་དབུབ་ཆོག་གི་མི་འདུག ཉིན་རེའི་ཕྱི་དྲོར། དོ་དམ་པས་གནས་སྐོར་བ་ཐམས་ཅད་ཁ་གྱེས་ནས་འགྲོ་རུ་འཇུག འོན་ཀྱང་འབྲུག་ཕོ་བྲང་གིས་སྟག་ཚང་དགོན་དུ་རྗེ་ཉིད་བཞུགས་ཆོག་པའི་བཀའ་བཀོད་གནང་ཟིན་སྟབས། ང་ཚོས་བྲེལ་འཚུབ་རང་མི་དགོས་པར། ལྷོད་ལྷོད་བྱས་ནས་འགྲོ་ཆོག་པ་བྱུང་།

རི་མགོའི་ཡུལ་ལྗོངས་ཤིན་ཏུ་མཛེས་ཤིང་། སྐབས་རེར་མེ་ཏོག་གི་ཚོམ་བུ་གསར་པས་ཡོངས་སུ་ཁེབས་པའི་སྤང་ཐང་གཡུ་ཡི་མེ་ལོང་འདྲ་བ་མཐོང་ཞིང་། ལན་རེར་འཇིགས་ཤིང་སྐྱི་གཡའ་བའི་བྲག་གི་གཡང་གཟར་མཐོང་ལ། ཡང་ན་མཐོན་མཐིང་གི་ལོ་མ་རྒྱས་ཤིང་ཡལ་འདབ་ལྷུག་པོར་བརྐྱངས་པའི་རྩེ་མོ་གནམ་ལ་ཟུག་པའི་ནགས་ཚལ་སོགས་མཐོང་རྒྱུ་ཡོད། ངས་ཡུལ་ལྗོངས་ལྟ་ན་སྡུག་པ་དེ་དག་ལ་ལོངས་སུ་སྤྱོད་བཞིན། རི་སུལ་གྱི་མཁའ་དབུགས་གཙང་མ་དལ་བུས་བརྔུབ། ལམ་དུ་འགྲོ་བའི་རིང་ལ་ཤིན་ཏུ་ནས་ཀྱང་དགའ་སྤྲོ་བྱུང་། མཉམ་དུ་ཡོང་བའི་འབྲུག་ཡུལ་གྱི་ལམ་གྲོགས་གཞོན་ནུ་དེ་དག་གི་གདོང་ལས་བབ་ཆགས་པའི་འཛུམ་མདངས་མངོན་ཡོང་ཞིང་། ང་ཚོས་ཕན་ཚུན་བར་སྐད་བརྡ་ཆེན་པོ་མི་འཕྲོད་ཀྱང་། མིག་མདངས་དང་མིག་མདངས་འཕྲད་ཚེ། ཕན་ཚུན་འཛུམ་ཕྱུང་ནས་བརྡ་སྟོན་གྱི་ཡོད་པས་ཤིན་ཏུ་ལྷོད་ཆགས་པའི་ཉམས་ཤིག་གིས་སྒོ་ཀུན་ནས་ཕྱུག་པར་གྱུར།

ཆོས་ཀྱི་རྗེ་ཉིད་ཀྱིས་ལམ་བར་ནས་གསུང་མ་བྱོན་པར་ལན་ཁ་ཤས་ལ་སྐུ་ངལ་གསོས་ནས་བཞུགས། ངས་སྐབས་ཐམས་ཅད་དུ་རྗེ་ཉིད་ཀྱི་སྐུའི་རྣམ་འགྱུར་ལ་བལྟས་པས། སྣང་ཚོད་དུ་ཁོང་ལ་ཐུགས་འགུལ་ཚད་མེད་པ་ལྟ་བུ་ཐེབས་ནས། ཐུགས་དམ་དམིགས་བསལ་བ་ཞིག་གི་ངང་ལ་བཞུགས་ཡོད་པ་འདྲ། རི་འདབས་ནས་མདོ་ལིའི་སྟེང་ལ་སྤྱན་དྲངས་ཏེ་ཡར་ཕེབས་པ་ནས་བཟུང་། ཞལ་ཅུང་ཟད་འགུལ་བ་དང་བཅས་ཞལ་འདོན་ཞིག་གསུང་གིན་འདུག་ཅིང་། ཅི་ཞིག་གསུངས་ཡོད་པ་ནི་ཧ་གོ་བ་མ་བྱུང་། དོན་དུ་རྗེ་ཉིད་ཨོ་རྒྱན་སངས་རྒྱས་གཉིས་པའི་གནས་ཆེན་ཁག་ཏུ་ཕྱགས་ཕེབས་པའི་སྐབས་ཐམས་ཅད་ལ། རྒྱུན་ལྡན་གྱི་སྐུའི་རྣམ་འགྱུར་ལས་ཡོངས་སུ་འགྱུར་འགྲོ་ཡི་ཡོད་ལ། འདི་ཡང་གཏེར་སྟོན་རྣམས་ལ་ཡོད་པའི་ཁྱད་ཆོས་ཤིག་ཡིན་པར་འདུག་གོ །

ངེད་ཚོ་ཆུ་ཚོད་གསུམ་བཞི་ཙམ་ལ་སོང་བའི་མཐར་ད་གདོད་སྟག་ཚང་དུ་སླེབས།

དེ་དུས་ཕྱི་དྲོར་ཁེལ་འདུག་པས། ཆོས་ཀྱི་རྗེ་ཉིད་ཀྱིས་གསོལ་བ་གང་ཡང་བཞེས་མེད་ཀྱང་། སྒྲུབ་གནས་ཀྱི་ཉེ་ས་ལ་བྲག་ཕུག་ཆུང་ཆུང་ཞིག་འདུག་པ་དེའི་སྒོ་ཁ་ལ་སྐུ་རྐྱང་དུ་བཞུགས་ནས་ང་ཚོ་ཕར་བཀྱེད་དུ་བཅུག ངེད་འཁོར་སློབ་རྣམས་ཕར་ཐག་ཅུང་ཟད་རིང་ས་ཞིག་ལ་སོང་ནས་བསྒུགས་ཏེ་བསྡད། སྐར་མ་ཉི་ཤུ་ལྷག་འགོར་རྗེས། རྗེ་ཉིད་ཀྱིས་གློ་བ་བསང་བའི་སྒྲ་ཆུང་ཆུང་ཞིག་བསྒྲགས་ནས་ངེད་ཚོ་སྐུ་དྲུང་ལ་གཅར་ཆོག་པའི་བརྡ་མཛད།

དེ་རྗེས། སྟག་ཚང་གི་སྒྲུབ་གནས་སུ་ཞབས་སོར་བཀོད། སྟག་ཚང་དེ་གཡང་གཟར་ཞིག་གི་ངོས་ལ་འདུག་ཅིང་ཉེན་ཁ་ཅུང་ཆེ་བར་སྣང་ཡང་། ངེད་ཅག་བྲག་ཕུག་གི་ནང་དུ་སོང་དུས་ཕུག་རྒྱ་ཤིན་ཏུ་ཡངས་པས་མི་བཅུ་སྐོར་ཞིག་ནང་དུ་ཆུད་པ་བྱུང་། ཕུག་པའི་ནང་དུ་སྟག་མོ་ལ་ཞོན་པའི་གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་སྐུ་ཞིག་བཞེངས་འདུག་པ་མཇལ། སྐུ་དེ་ནི་ཤིན་ཏུ་ཡ་མཚན་པ་ཞིག་ཡིན་ཏེ་ཐོག་མར་སྤུ་ན་ཁ་རྫོང་དུ་སྐུ་དེ་བཞེངས་གྲུབ་པ་ན། ཞལ་ནས་བདག་སྤུ་ན་ཁ་རྗོང་དུ་འདུག་རྒྱུར་མི་དབང་བས། སྤ་གྲོ་སྟག་ཚང་དུ་འགྲོ་དགོས་ཞེས་གསུང་བྱོན་ནས་སྟག་ཚང་དུ་སྤྱན་དྲངས། ཕྱིས་སྟག་ཚང་དགོན་ལ་མེ་སྐྱོན་ཞིག་བྱུང་དུས། སྐུ་འདི་ལ་སྐྱོན་ཅི་ཡང་མ་བྱུང་བར་སྔར་ལྟར་གཟི་བྱིན་ལྷམ་མེར་བཞུགས་འདུག་པ་མཇལ་བས་ཡ་མཚན་ཆེན་པོ་ཡོད་པར་བཤད་ཀྱིན་འདུག་གོ །

ཆོས་ཀྱི་རྗེ་ཉིད་བྲག་ཕུག་གི་སྒྲུབ་གནས་སུ་ཞབས་སོར་བཀོད་མ་ཐག་ཐུགས་བསྐྱེད་སྨོན་ལམ་རྒྱ་ཆེན་མོ་མཛད། འདིའི་དུས་སུ་ཆོས་ཀྱི་རྗེ་ཉིད་ཀྱི་སྐུའི་རྣམ་འགྱུར་རྒྱུན་ལྡན་ལྟར་མ་ཡིན་པར་ཡོངས་སུ་འགྱུར་སོང་བར་མ་ཟད། ཉམ་ཆུང་ང་ལྟ་བུ་ལ་ཡང་ཉམས་ཀྱི་ཚོར་བ་འདྲ་བ་ཤུགས་ཆེན་པོ་སྐྱེས་སོང་། ཨོ་རྒྱན་སངས་རྒྱས་གཉིས་པ་གནས་འདིར་ཕེབས་ནས་བསྙེན་སྒྲུབ་ལ་བཞུགས་ཀྱང་། ང་ལ་མཇལ་བའི་སྐལ་བ་མ་ལྡན། ད་ལན་གྱི་ཚེ་འདི་ལ་ཨོ་རྒྱན་སངས་རྒྱས་གཉིས་པ་དང་གཉིས་སུ་མ་མཆིས་པའི་བླ་མ་རྗེ་ཉིད་ལྟ་བུའི་རྗེས་སུ་འབྲངས་ཏེ་གནས་འདིར་ཕྱིན་པ་དང་སྦྲགས། གསོལ་བ་སྨོན་ལམ་རྒྱ་ཆེར་བྱེད་པའི་བསོད་ནམས་ལྡན་བྱུང་བ་ལ་དགའ་བ་ཤུགས་ཆེན་པོ་སྐྱེས། དེ་ནས་སེམས་བཟོད་དུ་མ་གཏུབ་པར་ངོ་གདོང་ཡོངས་མཆི་མས་བརླན་དགོས་པ་བྱུང་ཞིང་། ས་ཆ་གཞན་དུ་སོང་བའི་ཚོར་བ་དང་གཏན་ནས་མི་འདྲ་བར། གནས་འདི་རུ་བྱིན་རླབས་ཀྱི་ནུས་པ་ཁྱད་པར་བ་ཞིག་གིས་ཡོངས་སུ་ཁྱབ་ནས་ཡོད་པའི་སྣང་བ་ཤར།

ཅུང་ཙམ་འགོར་རྗེས། ཆོས་ཀྱི་རྗེའི་རིག་སྟོང་གི་ཀློང་ནས་དགོངས་གཏེར་གྱི་ཚུལ་དུ་འདི་སྐད་དུ།

༄༅། །དཔལ་ཆེན་རྡོ་རྗེ་གྲོ་ལོད་ཀྱི་རྒྱུན་འཁྱེར་ཕྲིན་

ལས་ཀུན་འགྲུབ་བཞུགས་སོ། །

༄༅། །ན་མོ་གུ་རུ་པདྨ་ཧེ་རུ་ཀ་ཡེ། འདིར་སྤྲོས་པ་མེད་པའི་གང་ཟག་གིས་སྐྱབས་སེམས་སོགས་སྔོན་དུ་འགྲོ་བར་བྱས་ལ།

ཧཱུྃ། སྣོད་བཅུད་རྣམ་དག་ཀུན་བཟང་ཡུམ་གྱི་ཀློང་། །

ཀུན་སྣང་སྙིང་རྗེ་ཀུན་བཟང་ཡབ་ཀྱི་དལ། །

ཟུང་འཇུག་སྲས་མཆོག་བདེ་ཆེན་བྱང་ཆུབ་སེམས། །

རྣམ་པ་ཧཱུྃ་ཡིག་སྨུག་ནག་མཁའ་ལ་ཤར། །

འོད་འཕྲོས་དོན་གཉིས་བྱས་ནས་ཚུར་འདུས་པ། །

དཔལ་ཆེན་སྤྱི་དཔལ་རྡོ་རྗེ་གྲོ་བོ་ལོད། །

དམར་སྨུག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་བགྲད། །

སྨར་སྨིན་རལ་བ་དམར་སེར་གནམ་དུ་གཟེངས། །

ཨམ་གཙིགས་བསྡམས་པའི་ཚེམས་ཀྱི་གངས་རི་ལས། །

སྐྱིན་ཐང་ཟོལ་སྣའི་རྒྱལ་བསེན་དམ་སྲི་ཡི། །

ལྔ་ཕུང་དྲྭ་བ་ཆོས་ཀྱི་དབྱིངས་སུ་བསྟིམས། །

ཕྱག་གཡས་གནམ་ལྕགས་རྡོ་རྗེ་མཁའ་ལ་ཕྱར། །

ཁྲོ་ཆུང་ཐོག་ཆར་དགྲ་བོའི་ཐོག་ཏུ་འབེབས། །

ཕྱག་གཡོན་གནམ་ལྕགས་ཕུར་བུ་གདེངས་པའི་རྩེར། །

ལྷོག་ལྷོག་འབར་བའི་མེ་དཔུང་འཕྲུལ་འཁོར་གྱིས། །

གནོད་བྱེད་བགེགས་ཚོགས་གཞི་མེད་གཞོབ་ཐུལ་བསྲེགས། །

རབ་འཇིགས་སྟག་མོ་དྲུས་མ་འགྱིང་བའི་སྟེང་། །

ཞབས་གཉིས་གྱད་ཀྱི་འདོར་སྟབས་ཚུལ་དུ་བགྲད། །

ཞི་བའི་ཆས་རྫོགས་འདུང་མ་དཀར་པོ་དང་། །

རྒྱས་པའི་ཆས་རྫོགས་ཆོས་གོས་འཆོལ་བར་མནབས། །

དབང་གི་ཆས་རྫོགས་བེར་སྨུག་ལྷབ་ལྷུབ་གསོལ། །

དྲག་པོའི་ཆས་རྫོགས་མགོ་ཕྲེང་སེ་རལ་བྱས། །

ཁྲོ་གཏུམ་རྔམ་པ་དྲག་པོའི་སྐུ་རུ་གསལ། །

དེ་ཡི་སྤྱི་གཙུག་པད་ཟླ་རིམ་བརྩེགས་སྟེང་། །

བརྒྱུད་གསུམ་བླ་མའི་བྱིན་རླབས་འཇའ་འོད་འཁྲིགས། །

བར་གྱི་ཆ་ལ་རྒྱུད་སྡེ་བཞི་དྲུག་གི །

ཡི་དམ་ཚོགས་ཀྱིས་དངོས་གྲུབ་ཆར་སྤྲིན་གཏིབས། །

འོག་གི་ཆ་ལ་གནས་གསུམ་མཁའ་འགྲོ་ཡི། །

བདེ་སྟོང་འོད་དམར་འདུ་འཕྲོ་ཀྱི་ལི་ལི། །

མཐའ་སྐོར་སྡེ་གསུམ་སྲུང་མའི་ཚོགས་རྣམས་ཀྱི། །

རླུང་ནག་འཁྲིགས་པས་ཕྲིན་ལས་རྣམ་བཞི་སྒྲུབ། །

ཀུན་ཀྱང་རོ་མཉམ་ཡེ་ཤེས་གཅིག་གི་ངང་། །

མཁའ་ཁྱབ་སྒྱུ་འཕྲུལ་དྲྭ་བའི་རྣམ་པར་སད། །

གདོད་ནས་དམ་ཚིག་ཡེ་ཤེས་གཉིས་མེད་པ། །

བདེ་སྟོང་ཀློང་ཡངས་ཆེན་པོའི་རྒྱན་དུ་ཤར། །

གཙོ་འཁོར་ཡོངས་རྫོགས་ཧཱུྃ་སྒྲ་བསྒྲགས་པ་ཡིས། །

སྣང་བ་ཐམས་ཅད་ཧཱུྃ་གི་གཟུགས་སུ་གྱུར། །

སྒྲ་གྲག་ཐམས་ཅད་ཧཱུྃ་གི་སྒྲ་སྐད་དེ། །

དྲན་རྟོག་ཐམས་ཅད་མཉམ་ཉིད་ཧཱུྃ་གི་ངང་། །

རེ་དོགས་འཛིན་ཞེན་མེད་པའི་ངང་ནས་བཟླ། །

ཧཱུྃ་ཧཱུྃ་ཧཱུྃ།

ཐུན་མཐར་ཧཱུྃ་རྣམས་ལྷ་ལ་ཐིམ། །

འཁོར་རྣམས་གཙོ་བོའི་ཐུགས་ཀར་བསྡུ། །

གཙོ་བོ་ཕྱག་རྒྱ་གཅིག་པའི་སྐུ། །

གསལ་དག་བརྟན་གསུམ་ཚང་བ་ཡིས། །

རྒྱུན་གྱི་སྤྱོད་ལམ་ལ་འཇུག་བྱ། །ས་མ་ཡ།

ཤཱཀྱའི་དགེ་སློང་ལེགས་བཤད་བཟང་པོ་ངས། །ཤེས་རབ་ཚུལ་ཁྲིམས་གཙང་མའི་རྒྱན་འཆང་ནས། །བསྟན་འགྲོའི་དོན་ཆེན་བསྒྲུབ་པར་བྱ་བ་ལས། །སྦས་དོན་ཟབ་མོ་སྙིང་ལ་སྦ་སྙམ་ཡང་། །པདྨའི་བདེན་ཚིག་སྨོན་ལམ་མཐུ་བཙན་པས། །གསང་ཚིག་ཁ་ཤས་ངག་གི་ལམ་ནས་ཐལ། །ཟབ་པ་ས་གཏེར་རྒྱས་པ་དགོངས་གཏེར་གྱི། །ཆོས་མཛོད་དུ་མའི་བདག་པོར་གྱུར་ཟིན་ཀྱང་། །ཟབ་ཆོས་སྤེལ་བའི་སྣོད་ལྡན་རྙེད་དཀའ་བས། །སྨྲ་བ་མང་པོའི་སྤྲོས་པ་བསྐྱུང་བར་བྱ། །མ་འོངས་རྡོ་རྗེ་ཐོགས་མེད་རྩལ་ཞེས་པས། །ཆོས་འདི་བཏོན་ནས་བསྟན་འགྲོར་སྨན་པར་ཤོག །ཅེས་ཉམས་མཚར་དུ་སྨྲས་སོ། །ཞེས་པ་འདི་ནི་གུ་རུ་རྡོ་རྗེ་གྲོ་ལོད་ཀྱིས་བདུད་དང་དམ་སྲི་མ་ལུས་པ་བཏུལ་བའི་གནས་མཆོག་འབྲུག་སྤ་གྲོ་སྟག་ཚང་དཔལ་ཕུག་ཏུ་ཐོན་སྐབས། ཟབ་པ་སའི་གཏེར་ཁ་གྲོ་ལོད་བདེ་གཤེགས་ཡོངས་འདུས་ཀྱི་སྒྲུབ་སྐོར་རྒྱས་པ་ལས་ལུས་དཀྱིལ་སྙིང་པོ་ཙམ་མཁའ་འགྲོའི་བརྡ་ཡིས་བསྐུལ་བ་དོན་ཡོད་བྱ་ཕྱིར་ཡི་གེར་སྤེལ་བས་བསྟན་འགྲོའི་རྒུད་པ་མ་ལུས་པ་འཇོམས་པའི་རྒྱུར་གྱུར་ཅིག མངྒ་ལཾ། རབ་བྱུང་བཅུ་བདུན་པའི་ལྕགས་རྟ་ཟླ་༧ ཚེས་༢༣ ལའོ། ། ཞེས་གསུངས།

ངས་ཡི་གེའི་གཟུགས་སུ་འབྲི་བའི་ཞབས་ཕྱི་ཞུ་སྐབས་རྗེ་ཉིད་ཀྱིས་རྒྱུན་གྱི་ཞལ་འདོན་གསུང་བ་ལྟར་མགྱོགས་པོར་གསུངས་སོང་ཡང་། ངས་རྗེའི་གསུང་འགྲོས་ཀྱི་རྗེས་ཆོད་ཐུབ་པ་བྱུང་ནས་ཡུན་རིང་མ་འགོར་བར་འབྲི་ཐུབ་པར་གྱུར།

བྲིས་ཚར་རྗེས། རྗེ་ཉིད་ཀྱི་སྐུའི་རྣམ་འགྱུར་ནམ་རྒྱུན་བཞིན་སོར་ཆུད་པར་མཛད་ནས་ལྷོད་ལྷོད་ཀྱི་ངང་དུ་བཞུགས།

དེ་ནུབ། ངེད་ཚོ་སྟག་ཚང་དགོན་དུ་བསྡད། དགོན་པ་དེ་སྒྲུབ་གནས་བྲག་ཕུག་དེ་དང་སྟབས་གཅིག་ཏུ་འབྲེལ་ནས་འདུག དགོན་པའི་ནང་གི་བཟོ་བསྐྲུན་གྱི་རྣམ་པ་ཐམས་ཅད་བྲག་རིའི་བཟོ་དབྱིབས་ལ་བསྟུན་ནས་བཞེངས་པ་ལས། སྙོམ་སྒྲིག་རྒྱ་ཆེན་མོ་བྱས་མི་འདུག་པར་བརྟེན། གནས་གཞི་འགའ་ཞིག་འབུར་ཀོང་དང་ཡོ་འཁྱོག་ཏུ་གྱུར་ནས་འདུག ཁོང་ཚོས་རྗེ་ཉིད་ལ་ཁེར་ཆོད་ཀྱི་གཟིམ་ཁང་ཞིག་བཀོད་སྒྲིག་མཛད་པ་དང་། ངེད་སྐུ་འཁོར་རྣམས་འདུག་ཁང་གཞན་དུ་བསྡད་པ་ཡིན།

ངེད་དཔོན་སློབ་རྣམས་སྒྲུབ་གནས་དེར་ཉི་མ་གཉིས་ལ་བསྡད་ཅིང་། དེའི་ཚེ་ད་དུང་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་ཚེམས་ཤིག་བཞུགས་པ་ལ་མཇལ་ཕྱག་ཞུས། ཚེམས་དེ་གོས་ཆེན་སྔོན་པོ་ཞིག་གིས་བཏུམས་འདུག་པ་དང། དཀོན་གཉེར་གྲྭ་པ་ཞིག་གིས་ཚེམས་དེའི་རིན་ཐང་ཤིན་ཏུ་ཆེ་བའི་རྐྱེན་གྱིས་གཞན་ལ་མཇལ་ཁ་གནང་བ་མ་རེད་ཅེས་གསུངས་ཤིང་། ཆོས་ཀྱི་རྗེ་ཉིད་ཀྱིས་ངེད་འཁོར་སློབ་རྣམས་ཀྱི་དབུ་དྲངས་ནས་ཚེམས་དེའི་མདུན་ནས་ཐུགས་བསྐྱེད་སྨོན་ལམ་གང་ཟབ་གནང་པ་དང་མཉམ་དུ། ཚེམས་དེས་ངེད་ཅག་ལ་བྱིན་རླབས་ཀྱང་མཛད་སོང་།

༡༩༩༠ ལོའི་ཟླ་༩ ཚེས་༡༣ །

ཆོས་ཀྱི་རྗེ་ཉིད་ཀྱིས་ངེད་ཅག་ལ་གཏེར་ནས་གསར་དུ་སྤྱན་དྲངས་པའི་གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་རྒྱུན་འཁྱེར་གྱི་ལུང་གསུངས་ཏེ། གཏེར་གནས་རང་ནས་གཏེར་སྒྲུབ་བྱ་དགོས་པས་རྒྱུན་འཁྱེར་དེ་ལ་བརྟེན་ནས་ཧཱུྃ་ཡིག་འབུམ་ཕྲག་བཟླ་རུ་བཅུག

ང་ཕལ་ཆེར་ཉིན་གང་བོའི་རིང་སྒྲུབ་གནས་ཕུག་པ་དེའི་ནང་དུ་སྨྲ་བ་བཅད་པའི་སྒོ་ནས། ཨོ་རྒྱན་སངས་རྒྱས་གཉིས་པ་ལ་གསོལ་བ་འདེབས་ཀྱིན་བསྙེན་པ་བཟླས་ནས་བསྡད། སྔོན་གྱི་དུས་ན་ཕ་དམ་པ་སངས་རྒྱས་དང་། མ་ཅིག་ལབ་ཀྱི་སྒྲོན་མ། རྗེ་བཙུན་མི་ལ་རས་པ། ཀུན་མཁྱེན་ཀློང་ཆེན་པ། ཐང་སྟོང་རྒྱལ་པོ་སོགས་དམ་པའི་སྐྱེས་ཆེན་མང་པོ་སྒྲུབ་གནས་དཔལ་གྱི་ཕུག་པ་འདིའི་ནང་དུ་བཞུགས་ནས། ཟབ་རྒྱས་ཀྱི་གདམས་པ་མང་པོ་ཉམས་བཞེས་སུ་བསྟར་མྱོང་བས། ཡུལ་འདི་ནི་བྱིན་རླབས་དམིགས་བསལ་བ་ཡོད་སའི་གནས་ཁྱད་པར་ཅན་ངེས་ཅན་རེད། ཉིན་དེར་ང་ཨོ་རྒྱན་སངས་རྒྱས་གཉིས་པའི་བྱིན་རླབས་དང་ཡེ་ཤེས་ཀྱི་ཀློང་དུ་ཞུགས་སོང་བ་འདྲ་བོར་གྱུར་ནས། སྔར་གོ་མྱོང་ཐར་ཐོར་རེ་ཡོད་པ་དག་གི་ངང་དུ་ཡང་ཅུང་ཟད་འདུག་ཐུབ་པ་བྱུང་ཞིང་། དེ་དུས་སྟག་ཚང་དཔལ་གྱི་ཕུག་པ་འདིར་ཡུལ་སྐོར་བ་ཤིན་ཏུ་ཉུང་སྟབས། ཉམས་ལེན་བྱེད་སའི་དབེན་གནས་ཉམས་དགའ་ཞིང་ཡིད་ལ་མི་མཐུན་པ་མེད་པ་ཞིག་རེད་འདུག

གུ་རུའི་ཕྱག་ཕྲེང་ཆད་པ་ལས་གྲུབ་པའི་རྦབ་ཆུ།

ཐུན་གསེང་དུ་ངེད་ཚོས་སྟག་ཚང་དཔལ་གྱི་ཕུག་པའི་ཉེ་ས་ལ་སྒྲུབ་གནས་ཁ་ཤས་འདུག་པ། དཔེར་ན་དཔལ་གྱི་སེངྒེ་དང་མཁའ་འགྲོ་མ་ཡེ་ཤེས་མཚོ་རྒྱལ་གཉིས་ཞག་ཉི་ཤུ་རྩ་ལྔ་ལ་མཚམས་ལ་བཞུགས་སའི་གནས་ཁྱད་པར་ཅན་དང་། དཔལ་གྱི་སེངྒེའི་སྐུ་གདུང་མཆོད་རྟེན། ཚེ་རིང་ཕུག་སོགས་སྒྲུབ་གནས་ཕུག་པ་འགའ་ལ་མཇལ་བསྐོར་ཞུས། དེའི་ཉེ་ས་ལ་ད་དུང་ཨོ་རྒྱན་སངས་རྒྱས་གཉིས་པས་ཕྱག་གི་ཕྲེང་བ་བཅད་པ་ལས་བྱུང་བར་བཤད་པའི་རྦབ་ཆུ་ཞིག་འདུག་པ་ལ་མཇལ་བ་དང་། དེ་ཡང་ཨོ་རྒྱན་པདྨ་འབྱུང་གནས་ཉིད་ཀྱིས་དངོས་སུ་བྱིན་གྱིས་བརླབས་པའི་གནས་ཁྱད་པར་ཅན་ཞིག་ཡིན་པར་བརྟེན། ངས་ཆུ་ཅུང་ཟད་འཐུང་ཞིང་ས་སྣ་རེ་ཡང་ཁྱེར་བ་ཡིན།

དེ་རྗེས་ཆོས་ཀྱི་རྗེ་ཉིད་ཀྱི་ཞལ་ནས། ཐོག་མར་གཏེར་སྲུང་གིས་གྲོ་ལོད་བདེ་གཤེགས་ཡོངས་འདུས་ཀྱི་སྒྲུབ་གཞུང་རྒྱས་པ་པོད་དགུར་ལོངས་པ་ཙམ་ང་ལ་གཏད་སྣང་ཤར་ཡང་། གཏེར་གཞུང་དེའི་ཆོས་བདག་མ་སླེབས་པའི་ཁར་རྟེན་འབྲེལ་གྱི་སྣ་ཁ་མ་འཛོམས་པའི་སྟབས་ཀྱིས། ངས་ཟབ་མོ་དགོངས་གཏེར་ཙམ་ཞིག་ཕབ་པ་ལས་རྒྱས་པ་ས་གཏེར་མ་བླངས་པ་ཡིན། འདི་ཡང་ཉན་ཡོད་རྒྱུ་རེད། གླེགས་བམ་དེ་དག་རེ་ཞིག་གཏེར་དུ་སྦས་ན་འབྲུག་ཡུལ་གྱི་མ་འོངས་གདུལ་བྱ་རྣམས་ལ་ཕན་རེ་ཐོགས་པར་འདུག་པས། སྐྱེ་བ་འདི་ལ་གཏེར་ནས་ལེན་རྒྱུ་མ་ཡིན་པར། སྐྱེ་བ་གཞན་གྱི་སྐལ་བ་ལ་འཇོག་རྒྱུ་ཡིན་ཞེས་ངེད་འཁོར་སློབ་རྣམས་ལ་གསུངས་བྱུང་།

གཏེར་ཆོས་འདི་ལ་བྱིན་རླབས་བསམ་གྱིས་མི་ཁྱབ་པ་ཡོད་ལ། ལོ་དེར་ང་ཆོས་ཀྱི་རྗེ་ཉིད་དང་མཉམ་དུ་གནས་མཇལ་ལ་སོང་དུས། གཏེར་ཆོས་བཞི་ཙམ་ཉེ་བརྒྱུད་ཀྱི་ཚུལ་དུ་ཐོབ་སྟེ། གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་སྒྲུབ་ཐབས་འདི་དང་། ཕུར་པ་མགུལ་ཁུག་མ། བཀའ་ཐང་བསྡུས་པ། སྨོན་ལམ་རྒྱ་མཚོའི་ཡང་སྙིང་ཀུན་བཟང་ཞིང་གི་ཉི་མ་བཅས་བཞི་ཡིན་ཞིང་། ཐོབ་པའི་ཉིན་དེ་ནས་བཟུང་འདོན་སྒྲུབ་ཀྱི་རྒྱུན་མི་ལོ་སུམ་ཅུའི་རིང་ལ་གཏན་ནས་ཆད་མ་མྱོང་།

མི་ལ་ལས་གཏེར་ཆོས་ལ་རྒྱུས་གང་ཡང་མེད་ནས་ཡིད་མི་ཆེས་སྐད་དུ་སྨྲ་ཡང་། དོན་དུ་གཏེར་ཆོས་ཚང་མ་ནི་ཨོ་རྒྱན་སངས་རྒྱས་གཉིས་པས་ཕྱི་རབས་གདུལ་བྱ་རྣམས་ཀྱི་སྐལ་བ་ལ་བཞག་པའི་ཟབ་ཆོས་རིན་ཐང་བྲལ་བ་ཤ་སྟག་རེད། ཨོ་རྒྱན་སངས་རྒྱས་གཉིས་པས་སངས་རྒྱས་ཀྱི་བསྟན་པ་དེ་རྒྱུ་རྐྱེན་དམིགས་བསལ་བ་དག་ལ་བརྟེན་ནས་ཉམས་རྒུད་དུ་མི་འགྲོ་བའི་ཕྱིར། སྐལ་ལྡན་སྐྱེས་བུ་སུ་ཞིག་གིས་དུས་གང་གི་ཚེ་གནས་གང་འདྲ་ཞིག་ཏུ་གཏེར་ནས་སྤྱན་འདྲེན་དགོས་པའི་སྨོན་ལམ་གཏད་རྒྱ་དང་བཅས་ཏེ། བྲག་རིའམ། མཚོ་མཚེའུ། བར་སྣང་སྟོང་པའི་དབྱིངས་སོགས་ལ་སྦས་པར་མཛད་པ་ཞིག་རེད།

བོད་བརྒྱུད་ནང་བསྟན་གྱི་རྒྱུད་དང་སྒྲུབ་གཞུང་ཁག་གི་ནང་ལ་གཏེར་སྟོན་རྣམ་པས་འདི་ལྟ་བུའི་སྒོ་ནས་གཏེར་ནས་སྤྱན་དྲངས་འོང་བའི་ཡིག་ཆ་མང་པོ་ཡོད། གལ་སྲིད་འདིའི་སྐོར་ལ་ཆེད་དུ་ཞིབ་འཇུག་འདྲ་བྱས་པ་མེད་ན། ལས་སླ་མོའི་སྒོ་ནས་གོ་བ་ལོན་པའི་ཚོད་དུ་མེད། ནུབ་ཕྱོགས་སུ་ཚན་རིག་ཞིབ་འཇུག་ཚོགས་པ་ཞིག་གིས་གཏེར་ཆོས་ཀྱི་སྐོར་ལ་ཉམས་ཞིབ་མང་པོ་བྱས་མཐར། གྲུབ་འབྲས་ཧང་སངས་དགོས་པ་ལོན་ཡོད་པའི་ལོ་རྒྱུས་འདུག

གཏེར་ཆོས་གཏེར་ནས་སྤྱན་འདྲེན་པ་ནི་ལས་སླ་མོ་ཞིག་མིན་པ་སྨོས་ཅི་དགོས། གཏེར་གཞུང་ཞིག་གཏེར་ནས་སྤྱན་འདྲེན་པའི་སླད་དུ་རི་ལུང་མང་པོ་བརྒལ་ནས་དཀའ་སྡུག་བརྒྱ་ཕྲག་མང་པོ་མྱངས་པའི་གཏེར་སྟོན་རྣམ་པ་ལོ་རྒྱུས་ཐོག་ཏུ་མང་པོ་བྱོན་ཡོད་ལ། ཆོས་ཀྱི་རྗེ་ཉིད་ཐེངས་འདིར་འབྲུག་ཡུལ་ལ་ཕེབས་པའི་དགོས་པ་གཙོ་བོ་ཡང་། གཏེར་གཞུང་ཁ་ཤས་གཏེར་ནས་སྤྱན་འདྲེན་པའི་ཆེད་དུ་ཡིན་ཞིང་། རྟེན་འབྲེལ་གྱི་སྣ་ཁ་འཛོམས་ན། གཏེར་ཆོས་ལ་ལ་ངེས་པར་དུ་ལེན་དགོས་པ་ཅན་ཡིན་པ་དང་། ལ་ལ་ནི་གནས་སྐབས་སུ་མ་བླངས་ན་ཡང་ཆོག་པའི་རིགས་ཀྱང་ཡོད་པར་འདུག ཐེངས་འདིར་ཆོས་ཀྱི་རྗེ་ཉིད་ཀྱིས་གཏེར་སྲུང་གི་བསྐུལ་བ་དོན་ཡོད་པར་བྱ་བའི་ཕྱིར་དུ་ལུས་དཀྱིལ་བསྡུས་པ་འདི་ཙམ་ཞིག་གཏེར་ནས་སྤྱན་འདྲེན་པར་མཛད་སོང་།

ཤིན་ཏུ་ཡ་མཚན་པ་ཞིག་ལ་ཆོས་ཀྱི་རྗེ་ཉིད་ཀྱིས་དགོངས་གཏེར་གྱི་ཚུལ་དུ་སྤྱན་དྲངས་པའི་གཏེར་གཞུང་འཇམ་དཔལ་ཞི་སྒྲུབ་དང་། འཇམ་དཔལ་ཡེ་ཤེས་སེམས་དཔའི་སྒྲུབ་ཐབས། ཕུར་པ་མགུལ་ཁུག་མ། གུ་རུ་དྲག་པོའི་སྒྲུབ་པ། དཔལ་ཆེན་རྡོ་རྗེ་གྲོ་ལོད་ཀྱི་རྒྱུན་འཁྱེར། བླ་མ་མི་ཕམ་རིན་པོ་ཆེའི་སྒྲུབ་ཐབས་དང་འབྲེལ་བ་ཡོད་པའི་དབང་དང་སྒྲུབ་ཐབས་ཀྱི་ཆོ་ག་སོགས་གང་ཡིན་ཡང་། ལོ་མང་པོ་ག་ཚད་སོང་རུང་རྒྱུན་གྱི་ཞལ་འདོན་རྣམས་ལ་འདྲིས་ཆ་ཆེན་མོ་ཡོད་པ་ལྟར། ཐུགས་ཐོག་ནས་མགོ་མཇུག་ཚང་བར་ཤ་ར་ར་གསུང་ཐུབ་པར་འདུག མི་ཕལ་བ་དག་གིས་བསྟན་བཅོས་བརྩམས་ནས་ལོ་ཁ་ཤས་འགོར་རྗེས་ནང་དོན་ཕལ་མོ་ཆེ་བརྗེད་ནས་འགྲོ་ཡང་། རྗེ་ཉིད་ནི་དེ་ལས་ལྡོག་སྟེ་ཐམས་ཅད་ཐུགས་ཐོག་ན་གསལ་བོར་འདུག ཕྱིས་སུ་རྗེ་ཉིད་ཁེ་ན་ཏ་ལ་ཕྱགས་ཕེབས་ཏེ་གྲོང་ཁྱེར་ཧ་ལི་ཧྥག་སཱི་ནས་བཀའ་དབང་སྩོལ་སྐབས་ཀྱང་། དབང་ཆོག་ཚང་མ་ཐུགས་ཐོག་ནས་ཤ་ར་ར་གསུངས་ཏེ་གནང་ཞིང་། ངས་མཛད་པ་དེ་དག་མཐོང་རྗེས། དགོངས་གཏེར་ཞེས་པ་འདི་ནི་རྒྱ་ཆེ་ལ་གཏིང་ཟབ་ཅིང་། མཐའ་མེད་པའི་མཁྱེན་རབ་རྒྱ་མཚོའི་ཀློང་དུ་མི་ཕྱེད་པའི་རྡོ་རྗེའི་གཟུངས་ཀྱིས་རྒྱས་བཏབ་ནས་ཡོད་པ་ལས། རྣམ་པར་རྟོག་པ་ཁོ་ནས་རྐྱེན་བྱས་ཏེ་རང་གར་བྲིས་པ་ཞིག་མིན་པ་ལ་ངེས་པ་ཤིན་ཏུ་ཆེན་པོ་འདྲོངས་བྱུང་།

༡༩༩༠ ལོའི་ཟླ་༩ ཚེས་༡༤ །

ཉིན་དེར་ཆོས་ཀྱི་རྗེ་ཉིད་སྟག་ཚང་ནས་ཞལ་གྱེས་ཏེ་ཕེབས་ཐོན་མཛད། མར་འབྱོན་ཁར། སྔར་ཕེབས་མ་ཐག་ཐུགས་དམ་ལ་བཞུགས་སའི་སྒྲུབ་ཕུག་ཆུང་ཆུང་གི་སྒོ་ཁ་དེར་ཕེབས་ཏེ། དར་ཁ་ཞིག་ཕུལ་ནས་བྱོན། ངེད་ཅག་གིས་དེ་ལ་དགོས་པ་ཅི་ཡོད་མ་ཤེས་ཀྱང་། གཏེར་ནས་སྤྱན་མ་དྲངས་པའི་གླེགས་བམ་དེ་དག་གནས་དེ་རུ་རེ་ཞིག་གཏེར་དུ་སྦས་པ་ཡིན་པའི་ཚོད་དཔག་བྱས།

མར་འབབ་སྐབས་རྗེ་ཉིད་སྔར་བཞིན་མདོ་ལིའི་སྟེང་ལ་བཞུགས་ཏེ་བྱོན།

རི་ལམ་ཅུང་ཟད་གཟར་ས་འདྲ་ལ་ཐུག་དུས། མདོ་ལིའི་སྟེང་ལ་བཞུགས་པའི་རྗེ་ཉིད་སྔ་སོར་ཡོ་ནས་ལྷུང་ཞིང་འགྲིལ་བའི་ཉེན་ཁ་ཡོད་པར་བརྟེན། ཡར་ལ་འཛེགས་པ་ལས་ཐུར་དུ་འབབ་པ་ལ་དཀའ་ཚེགས་ཆེ་ཙམ་བྱུང་། མདོ་ལིའི་སྔོན་ནས་འདེགས་མཁན་ལ་མི་གཟུགས་རིང་པོ་ཁ་ཤས་དང་རྒྱབ་ལ་མི་གཟུགས་ཐུང་ངུ་ཅན་འགའ་རེ་བསྒྲིགས་ནས། ཅུང་ཟད་སྙོམ་ཐུབ་པ་བྱུང་ཡང་། རི་ལམ་འགའ་འགག་དོག་ཅིང་ཤིན་ཏུ་འདྲེད་སླ་མོར་འདུག་པའི་ཁར། ན་གཞོན་དེ་དག་གོམ་པ་ཧ་ཅང་མགྱོགས་ཆེས་པའི་རྐྱེན་གྱིས། སེམས་ལ་དངངས་འཚུབ་ཐེངས་མང་པོ་སྐྱེ་དགོས་པ་བྱུང་།

ས་གནས་དེ་གའི་ན་གཞོན་དེ་དག་གིས་བཤད་རྒྱུར། ཁོ་ཚོའི་ལམ་འདི་ཕར་བལྟས་ཚོད་ལ་ཉེན་ཁ་ཤིན་ཏུ་ཆེ་བ་ལྟར་སྣང་ཡང་། གནའ་ནས་ད་བར་དུ་གཡང་གཟར་ནས་རྐྱེན་ལམ་དུ་ཤོར་བའི་མི་གཅིག་ཀྱང་ཡོད་མ་མྱོང་བས། སེམས་ཁྲལ་བྱེད་མི་དགོས་ཞེས་སྨྲས་ཏེ། ང་ལ་སེམས་གསོ་བྱས་སོང་ཡང་། ཡམ་ཡོམ་བྱེད་ཀྱིན་པའི་མདོ་ལི་མིག་གིས་མཐོང་སྐབས། སེམས་ལ་མི་བདེ་བ་ཆེན་མོ་སྐྱེས། ལམ་ཤིན་ཏུ་བགྲོད་དཀའ་བ་རེ་ལ་ཐུག་དུས། རྗེ་ཉིད་མདོ་ལི་ལས་བབས་ཏེ་ཞབས་ཐང་ལ་གཞན་གྱིས་ཕྱག་བརྟེན་ནས་ཕེབས། དེ་ལྟར་ཆུ་ཚོད་གཉིས་ལྷག་ལ་སོང་ནས་གཟོད་རི་འདབས་ལ་སླེབས་ཐུབ་པར་གྱུར་ཅིང་། ངས་དབུགས་རིང་ཞིག་བཏང་ནས་ལམ་ཐག་ཤིན་ཏུ་རིང་ལ་གཟར་བའི་རི་ལམ་དེར་ཕྱི་མིག་ཞིག་བལྟས་ཏེ། འཇིག་རྟེན་མི་ཡུལ་གྱི་ས་ཐོག་འདིར་བདེ་ལེགས་ངང་འབབ་ཐུབ་པ་བྱུང་བས་དགའ་བ་ལ་ཨང་སྙམ་བྱུང་།

ཕྱི་དྲོར། ཆོས་ཀྱི་རྗེ་ཉིད་ཨོ་ལ་ཐང་གི་མགྲོན་ཁང་ནང་དུ་ཞབས་སོར་བཀོད། རྗེ་ཉིད་སྐུ་ངལ་གསོ་བའི་དུས་སུ་ངེད་ཅག་ཉེ་འཁོར་གྱི་གྲོང་ཚོའི་ནང་ལ་འཁྱར་དུ་སོང་། འབྲུག་ཡུལ་ལ་ཐོན་དུས་དྲན་རྟེན་གྱི་ཕྱིར་དུ་ལེགས་སྐྱེས་འགའ་རེ་ཉོ་བསམས་ཏེ་ཡུན་རིང་དུ་འཁྱར་ཡང་། ཡིད་ལ་འཕྲོད་པའི་དངོས་རྫས་གང་ཡང་མ་རྙེད་པས་མཐར་སྣུམ་སྙུག་ཁ་ཤས་ཉོས་ནས་ཕྱིར་ལོག་པ་ཡིན།

རྒྱལ་ཁབ་འདི་ལ་འབྲུག་གི་རྒྱལ་ཁབ་ཅེས་ཀྱང་ཟེར་བ་ལྟར། སྲང་ལམ་ཆེ་ཆུང་ཀུན་ཏུ་འབྲུག་གི་རི་མོ་སྣ་ཚོགས་བྲིས་འདུག་པ་མཐོང་ཞིང་། ཐ་ན་ཕོར་བའི་སྟེང་དུ་ཡང་འབྲུག་གི་རི་མོ་གདའ། དེ་ལས་ཡ་མཚར་བ་ཞིག་ལ། ཁང་ཁྱིམ་མང་པོའི་གྱང་ལྡེབས་ཀྱི་ངོས་ལ་ལིངྒའི་རི་མོ་བྲིས་འདུག་ཅིང་། སྐྱེས་ཕོ་མོ་ཐམས་ཅད་དེའི་སྔོན་ནས་ཉམས་སྣང་ཅི་ཡང་མེད་པར་འགྲོ་བཞིན་འདུག དེའི་རྒྱབ་ལྗོངས་ལ་ལོ་རྒྱུས་ཁྱད་མཚར་བ་རེ་ཡང་བཤད་རྒྱུ་ཡོད་པ་སྨོས་ཅི་དགོས།

འབྲུག་ཡུལ་གྱི་མི་རྣམས་ཀྱི་འཚོ་བ་ལྟོས་བཅས་ཀྱིས་ངན་ངོན་འདྲ་ཞིག་ཡིན་ཡང་། ཁོ་ཚོ་ལ་འདོད་པ་ཤུགས་ཆེན་མོ་རང་ནི་མེད་པ་འདྲ། ས་ཆ་གཞན་ནས་འོང་བའི་མི་དག་ལ་ཆོག་ཤེས་དང་བག་ཕེབས། རུས་ལ་ཐིམ་པའི་ཆོས་དད་སོགས་ཀྱིས་བློ་ཚིམས་ནས་ཡོད་པའི་སྣང་བ་སྟེར། འབྲུག་ཡུལ་ནས་ཆོས་སྲིད་ཟུང་འཇུག་གི་སྒོ་ནས་སྤྱི་ཚོགས་ལ་དོ་དམ་བྱེད་བཞིན་འདུག སྲིད་འཛིན་སྡེ་དཔོན་དང་བླ་མ་ཆེན་པོ་རྣམས་ཐོག་ཁང་གཅིག་གི་ནང་དུ་ལས་དོན་བསྒྲུབས་ནས་འདུག་པ་དང་། ཁོ་ཚོ་སོ་སོ་ལ་ལས་ཀ་མི་འདྲ་བ་སྣ་རེ་འདུག ཕྱོགས་གཅིག་གིས་ཕྱི་འཇིག་རྟེན་གྱི་འགྲོ་ལུགས་ལ་དོ་དམ་བྱེད་ཅིང་། གཅིག་ཤོས་ཀྱིས་ནང་བསམ་པའི་དད་མོས་ལ་དོ་དམ་བྱེད། ཐོག་ཁང་དེ་འདྲ་ལ་རྫོང་ཞེས་འབོད་ཅིང་། རྫོང་ཁག་རེ་རེའི་ནང་ལ་རྫོང་དེ་འདྲ་རེ་རེ་འདུག་པ་དང་། དེ་ནི་ས་གནས་དེའི་ཁོངས་སུ་དགོན་སྡེ་ཆེ་ཤོས་ཤིག་ཀྱང་རེད་འདུག འོན་ཀྱང་སྲིད་འཛིན་གྱི་དབང་ཆ་གང་ཡང་མེད་པའི་དགོན་པ་ཡང་གདའ་སྟེ། དེ་དག་ལ་ལྷ་ཁང་ཞེས་འབོད་པ་དང་གནས་བསྐོར་དང་མཚམས་ཉམས་ལེན་བྱེད་ས་ཁོ་ན་ཡིན་པར་འདུག དཔེར་ན་སྤ་གྲོ་སྟག་ཚང་དགོན་ལྟ་བུ་རེད།

༡༩༩༠ ལོའི་ཟླ་༩ ཚེས་༡༥ །

འབྲུག་ཡུལ་གྱི་ཁྱིམ་པ་ཕོ་མོ་མང་པོས་བསྐུལ་མ་ཞུས་པ་བཞིན། ཆོས་ཀྱི་རྗེ་ཉིད་སྟག་ཚང་དགོན་གྱི་རི་འདབས་ལ། རམ་ཐང་ཀ་བྱ་བ་ཡོད་པ་དེར་ཕེབས་ནས་བཀའ་སློབ་གནང། ས་ཆ་འདི་རུ་རྒྱུན་དུ་ཆོས་ཚོགས་ཆེན་མོ་འཚོགས་རྒྱུ་འདུག་ཅིང་། མཐོ་ལ་སྦོམ་པའི་ལྗོན་ཤིང་མང་པོས་ཁོ་ར་ཁོར་ཡུག་ཏུ་བསྐོར་ནས་ཡོད་པ་དང་། དབུས་སུ་ས་ཁོད་སྙོམ་པོར་བྱས་པའི་སྤང་ཐང་རྒྱ་ཆེན་པོ་ཞིག་འདུག་པ་དེར་མཉམ་དུ་འཛོམས་ནས་འཚོགས་པར་གདའ།

དད་ལྡན་མང་ཚོགས་དག་གིས་ཆོས་ཀྱི་རྗེ་ཉིད་ཀྱིས་གསུངས་པའི་བོད་སྐད་གོ་ཡི་མི་འདུག་པར་བརྟེན། འབྲུག་པའི་གསུང་སྒྱུར་པ་ཞིག་ཆེད་དུ་བཀོད་སྒྲིག་བྱས། རྗེ་ཉིད་ཀྱིས་བཀའ་ཆོས་གསུང་བའི་དུས་སུ་ཚང་མས་རྣ་བ་བླགས་ནས་ནན་ཏན་གྱིས་ཉན་ནས་འདུག

ངས་འབྲུག་ཡུལ་གྱི་ཁྱིམ་པ་ཀུན་གྱིས་མི་རིགས་རང་གི་གྱོན་གོས་ཤ་སྟག་གོན་འདུག་པ་མཐོང་ཞིང་། སྐྱེས་པས་རས་གཟན་དཀར་པོ་ཞིག་དང་པུས་མོ་ལ་སླེབས་ཙམ་པའི་གོས་རིང་གི་ནང་ལ་ནང་ལྭ་དཀར་པོ་གོན་ནས། དཔུང་པའི་ཁ་ནས་ཕུ་ཐུང་གི་སྣེ་མོ་གོས་རིང་དེའི་ཕྱི་ལ་བལྟབས་ནས་འཇོག བུད་མེད་རྣམས་ཀྱིས་ལུས་ལ་ཕྱུ་པ་གྱོན། ཁོ་ཚོས་སྟན་སོགས་གང་ཡང་མི་འཁྱེར་བར། བོད་པའི་འགྲོ་ལུགས་ནང་བཞིན་ཐང་ལ་སྐྱིལ་ཀྲུང་བཅས་ནས་ཆོས་ཉན་པར་འདུག

འབྲུག་ཡུལ་གྱི་ཡུལ་སྲོལ་གོམས་གཤིས་སོགས་ལ་འདས་པའི་དུས་སུ་སྲུང་སྐྱོབ་ཡག་པོ་བྱས་འདུག་ཀྱང་། ཉེ་བའི་ལོ་ཤས་རིང་སྔར་ལས་ཇེ་བས་ཇེ་མང་དུ་གྱུར་པའི་ཡུལ་སྐོར་བ་ཤིན་ཏུ་མང་པོ་འབྲུག་ཡུལ་དུ་སླེབས་པ་ལ་བརྟེན་ནས། སྔར་ཡོད་ཀྱི་ཡུལ་ལུགས་མང་པོ་ལ་ཕྱི་མིའི་ཤུགས་རྐྱེན་ཐེབས་ཏེ། ནུབ་ལུགས་སུ་གྱུར་དང་འགྱུར་བཞིན་པའི་སྒང་ཡིན་སྐད། ཁྱད་པར་དུ་འབྲུག་ཡུལ་ནས་དབྱིན་སྐད་གཙོ་བོར་བྱེད་ཅིང་། གོང་རྒྱལ་པོ་ནས་དམའ་ཚོང་པ་ཆུང་ཆུང་བར་གྱི་མི་ཚང་མས་དབྱིན་སྐད་ཤ་ར་ར་བཤད་ཤེས་པ་དང་། འགྲུལ་ཁང་དང་། ལམ་རྟགས། འཁོར་ཚིགས་སོགས་སུ་དབྱིན་ཡིག་གིས་རྟགས་འདེབས། གཞོན་ནུ་རྣམས་ཀྱིས་ནུབ་ཕྱོགས་ནས་སློབ་གཉེར་བྱེད་ཐུབ་པ་ལ་དགའ་མོས་བྱེད་ཀྱིན་ཡོད་པའི་རྒྱུ་མཚན་གྱིས། འབྲུག་པའི་སྐད་ཡིག་ཉམས་རྒུད་དུ་སོང་ནས་ག་ལེར་མེད་པར་འགྱུར་ཨེ་འགྲོ་བསམས་ཏེ་སེམས་ཁྲལ་ཡང་སྐྱེ་ཡོང་བར་འདུག མི་ཧ་ཅང་མང་པོས་འབྲུག་ཡུལ་གྱི་དད་མོས་དང་སྲོལ་རྒྱུན་སོགས་མི་ཉམས་པར་སོར་བཞག་ཡོང་ཐུབ་ན་ཅི་མ་རུང་སྙམ་བཞིན་འདུག་ཀྱང་། ད་ལྟ་གོ་ལ་ཧྲིལ་བོ་གཞི་གཅིག་ཏུ་འགྱུར་བའི་དུས་སྐབས་འདིའི་ནང་། རེ་བ་དེ་ནི་ཤིན་ཏུ་ནས་ཀྱང་མངོན་དུ་འགྱུར་དཀའ་བའི་ཚོད་དུ་གདའ། དེ་ཡང་དཔེར་ན། ཆུ་ལོག་ཆེན་པོ་ཞིག་རྒྱུགས་ཡོང་དུས་ས་ཁུགས་ཀྱག་ཀྱོག་གང་ཡང་མི་ལྷག་པར། ཐམས་ཅད་ཆུས་དེད་ནས་ཁུར་འགྲོ་བ་ནང་བཞིན། དུས་ཚོད་ཀྱི་སྔ་འཕྱི་ཙམ་ལས་ཅི་ཡང་མེད་པར་འདུག་གོ །

འབྲུག་རྒྱལ་ཁབ་ཀྱི་རྒྱལ་ས་ཐིམ་ཕུ།

བཀའ་ཆོས་གསུངས་ཚར་རྗེས། ཆོས་ཀྱི་རྗེ་ཉིད་རྡོག་ཐོན་མཛད་དེ་འབྲུག་རྒྱལ་ཁབ་ཀྱི་རྒྱལ་ས་ཐིམ་ཕུ་རུ་ཞབས་སོར་བཀོད་ཅིང་དེ་ནུབ་ཀུན་དགའ་ཆོས་གླིང་མགྲོན་ཁང་ནང་དུ་ཞག་བཞུགས་མཛད།

༡༩༩༠ ལོའི་ཟླ་༩ ཚེས་༡༦ །

ཆོས་ཀྱི་རྗེ་ཉིད་ཀྱིས་ཀུན་དགའ་ཆོས་གླིང་མགྲོན་ཁང་ནང་ནས། ས་གནས་དེ་གའི་མི་འགའ་ཞིག་ལ་མཇལ་འཕྲད་མཛད། དེའི་ནང་ལ་འབྲུག་གི་གྲྭ་པ་ཞིག་འདུག་ཅིང་། ཁོང་གིས་བོད་སྐད་མི་མཁྱེན། རྗེའི་གསུང་སྒྱུར་པ་བརྒྱུད་ནས། གནོད་སྦྱིན་ཙིའུ་དམར་པོ་རྒྱུན་དུ་ཁོང་གི་ལུས་སྟེང་ལ་ཐོག་བབས་འོང་ཞིང་། འབབ་པའི་སྐབས་ཐམས་ཅད་དུ་ལུས་པོ་ལ་གཟེར་ཟུག་མང་པོ་སྐྱེ་འོང་བར་འདུག་པས། རྗེ་ཉིད་ལ་གནོད་སྦྱིན་ཆེན་པོ་ཐོག་འབབ་མི་ཡོང་བའི་བྱིན་རླབས་མཛད་རོགས་ཞུས་སྐབས།

ཆོས་ཀྱི་རྗེའི་ཞལ་ནས། དེ་ལ་ངས་ངེས་པར་དུ་བརྟག་པ་ཞིག་སྔོན་དུ་འགྲོ་དགོས་པ་ཡོད། གལ་སྲིད་གནོད་སྦྱིན་ཙིའུ་དམར་པོ་ངོ་མ་ཡིན་ན་བསྟན་པ་དང་སེམས་ཅན་གྱི་དོན་ལ་ཕན་ཐོགས་རྒྱ་ཆེན་པོ་ཡོད་པས་འགོག་མི་རུང་། གནོད་སྦྱིན་ཙིའུ་དམར་དངོས་མིན་པར་མི་མ་ཡིན་འདྲ་ལུས་ལ་ཞུགས་པ་ཡིན་ན། ང་ལ་ཐབས་ཡོད་པས་བལྟ་འོང་གསུངས།

ཀུན་དགའ་ཆོས་གླིང་མགྲོན་ཁང་།

ཆོས་ཀྱི་རྗེ་ཉིད་ཀྱིས་གྲྭ་པ་དེའི་མགུལ་ལ་དར་ཁ་ཞིག་བསྒྲོན་པའི་རྟེན་འབྲེལ་ལ་བརྟེན་ནས། གློ་བུར་དུ་ལྷ་ཐོག་བབས་བྱུང་། སྐབས་དེར་ཁོང་གི་རྣམ་པ་རྒྱུན་ལྡན་ལྟར་མ་ཡིན་པར་ཡོངས་སུ་འགྱུར་ནས་སྤྱན་གྱིས་ཁྲ་རིལ་རིལ་མཛད་ཀྱིན། ཞལ་ནས་སིར་སིར་གྱི་སྒྲ་བསྒྲགས་ནས་ལུས་ཀྱིས་གར་འཆམ། ངེད་འཁོར་སློབ་རྣམས་ལ་གྲ་སྒྲིག་ཅི་ཡང་བྱེད་པའི་ལོང་མ་བྱུང་བར། རྣམ་པ་དེ་གློ་བུར་དུ་མཐོང་སྐབས། ཤིན་ཏུ་ནས་ཀྱང་ཧ་ལས་དགོས་པ་བྱུང་།

གྲྭ་པ་དེས་བོད་སྐད་མཁྱེན་གྱི་མི་འདུག་ཀྱང་། ལྷ་ཐོག་བབས་བྱུང་རྗེས་བོད་སྐད་དག་མ་རང་གིས་རྗེ་ཉིད་ལ་ཐད་ཀར་གསུང་མོལ་ཞུས། གསུང་སྐད་དེ་ཁམས་སྐད་དང་དབུས་སྐད་གཉིས་སྦྲགས་ནས་གསུངས་པ་ལྟ་བུར་འདུག་ཅིང་། གནོད་སྦྱིན་གྱི་སྐུ་སྔ་མའི་སྐྱེ་བརྒྱུད་སོགས་གསུངས་པ་དང་། ལྷག་པར་དུ་བྷ་ཏ་ཧོར་ལ་བཞུགས་སྐབས་ཀྱི་ལོ་རྒྱུས་མང་པོ་ཞུས།

རྗེ་ཉིད་ཀྱི་ཞལ་ནས། ཁྱོད་ཀྱིས་ང་ངོ་ཤེས་ཀྱི་ཨེ་ཡོད་གསུངས་པ་ལ།

ཁོང་གིས། ལོས་ཤེས། ངེད་གཉིས་སྐྱེ་བ་མང་པོར་མཉམ་དུ་འགྲོགས་ནས་བསྟན་འགྲོའི་དོན་བསྒྲུབས་པ་རེད་ཅེས་ཞུས།

ཆོས་ཀྱི་རྗེ་ཉིད་ཀྱིས་འཕྲལ་དུ་ཅི་ཞིག་ཐུགས་དྲན་སོས་པ་བཞིན། སྐུ་ལས་སྐྱོ་བའི་རྣམ་འགྱུར་ཅུང་ཟད་བསྟན་ཏེ་ཐུགས་དམ་ལ་ཡུད་ཙམ་བཞུགས།

དེ་རྗེས། གནོད་སྦྱིན་དགྲ་ལྷའི་རྒྱལ་པོ་ཙིའུ་དམར་པོས། ཉི་མ་གཉིས་ཀྱི་རྗེས་སུ་ཁྱེད་བུམ་ཐང་(Bumthang)ལ་འབྱོན་རྒྱུར་འདུག་ལ། ད་དུང་འུ་གཉིས་དངོས་སུ་འཕྲད་ནས་བྱ་བ་མང་པོ་ལ་བཀའ་གྲོས་ཞུ་རྒྱུ་ཡོད་པས། ངའི་མགོན་ཁང་ནང་དུ་ཅིས་ཀྱང་ཕེབས་མཛོད། ང་ད་ལྟ་འགྲོ་རྒྱུ་ཡིན་ཞུས།

དེ་ནས་གྲྭ་པ་དེ་ཡུད་ཙམ་ལ་བརྒྱལ། བརྒྱལ་སངས་རྗེས་ལུས་ཀྱི་རྣམ་འགྱུར་སོགས་ཚང་མ་སྔར་ལྟར་སོར་ཆུད་ནས་འདུག

ཆོས་ཀྱི་རྗེ་ཉིད་ཀྱི་ཞལ་ནས། དེ་ནི་གནོད་སྦྱིན་ཙིའུ་དམར་པོ་ངོ་མ་རེད་འདུག་པས་འགོག་མི་རུང་། ཡིན་ཡང་ངས་ཁྱེད་ལ་བྱིན་རྟེན་འགའ་རེ་སྦྱིན། དེ་ཚོས་ལུས་ཀྱི་རྩ་སྒོ་ཕྱེས་ནས་ལྷ་ཐོག་བབས་འབྱུང་དུས་ཟུག་གཟེར་མི་འོང་བ་ལ་ཕན་ཐོགས་ཡོད། ཅེས་སྐུ་རྟེན་གྲྭ་པ་དེ་ལ་བཀའ་བསྩལ། ཁོང་ཤིན་ཏུ་དགའ་ནས་རྗེ་ཉིད་ལ་བཀའ་དྲིན་ཞུས་ཤིང་། རྗེ་ཉིད་ཀྱིས་ཀྱང་ཁོང་ལ་བྱིན་རླབས་ཁ་ཤས་མཛད།

སྐུ་རྟེན་གྲྭ་པ་དེ་དགུང་ལོ་ཉི་ཤུ་ཙམ་དུ་ཕེབས་འདུག་ཅིང་། སྐུ་ཤ་རིད་ཅིང་སྣ་ཅུང་ཟད་གཟེངས་མཐོ་ལ། ངོ་གདོང་ཐུར་དུ་རིང་ངེ་བ་ཞིག་འདུག ཁོང་གི་རྒྱུན་ལྡན་གྱི་སྤྱོད་ལམ་ཞི་ཞིང་དུལ་བར་མ་ཟད། སྐད་ཅ་དལ་མོར་འཆད་མཁན་ཞིག་ཡིན་པར་གདའ་ཡང་། ལྷ་ཐོག་བབས་འབྱུང་དུས། ལུས་ཀྱི་རྣམ་འགྱུར་ཡོངས་སུ་གྱུར་ནས། གསུང་སྐད་མྱུར་ཞིང་མགྱོགས་ལ། སྐུའི་ཟིལ་ཤུགས་ཤིན་ཏུ་ཆེ་བ་ཞིག་ཏུ་འགྱུར་འགྲོ་བས་བསམ་གྱིས་མི་ཁྱབ་པ་ཞིག་རེད།

༡༩༩༠ ལོའི་ཟླ་༩ ཚེས་༡༧ །

བུམ་ཐང་ནི་འབྲུག་ཡུལ་ལ་རྫོང་ཁག་ཉི་ཤུ་ཡོད་པ་དག་ལས་གཅིག་ཡིན་ཞིང་། དེ་ན་དགོན་པ་རྙིང་པ་དང་། ཨོ་རྒྱན་སངས་རྒྱས་གཉིས་པའི་སྒྲུབ་གནས་མང་པོ་འདུག ངེད་དཔོན་སློབ་རྣམས་ནངས་སྔ་མོར་ཐིམ་ཕུ་ནས་ཁ་གྱེས་ཏེ་ལམ་ལ་ཆས།

ཉིན་དེར་རླངས་འཁོར་ལ་བསྡད་ནས་སྤྱི་ལེ་༢༠༠ ལྷག་འགྲོ་དགོས་པའི་ཁར། ལམ་ནས་རི་ཉིལ་བ་དང་། ལམ་འགག་ཤིན་ཏུ་དོག་པ་སོགས་ཀྱི་རྐྱེན་གྱིས། དེ་ནུབ་ཆུ་ཚོད་བཅུ་གཅིག་ལྷག་གི་ཐོག་ནས་ད་གདོད་གྲོང་གསར་རྫོང་ལ་འབྱོར་ཐུབ་པ་བྱུང་ཞིང་། ཡུལ་སྐོར་མགྲོན་ཁང་(Tourism Council Guest House)ཞིག་གི་ནང་ལ་བསྡད་པ་དང་། ཆོས་ཀྱི་རྗེ་ཡང་ཧ་ཅང་སྐུ་ཐང་ཆད་ནས་འདུག

གྲོང་གསར་རྫོང་ཞེས་པ་ཆེ་རྒྱུ་མི་འདུག་ཀྱང་། མཚན་ལྗོངས་ནི་ཤིན་ཏུ་མཛེས། རི་སྒང་ནས་ཕར་བལྟས་ན། ནམ་མཁའི་སྐར་ཚོགས་ས་ལ་ལྷུང་བ་དང་འདྲ་བར། དུད་ཚང་ཐམས་ཅད་ཀྱི་སྒེའུ་ཁུང་ལས་གློག་འོད་ཆེམ་ཆེམ་དུ་འཕྲོ་འོང་བར་གདའ། ད་ལྟ་བླ་རུང་སྒར་ནས་དགོང་མོ་ཆོས་ཁྲིད་གྲོལ་ཏེ་རང་ཤག་ལ་ལོག་པའི་དུས་ཐམས་ཅད་ལ། ལུང་པའི་ཉིན་སྲིབ་གཉིས་ཀའི་གྲྭ་ཤག་ཤིང་ཁང་དང་དེ་ལས་འཕྲོས་པའི་གློག་འོད་སོགས་མིག་ལམ་དུ་མཐོང་ཚེ། གོང་གི་མཚན་ལྗོངས་དེའི་རྣམ་པ་ཐམས་ཅད་རྟག་ཏུ་ཡིད་ལ་འཁོར་འོང་གི་འདུག

༡༩༩༠ ལོའི་ཟླ་༩ ཚེས་༡༨ །

ཐོ་རེངས་ཀྱི་དུས་སུ། ཆོས་ཀྱི་རྗེའི་རྨི་ལམ་འོད་གསལ་གྱི་སྣང་ཆ་ལ། གནོད་སྦྱིན་ཙིའུ་དམར་པོའི་བཀའ་འོག་གི་རུ་འདྲེན་སྡེ་བཞིས་འཁོར་ཚོགས་བསམ་གྱིས་མི་ཁྱབ་པ་གནམ་གྱིས་ས་བཀབ་པ་ལྟ་བུ་ཁྲིད་དེ། བུམ་ཐང་གི་ཕྱོགས་ནས་རྗེ་ཉིད་ཀྱི་ཕེབས་བསུ་ལ་འོང་བའི་སྣང་བ་ཤར་ཞིང་། ད་ནི་གནོད་སྦྱིན་ཙིའུ་དམར་འབྱོན་གྱིན་ཡོད་ཟེར་ནས་ཟིང་ཟིང་ལོང་ལོང་བྱེད་བཞིན་པའི་སྒང་ལ། ཉེ་གནས་བསོད་དོན་གྱིས་རྗེ་ཉིད་ཀྱི་གཟིམ་ཁང་གི་སྒོ་བརྡུངས་ནས་གཟིམ་སད་དུ་བཅུག

དེ་རྒྱབ་ཉེ་གནས་བསོད་དོན་གྱིས་བློ་ཤིན་ཏུ་འགྱོད་བཞིན་པའི་ངང་། ངས་དེ་རིང་ཉེས་པ་ཚབས་ཆེན་ཞིག་བསགས་སོང་། ད་ནི་ཐབས་མེད་སོང་བ་རེད། ཁ་སང་ཕེབས་ཐོན་བྱེད་པའི་དུས་ཚོད་གཏན་ཁེལ་ཚར་བའི་རྐྱེན་གྱིས། ད་ནང་ཞོགས་ཟས་བཞེས་རན་ཁར་ངས་གཟིམ་ཁང་གི་སྒོ་ཁ་ནས་ཡུན་རིང་དུ་བསྒུགས་ཀྱང་། རྗེ་ཉིད་བཞེངས་ཡོད་པའི་གསུང་མ་གོ་བས་ད་གཟོད་གཟིམ་ཁང་གི་སྒོ་བརྡུངས་པ་ཡིན། རྟེན་འབྲེལ་འདྲ་འཆུག་རྐྱེན་དུ་འགྱུར་ཨེ་འགྲོ་ཞེས་ངེད་ཚོ་སྐུ་འཁོར་གཞན་རྣམས་ལ་བཤད་སོང་།

རྗེ་ཉིད་ཀྱིས་ཞོགས་ཟས་གསོལ་ཚར་ནས་འབྱོན་རན་ཁར། སྐུ་འཁོར་རྣམས་བསྡུས་ནས་ད་ལན་གནོད་སྦྱིན་ཙིའུ་དམར་པོ་བསུ་མ་ལ་འོང་རྒྱུ་ངེས་ཅན་རེད་པས། ངེད་ཅག་ཁོང་གི་མགོན་ཁང་ནང་དུ་ངེས་པར་དུ་འགྲོ་དགོས། དེ་ལས་གཞན་དེ་རིང་ལམ་ནས་བར་ཆད་འདྲ་ཡང་ལྡང་འོང་ན་ཐང་བས། བར་ཆད་ལམ་སེལ་ཅི་མང་ཐོན་ཞེས་བཀའ་བསྩལ།

མོན་ཡུལ་བརྒྱུད་ནས་འགྲོ་སྐབས། རྗེ་ཉིད་ཀྱི་ཉམས་སྣང་ལ་སྐུ་སྐྱེ་གོང་མའི་མཛད་པ་གློ་བུར་དུ་ཤར་ནས། ཉིད་ཀྱི་ཞལ་ནས། ང་སྐྱེ་བ་སྔ་མར་འདན་སྲས་གཡུ་འོད་འབུམ་མེ་ཡིན་དུས། གླིང་རྗེ་སེང་ཆེན་ནོར་བུ་དགྲ་འདུལ་དང་མཉམ་དུ་མོན་ཡུལ་འདིར་དམག་ཕབ་ནས་མོན་ཡུལ་ཤིང་ཁྲི་རྒྱལ་པོ་འདུལ་དུ་ཕེབས། དེ་དུས་མི་མ་ཡིན་མང་པོས་རྐྱེན་ངན་བསླངས་ཏེ་བར་ཆད་མང་པོ་བརྩམས་སོང་བའི་རྒྱུ་མཚན་གྱིས། དེ་རིང་ང་སླར་ཡང་ས་ཆ་འདིར་སླེབས་དུས་སྨོན་ལམ་ལོག་པའི་མི་མ་ཡིན་དག་གིས། སྔར་འཁོན་གྱིས་རྐྱེན་བྱས་ནས་བར་ཆད་རྩོམ་ངེས་པས། ཚང་མས་གཟབ་གཟབ་གྱིས་ཤིག་ཅེས་ངེད་ཅག་ལ་བཀའ་བསྩལ།

དེ་ཡང་ཅི་ལ་མི་བདེན་ཏེ། ཆོས་ཀྱི་རྗེ་ཉིད་ཀྱིས་བཀའ་བསྩལ་མ་ཐག་གློ་བུར་དུ་ནམ་མཁའི་ཁམས་སུ་སྤྲིན་ནག་པོ་འཁྲིགས་ནས། ཉིན་དཀར་སྨག་གིས་ཡོངས་སུ་བཏུམས། དེ་ནས་གློག་འཁྱུགས་ཤིང་། འབྲུག་སྒྲ་དྲག་པོ་ལྡིར་བཞིན་ཐོག་སེར་ངན་པ་འཕྲལ་དུ་བརྒྱབས། རི་སྟེང་ནས་འདམ་རུད་མང་པོ་ངར་སྐད་དང་བཅས་ཏེ་བརྒྱུགས་ནས་ངེད་དཔོན་སློབ་རྣམས་ཀྱི་རླངས་འཁོར་བར་མཚམས་མེད་པར་བསྐོར་ཞིང་། ལམ་བཀག་ནས་འགྲོ་ས་མེད་པ་ལྟ་བུར་བཟོས།

ཆོས་ཀྱི་རྗེ་ཉིད་འཕྲལ་དུ་ཧེ་རུ་ཀའི་སྐུར་བཞེངས་ཏེ་ཐུགས་ཁྲོས་པའི་ཚུལ་གྱིས་ལྟ་དགོངས་ཀྱིས་གནད་ལ་གཟིར་བའི་ཐོལ་གླུ་བླངས་ཤིང་། བདུད་ཚར་གཅོད་པའི་སྔགས་གསུངས། དེའི་མོད་ལ་སྤྲིན་ནག་གློ་བུར་དུ་འཐོར་ནས་ནམ་མཁའ་སྔོ་ཐང་ཐང་དུ་གྱུར་པ་དང་མཉམ་དུ། སེར་བ་རྒྱག་མཚམས་ཆད་ནས་འདམ་རུད་ཀྱང་མེད་པར་གྱུར་ཅིང་། འཇིགས་སྐྲག་གི་སྣང་བ་ཐམས་ཅད་འཕྲལ་དུ་ཡལ། དངོས་སུ་དེར་མེད་ན་དེ་དག་ནི་ཤིན་ཏུ་ཡིད་ཆེས་དཀའ་བ་ཞིག་ཡིན་ཞིང་བློ་ཡུལ་ལས་འདས་པའི་ཚོད་དུ་གདའ། འོན་ཀྱང་ཡིད་ཕངས་པ་ཞིག་ལ། སྐབས་དེར་འཚུབ་ཆ་ཤིན་ཏུ་ཆེ་སྟབས། རྗེ་ཉིད་ཀྱིས་རྡོ་རྗེའི་མགུར་གླུ་དེ་ཐོལ་བྱུང་དུ་གསུངས་ཚེ། ངེད་འཁོར་སློབ་རྣམས་ལ་ཡི་གེའི་གཟུགས་སུ་འབྲི་བའི་ལོང་མ་བྱུང་།

དེ་རྗེས། རླངས་འཁོར་ཤར་རྒྱག་གིས་བསྐྱོད་ཐུབ་པ་བྱུང་ཞིང་། བུམ་ཐང་ལ་སླེབས་རན་ཁར། མིང་ལ་སྐྱིད་གའི་ལ་ཟེར་བའི་ལ་ཞིག་འདུག་པ་དེ་བརྒལ་ནས་འགྲོ་སྐབས། ཆོས་ཀྱི་རྗེ་ཉིད་ལ་སྐེད་དུ་སྤང་ཐང་སྔོན་མོ་ཞིག་འདུག་པ་དེའི་ཐོག་ལ་སྐུ་མལ་ཅུང་ཟད་གསོས་ཏེ་བཞུགས་པ་དང་། གསོལ་ཁ་ཞིག་འདོན་དགོས་པ་ཡོད་གསུངས་ཏེ་ངེད་ཚོས་གནས་དེ་ནས་གསོལ་ཁ་ཞིག་ཀྱང་བཏོན་པ་ཡིན་ཞིང་། མཉམ་དུ་ཕེབས་པའི་འབྲུག་ཡུལ་གྱི་དགེ་འདུན་པ་རྣམ་པས་ས་གནས་དེ་གའི་བཟའ་བཅའ་ཞིམ་པོ་མང་པོ་བསྣམས་འདུག་པར་བརྟེན། ངེད་ཚོས་གུང་ཟས་ཉམས་དགའ་ལ་སྟབས་བདེ་བ་ཞིག་ཀྱང་ཟོས་པ་ཡིན། ལ་སྟེང་གི་ཡུལ་ལྗོངས་ཤིན་ཏུ་མཛེས་ལ་ཡིད་དུ་འོང་བས། ངའི་སེམས་ལ་ཤིན་ཏུ་སྐྱིད་པོ་བྱུང་བར་མ་ཟད། ཆོས་ཀྱི་རྗེ་ཉིད་ཀྱིས་ཀྱང་ཐུགས་ཤིན་ཏུ་དགྱེས་པའི་ཚུལ་མཛད།

བུམ་ཐང་ལ་ཕྱགས་ཕེབས་རྗེས། རྗེ་ཉིད་ཆུ་མིག་ལུང་ཟེར་བའི་གཏེར་གནས་ཤིག་འདུག་པ་དེར་ཐད་ཀར་ཕེབས་བསྐྱོད་མཛད། གཏེར་གནས་དེར་རླངས་འཁོར་འགྲོ་ས་མེད་པའི་རྐྱེན་གྱིས། ཉི་མ་ལུང་གི་དགེ་འདུན་པ་རྣམས་ཀྱིས་ཕེབས་བྱམས་ཀྱི་ཐོག་ལ་སྤྱན་དྲངས་ནས་བྱོན། ཕེབས་བྱམས་དེ་སྔར་སྤ་གྲོ་སྟག་ཚང་ནས་བཞུགས་ས་དེ་ལས་ཡག་ཅིང་བག་སྤྲོ་བར་མ་ཟད། ཉི་ཟེར་ཡང་འགོག་ཐུབ་ཀྱི་འདུག་པ་དང་། ལམ་ནས་རྗེ་ཉིད་ཐུགས་ཤིན་ཏུ་དགྱེས་པའི་ཚུལ་མཛད་ཅིང་། ཁྱད་པར་དུ་སྐུ་པང་དུ་ཁྱེར་བའི་ཁྱི་གུ་དེའི་སེམས་ཧ་ཅང་སྤྲོ་བའི་ཚུལ་གྱིས་མཛེས་པའི་ཡུལ་ལྗོངས་ཉམས་སུ་མྱོང་གིན་ཡོད་པ་ལྟར། མགོ་བོ་བཏེག་སྟེ་ཡར་ལྟ་མར་ལྟ་མང་པོ་བྱས།

ངས་སྐབས་ལ་ལར། དགེ་འདུན་པ་རྣམས་ལ་ཕེབས་བྱམས་འདེགས་རོགས་བྱས་ཤིང་། ཡང་ལན་རེར་ས་གནས་དེ་གའི་མི་དག་དང་མཉམ་དུ་ལམ་མྱུལ་དུ་སོང་ནས་སྔོན་རྒྱབ་ཀུན་ཏུ་ཡར་མར་མང་པོ་རྒྱུགས་ནས་དལ་དུས་མེད་པར་གྱུར། ཆུ་མིག་ལུང་ཐག་ཤིན་ཏུ་རིང་བའི་རྐྱེན་གྱིས་ཡུན་རིང་པོ་འགོར་ནས་ད་གདོད་སླེབས་ཐུབ་པ་བྱུང་། འོན་ཀྱང་གནས་དེའི་ཡུལ་ལྗོངས་ནི་མི་ཀུན་ལ་རླུང་ལྟར་གྲགས་པའི་ཤམ་བྷ་ལ་ལྟ་བུར་ཤིན་ཏུ་ནས་ཀྱང་མཛེས་ལ་ཉམས་དགའ་བ་འདུག དེར་འབྱོར་རྗེས་ང་ངལ་ཞིང་དུབ་ནས་མགོ་ལས་རྔུལ་ཆུ་ཕྲོམ་ཕྲོམ་དུ་བཞུར་སོང་ཡང་། ཡུལ་ལྗོངས་འདི་འདྲའི་ལྟ་ན་སྡུག་པ་མཐོང་བའི་སྟོབས་ཀྱིས། ངལ་དུབ་ཐམས་ཅད་ཐལ་བ་རླུང་གིས་སྤུར་བ་ལྟར་འཕྲལ་དུ་མེད་པར་བྱས། གལ་སྲིད་ང་ལ་སླར་ཡང་འབྲུག་ཡུལ་དུ་འགྲོ་བའི་གོ་སྐབས་རེ་བྱུང་ན་གནས་དེར་འགྲོ་བའི་འདོད་པ་ནི་ཅི་བས་ཀྱང་ཆེའོ། །

ཆུ་མིག་ལུང་དུ་རྡོ་ཕ་བོང་ཆེན་པོ་ཞིག་གི་ངོས་ལ། ལཉྩ་དང་འདྲ་བའི་ཡི་གེ་མང་པོ་རང་བྱུང་དུ་དོད་ཡོད་པ་དེའི་རྩར་ཕེབས་ནས། ཆོས་ཀྱི་རྗེ་ཉིད་ཀྱིས་འདི་མཁའ་འགྲོའི་བརྡ་ཡིག་རེད་གསུངས། སྔོན་གྱི་ཚེ་གཏེར་སྟོན་འབྲུག་སྒྲ་རྡོ་རྗེས། གནས་འདི་ནས་རྗེ་ཉིད་ལ་གཏེར་ཞིག་འདོན་རྒྱུ་ཡོད་པའི་ལུང་བསྟན་ཡོད་པར་གསུངས་འདུག་ཀྱང་། རྗེ་ཉིད་ས་ཆ་འདིར་ཞབས་སོར་འཁོད་སྐབས། སྐུའི་རྣམ་འགྱུར་སོགས་ནི་སྤ་གྲོ་སྟག་ཚང་ལ་སོང་བ་ལྟ་བུ་མ་ཡིན་པར་རྒྱུན་ལྡན་ལྟར་འདུག་པས། གཏེར་བཞེས་པའི་ཐུགས་འདུན་མེད་པ་འདྲ་ཞིང་། ས་གནས་དེ་གའི་མི་རྣམས་ལ་རྗེ་ཉིད་ཀྱིས་གཏེར་ཆོས་རེ་བཞེས་པའི་རེ་འདུན་ཆེན་པོ་འདུག་སྟབས། ཆེད་དུ་རྟེན་འབྲེལ་འགའ་རེ་བསྒྲིགས་སོང་ཡང་། གཏེར་ཆོས་ཞེས་པ་འདི་རྩོལ་བཅས་ཀྱི་རྟེན་འབྲེལ་ཙམ་ལ་བརྟེན་ནས་ལེན་ཐུབ་པ་ཞིག་ནི་མིན་པ་འདྲའོ། །

གནས་འདིའི་ཉེ་ས་ལ་མངའ་བདག་ཉང་ཉི་མ་འོད་ཟེར་གྱི་འདྲ་སྐུ་ཞིག་བཞེངས་ནས། མཆོད་བཤམས་བྱས་འདུག་པའི་དགོན་པ་ཞིག་ཡོད་པ་དེར་རྗེ་ཉིད་ཕེབས་ཤིང་། མཇལ་གཟིགས་མཛད་པའི་སྐབས་སུ། མངའ་བདག་ཉང་ཉི་མ་འོད་ཟེར་སྐུ་དངོས་ཀྱིས་ཕྱག་བཟོ་བྱས་པར་གྲགས་པའི་ཤིང་ཕུར་རྙིང་པ་ཞིག་འདུག་པ་དེ་གཟིགས་པ་དང་། ཉིད་ཀྱིས་ཕྱག་ཏུ་བསྣམས་ནས་ཐུགས་དམ་ལ་བཞུགས་སྐབས། བཀའ་བརྒྱད་ཀྱི་ཆོས་སྐོར་བསྡུས་པ་ཞིག་དགོངས་གཏེར་གྱི་ཚུལ་དུ་ཐོལ་བྱུང་ལ་གསུངས་ཤིང་། ངས་ཡི་གེ་པ་བྱས་ནས་འཕྲལ་དུ་ཡི་གེར་ཕབ།

ཡི་གེའི་གཟུགས་སུ་ཕབ་ཚར་རྗེས། ཆོས་ཀྱི་རྗེ་ཉིད་ཀྱིས་ཆོས་སྐོར་འདི་ད་དུང་ལོ་གསུམ་གྱི་བར་དུ་གསང་རྒྱ་འཁྲོལ་མི་རུང་གསུངས་ཏེ། ཤོག་བུ་དེ་གང་ཉིད་ཀྱི་གའུའི་ནང་དུ་བཞག་ཅིང་། ལོ་གསུམ་གྱི་རྗེས་སུ་ངས་རྗེ་ཉིད་ལ་གསང་རྒྱ་འཁྲོལ་རུང་བའི་དུས་ལ་བབས་ཡོད་མེད་ཞུས་སྐབས། ཉིད་ཀྱི་ཞལ་ནས་ད་དུང་སྤེལ་བའི་དུས་ལ་བབས་མེད་གསུངས།

དེ་རྗེས་ངེད་ཅག་གནས་དེ་ནས་ཁ་གྱེས་ཏེ། མུ་མཐུད་དུ་ལམ་ལ་ཆས། ཐར་པ་གླིང་(Tharpaling)བརྒྱུད་ནས་འགྲོ་སྐབས་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པས། གནས་དེ་ནས་ལོ་མང་པོར་ཆོས་འཆད་ཉན་དང་། མཚམས་བསྙེན་སྒྲུབ་མཛད་མྱོང་བ་དང་། རི་རྩེ་དེ་ནས་མཛོད་བདུན་རྩོམ་པ་དང་འཆད་སྤེལ་སོགས་མཛད་མྱོང་བར་གྲགས་ཤིང་། གནས་དེར་ད་དུང་ཁོང་གིས་ཕྱག་བཏབ་པའི་དགོན་པ་ཞིག་ཀྱང་འདུག་པ་རྗེ་ཉིད་ཀྱིས་མཁྱེན་ནས། དེར་ཕེབས་པའི་ཐུགས་འདོད་ཤུགས་ཆེན་འཁྲུངས་ཀྱང་། རླངས་འཁོར་མི་ཐར་བས་ཞབས་ཐང་དུ་འབྱོན་དགོས་པ་དང། མཛད་རིམ་ཁག་ཤིན་ཏུ་བྲེལ་ཆེ་བའི་སྟབས་ཀྱིས། ཐུགས་འདོད་དེ་མི་སྐྱུར་ཀ་མེད་བྱུང་སྟེ། རྒྱང་ནས་ཕྱོགས་དེར་སྐུ་ཕྱག་ཕུལ་ནས། ཐུགས་བསྐྱེད་སྨོན་ལམ་རྒྱ་ཆེན་པོ་གནང།

ཐར་པ་གླིང་།

དེ་ནུབ། བུམ་ཐང་གི་དབང་འདུས་ཆོས་གླིང་(Wangdicholing)ལ་ཞབས་སོར་བཀོད་ཅིང་། ཉི་མ་གཉིས་ལ་ས་ཆ་དེར་ཞལ་བཞུགས་མཛད།

༡༩༩༠ ལོའི་ཟླ་༩ ཚེས་༡༩ །

བུམ་ཐང་ལ་དགོན་པ་མང་པོ་འདུག་ཅིང་ཕན་ཚུན་བར་ཐག་མི་རིང་ལ། ཆེས་རིང་ན་ཡང་སྤྱི་ལེ་བཅུ་ཕྲག་འགའ་ལས་མེད་ཟེར། དགོན་པ་དེ་དག་གི་ལོ་རྒྱུས་ཤིན་ཏུ་རིང་བར་མ་ཟད་བྱིན་རླབས་ཀྱང་ཧ་ཅང་ཆེ། ཐིམ་ཕུ་ནས་ལམ་རིང་པོ་བགྲོད་དེ་འོང་བས་ངལ་དུབ་ཅུང་ཟད་ཆེ་བ་བྱུང་ཡང་། གནས་ཆེན་བསམ་གྱིས་མི་ཁྱབ་པ་འདི་འདྲའི་མང་པོ་ལ་མཇལ་ཕྱག་གི་འབྲེལ་བ་ཐོགས་སོང་བའི་རྐྱེན་གྱིས། ངེད་ཚོས་ཤིན་ཏུ་ནས་ཀྱང་འགྲོ་རི་བ་ཞིག་རེད་བསམས།

ཆོས་ཀྱི་རྗེ་ཉིད་ཐོག་མར་སྐུ་རྗེས་དགོན་(Kurjey Lhakhang)ལ་ཕེབས། དགོན་པ་དེ་དུས་རབས་བརྒྱད་པའི་ནང་། རྒྱ་གར་གྱི་རྒྱལ་པོ་ཞིག་གིས་བཞེངས་པར་གྲགས་ཤིང་། ཨོ་རྒྱན་སངས་རྒྱས་གཉིས་པ་དགོན་པ་འདིར་མཚམས་ལ་ཡང་བཞུགས་མྱོང་། ཁོང་གི་སྐུ་རྒྱབ་བྲག་ལ་བསྙེས་སྐབས་བྲག་ངོས་ལ་སྐུ་ལུས་ཀྱི་རྗེས་གསལ་བོར་དོད་བྱུང་བའི་རྐྱེན་གྱིས་སྐུ་རྗེས་དགོན་ཞེས་ཐོགས་པར་གྲགས། གསོལ་འདེབས་ལེའུ་བདུན་མ་ལས་ཀྱང་། ལྷོ་ཕྱོགས་མོན་ཁའི་བྲག་ལ་སྐུ་རྗེས་བཞག །སྐུ་ཚབ་ཉེར་ལྔ་བོད་ཀྱི་དོན་ལ་བཞག །སངས་རྒྱས་བསྟན་པ་མཐའ་རུ་རྒྱས་པར་མཛད། །བོད་ཀྱི་ལྷ་གཅིག་འགྲོ་བ་ཡོངས་ཀྱི་དཔལ། །ཐུགས་རྗེ་ཁྱད་པར་ཅན་ལ་གསོལ་བ་འདེབས། །ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །ཞེས་གསུངས་ཡོད།

སྐུ་རྗེས་དགོན་ལ་ལྷ་ཁང་གསུམ་འདུག་ཅིང་། རྒྱབ་རིའི་སྟེང་ལ་ཤུག་པ་ཆེན་མོ་སྔོ་ཕུང་ངེ་བ་ཞིག་སྐྱེས་འདུག་པ་དེ་ཨོ་རྒྱན་པདྨ་འབྱུང་གནས་ཀྱིས་ཕྱག་མཁར་བཙུགས་པ་ལས་འཁྲུངས་པར་གྲགས། ཆོས་ཀྱི་རྗེ་ཉིད་དགོན་པའི་ནང་ལ་ཞབས་སོར་བཀོད་ནས། ནང་རྟེན་ཐམས་ཅད་ལ་དྲི་མ་མེད་པའི་མཇལ་དར་ཕུལ་ཏེ། ངེད་ཅག་གི་དབུ་དྲངས་ནས་བཟང་པོ་སྤྱོད་པའི་སྨོན་ལམ་གསུངས་པ་དང་མཉམ་དུ། ཐུགས་བསྐྱེད་སྨོན་ལམ་རྒྱ་ཆེར་གནང།

ས་ཆ་དེའི་མི་རྣམས་ཀྱིས་རྗེ་ཉིད་ཀྱིས་ཨོ་རྒྱན་སངས་རྒྱས་གཉིས་པའི་སྐུ་རྗེས་ནང་ནས་གཏེར་ཁ་ཞིག་ལེན་འོང་རྒྱུ་རེད་བསམས་འདུག་ཀྱང་། རྗེ་ཉིད་ལ་ནི་དེ་འདྲའི་ཐུགས་འདུན་མི་འདུག་པར་ཞལ་ནས། ངས་གནོད་སྦྱིན་ཙིའུ་དམར་ལ་ཁས་ལེན་བྱས་ཡོད་པས། ཁོང་གི་མགོན་ཁང་དུ་འགྲོ་དགོས་པ་ཡོད་གསུངས་ནས། ཆེས་སྔ་མོ་ཞིག་ནས་ཡོད་པའི་གནོད་སྦྱིན་དགྲ་ལྷའི་རྒྱལ་པོ་ཙིའུ་དམར་པོའི་མགོན་ཁང་དུ་ཞབས་ཀྱི་པདྨོ་བཀོད་དེ། ཡུན་ཧ་ཅང་རིང་བའི་བར་ལ་གསོལ་ཁ་གསུངས་ནས་བདེན་པ་བདར་བ་དང་སྦྲགས། བསྟན་འགྲོ་སྤྱིའི་དོན་དུ་འཕྲིན་བཅོལ་རྒྱ་ཆེར་མཛད། ངས་ཀྱང་རྗེ་ཉིད་དང་མཉམ་དུ་གསོལ་འདེབས་སྨོན་ལམ་གང་ཤེས་བྱས་པར་མ་ཟད། གནོད་སྦྱིན་དགྲ་ལྷའི་རྒྱལ་པོའི་སྐུ་བརྙན་ལ་མཇལ་དར་ཕུལ་བ་ཡིན།

དེ་རྗེས་ཆོས་ཀྱི་རྗེ་ཉིད་གཏམ་ཞིང་དགོན་(Tamshing Goemba)ལ་ཕྱགས་ཕེབས། དགོན་པ་འདི་ནི་༡༥༠༡ ལོར་གཏེར་སྟོན་པདྨ་གླིང་པས་ཕྱག་བཏབ་ཅིང་། གཏེར་སྟོན་ཁོང་ནི་སློབ་དཔོན་སངས་རྒྱས་གཉིས་པའི་ལུང་གིས་ཟིན་པའི་གཏེར་སྟོན་གྱི་རྒྱལ་པོ་ལྔ་ལས་གཅིག་ཡིན་པ་དང་། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་སྐུ་སྐྱེ་དེ་མ་ཐག་པ་ཡིན་ཞིང་། ཀུན་མཁྱེན་ཆེན་པོའི་མཚན་བརྒྱད་ཀྱི་མཚན་བཀྲ་ཅན་གྱི་གསོལ་འདེབས་ཤིག་ཀྱང་མཛད་མྱོང་བ་དེ། བོད་ལ་འཕྲིན་ལས་ཀྱི་ཁྱབ་རྒྱ་ཤིན་ཏུ་ཆེ། ཁོང་གིས་གཏམ་ཞིང་དགོན་པ་འདི་ཕྱག་འདེབས་མཛད་སྐབས། གནས་ཡུལ་གྱི་མཁའ་འགྲོ་མ་དཔག་ཏུ་མེད་པ་ཕེབས་ནས་ཕྱག་རོགས་བྱས་པར་བརྟེན། གཙུག་ལག་ཁང་གི་རྟེན་གཙོ་སློབ་དཔོན་སངས་རྒྱས་གཉིས་པས་མཁའ་འགྲོ་མ་རྣམས་ལ་སྤྱན་གྱིས་སྐྱེལ་མ་བྱེད་པའི་བརྡར། སྤྱན་ནམ་མཁར་གཟིགས་ཤིང་ཞལ་ནས་འཛུམ་ཕྱུང་བ་ཅན་དེ་བཞེངས་པར་གྲགས།

གཙུག་ལག་ཁང་གི་ནང་ཁྱམས་སུ་གཏེར་སྟོན་པདྨ་གླིང་པ་སྐུ་དངོས་ཀྱིས་ཕྱག་བཟོ་མཛད་པར་གྲགས་པའི་སྡིག་པ་བཤགས་པའི་གོས་ཞེས་པ་ཞིག་བཤམས་འདུག གོས་དེ་ལྕགས་ཀྱིས་བཟོས་ཤིང་རྒྱ་མ་ལྔ་བཅུ་ལྷག་ཡོད་པར་བཤད་ལ། ལྕགས་ཀྱི་གོས་དེ་གོན་ནས་གཙུག་ལག་ཁང་ལ་བསྐོར་བ་ལན་གསུམ་བྱས་ན། སྐྱེ་བ་གསུམ་གྱི་སྡིག་སྒྲིབ་མ་ལུས་པ་འདག་འགྲོ་བར་གསུངས་པས། ཆོས་ཀྱི་རྗེ་ཉིད་ཀྱིས་གོས་དེ་སྐུ་ལ་མནབས་ནས་སྐུ་ཕྱག་གསུམ་འཚལ་རྗེས། གཙུག་ལག་ཁང་ལ་ཞབས་ཐང་དུ་བསྐོར་བ་གསུམ་ལ་ཕེབས།

ངས་ཀྱང་བཤགས་པ་བྱེད་ཞོར་ལྕགས་ཀྱི་གོས་ལྗིད་ཏིག་གེ་བ་དེ་ལན་གཅིག་གོན་པ་ཡིན། ཡིན་ན་ཡང་དུས་ཚོད་མང་པོ་མེད་པ་དང་། ཆོས་རྗེ་བླ་མ་ཉིད་ཀྱང་མྱུར་དུ་འབྱོན་འགྲོ་བས། ངས་མཚོན་བྱེད་ཙམ་ཞིག་གོན་པ་ལས་བསྐོར་བ་བྱེད་པའི་ལོང་མ་བྱུང་།

ཆོས་ཀྱི་རྗེ་ཉིད་ཕྱི་ལོགས་ལ་ཕེབས་དུས། ས་ཆ་གང་ཞིག་ཏུ་བྱོན་ཡང་མི་མང་པོ་ངང་གིས་འདུ་འཛོམས་འོང་འདུག་པར་བརྟེན། རྗེ་ཉིད་ཀྱི་སྐུའི་བདེ་འཇགས་ཀྱི་ཆེད་དུ་ངའི་མིག་ཟུང་གིས་རྗེ་ཉིད་ལ་རྒྱུན་དུ་བལྟ་བ་ལས་གཡེང་བའི་ལོང་མི་འབྱུང་། ཁོང་གི་སྤྱོད་ལམ་ཀུན་ལ་དོ་སྣང་གང་གཟབ་བྱེད་དགོས་པའི་རྐྱེན་གྱིས། གནས་ཆེན་ཁག་ལ་ཐོན་དུས་ངས་མཇལ་སྐོར་ཁྱུག་ཙམ་ལས་མི་འོང་ཞིང་། སྨོན་ལམ་དང་ཕྱག་བསྐོར་བྱེད་པའི་དུས་ཚོད་ཀྱང་མང་པོ་མི་ཡོང་།

ཆོས་ཀྱི་རྗེ་ཉིད་གནས་ཆེན་གཅིག་ལ་ཕེབས་རྗེས། ངས་འཕྲལ་དུ་ཕེབས་ཚུགས་རྗེས་མའི་བྱ་བ་རྣམས་ལ་བསམ་བློ་གཏོང་དགོས། དཔེར་ན་རླངས་འཁོར་འོང་ཐུབ་མིན་དང་། མི་མང་པོ་འདུ་འཛོམས་བྱུང་ན་ལམ་གང་ཞིག་ནས་བྱོན་ན་སྟབས་བདེ་བ། ཕེབས་ཚུགས་རྗེས་མ་དེའི་ལམ་ཁ་བདེ་མོ་ཡོད་མེད། རྗེ་ཉིད་ཀྱིས་གསོལ་བ་གང་ནས་བཞེས་ཤིང་། བཞུགས་ས་གང་དུ་བྱེད་དགོས་པ་སོགས་དོན་མང་པོ་ལ་ཞིབ་འདང་རྒྱག་དགོས། མཚམས་ལ་ལར་རྗེ་ཉིད་ཀྱིས་ཕྱག་བསྐོར་སྨོན་ལམ་མཛད་བཞིན་པའི་ཚེ། ང་ཕྱི་ལོགས་ལ་སོང་ནས་ལྟ་རྟོག་རེ་ཡང་བྱེད་ཀྱི་ཡོད།

རྗེ་ཉིད་ཀྱིས་གནས་ཤིག་ལ་མཇལ་གཟིགས་གནང་མ་ཐག་འཕྲལ་དུ་རྡོག་ཐོན་མཛད་ནས་ཕེབས་ཚུགས་རྗེས་མ་ལ་བཏད་ནས་མྱུར་བོའི་ངང་ཕེབས་འགྲོ་སྲོལ་ཡོད། རྗེ་ཉིད་ཀྱི་སྐུ་འཁྲིས་སུ་འདུག་པའི་ཞབས་ཕྱི་བ་ཞིག་ཡིན་པའི་ངོས་ནས། ང་སྣང་མེད་དུ་ཡུད་ཙམ་ལ་ཡང་སྡོད་མི་ཕོད་ཅིང་། དུས་དང་རྣམ་པ་ཀུན་ཏུ་རིག་པ་གསང་སེང་ངེ་བ་ཞིག་མ་བྱས་པར། ཅུང་ཟད་ཡེངས་ཤོར་ཚེ་རྗེ་ཉིད་མི་ཚོགས་མང་པོའི་ནང་ནས་གར་བྱོན་མི་ཤེས་པར་རྗེས་བསྙེགས་དཀའ་བའང་འབྱུང་ཉེན་ཡོད་པ་རེད།

ཆོས་ཀྱི་རྗེའི་མཛད་རིམ་ཁག་ལ་འབྲུག་རྒྱལ་ཁབ་ཀྱི་ཕྱོགས་ནས་ཀྱང་ལྟ་རྟོག་བྱེད་བཞིན་ཡོད་ཀྱང་། ཁོ་ཚོའི་གཤིས་ཀ་རྒྱ་ཡན་ལ་དགའ་ཞིང་བྱ་བ་ཐམས་ཅད་བག་བརྐྱངས་ནས་སྒྲུབ་པར་བྱེད་པ་ལས། མཛད་རིམ་གྱི་དུས་ཚོད་རེའུ་མིག་སོགས་གང་ཡང་སྔོན་དུ་གྲ་སྒྲིག་མི་བྱེད་སྟབས། གོམས་གཤིས་མང་པོའི་ཐོག་ནས་ངེད་ཅག་ལ་ཁྱད་པར་ཆེན་པོ་ཡོད་པའི་རྐྱེན་གྱིས། རྗེ་ཉིད་འབྱོན་བཞུགས་ཀྱི་མཛད་པ་སོགས་ཕྱོགས་ཐམས་ཅད་ལ་ང་རང་ཉིད་ཀྱིས་སྔ་ས་ནས་བསམ་བློ་ཡག་པོ་གཏོང་དགོས་པ་རེད། འདི་ལྟར་ལོ་མང་པོའི་རིང་སྦྱོང་བརྡར་ཡག་པོ་ཐེབས་ནས་འོང་བར་བརྟེན། ང་ད་ལྟ་ཕྱི་ལོགས་ལ་ཆོས་རེ་འཆད་སྤེལ་བྱེད་དུ་འགྲོ་སྐབས། ཉེ་འཁོར་གྱི་བྱ་བ་དག་ལ་མི་གཞན་ལས་ཚོར་བ་རྣོ་ཞིང་སྐྱེན་པོ་ཡོད། དཔེར་ན་ས་ཚུགས་རྗེས་མའི་གནས་ཚུལ་དང་མཉམ་དུ་འོང་བའི་མི་སུ་ཞིག་གིས་ཟ་མ་ཟོས་ཡོད་མེད་སོགས། རང་གི་དོན་དང་གཞན་གྱི་དོན་ཚང་མ་ལ་སྔོན་ནས་བསམ་བློ་གཏོང་ཞིང་། བཀོད་སྒྲིག་གང་ལེགས་བྱེད་ཐུབ་པ་ལས། ས་ཆ་དེར་ཐོན་མ་ཐག་གཟོད་བྲེལ་འཚུབ་ཀྱིས་གྲ་སྒྲིག་བྱེད་པ་དེ་འདྲ་ནམ་ཡང་བྱེད་ཀི་མེད།

ཉིན་དེར། ཆོས་ཀྱི་རྗེ་ཉིད་ཀྱིས་དགོན་པ་དེ་གཉིས་ལ་མཇལ་གཟིགས་གནང་ཚར་རྗེས་ས་སྲོས་སུ་ཐུག་ཅིང་། དེ་ནས་མུན་རུབ་རན་ཁར་འདུག་པས་ས་ཐག་རིང་ལ་འགྲོ་མི་ཐུབ་པར་བརྟེན། ས་ཆ་དེའི་ཉེ་ས་རུ་མཚོ་བྱིན་རླབས་ཅན་མེ་འབར་མཚོ་(Membartsho)བྱ་བ་ཡོད་པ་དེ་རུ་མཇལ་གཟིགས་ལ་ཕེབས།

མེ་འབར་མཚོ་ནི་གཏེར་སྟོན་པདྨ་གླིང་པས་ཨོ་རྒྱན་སངས་རྒྱས་གཉིས་པའི་གཏེར་ཆོས་མང་པོ་གཏེར་ནས་སྤྱན་འདྲེན་སའི་གཏེར་གནས་ཤིག་རེད། གཏེར་སྟོན་པདྨ་གླིང་པས་གཏེར་ནས་སྤྱན་དྲངས་པའི་གཏེར་ཆོས་རྣམས་ལ་བོད་ཡུལ་དུ་སྐད་གྲགས་ཤིན་ཏུ་ཆེ་ཡང་། ཁོང་སྐུ་བཞུགས་པའི་དུས་སུ་ནི་མི་ཤིན་ཏུ་མང་པོས་ཁོང་གི་ནུས་མཐུ་དང་གཏེར་ཆོས་རྣམས་ལ་དོགས་པ་ཟོས་ནས་ཡིད་མ་ཆེས་པ་ལ། ཐེངས་ཤིག་གཏེར་སྟོན་པདྨ་གླིང་པ་གཏེར་འདོན་པའི་དུས་ལ་བབས་ཏེ་མེ་འབར་མཚོ་བྱ་བའི་མཚོ་འདིའི་འགྲམ་དུ་ཕྱག་ལ་སྒྲོན་མེ་ཁྱེར་ནས་ཕེབས་ཤིང་། ང་བདུད་སྤྲུལ་ཞིག་ཡིན་ན། ཆུ་འདི་ལ་འཆི་བར་གྱུར་ཅིག གུ་རུའི་ཐུགས་སྲས་ཤིག་ཡིན་ན། ཞུན་མར་འདི་མི་འཆི་བ་དང་དགོས་པའི་ནོར་ལོན་ནས་ལོག་པར་ཤོག་ཅིག་གསུངས་ནས་དམོད་བོར་བ་དང་མཉམ་དུ་ཚམ་ཚོམ་མེད་པར་མཚོ་ལ་མཆོངས། ཡུན་རིང་མ་འགོར་བར་ཕྱག་ཏུ་གཏེར་རྫས་གུ་རུའི་སྐུ་ཞིག་དང་སྒྲོམ་བུ་གཉིས་བསྣམས་བཞིན། ཞུན་མར་གྱི་སྒྲོན་མེ་ལ་སྐྱོན་ཅི་ཡང་མ་བྱུང་བར་མེ་ལྕེ་ལྷབ་ལྷེབ་ཏུ་མཆེད་ཀྱིན་པའི་ངང་མཚོ་ནང་ནས་ཕྱིར་ཕེབས་ཤིང་། དུས་དེ་ནས་བཟུང་མཚོ་དེ་འབྲུག་ཡུལ་གྱི་ཆེས་མཆོག་ཏུ་གྱུར་པའི་གནས་ཆེན་རྣམས་ཀྱི་ནང་ནས་གཅིག་ཡིན་པར་བརྩིས་ཏེ་དར་རྒྱས་སུ་ཕྱིན་པ་རེད་འདུག

༡༩༩༠ ལོའི་ཟླ་༩ ཚེས་༢༠ །

སྔ་དྲོར། ཆོས་ཀྱི་རྗེ་ཉིད་བྱམས་པ་ལྷ་ཁང་(Jambay Lhakhang)ལ་ཞབས་སོར་བཀོད། ལྷ་ཁང་འདི་སྤྱི་ལོ་༦༥༩ ལོར་བཞེངས་ཤིང་ཆོས་རྒྱལ་སྲོང་བཙན་སྒམ་པོས་ལྷ་ཁང་བརྒྱ་རྩ་བརྒྱད་བཞེངས་པ་ལས་གཅིག་ཡིན་པར་གྲགས། ཨོ་རྒྱན་སངས་རྒྱས་གཉིས་པ་དགོན་པ་འདིར་བསྙེན་སྒྲུབ་ལ་གཞོལ་མྱོང་བ་དང་། རྒྱལ་པོ་ཞིག་ལ་བསྐུལ་མ་མཛད་པ་བཞིན་དགོན་པ་ཉམས་གསོ་བྱས། ལྷ་ཁང་གི་གཞི་རྒྱ་ཤིན་ཏུ་ཆུང་ལ། ལྡེབས་རིས་ཐམས་ཅད་མག་མོག་ཏུ་གྱུར་ཅིང་། སྒོ་གླེགས་ལ་བསྐོན་པའི་ལྕགས་ཤུབས་བརྡར་ནས་ཟད་ལ་ཉེ་བར་གྱུར་འདུག་པ་དང་། གཙོ་ཁང་གི་ཤིང་གདན་ཡང་རྙིང་ནས་འདུག་པས། གང་ས་གང་ལ་ལོ་ཟླའི་རྗེས་ཤུལ་མང་པོ་དོད་ནས་གདའ། སྔོན་དུས་གྲུབ་བརྙེས་ཀྱི་སྐྱེས་བུ་མང་པོ་བྱམས་པ་ལྷ་ཁང་དུ་ཕེབས་ནས་བཞུགས་མྱོང་བས། ལྷ་ཁང་འདིའི་འདུ་ཁང་དང་སྐུ་རྟེན། ཐ་ན་འདིའི་ནང་དུ་ཡོད་པའི་ཤིན་ཏུ་ཕྲ་བའི་རྡུལ་ཕྲན་ཚུན་ཆད་ལ་བྱིན་རླབས་བསམ་གྱིས་མི་ཁྱབ་པ་ཡོད་པ་རེད་བསམས།

གཙོ་ཁང་ནང་ལ་རྟེན་གྱི་གཙོ་བོར་རྒྱལ་ཚབ་བྱམས་པ་མགོན་པོའི་སྐུ་ཤིན་ཏུ་ཆེ་བ་ཞིག་དང་། གཡས་གཡོན་ལ་བྱང་ཆུབ་སེམས་དཔའ་དང་མཁའ་འགྲོ་ཆོས་སྐྱོང་གཞན་གྱི་སྐུ་ཆེན་མོ་ཁོ་ན་བཞེངས་འདུག ཆོས་ཀྱི་རྗེ་ཉིད་ཀྱིས་རྟེན་གཙོ་བྱམས་པའི་སྐུ་དེ་ལ་སྙན་དར་ཕུལ་ཚེ། དར་ཁ་ཐག་གིས་བཞེས་ནས་ཕར་འཕུར་སོང་བ་ལྟར་བྱམས་སྐུའི་ཕྱག་ཏུ་ཁྲིག་གེར་བབས། དེ་རྗེས་རྗེ་ཉིད་ཀྱིས་ངེད་ཅག་གི་དབུ་དྲངས་ཏེ་སྐུ་མདུན་དུ་པུས་མོ་བཙུགས་ནས་ཐུགས་བསྐྱེད་སྨོན་ལམ་ཟབ་རྒྱས་མཛད།

ང་ལ་ཆོས་རྗེ་བླ་མ་དང་མཉམ་དུ་གསོལ་འདེབས་སྨོན་ལམ་གང་ཤེས་བྱེད་ཆོག་པའི་སྐལ་བ་ལྡན་པས། དགའ་བའི་སྣང་བ་བསམ་གྱིས་མི་ཁྱབ་པ་སྐྱེས་པ་དང་། དེ་དུས་ཞབས་ཕྱི་བ་ཞིག་ཡིན་པའི་རྐྱེན་གྱིས། རྗེ་ཉིད་ཀྱི་གཡས་གཡོན་མདུན་རྒྱབ་ཀུན་ལ་བརྒྱུགས་ནས་བྱ་བ་མང་པོ་སྒྲུབ་དགོས་ཤིང་། དེ་ལ་དཀའ་ངལ་ཅི་ཙམ་ཡོད་པ་རང་ཉིད་གཅིག་པུ་ལས་གཞན་གྱིས་ཤེས་པ་ཤིན་ཏུ་དཀའ། འོན་ཀྱང་དཀའ་ངལ་མང་པོ་ཅི་ཙམ་རྒྱག་དགོས་ཐུག་རུང་། སེམས་ལ་ནི་དགའ་བའི་སྣང་བ་བརྗོད་དུ་མེད་པ་ལས་གཞན་མི་སྐྱེ་བར་འདུག་པ་དང་། ཡིད་ཕངས་པ་ཞིག་ལ་ཐེངས་དེའི་མཇལ་བསྐོར་ཡུན་ཤིན་ཏུ་ཐུང་བས། གལ་སྲིད་མ་འོངས་པར་སླར་ཡང་མཇལ་བསྐོར་ལ་འགྲོ་བའི་གོ་སྐབས་རེ་བྱུང་ན། གནས་དེ་དག་ལ་འགྲོ་བའི་འདུན་པ་ཤུགས་ཆེན་མོ་ཡོད་པར་མ་ཟད། ཕྱག་བསྐོར་སྨོན་ལམ་བྱེད་པའི་དུས་ཚོད་ཀྱང་སྔར་ལས་མང་བ་འོང་བའི་རེ་བ་ཤིན་ཏུ་ཆེན་པོ་ཡོད།

ཉིན་གུང་། ཆོས་ཀྱི་རྗེ་ཉིད་བུམ་ཐང་ལས་ཞལ་གྱེས་ཏེ་དབང་སྡེ་ཕོ་བྲང་གླིང་རྫོང་ལ་ཡོད་པའི་སྒང་སྟེང་གསང་སྔགས་ཆོས་གླིང་(Gangtey Monastery)ལ་ཞབས་སོར་བཀོད། ལམ་བར་དུ་འབྲུག་པ་སྐྱ་སེར་མང་པོས་ལམ་ཟུར་ནས་གྲ་སྒྲིག་བྱས་ཏེ་བསྒུགས་འདུག་པ་དང་། རྗེ་ཉིད་ལ་གདུགས་ཚོད་ཀྱི་གསོལ་བ་དྲངས་ཤིང་ཐུགས་མཉེས་པོའི་ངང་ཚང་མ་ལ་མཇལ་ཁ་ཆོས་འབྲེལ་གནང།

ཆོས་ཀྱི་རྗེ་ཉིད་སྐུ་མལ་བསྟེན་ནས་བཞུགས་སྐབས། གནོད་སྦྱིན་ཙིའུ་དམར་གྱི་སྐུ་རྟེན་གྲྭ་པ་དེ་ཡང་ཕེབས་འདུག་པར་མ་ཟད། ཁོང་གིས་དཀྱུས་མའི་ཚུལ་གྱིས་རྗེ་ཉིད་ལ། རྟེན་འབྲེལ་ཉེས་སེལ་གྱི་བཀའ་དབང་ཟབ་མོ་གནང་བར་གསོལ་བ་བཏབ་པ་བཞིན། རྗེ་ཉིད་ཀྱིས་མོས་མཐུན་གནང་རྗེས་ཁོང་ལ་ཐོག་བབས་ཀྱི་ཚུལ་དུ་ལྷ་ཕེབས་པ་དང་། དབང་བསྐུར་བའི་དུས་སུ་ང་གནོད་སྦྱིན་ཙིའུ་དམར་དང་མཉམ་དུ་ཡོད་པས་སྐུའི་ཟིལ་ཤུགས་ཤིན་ཏུ་ཆེ་བའི་ཚོར་བ་སྐྱེས་ཤིང་། ཁོང་གིས་ཤིན་ཏུ་ནན་ཏན་དང་ལྡན་པའི་སྒོ་ནས་དབང་གསན་འདུག་པར་མ་ཟད། རྗེ་བླ་མས་གསུངས་པའི་དབང་ཚིག་རྣམས་ལ་བསྐྱར་ཟློས་ཞུས། འོན་ཀྱང་མི་གཞན་དང་མི་འདྲ་བར། ཁོང་གི་སྤྱན་ཁྲ་རིལ་རིལ་འགུལ་གྱིན་འདུག་པ་ལས་དབང་གི་མགོ་རྔ་མ་རྫོགས་བར་དུ་སྤྱན་མ་ཟུམ། དེའི་སྐབས་སུ་གནོད་སྦྱིན་ཙིའུ་དམར་པོས་ང་ལ། དེ་རིང་འུ་གཉིས་ཀྱིས་དབང་མཉམ་དུ་ཞུས་པའི་རྐྱེན་གྱིས་མཛའ་གཅུགས་ཀྱི་འབྲེལ་བ་ཤིན་ཏུ་ཟབ་པའི་རྡོ་རྗེའི་མཆེད་གྲོགས་སུ་གྱུར་པ་རེད། མ་འོངས་པར་ཁྱེད་ཀྱིས་བསྟན་འགྲོའི་དོན་སྒྲུབ་པའི་དུས་སུ་ངའི་ཁ་འཛིན་སྡོང་གྲོགས་ངེས་པར་དུ་ཡོད་སོགས་ཡིད་བརྡའི་ཚུལ་དུ་གསུངས་པའི་སྣང་བ་ཤར།

དབང་བསྐུར་ཚར་རྗེས། གནོད་སྦྱིན་ཙིའུ་དམར་ཐུགས་ཤིན་ཏུ་དགྱེས་ནས་རྗེ་ཉིད་ཀྱི་མ་འོངས་པའི་མཛད་པའི་སྐོར་ལ་ལུང་བསྟན་ཁ་ཤས་མཛད། དེ་ཡང་འདི་སྐད་དེ།

དང་པོ། རྗེ་ཉིད་ཀྱི་མཛད་རིམ་མཐའ་དག་ཡོངས་སུ་གྲུབ་ཚར་རྗེས། བོད་ལ་ཕྱིར་ཕེབས་ན་བཟང་མིན་ཞུས་པ་ལ། རྗེ་ཉིད་ཀྱི་གདུལ་བྱའི་གཙོ་བོ་བོད་ལ་ཡོད་པས་རྒྱ་གར་ལ་ཡུན་རིང་བོར་བཞུགས་ན་ཕྲག་དོག་གིས་རྒྱུད་ཡོངས་སུ་བརླམས་པའི་མི་འགའ་ཡིས་བར་ཆད་རྩོམ་འོང་བས་མི་འགྲིག་གསུངས།

གཉིས་པ། མ་གཞི་ངེད་ཚོར་དྷི་ལི་གསར་པའི་སྨིན་གྲོལ་གླིང་ལ་འགྲོ་བའི་འཆར་གཞི་ཡོད་པས་སོང་ན་འགྲིག་མིན་ཞུས་པ་ལ། དེར་ཅིས་ཀྱང་ཕེབས་མི་རུང་། ཕེབས་ན་བྱ་བ་ངན་པ་འབྱུང་ཡོང་བར་འདུག་ཅེས་ཡང་ཡང་གསུངས།

གསུམ་པ། ཉི་མ་གཉིས་གསུམ་ཙམ་གྱི་རྗེས་སུ་ངེད་ཅག་རྒྱ་གར་ལ་ཕྱིར་ལོག་རྗེས། རྣམ་གྲོལ་གླིང་ལ་ཡང་བསྐྱར་འགྲོ་རྒྱུ་ཡིན་ཞུས་པ་ལ། དེ་ལ་བར་ཆད་ཅི་ཡང་མི་འོང་། གྲུབ་དབང་པདྨ་ནོར་བུ་དང་ཆོས་རྗེ་ཡིད་བཞིན་ནོར་བུ་གཉིས་ལ་ཐུགས་སྨོན་རླབས་པོ་ཆེ་མཉམ་དུ་བསྒྲུབ་རྒྱུ་མང་པོ་ཡོད་གསུངས།

བཞི་པ། ངེད་ཅག་བོད་ལ་ཕྱིར་ལོག་སྐབས། ཧོང་ཀོང་བརྒྱུད་ནས་འགྲོ་བའི་འཆར་གཞི་ཡོད་ཞུས་པ་ལ། དེ་ལ་སྐྱོན་ཡོད་མི་འོང་། དགོས་པ་རེ་བྱུང་ཚེ་ཁོ་བོ་ལ་བོས་ཤོག་དང་འཕྲལ་དུ་ཁ་འཛིན་སྡོང་གྲོགས་ལ་ཡོང་གསུངས།

མ་གཞི་རྗེ་ཉིད་ཞབས་པད་ཡུན་རིང་དུ་བརྟན་པ་ལ་རིམ་གྲོ་ཅི་དགོས་དང་། ང་སྨིན་གྲོལ་གླིང་ལ་སོང་ན་བཟང་ངན་ཅི་ཡོང་སོགས་དྲི་བ་འགའ་ཞིག་ད་དུང་འདྲི་རྒྱུར་ལྷག་ཡོད་ཀྱང་། གནོད་སྦྱིན་ཙིའུ་དམར་ལ་ཁོམ་པའི་ལོང་མེད་པ་འདྲ་བས། ལུང་བསྟན་དེ་གསུངས་མ་ཐག་ད་ང་འགྲོ་རྒྱུ་ཡིན་ཞེས་གསུངས་ནས་སྐུ་རྟེན་གྲྭ་པ་དེ་ཐང་ལ་བརྒྱལ་སོང་།

ཅུང་ཟད་འགོར་རྗེས། སྐུ་རྟེན་གྲྭ་པ་དེ་བརྒྱལ་ལས་སངས་ཤིང་། ཐེངས་འདིར་ལྷ་ཐོག་བབས་བྱུང་བ་ལ་ཟུག་གཟེར་སྔར་ལས་ཆུང་བར་སོང་འདུག་ཅེས་སྨྲས་ཏེ། རྗེ་ཉིད་ཀྱི་བྱིན་རླབས་ལ་བཀའ་དྲིན་ཆེན་པོ་ཞུས།

སྐུ་རྟེན་གྲྭ་པ་དེ་ད་ལྟ་སྐུ་འཚོ་བཞུགས་ཡོད་མེད་མ་ཤེས་ཀྱང་། ཕྱིས་འབྲུག་རྒྱལ་ཁབ་བྱ་བ་འགངས་ཆེན་རེ་ལ་ཐུག་དུས་ཁོང་ལ་ལྷ་ཕབ་ནས་གང་དྲགས་འདྲི་བའི་སྐད་ཅ་བཤད་རྒྱུ་འདུག

ང་རང་སྔར་ཞིག་ནས་གནོད་སྦྱིན་ཙིའུ་དམར་ལ་དད་འདུན་ཆེན་པོ་ཡོད་པར་མ་ཟད། དུས་དེ་ག་ཙམ་ནས་ཁོང་ལ་མཆོད་བསྟོད་གསོལ་འདེབས་བྱེད་པའི་རྒྱུན་གཏན་ནས་ཆད་མ་མྱོང་། ང་རང་སྒེར་གྱི་ཉམས་ལེན་དང་ས་ཆ་གཞན་ལ་ཆོས་འཆད་སྤེལ་བྱེད་དུ་འགྲོ་བ་དང་། ཕྱིའི་རྒྱལ་ཁབ་ཁག་ལ་འགྲོ་བ་ལ་སོགས་པ་ཁོངས་སུ་གཏོགས་པའི་བྱ་བ་ཐམས་ཅད་ཀྱི་འགག་ལ་ཐུག་དུས་རྟགས་མི་སྟོན་པ་མེད་ཅིང་། ཧ་ཅང་མཐོང་དཀོན་པའི་མཚན་མ་གཞན་ཡང་རྟག་ཏུ་འབྱུང་གིན་འདུག་ཀྱང་། འདི་དག་ནི་གསང་དགོས་རྒྱུ་ཞིག་ཡིན་པ་ལས་གཞན་ལ་བཤད་པའི་དགོས་པ་ཆེར་མེད་དོ། །

དེ་ནུབ། ངེད་ཅག་སྒང་སྟེང་གསང་སྔགས་ཆོས་གླིང་ལ་བསྡད་ཅིང་། དེ་ནི་གཏེར་སྟོན་པདྨ་གླིང་པའི་སློབ་བརྒྱུད་རྣམས་ཀྱིས་ཕྱག་བཏབ་པའི་དགོན་པ་ཞིག་རེད།

རྒྱང་གི་དགོན་པ་དེ་སྒང་སྟེང་གསང་སྔགས་ཆོས་གླིང་རེད།

༡༩༩༠ ལོའི་ཟླ་༩ ཚེས་༢༡ །

ཐོ་རེངས་ཀྱི་དུས་སུ། ཆོས་ཀྱི་རྗེ་ཉིད་ཀྱི་རིག་ཀློང་ནས་གནོད་སྦྱིན་ཙིའུ་དམར་པོའི་གསོལ་མཆོད་ཀྱི་ཆོ་ག་ཞིག་ཐོལ་བྱུང་གི་ཚུལ་དུ་ཤར། དེ་ཡང་འདི་སྐད་དུ།

༄༅། །གནོད་སྦྱིན་ཙིའུ་དམར་པོའི་གསོལ་མཆོད་དབང་དྲག་

འཁྱུག་པའི་གློག་ཞགས་ཞེས་བྱ་བ།

༄༅། །འདིར་གཏོར་མ་ཤ་ཁྲག་སོགས་བཤམས་ལ། ནྲི་ཏྲི་བཛྲ་ཨཾ་ཀུ་ཤ་ཛ་ཞེས་པས་དགྲ་བགེགས་བཀུག སརྦ་ཤ་ཏྲཱུཾ་མཱ་ར་ཡ་ཕཊ་ཅེས་པས་བསྒྲལ། རཾ་ཡཾ་ཁཾ། ཨོཾ་ཨཱཿ ཧཱུྃ་གིས་བྱིན་གྱིས་བརླབས།

ཏྲིཿ ནུབ་ཕྱོགས་བཙན་ཡུལ་དམར་པོ་ནས། །

བཙན་རྒོད་སྲོག་གི་བདག་པོ་འབོད། །

འཁོར་དང་བཅས་པ་ཐམས་ཅད་ཀུན། །

འདིར་བྱོན་བཤམས་པའི་གདན་ལ་བཞུགས། །

ཤུ་ལ་ཏྲི་བཛྲ་ས་མ་ཡ་ཛ། ས་མ་ཡ་ཏིཥྛ་ལྷན།

བྷྱོཿ ངོ་བོ་ཟག་མེད་ཡེ་ཤེས་ལ། །

རྣམ་པ་དགྲ་བགེགས་བསྒྲལ་བ་ཡི། །

ཤ་ཁྲག་རུས་པའི་ཚོགས་རྣམས་ཀུན། །

རི་ལྟར་དཔངས་མཐོ་མཚོ་ལྟར་བསྐྱིལ། །

གཞན་ཡང་ལྷ་བཤོས་སྣ་ཚོགས་དང་། །

སྤྱན་གཟིགས་མཆོད་པའི་བྱེ་བྲག་གིས། །

གནོད་སྦྱིན་ཙི་དམར་ཐུགས་དམ་བསྐང་། །

རུ་འདྲེན་སྡེ་བཞིའི་ཐུགས་དམ་བསྐང་། །

ལྷ་སྲིན་སྡེ་བརྒྱད་ཐུགས་དམ་བསྐང་། །

དམ་ཚིག་ཉམས་ཆག་འགལ་འཁྲུལ་བཤགས། །

བདག་ཅག་དཔོན་སློབ་འཁོར་བཅས་ལ། །

མ་ཡིས་བུ་ལྟར་བརྩེ་དགོངས་ནས། །

ཞི་རྒྱས་དབང་དང་དྲག་པོ་ཡི། །

གང་བཅོལ་ཕྲིན་ལས་མཐའ་དག་ཀུན། །

མ་ཐོགས་མྱུར་དུ་བསྒྲུབ་པར་མཛོད། །

ཅེས་ལྷོ་ཕྱོགས་མོན་ཁའི་བྲག་གི་ཉེ་ཞོལ་བུམ་ཐང་དཔལ་གྱི་འབྱུང་གནས་སུ་གནོད་སྦྱིན་དགྲ་ལྷའི་རྒྱལ་པོ་དང་། དད་ལྡན་གྱི་བུ་སློབ་འགའ་ཞིག་ལ་རྟེན་འབྲེལ་ཉེས་སེལ་གྱི་དབང་བསྐུར་ཟབ་མོ་བྱེད་སྐབས་ཅི་བཅོལ་ཕྲིས་ལས་བསྒྲུབ་པར་ཁས་བླངས་བའི་ཕྱིར་ཉིན་པད་གླིང་གདན་ས་དཔལ་སྒང་སྟེང་གསང་སྔགས་ཆོས་གླིང་དུ། སླར་ཡང་ཉམས་སྣང་ཕྲ་མོས་བསྐུལ་བ་ལ་བརྟེན་ནས་ངག་དབང་བློ་གྲོས་མཚུངས་མེད་ཀྱིས་སྨྲས་རིམ་བཞིན་མཁན་པོ་རྣམ་གྲོལ་གྱིས་ཡི་གེའི་གཟུགས་སུ་བགྱིས་པ་མངྒ་ལཾ། རབ་བྱུང་བཅུ་བདུན་པའི་བོད་ལྕགས་རྟ་ལོའི་ཟླ་བ་༨ ཚེས་༣ ལའོ། །

ཞེས་གསུངས།

དེ་རྗེས་ཆོས་ཀྱི་རྗེ་ཉིད་ཀྱིས་སྒང་སྟེང་གསང་སྔགས་ཆོས་གླིང་གི་འདུས་པ་བྱིངས་ལ་བཀའ་དབང་གནང་ཞིང་། བསླབ་བྱ་མདོར་བསྡུས་གསུངས་པ་དང་ཆབས་གཅིག གཙུག་ལག་ཁང་རྟེན་དང་བཅས་པ་ལ་རབ་ཏུ་གནས་པ་མཛད།

དེ་ལྟར་བུམ་ཐང་ནས་མཇལ་བསྐོར་མཛད་རྒྱུའི་རིགས་མཐའ་དག་མཇུག་ཕུན་སུམ་ཚོགས་པའི་ངང་གྲུབ་སྟེ། ཉི་མ་དེ་རུ་ཆོས་ཀྱི་རྗེ་ཉིད་རླངས་འཁོར་དུ་བཞུགས་ནས་ཐིམ་ཕུ་ལ་ཞབས་སོར་བཀོད་ནས་ཀུན་དགའ་ཆོས་གླིང་དུ་ཞལ་བཞུགས་མཛད།

༡༩༩༠ ལོའི་ཟླ་༩ ཚེས་༢༢ ནས་ཟླ་༩ ཚེས་༢༣ །

ཆོས་ཀྱི་རྗེ་ཉིད་འབྲུག་རྒྱལ་ཁབ་དྲན་རྟེན་མཆོད་རྟེན་(NationalMemorial Chhorten)ལ་མཇལ་གཟིགས་ལ་ཕེབས་པ་དང་། མཆོད་རྟེན་གྱི་དྲུང་ནས་ངེད་ཅག་གི་དབུ་དྲངས་ཏེ། ཐུགས་བསྐྱེད་སྨོན་ལམ་ཟབ་རྒྱས་གནང། འབྲུག་རྒྱལ་ཁབ་ཀྱི་ཕོ་བྲང་ནས་ཆོས་ཀྱི་རྗེ་ཉིད་ལ་བསྐུལ་མ་ཞུས་པ་ལྟར་མཆོད་རྟེན་ལ་རབ་གནས་བསྡུས་པ་ཞིག་ཀྱང་མཛད།

རྒྱལ་ཁབ་དྲན་རྟེན་མཆོད་རྟེན་འདི་ནི་འཕྲིན་ལས་ནོར་བུ་རིན་པོ་ཆེའི་༼ བདུད་འཇོམས་སྐུ་ཕྲེང་གཉིས་པའི་སྲས་ཆེ་བ། ༽བཀའ་བཀོད་འོག་འབྲུག་རྒྱལ་རབས་གསུམ་པའི་རྒྱལ་པོས་བཞེངས་པར་གྲགས། རྒྱལ་པོ་དེ་༡༩༧༢ ལོར་སྐུ་གྲོངས་པ་དང་། མཆོད་རྟེན་འདི་༡༩༧༤ ལོར་བཞེངས་གྲུབ་པས། མཆོད་རྟེན་འདི་རྒྱལ་པོ་སྐུ་གཤེགས་པ་དེ་ལ་དྲན་རྟེན་ཞུ་བ་དང་། འཛམ་གླིང་ཞི་ཞིང་བདེ་ལ་ཕུན་ཚོགས་དཔལ་གྱིས་ཕྱུག་པ་ལ་དྲན་རྟེན་ཞུ་བའི་དོན་སྙིང་གཉིས་དང་ལྡན་པར་བཤད། མཆོད་རྟེན་ནང་ལ་རིན་ཐང་གཞལ་དུ་མེད་པའི་རྟེན་སྐུ་དང་ལྡེབས་རིས་མང་པོ་བཞུགས་པར་མ་ཟད། ད་དུང་ཕུར་པ་རྡོ་རྗེ་གཞོན་ནུ་སོགས་གསང་སྔགས་རྒྱུད་སྡེའི་ཡི་དམ་ལྷ་ཚོགས་ཀྱི་དཀྱིལ་འཁོར་ཡང་མང་པོ་བཞུགས། འབྲུག་པ་རྣམས་ཀྱིས་མཆོད་རྟེན་འདི་ལ་རྒྱུན་དུ་ཕྱག་བསྐོར་བྱས་ནས་ཚོགས་བསགས་སྒྲིབ་སྦྱོང་བྱེད་ཀྱིན་འདུག་པ་དང་། ད་ལྟ་མཆོད་རྟེན་འདི་འབྲུག་རྒྱལ་ཁབ་ཀྱི་འཛུགས་སྐྲུན་མཚོན་བྱེད་ལྟ་བུར་གྱུར་ཡོད་པར་མ་ཟད། འབྲུག་ཡུལ་ལ་འགྲོ་བའི་མི་ཐམས་ཅད་མཆོད་རྟེན་འདི་ལ་བསྐོར་བ་བྱེད་དུ་མི་འགྲོ་བ་ཕལ་ཆེར་མེད་སྐད་འདུག

ང་ཚོས་ཟླ་བ་ཕྱེད་ལྷག་ལ་མཇལ་བསྐོར་བྱས་པ་བརྒྱུད། འབྲུག་ཡུལ་གྱི་ལས་རིམ་ཐམས་ཅད་མཇུག་ཡོངས་སུ་རྫོགས་ལ་ཉེ་ཞིང་། ཨོ་རྒྱན་སངས་རྒྱས་གཉིས་པ་དང་ཀུན་མཁྱེན་ཀློང་ཆེན་པ། ད་དུང་སྤྲུལ་པའི་གཏེར་སྟོན་མང་པོས་སྐུ་དངོས་སུ་ཞབས་ཀྱིས་བཅགས་ནས། བྱིན་རླབས་མཛད་མྱོང་བའི་གནས་ཆེན་གཞན་རྣམས་ལ་འགྲོ་རྒྱུ་ལྷག་སོང་བས། མ་འོངས་པའི་དུས་ཤིག་ལ་མཇལ་བསྐོར་དུ་ཕྱིན་པའི་གོ་སྐབས་རེ་འབྱུང་བའི་རེ་བ་ཤིན་ཏུ་ཆེ། འབྲུག་ཡུལ་ནས་རྒྱལ་ཁབ་རང་གི་ཁྱད་ཆོས་ལྡན་པའི་སྣུམ་སྙུག་ཁ་ཤས་དང་། གནས་ཆེན་འགའི་ས་སྣ་ཆུ་སྣ་རེ་ཁྱེར་བ་ལས་དྲན་རྟེན་གྱི་རིན་ཐང་ལྡན་པའི་ཅ་ལག་གཞན་ཅི་ཡང་ཉོ་རྒྱུ་མ་རྙེད།

ཐེངས་འདིར་ཨོ་རྒྱན་སངས་རྒྱས་གཉིས་པའི་བྱིན་རླབས་བསམ་གྱིས་མི་ཁྱབ་པ་ཅུང་ཟད་ཐོབ་པ་དང། གནོད་སྦྱིན་ཙིའུ་དམར་པོ་ལ་འབྲེལ་བ་ཐུན་མོང་མ་ཡིན་པ་ཐོགས་བྱུང་བ་སོགས་ནི། ང་འབྲུག་ཡུལ་ལ་སོང་བའི་གྲུབ་འབྲས་ཆེས་ཆེ་ཤོས་སུ་གྱུར་པས། ས་ཆ་དེ་ནས་ཡིད་འཕྲེང་དུང་ངེ་བ་ཞིག་གི་ངང་ཁ་གྱེས་ཏེ་སོང་ཞིང་། ཐ་ན་གནམ་ཐང་དུ་སླེབས་རུང་ད་དུང་ཡིད་ཀྱི་འཁྲི་བ་ཆོད་མ་སོང་།

འབྲུག་ཡུལ་གྱི་སྐྱ་སེར་དད་ལྡན་མང་ཚོགས་སྐྱེས་ཕོ་མོ་ལོ་རྒན་གཞོན་མེད་པར་ཀུན་གྱིས་ང་ལ་བག་ཆགས་ཟབ་མོ་བཞག་པ་དང་། ཁོ་ཚོ་ནི་ང་རང་ལོ་ན་ཆུང་དུས་སུ། ངའི་ཉེ་འཁོར་ལ་ཡོད་པའི་བོད་རིགས་དད་ལྡན་མང་ཚོགས་རྣམས་ལ་ཤིན་ཏུ་འདྲ་བར། བབ་ཆགས་ལ་བསམ་པ་བཟང་བ་དང་། དྲང་བདེན་ཅན་ཤ་སྟག་ཡིན་པ་དང་། ངོ་གདོང་ལས་དྲི་མ་མེད་ལ་ལྷག་བསམ་རྣམ་པར་དཀར་བའི་འཛུམ་མདངས་སོགས་རྟག་ཏུ་མངོན་ཡོང་བར་འདུག ཅ་ལག་རེ་ཉོ་དགོས་བྱུང་ནས་སྲང་ལ་འགྲོ་སྐབས། ཁོ་ཚོས་སྤྲོ་སེམས་འཁོལ་བའི་ངང་ལམ་སྣ་སྟོན་ཡོང་བས། གཤིས་ཀ་ཤིན་ཏུ་འཇམ་པའི་ཚོར་བ་རྒྱུན་དུ་སྟེར་ཞིང་། འབྲུག་ཡུལ་གྱི་དགེ་འདུན་པ་རྣམས་ཀྱང་བླ་མ་དཀོན་མཆོག་གསུམ་ལ་དད་གུས་ཤིན་ཏུ་ཆེ་བར་མ་ཟད། གནས་ཆེན་མང་པོ་ལ་གཙོ་ཆེར་སྔ་འགྱུར་རྙིང་མ་བའི་ཆོས་སྐོར་དང་། འགྲོ་མགོན་བཀའ་བརྒྱུད་པའི་ཆོས་སྐོར་རྣམས་ཉམས་སུ་བླངས་ནས་བཞུགས་པའི་རི་ཁྲོད་པའམ་མཚམས་པ་ཡང་མང་རབ་ཡོད་པར་འདུག

འབྲུག་གནམ་ཐང་ལ་འགྲོ་བའི་ལམ་བར་ནས།

འབྲུག་ཡུལ་ནས་འབངས་ཐམས་ཅད་ཀྱིས་ཐེག་པ་ཆེན་པོའི་ཆོས་ལ་དད་གུས་བྱེད་ཅིང་། ནང་པ་སངས་རྒྱས་པའི་ཆོས་ཀྱི་བྱིན་རླབས་ལ་བརྟེན་ནས་མི་ཐམས་ཅད་འདོད་ཆུང་ཆོག་ཤེས་དང་། སྤྲོ་སྐྱིད་ལྡན་པའི་ངང་འཚོ་བ་རོལ་ནས་བསྡད་འདུག ཡིན་ན་ཡང་ད་སྐབས་འཛམ་བུ་གླིང་གི་ཡུལ་གྲུ་སོ་སོར་ནུབ་ཕྱོགས་རིག་གནས་ཀྱིས་ཁྱུར་མིད་བྱེད་བཞིན་པའི་གནས་བབས་འདི་ལ་གདོང་ཐུག་རྒྱག་འོང་སྐབས། ཁོང་ཚོའི་མ་འོངས་པ་ཅི་ལྟ་བུ་ཞིག་ཏུ་འགྱུར་འགྲོ་རྒྱུ་རེད་བསམས་ནས། ང་ལ་དགོས་མེད་ཀྱི་སེམས་ཁྲལ་རེ་ཡང་དབང་མེད་དུ་སྐྱེ་འོང་བར་གདའ་འོ། །

ས་ཚུགས་བཞི་པ། རྒྱ་གར།

༡༩༩༠ ལོའི་ཟླ་༩ ཚེས་༢༤ ནས་ཟླ་༩ ཚེས་༢༧ །

ཞོགས་པ་སྔ་མོར་འབྲུག་ཡུལ་གྱི་སྤ་རོ་གནམ་ཐང་དུ་ཕེབས་ནས། ཆུ་ཚོད་བདུན་པའི་སྟེང་རྒྱ་གར་དྷི་ལི་གསར་པ་ལ་འཕུར་བའི་གནམ་གྲུའི་ནང་དུ་བཞུགས་ཤིང་། གནམ་གྲུ་དེ་ཆུ་ཚོད་གཉིས་དང་སྐར་མ་ཉི་ཤུ་ལ་འཕུར་རྗེས་དྷི་ལི་གསར་པར་འབྱོར།

མ་གཞི་དྷི་ལི་གསར་པ་ལ་འབྱོར་རྗེས་སྨིན་གྲོལ་གླིང་ལ་ཕེབས་འཆར་མཛད་ཀྱང་། གནོད་སྦྱིན་ཙིའུ་དམར་པོས་དེ་རུ་འགྲོ་མི་རུང་གསུངས་པར་བརྟེན། འཆར་གཞི་དེ་འགྲོ་རན་ཁར་གཞི་ནས་མེད་པར་བཟོས་ཏེ། རྗེ་ཉིད་ངེད་སྐུ་འཁོར་རྣམས་དང་བཅས་དྷི་ལི་གསར་པ་ལ་ཉི་མ་བཞི་རུ་ཞལ་བཞུགས་མཛད།

རྒྱ་གར་ལ་མ་ཡོང་བའི་གོང་དུ། ང་སྨིན་གྲོལ་གླིང་ལ་ལོ་གསུམ་འདུག་རྒྱུར་ཁས་ལེན་བྱས་ཡོད་པས། སྨིན་གྲོལ་གླིང་གི་ཕྱོགས་ནས་དབུ་མ་དང་ཚད་མ་སོགས་གཞུང་ཆེན་པོད་ལྔ་བཤད་པ་ལ་ང་ཡོང་དགོས་པའི་ཞུ་སྣ་རྒྱུན་མར་བྱུང་ཞིང་། ངས་རྗེ་ཉིད་ཕར་ཕེབས་ཟིན་རྗེས་སླེབས་འོང་བའི་སྐད་ཅ་བཤད་པ་ཡིན་ཡང་། ཆོས་ཀྱི་རྗེ་ཉིད་སྨིན་གྲོལ་གླིང་ལ་འབྱོན་མི་ཐུབ་པའི་སྟབས་ཀྱིས། ང་ཡང་དེར་སོང་ནས་བསྡད་ན་འགྲིག་རྒྱུ་མ་རེད་བསམས་པ་དང་། གཏན་ཁེལ་བྱས་ཟིན་པའི་འགྲོ་བའི་དུས་ཚོད་ལ་ཇེ་ཉེ་ནས་ཇེ་ཉེར་སོང་བ་དང་མཉམ་གཅིག་ཏུ། འགྲོ་མོས་མེད་པའི་བསམ་པ་ཡང་ཤུགས་ཇེ་ཆེ་ནས་ཇེ་ཆེར་གྱུར་ཏེ། ཆོས་ཀྱི་རྗེ་ཉིད་དང་མཉམ་དུ་ཕྱིར་བོད་ལ་ལོག་ཐུབ་པ་བྱུང་ན་ཅི་མ་རུང་སྙམ་པ་བྱུང།

ངས་ངའི་བསམ་ཚུལ་འདི་དག་རྗེ་ཉིད་ལ་མ་གསང་བར་ཚང་མ་ཞུས་པ་ན། རྗེ་ཉིད་ཀྱིི་ཞལ་ནས། ངས་སྔ་མོ་ནས་ཁོང་ཚོ་ལ་ཁས་བླངས་ཚར་བས། ད་ལྟ་ངས་ཁོང་ཚོ་ལ་དེ་ལྟར་བཤད་ན་སྟབས་བདེ་རྒྱུ་མ་རེད། འོན་ཀྱང་ཁྱོད་ང་དང་མཉམ་དུ་ཕྱིར་ལོག་ཐུབ་པ་བྱུང་ན་ང་ཡང་ཤིན་ཏུ་དགའ། ད་ཐེངས་འུ་ཚོ་མཉམ་དུ་གནས་མཇལ་ལ་ཡོང་ཞིང་། ཁྱོད་ཕྱིར་འགྲོ་ཐུབ་པ་བྱུང་ན་མི་གཅིག་ཀྱང་མི་ལྷག་པར་ཚང་མ་ཕྱིར་འགྲོ་ཐུབ་པ་འོང་བས་ཤིན་ཏུ་བཟང་། ད་ལྟ་སྒར་ལ་རྒྱ་རིགས་སློབ་མ་ཡང་ཇེ་མང་ནས་ཇེ་མང་ལ་འགྲོ་བཞིན་པའི་སྒང་ཡིན་པས། ཁྱོད་ཀྱིས་མུ་མཐུད་ནས་དེ་ཚོ་ལ་ཆོས་ཁྲིད་རེ་བཤད་པའི་རེ་བ་ཤིན་ཏུ་ཆེན་པོ་ཡོད། ད་དུང་རྒྱ་གར་གྱི་བཟའ་བཏུང་དང་འཚོ་བའི་གོམས་གཤིས་སོགས་ཀྱང་ངེད་ཅག་དང་མི་འདྲ་བས། ཁྱོད་ལ་འཕྲོད་མི་འཕྲོད་ཀྱང་མི་ཤེས་པས་སེམས་ཁྲལ་ཡང་ཡོང་གི་འདུག་གསུངས། དེ་དུས་ཆོས་ཀྱི་རྗེ་ཉིད་ཀྱི་སྐུ་སྲིང་མ་ཨ་ནེ་མེ་སྒྲོན་གྱིས་ཀྱང་ང་བསྐྱུར་ནས་འགྲོ་བ་ལ་ཐུགས་མ་བཟོད་པར། ང་སྨིན་གྲོལ་གླིང་དུ་འགྲོ་དགོས་མ་བྱུང་ན་དགོངས་བཞིན་འདུག

འོན་ཀྱང་། མཁན་པོ་རྣམ་གྲོལ་དང་སྨིན་གྲོལ་གླིང་གིས་ང་གང་མྱུར་གྱིས་འགྲོ་ཐུབ་པའི་རེ་བ་ཤིན་ཏུ་ཆེ་ཞེས་ཨུ་ཚུགས་མཐའ་སྐྱེལ་བྱས། ཅི་བྱ་གཏོལ་མེད་དུ་གྱུར་པའི་སྐབས་ལ། སྒར་གྱི་མཁན་པོ་ཆོས་པད་གངས་རིན་པོ་ཆེ་བརྒལ་ནས་རྒྱ་གར་ལ་འབྱོར་འདུག་པ་དང་ཏག་ཏག་ཁེལ་ཞིང་། ཁོང་ནི་གནུབས་ཟུར་དགོན་ནས་ཡིན་པར་མ་ཟད། རྗེ་ཉིད་ཀྱི་སློབ་མ་གལ་ཆེན་ཞིག་ཀྱང་རེད། ངས་ཁོང་ལ་གྲོས་ཤིག་བྱས་པ་དང་། སྨིན་གྲོལ་གླིང་ཡང་སྔ་འགྱུར་བའི་གདན་ས་གཙོ་ཆེའི་གྲས་ཤིག་ཡིན་པར་བརྟེན། ཁོང་ངའི་ཚབ་ཏུ་འགྲོ་འདོད་ཡོད་པའི་ཞལ་བཞེས་གནང་སོང་ཞིང་། དེ་རྗེས་ངས་སྨིན་གྲོལ་གླིང་གི་འབྲེལ་ཡོད་མི་སྣ་བཙལ་ནས་གྲོས་མོལ་ཞིག་བྱས་པས། ཁོང་རྣམ་པ་ལ་འདོད་མོས་དེ་འདྲ་མེད་པའི་རྣམ་འགྱུར་བསྟན་སོང་ཡང་། མཐར་ཐབས་ཟད་ནས་མོས་མཐུན་གནང་ཐུབ་པ་ཙམ་བྱུང་ངོ་། །

དྷི་ལི་གསར་པ་ལ་བཞུགས་པའི་ཉི་མ་བཞིའི་རིང་། ས་གནས་དེ་གའི་བོད་རིགས་མང་ཚོགས་རྣམས་ཀྱིས་རྗེ་ཉིད་ཕེབས་འདུག་པ་ཐོས་ནས། གཅིག་རྗེས་གཉིས་མཐུད་ཀྱིས་མཇལ་ཁ་ལ་སླེབས་ཤིང་། རྗེ་ཉིད་ཀྱིས་ཀྱང་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་དེ་དག་ལ་ཕྱག་དབང་དང་ཆོས་འབྲེལ་གནང། མཇལ་དུ་ཡོང་བའི་མི་རྣམས་ཀྱི་ནང་དུ་མིང་ལ་རྒྱ་རི་ཉི་མ་ཟེར་བ་ཕ་ཡུལ་ཉག་རོང་ནས་ཡིན་པ་ཞིག་འདུག་པ་དེ་ལ་ས་གནས་དེ་གར་སྐད་གྲགས་ཆེན་པོ་ཡོད་པར་མ་ཟད། རྗེ་ཉིད་ཀྱི་སྐུ་སྐྱེ་གོང་མ་གཏེར་ཆེན་ལས་རབ་གླིང་པ་ཡང་ཉག་རོང་ནས་ཡིན་པའི་རྐྱེན་གྱིས། རྗེ་ཉིད་དང་ཕ་ཡུལ་ཕྱེད་ཀ་ཙམ་གཅིག་པ་ཡིན་ཞེས་བཤད་ཀྱང་མི་ཆོག་རྒྱུ་མེད་པས། ཁོས་ངེད་ཅག་ལ་སེམས་ཁུར་གྱིས་གང་ས་ཅི་ཐད་ནས་རོགས་རམ་གང་ལེགས་བྱས་སོང་།

རྒྱ་གར་ནི་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱིས་མཛད་པ་སྐྱོང་སའི་གནས་ཁྱད་པར་ཅན་ཡིན་ཞིང་། དེ་ན་བཞེངས་པའི་རྟེན་སྐུ་རྣམས་ལ་ཡང་དོན་སྙིང་གཞན་དང་མི་འདྲ་བ་ཡོད་པར་བརྟེན། ཆོས་ཀྱི་རྗེ་ཉིད་ལ་དྷི་ལི་གསར་པ་ནས་སྐུ་འདྲ་ཁ་ཤས་བླུ་བའི་ཐུགས་འདུན་འདུག ལོ་རབས་དེ་དག་གི་ནང་དུ་བོད་ལ་སྐུ་འདྲ་རྙིང་པ་ཁོ་ན་མ་གཏོགས་གསར་པ་མཐོང་རྒྱུ་ཤིན་ཏུ་དཀོན་པོ་རེད། ངེད་ཅག་གིས་དྷི་ལི་གསར་པ་ནས་རྟེན་སྐུ་སྤུས་ཀ་ཤིན་ཏུ་ཡག་པོ་ཅན་མང་པོ་མཐོང་རྗེས། ཤིན་ཏུ་ཧ་ལས་དགོས་པ་བྱུང་བ་དང་། ཆོས་ཀྱི་རྗེ་ཉིད་ཀྱིས་སྐུ་འདྲ་ཁ་ཤས་བླུས་ནས་ཕྱིར་འཁྱེར་དགོས་གསུངས།

རྒྱ་རི་ཉི་མས་མི་ཞིག་མངགས་ནས་ངེད་ཅག་སྐུ་འདྲ་བཟོ་སའི་བཟོ་གྲྭ་ཞིག་ལ་ཁྲིད། དེ་ན་ལི་སྐུ་འདྲ་མིན་ཤིན་ཏུ་མང་པོ་འདུག་པ་དང་ཚང་མ་ལག་བཟོ་ཤ་སྟག་ཡིན་ཞིང་། ལྷ་སྐུ་བྱིན་ཆགས་ལ་ཐིག་ཚད་དང་ལྡན་པར་མ་ཟད་མཐོང་ན་མི་མཐུན་པ་མེད་པ་ལྟ་བུར་འདུག་པས། ངེད་དཔོན་སློབ་རྣམས་ཀྱིས་ལྷ་སྐུ་ཁ་ཤས་བླུས་པ་དང་མཉམ་དུ་ཁོས་ཀྱང་ངེད་ཅག་ཚང་མ་ལ་སྐུ་འདྲ་རེ་རེ་བླུས་ནས་བྱིན་སོང་། སྐུ་འདྲ་དེ་དག་ལྗིད་ཤིན་ཏུ་ཆེ་ཞིང་། ཉི་མ་ཁ་ཤས་འགོར་རྗེས་ཆོས་ཀྱི་རྗེ་ཉིད་ད་དུང་རྒྱ་གར་ལྷོ་ཕྱོགས་ཀྱི་ནང་པའི་གནས་ཆེན་ཁག་ཏུ་མཇལ་གཟིགས་ལ་ཕེབས་འཆར་ཡོད་ལ། སྐུ་འདྲ་དེ་དག་མཉམ་དུ་ཁྱེར་ན། ཤིན་ཏུ་སྟབས་མི་བདེ་བའི་རྐྱེན་གྱིས་ཁོའི་སར་གནས་སྐབས་སུ་བཅོལ་མ་བྱས་ཤིང་། ཆོས་ཀྱི་རྗེ་ཉིད་ཕེབས་ཚུགས་རྗེས་མ་ཝཱ་ར་ཎཱ་སི་ལ་ཕེབས་སྐབས། སྐུ་འདྲ་དེ་དག་ཚུར་སྐྱེལ་ཡོང་བའི་རོགས་རམ་བྱེད་ཐུབ་མིན་དྲིས་པ་ན། ཁོས་དེ་མ་ཐག་དགའ་བཞིན་ཁས་ལེན་བྱས་སོང་།

སྐབས་དེར་རྒྱ་གར་ལ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཆོས་ཀྱི་རྗེ་ཉིད་ངེད་སྐུ་འཁོར་དང་བཅས་ཚང་མ་ཡོང་དགོས་པ་དང་། རྒྱ་གར་ལ་བཞུགས་རིང་གི་མཛད་རིམ་ཁག་དང་ལས་འགུལ་དག་ལ་འབྲེལ་ཡོད་ཀྱི་འདྲ་པར་དང་རྒྱུ་ཆ་གང་ཡོད་ཚང་མ་སྙན་ཞུ་བྱེད་དགོས་ཟེར་བས། ངེད་ཅག་དེར་སོང་ནས་འབྲེལ་ཡོད་ཀྱི་ཡི་གེ་དང་འདྲ་པར་ཐམས་ཅད་མཁོ་སྤྲོད་བྱས། ཁོ་ཚོས་རྗེ་ཉིད་ལ་ཕར་བལྟས་ན་བུམ་པ་ཞིག་ལ་ཅུང་ཟད་འདྲ་བའི་རྗེས་དྲན་ལེགས་སྐྱེས་ཤིག་ཕུལ་བར་བྱས།

གཞུང་ཚབ་ཁང་དེར་ལས་བྱེད་མི་སྣ་ལྔ་དྲུག་ཙམ་འདུག་ཅིང་། དེ་དག་གི་ནང་ནས་ལས་བྱེད་གཅིག་གིས་ཆོས་ཀྱི་རྗེ་ཉིད་ཀྱིས་དམ་པའི་ཆོས་རྒྱ་ཆེར་སྤེལ་བའི་མཛད་པ་རྣམས་ལ། བསམ་པ་དཀར་པོས་བསྟོད་བསྔགས་ཆེན་པོ་བྱས། མི་དེ་ཤེས་རྒྱ་ཆེ་ལ་བསམ་བློ་ཡང་གུ་ཡངས་ཤིང་། ལོ་འགའ་ཞིག་གི་རྗེས་སུ་ཁོ་ཀྲུང་གོ་ལ་ཕྱིར་སླེབས་ནས་འདུག་པ་དང་། ལས་འཁྱུར་ངལ་གསོ་མ་བྱས་ཀྱི་བར་དུ་ངེད་གཉིས་ལ་འབྲེལ་བ་ཡོད་པ་ཡིན།

༡༩༩༠ ལོའི་ཟླ་༩ ཚེས་༢༨ །

ཞོགས་པ་ཆུ་ཚོད་བརྒྱད་པའི་སྟེང་། ཆོས་ཀྱི་རྗེ་ཉིད་དྷི་ལི་གསར་པའི་གནམ་གྲུ་ལ་བཞུགས་ནས་ཁྱོན་ཆུ་ཚོད་གཉིས་དང་ཕྱེད་ལ་འཕུར་ཏེ། བྷེང་ལོར་ལ་ཞབས་སོར་བཀོད།

༡༩༩༠ ལོའི་ཟླ་༩ ཚེས་༢༩ །

བྷེང་ལོར་ནས་སྤྱི་ལེ་༢༣༨ ལ་གནམ་གྲུར་བཞུགས་ཏེ་རྣམ་གྲོལ་གླིང་ལ་ཞབས་ཀྱི་པདྨོ་བཀོད།

༡༩༩༠ ལོའི་ཟླ་༩ ཚེས་༣༠ །

ཆོས་ཀྱི་རྗེ་ཉིད་ཀྱིས་ཉི་མ་གཅིག་ལ་སྐུ་མལ་གསོས་ནས་བཞུགས།

རྣམ་གྲོལ་གླིང་ལ་ཐང་ཆེན་ཞིག་ཡོད་པ་དེར། བོད་རིགས་རྣམས་ཀྱིས་ཆོས་ཀྱི་རྗེ་ཉིད་ལ་གུས་འདུད་བླ་ན་མེད་པ་ཞུ་བའི་ཕྱིར་དུ། བོད་ཀྱི་སྲོལ་རྒྱུན་གླུ་གར་འཁྲབ་པར་མ་ཟད། དགོན་པའི་དགེ་འདུན་པ་རྣམས་ཀྱིས་ཀྱང་འཆམས་འཆམས་ནས་གཟིགས་མོ་ཕུལ།

དེ་དུས་ཆོས་ཀྱི་རྗེ་ཉིད་དང་མཁན་སྤྲུལ་རྣམ་པ་མདུན་གྲལ་དུ་བཞུགས་ཤིང་། སྐུ་མདུན་ལ་བཏུང་ཁུ་ཁ་ཤས་བསྒྲིགས་ནས་འདུག་པ་དང་། ཁོང་རྣམ་པས་ཐུགས་དགྱེས་བཞིན་པའི་ངང་ལེ་ཚན་ཁག་ལ་གཟིགས་ཞིབ་མཛད།

༡༩༩༠ ལོའི་ཟླ་༡༠ ཚེས་༡ ནས་ཟླ་༡༠ ཚེས་༡༡ །

.ཆོས་ཀྱི་རྗེ་ཉིད་ཀྱིས་རྣམ་གྲོལ་གླིང་དུ་བཀའ་ཆོས་དངོས་སུ་གསུང་བའི་དབུ་ཚུགས། ཐོག་མར་ངེས་ཤེས་སྒྲོན་མེ་ཁྲིད་ཅིང། གཞུང་དེ་ལས་ཁྱོན་དྲི་བ་བདུན་གསུངས་ཡོད་ལ་ཉིན་དང་པོར་ཕལ་ཆེར་དྲི་བ་གཉིས་གསུངས་ཤིང་། ངེས་ཤེས་སྒྲོན་མེའི་ཁྲིད་ཚང་མ་ཁྱོན་ཆོས་ཐུན་དགུའི་ཁོངས་སུ་གསུངས་ནས་ཚེས་༡༡ ་ཉིན་མཇུག་ཡོངས་སུ་དྲིལ་བར་བྱས། ཐེངས་དེར་ཆོས་ཀྱི་རྗེ་ཉིད་ཀྱིས་ཆོས་ཁྲིད་ཅུང་མགྱོགས་སེ་བ་ཞིག་གསུངས་ཤིང་། དེ་རྗེས་རྗེ་ཉིད་ཀྱིས་གེ་སར་ནོར་བུ་དགྲ་འདུལ་གྱི་དབང་གསུངས།

ཆོས་ཀྱི་རྗེ་ཉིད་ཀྱིས་ངེས་ཤེས་སྒྲོན་མེའི་ཁྲིད་མ་གསུང་བའི་གོང་དུ། ང་ལ་སེམས་ཁྲལ་ཅུང་ཟད་ལངས་སོང་ཞིང་། དེ་གང་ཡིན་ཞེ་ན། རྣམ་གྲོལ་གླིང་ལ་དཔེ་ཆ་ཤེས་མཁན་ཅུང་ཟད་མང་པོ་ཡོད་པའི་བཟོ་ལྟ་འདུག་ལ། བློ་གསར་རྟོག་གེ་པའི་རིགས་ཀྱང་འགའ་རེ་ཡོད་པ་དང་། ངེས་ཤེས་སྒྲོན་མེའི་རྩ་ཚིག་འགའ་ཞིག་ཤིན་ཏུ་གོ་དཀའ་བར་བརྟེན། ངས་སྒྲ་ཚར་གཅིག་བླངས་པ་དེ་ཁོ་ན་ལ་རྗེ་ཉིད་ཀྱིས་གསན་པ་ཙམ་གྱིས་གསུང་སླ་མོ་རང་ཨེ་འོང་བསམས་ཤིང་། དཔེར་ན་ང་ལྟ་བུས་དཔེ་ཁྲིད་གཅིག་ལ་གྲ་སྒྲིག་བྱེད་སྐབས་འགྲེལ་བ་ཁ་ཤས་རྩ་ཚིག་ལ་སྦྲགས་ནས་ལྟ་ཡི་ཡོད། གལ་སྲིད་རྗེ་ཉིད་ཀྱིས་དཔེ་གཟིགས་ཅི་ཡང་མ་མཛད་ན། ལེགས་པོ་རང་གསུང་ཐུབ་མིན་ཅི་ཆ་སྙམ་ནས་སེམས་ཁྲལ་ཅུང་ཟད་ལངས་སོང་བའི་རྒྱུ་མཚན་གྱིས། ངས་རྗེ་ཉིད་ལ་འགྲེལ་ལུགས་ལེགས་མིན་ལ་བསྙད་འདོགས་སོགས་ཀྱི་ཁ་ཉེན་འབྱུང་བ་འགོག་ཆེད་ཆོས་ཁྲིད་དངོས་གཞི་མ་གནང་བའི་སྔོན་དུ། ངས་ངེས་ཤེས་སྒྲོན་མེའི་འགྲེལ་བ་དང་ས་བཅད་གཉིས་ཀ་སྙན་ལམ་དུ་བཀླགས་ཏེ། དཔེ་ལྟའི་ཚུལ་དུ་སྔ་ས་ནས་གྲ་སྒྲིག་ཅུང་ཟད་རེ་གནང་མི་དགོས་སམ་ཞེས་ཞུས་ཚེ།

ཆོས་ཀྱི་རྗེ་ཉིད་ཀྱིས་ངའི་མགོ་ལ་ཕྱག་གིས་བྱིལ་བྱིལ་མཛད་ཀྱིན་ཐུགས་བརྩེ་བ་ཆེན་པོའི་ངང་འདི་སྐད་གསུངས། འོ་ཞི་ལུ། ད་རྟ་རྒན་ལ་ཁ་ལོ་དང་། མཛོ་རྒན་ལ་སྣ་ལོ་ཐུལ་དཀའ། ཁོ་བོ་གང་ཤར་ཐོལ་བྱུང་དུ་བཤད་པ་ལ་གོམས་ཆེས་པས། དཔེ་ཁྲིད་ཀྱི་ཕྱིར་ཆེད་དུ་གྲ་སྒྲིག་བྱེད་རྒྱུར་སུན་སྣང་སྐྱེ་བར་འདུག་ལ། དེ་བས་རེ་དོགས་རྣམ་རྟོག་གི་སྤྲོས་པ་སྤངས་ནས་གཉིད་སྐྱིད་པོ་ཞིག་ཨེ་ཁུག་བལྟས་ན་དེ་རང་ཁེབས་ཆེ། ད་དགོས་རྒྱུ་མ་རེད། ཁྱོད་ཀྱིས་སྒྲ་ལོངས་དང་ཆོག གཞན་ལ་སེམས་ཁྲལ་བྱེད་མི་དགོས་གསུངས།

ངས་དཀའ་གནད་ཆེ་སའི་སྐོར་ནས་ཁྱེད་ཀྱིས་མི་འཁྲོལ་རྒྱུ་མེད་ངེས་རེད་ཀྱང་། གྲྭ་པ་ལོ་ཆུང་ལ་ལར་རྣམ་རྟོག་ཧ་ཅང་མང་པོ་ཡོད་པས་ཚིག་དོན་འགའ་རེའི་སྟེང་ནས་ཅུང་ཟད་གསན་བསམ་མཛད་ན་ཨེ་དགའ་ཞུས་པ་ལ། རྗེ་ཉིད་ཀྱི་ཞལ་ནས། ལམ་རྒྱུས་ཡོད་པའི་རྟ་རྒན་ཟེར་བ་ཞིག་ཡོད་པ་དེ་ཁྱོད་ཀྱིས་གོ་ཨེ་མྱོང་། རྟ་ན་སོ་རྒས་རྗེས། ལུས་ཀྱི་སྟོབས་ཤུགས་ཉམས་རྒུད་ལ་འགྲོ་ཡང་ལམ་རྒྱུས་ཤིན་ཏུ་ཆེན་པོ་ཡོད། གང་ལྟར་ལམ་འདིར་ང་ལ་གདེང་ཚོད་ངེས་ཅན་ཞིག་ཡོད་པས་སྐྱོན་རྒྱུ་མ་རེད། སེམས་ཁྲལ་མ་ལང་གསུངས།

དེ་རྗེས་ཆོས་ཀྱི་རྗེ་ཉིད་ཀྱིས་ཚོགས་མང་ལ། ངེས་ཤེས་སྒྲོན་མེ་གསུང་སྐབས་མན་ངག་གི་ལུགས་སུ་བཀྲལ་ནས་ཤིན་ཏུ་ཡག་པོ་ཞིག་གསུངས་སོང་སྟབས། དེར་འདུས་ཚང་མས་དགའ་བསུའི་ལེགས་སོ་ཆེས་ཆེར་བརྗོད་པ་དང་། རྣམ་གྲོལ་གླིང་གི་མཐོ་གྲུབ་དབང་པདྨ་ནོར་བུ་དང་། བླ་ཆེན་མཁན་ཆེན་རྣམས་ནས་དམའ་གྲྭ་རྐྱང་དཀྱུས་མ་ཡན་ཆད་ཀུན་ཆོས་ཀྱི་རྗེ་ཉིད་ཀྱི་མཁྱེན་རབ་ཀྱི་རྩལ་ལ་ཧང་མ་སངས་པ་གཅིག་ཀྱང་མི་འདུག ངའི་སེམས་སུ་ཡང་གཡོ་འགུལ་ཆེན་པོ་ཐེབས་སོང་། ངེས་ཤེས་སྒྲོན་མེ་ཞེས་པའི་གཞུང་འདིའི་བརྗོད་བྱ་ཤིན་ཏུ་ཟབ་ཅིང་བརླིང་བས། མི་ཕལ་བས་སྒྲ་བླངས་པ་ལ་ཚར་གཅིག་ཁོ་ན་ཉན་པ་ཙམ་གྱིས་ཤོད་དགོས་ན་ཤིན་ཏུ་དཀའ་མོ་ཡོད་པ་རེད། སྔར་རྗེ་ཉིད་ཀྱིས་གདན་ས་བླ་རུང་སྒར་ནས་དཀའ་གནད་ཐམས་ཅད་ཞིབ་མོའི་ལུགས་སུ་བཀྲལ་ཏེ་ཤིན་ཏུ་ཡག་པོ་ཞིག་གསུངས་པ་ལ། ངས་དེ་དུས་དཔེ་གཟིགས་ལེགས་པོ་མཛད་ཡོད་རྒྱུ་རེད་བསམས་ཀྱང་། བསམ་ཡུལ་ལས་འདས་པ་ཞིག་ལ་མཁྱེན་རབ་ཀྱི་རྩལ་དེ་ལྟ་བུ་ནི་རང་ཤུགས་སུ་རིག་ཀློང་ནས་བརྡོལ་ཡོང་བ་ཞིག་ཡིན་པ་ལས། ཚིག་དོན་དག་ལ་ཤ་ཟིན་སྤུ་ཟིན་བྱས་ནས་བཤད་པ་ཞིག་ནི་རྩ་བ་ནས་རེད་མི་འདུག

བཀའ་ཆོས་གསུང་བའི་དུས་སུ། ཚེས་བཞི་ལ་རྗེ་ཉིད་སེ་ར་དགོན་(Sera Jey)ལ་ཕེབས། དགོན་པ་དེ་ནི་དགེ་ལུགས་པའི་དགོན་ཆེན་གསུམ་གྱི་ཡ་གྱལ་ཞིག་ཡིན་པ་དང་། རྣམ་གྲོལ་གླིང་གི་ཐོག་ཁ་ནས་ཕར་བལྟས་ན་མཐོང་ཐུབ་པར་ཡོད་པས་ཐག་ཤིན་ཏུ་ཉེ་མོ་འདུག དགོན་པ་དེ་རུ་དགེ་འདུན་པ་སྟོང་གཉིས་ལ་ཉེ་བ་ཡོད་པར་མ་ཟད། ད་དུང་མཁས་བཙུན་བཟང་གསུམ་འཛོམས་པའི་དགེ་བཤེས་རྒན་པ་དང་། བསླབ་པ་རྒན་པའི་དགེ་འདུན་པ་བགྲེས་པོ་མང་པོ་ཡང་གཟི་བྱིན་ཐིབས་སེ་བཞུགས་ནས་གདའ། ཆོས་ཀྱི་རྗེ་ཉིད་ཀྱིས་ཚོགས་ཆེན་འདུ་ཁང་ནས། ཁོང་རྣམ་པ་ལ་ཚེ་དཔག་མེད་ཀྱི་བཀའ་དབང་གནང་ཞིང་ལམ་གཙོ་རྣམ་གསུམ་གྱི་ཁྲིད་གསུངས་པ་དང་། ད་དུང་གུ་རུའི་གསོལ་འདེབས་བར་ཆད་ལམ་སེལ་རྒྱས་པའི་ལུང་ཡང་གནང།

དེ་དུས་མཁན་པོ་ཆོས་པད་ཀྱིས་རྗེ་ཉིད་ལ་སྒྲ་བླངས་པ་ཡིན་ཞིང་། ཁོང་ལ་དེ་སྔོན་ཉམས་མྱོང་མེད་སྟབས་སྒྲ་ཤིན་ཏུ་མགྱོགས་པོ་བླངས་འདུག་པར་མ་ཟད་སྒྲོས་དག་པོ་ཡང་བླངས་མེད་པར་བརྟེན། རྗེ་ཉིད་ཀྱིས་གསུང་གསལ་ལ་མི་གསལ་བའི་ཚུལ་གྱིས་ལུང་གསུངས། དེ་རྒྱབ་རྗེ་ཉིད་ཀྱིས་ང་ལ་སྒྲ་ལོངས་གསུངས་ནས་ཁོང་ལ་ལེན་དུ་མ་གཅུག དོན་དུ་རྗེ་ཉིད་ལ་སྒྲ་ལེན་པའི་སྐབས་ཐམས་ཅད་ལ་ངས་གྲ་སྒྲིག་མང་པོ་བྱས་ནས་ལེན་གྱི་ཡོད་ལ། སྒྲ་ལེན་མཁན་ཆེས་ཡག་ཤོས་ཤིག་ཡིན་ཟེར་མི་ཕོད་ཀྱང་། རྗེ་ཉིད་ཀྱི་ཐུགས་ཚིམ་མོ་ཡོང་བའི་སྒྲ་ལེན་ཐུབ་པ་ཙམ་དུ་ཡོད། དེའི་རྐྱེན་གྱིས་ལན་དེ་ཁོ་ན་ཙམ་མ་གཏོགས་པར་བལ་པོ་དང་རྒྱ་གར། འབྲུག་ཡུལ་བཅས་ནས་བཀའ་ཆོས་གསུང་བའི་སྐབས་ཐམས་ཅད་དུ་ང་ལ་སྒྲ་ལེན་དུ་བཅུག་སོང་།

རྗེ་ཉིད་ལ་སྒྲ་ལེན་པས་མི་ཚད། ངས་ད་དུང་རྗེ་ཉིད་ཀྱིས་བཀའ་ཆོས་གསུངས་པའི་སྒྲ་ཚང་མ་བླངས་ནས་སྒྲ་ཐག་དེ་ཚོ་ཉར་ཚགས་བྱེད་ཀྱིན་ཡོད།

སྒྲ་ལ་སྤུས་ཀ་ཡག་པོ་ཡོང་བའི་ཕྱིར་དུ་ངས་ཕྱི་རྒྱལ་ནས་ནང་འདྲེན་བྱས་པའི་སྒྲ་ཐག་འགའ་རེ་ཉོས་ནས། རྗེ་ཉིད་ཀྱིས་བཀའ་ཆོས་གསུངས་པའི་སྒྲ་ལེན་པ་ལ་ཆེད་དུ་བེད་སྤྱད་པ་ཡིན་ཞིང་། རྗེ་ཉིད་ཀྱིས་གསན་རྒྱུའི་སྒྲ་ལེན་ས་ལ་ངས་རྒྱ་ནག་ནས་ཐོན་པའི་སྒྲ་ཐག་རང་ཉོས་པ་དང་། སྒྲ་གཅིག་བླངས་ཚར་རྗེས་དེའི་སྟེང་ལ་ཡང་གཅིག་བླངས་ནས་ལན་མང་པོར་མཁོ་སྤྱོད་ཆོག་གི་ཡོད། ཧ་ཅང་ལེགས་པ་ཞིག་ལ་ངའི་སྒྲ་ཕབ་འཁོར་ལོ་ལ་སྤུས་ཀ་ཡག་པོ་ཡོད་པའི་རྐྱེན་གྱིས། སྒྲ་སྔ་ཕྱི་ཐམས་ཅད་ལ་སྒྲོས་དག་མོ་རང་ལེན་ཐུབ་པ་བྱུང་།

༡༩༩༠ ལོའི་ཟླ་༡༠ ཚེས་༡༢ ནས་ཟླ་༡༠ ཚེས་༡༥ །

ཆོས་ཀྱི་རྗེ་ཉིད་ཀྱིས་རྣམ་གྲོལ་གླིང་གི་འདུས་པ་བྱིངས་ལ་བླ་མ་ཡང་ཏིག་གི་བཀའ་དབང་ཟབ་མོ་གནང།

༡༩༩༠ ལོའི་ཟླ་༡༠ ཚེས་༡༢ ལ་སྤྲོས་བཅས་ཀྱི་དབང་གནང།

༡༩༩༠ ལོའི་ཟླ་༡༠ ཚེས་༡༣ ལ་སྤྲོས་མེད་ཀྱི་དབང་གནང།

༡༩༩༠ ལོའི་ཟླ་༡༠ ཚེས་༡༤ ལ་ཤིན་ཏུ་སྤྲོས་མེད་ཀྱི་དབང་གནང།

༡༩༩༠ ལོའི་ཟླ་༡༠ ཚེས་༡༥ ལ་རབ་ཏུ་སྤྲོས་མེད་ཀྱི་དབང་གནང།

དེ་དང་མཉམ་དུ་ཆོས་ཀྱི་རྗེ་ཉིད་ཀྱིས་བླ་མ་ཡང་ཏིག་གི་སྔོན་འགྲོ་སེམས་སྦྱོང་བདུན་གྱི་དོན་ཁྲིད་དང་དངོས་གཞི་འོད་གསལ་སྙིང་པོའི་དོན་ཁྲིད། འཇམ་དཔལ་རྫོགས་པ་ཆེན་པོའི་ཁྲིད་སོགས་ཁོངས་སུ་གཏོགས་པའི་བཀའ་ཆོས་ཤིན་ཏུ་མང་པོ་གཅིག་རྗེས་གཅིག་མཐུད་ཀྱིས་གསུངས།

མཚམས་ལ་ལར་ང་རང་སྔ་དྲོ་ཁོམ་ལོང་བྱུང་ནས་ཅ་ལག་འདྲ་ཉོ་དགོས་ན་ཉེ་ས་རུ་ཡོད་པའི་ཀུ་ཤལ་ནཱ་གྷར་གྲོང་(Kushalnagar)ལ་འགྲོ་ཡི་ཡོད། གྲོང་ཚོ་དེ་རྣམ་གྲོལ་གླིང་ནས་སྤྱི་ལེ་༤ ཙམ་སོང་བའི་ས་ན་ཡོད་ཅིང་། རྐང་གསུམ་འཁོར་ལོ་ལ་བསྡད་ནས་འགྲོ་ཆོག བརྡ་ལེགས་པོ་འཕྲོད་པའི་ཆེད་དུ་ངས་རྒྱ་གར་གྱི་སྐད་སྟབས་བདེ་བ་ཁ་ཤས་བསླབས་ཡོད་པས། སྐད་སྒྱུར་མི་དགོས་པར་མ་ཟད་རང་ཉིད་གཅིག་པུ་ལ་བརྟེན་ནས་ཅ་ལག་ཉོ་བ་དང་། ཟ་མ་བཟའ་བ། རླངས་འཁོར་དུ་འདུག་པ་སོགས་ལ་དཀའ་ལས་ཅི་ཡང་མེད།

རྒྱ་གར་གྱི་རྐང་གསུམ་འཁོར་ལོ།

ཀུ་ཤལ་ནཱ་གྷར་གྲོང་ལ་རྒྱ་གར་ཟ་ཁང་ཁ་ཤས་ཡོད་པས་རྣམ་གྲོལ་གླིང་གི་སྤྲུལ་སྐུ་ལོ་ཆུང་དང་། དགེ་འདུན་པ་རྣམས་ཀྱིས་ང་ལ་སྐད་བཏང་ནས་མཉམ་དུ་ཟ་མ་བཟའ་བར་རྟག་ཏུ་འགྲོ་བཞིན་ཡོད། ཁོང་རྣམ་པ་ཕལ་མོ་ཆེ་བོད་རིགས་ཡིན་ཡང་། རྒྱ་གར་ལ་ཡུན་རིང་མོར་བསྡད་པའི་རྐྱེན་གྱིས། བཟའ་བཏུང་གོམས་གཤིས་ནི་ཕལ་ཆེར་རྒྱ་གར་བ་དང་གཅིག་མཚུངས་སུ་འདུག དང་པོར་ང་ལ་རྒྱ་གར་གྱི་ཟ་མ་མི་འཕྲོད་པ་ལྟ་བུ་བྱུང་རུང་། ཐེངས་ཁ་ཡར་ལ་ཟོས་རྗེས་དང་དུ་ལེན་ཐུབ་པ་བྱུང་ཞིང་། དེ་དུས་ངའི་གཤིས་ཀ་གྲུང་ཞིང་རྩེ་ལ་དགའ་བས་དངོས་པོ་གསར་པ་དང་དུ་ལེན་ཤིན་ཏུ་སླ་བ་དང་། ལོ་ན་ཡང་གཞོན་པས་ཅ་ལག་ཉོ་བ་དང་། ཟ་མ་བཟའ་བ་སོགས་ལ་ཧ་ཅང་དགའ་བ་ཡིན། འབྲས་ཆན་དང་སུར་པན་གཉིས་མཉམ་དུ་བསྲེས་ནས་གཡོས་པའི་ཟ་མ། ཞོག་འདག་དང་ཤིན་ཏུ་འདྲ་བ་ལོ་མས་བཏུམས་ནས་བཟའ་ཆོག་པ་ཞིག་འདུག་པ་དེ་ལ་ཧ་ཅང་ཞིམ་པོ་འདུག་པའི་སྣང་བ་སྐྱེས་པ་ཡང་དྲན་སོས་ཀྱི་འདུག་གོ །

རྣམ་གྲོལ་གླིང་ལ་དགེ་འདུན་པར་དོ་དམ་བྱེད་ལུགས་སྐོར་ནས་ཤིན་ཏུ་ཐབས་མཁས་པོ་རང་འདུག གྲུབ་དབང་པདྨ་ནོར་བུས་རྒྱ་གར་གྱི་དབྱིན་ལུགས་དོ་དམ་བྱེད་ལུགས་ཀྱི་རྣམ་པ་ལ་ཟུང་འབྲེལ་ཡག་པོ་མཛད་དེ། བཤད་གྲྭའི་ནང་ལ་རྒྱུན་ལས་བཙུགས་པར་མ་ཟད། ད་དུང་དེ་ལས་གཞན་པའི་སྡེ་ཁག་ཁ་ཤས་བཙུགས་ནས་དཔལ་འབྱོར་དང་སློབ་སྟོན། གཞུང་ལས་སོགས་ལ་དོ་དམ་གནད་དུ་སྨིན་པ་མཛད་འདུག་པ་ལ། རྗེ་ཉིད་ཀྱིས་ཐུགས་དགྱེས་ཚུལ་ཆེན་མོ་མཛད་ནས། ཞིབ་ཏུ་རྒྱུས་ལོན་གནང་ནས་སྒར་ལ་ཕྱིར་ཕེབས་རྗེས་དཔྱད་གཞིར་བྱེད་ཆོག་གསུངས་ཏེ། ངེད་སྐུ་འཁོར་རྣམས་ལ་ཟིན་ཐོར་འབེབས་བཅུག་པར་མཛད་སོང་།

སྔོན་ཆད་བླ་རུང་སྒར་གྱི་དོ་དམ་བྱེད་ལུགས་ད་ལྟ་དང་མི་འདྲ་བར། དགོན་སྡེ་དཀྱུས་མ་ཞིག་གི་དོ་དམ་བྱེད་ལུགས་ཙམ་ལས་མེད་ཅིང་། རྒྱ་གར་ནས་ཕྱིར་ཕེབས་རྗེས་ཆོས་ཀྱི་རྗེ་ཉིད་ཀྱིས། སྒར་ལ་རྒྱུན་ལས་མི་སྣ་བཀོད་སྒྲིག་མཛད་པར་མ་ཟད། ད་དུང་དཔལ་འབྱོར་ཁང་དང་། སློབ་སྟོན་ཁང་། གཞུང་ལས་ཁང་སོགས་ཀྱི་སྡེ་ཁག་གསར་འཛུགས་གནང་ཞིང་། ༡༩༩༠ ལོར་ངས་རྒྱུན་ལས་རྣམ་པ་བདུན་གྱི་ནང་ནས་གཅིག་གི་ལས་འགན་ཁུར་ནས་༢༠༡༤་ལོའི་བར་དུ་བསྡད་པ་ཡིན། ༢༠༡༤ ལོར་རྒྱུན་ལས་ཀྱི་ལས་འགན་རྫོགས་ཚར་སོང་ཡང་། ད་དུང་ཡང་སྒར་གྱི་ལས་དོན་ཆེ་ཕྲ་ཐམས་ཅད་ཀྱི་ནང་ལ་བར་མ་ཆད་པར་ཞུགས་དགོས་བྱུང་ནས། སྔར་ལས་ཀྱང་མི་ཁོམ་པ་ལྟ་བུར་གྱུར་ནས་བསྡད་ཡོད་པ་ཡིན།

༡༩༩༠ ལོའི་ཟླ་༡༠ ཚེས་༡༦ ནས་ཟླ་༡༠ ཚེས་༢༠ །

ཆོས་ཀྱི་རྗེ་ཉིད་ཀྱིས་འཇམ་དཔལ་རྫོགས་པ་ཆེན་པོའི་སྨོན་ལམ་དང་། འཇམ་མགོན་བླ་མ་མི་ཕམ་པའི་ཞལ་སྔ་ནས་མཛད་པའི་རྩ་གསུམ་བསྙེན་ཡིག་གི་བཤད་ཁྲིད་གནང།

ཚེས་༡༧གྱི་དགོང་མོར་རྣམ་གྲོལ་གླིང་གི་དགེ་འདུན་པ་ཆེས་ཕུལ་དུ་བྱུང་བ་རྣམས་རྗེ་ཉིད་ཀྱི་སྐུ་མདུན་ལ་ཕེབས་ཏེ། འཆད་རྒྱུགས་དང་བློ་རྒྱུགས་སོགས་ཀྱི་རྣམ་པས་ཆོས་ཀྱི་མཆོད་པ་རྨད་དུ་བྱུང་བ་ཕུལ། དེ་དག་གི་ནང་ལ་རག་མགོ་སྤྲུལ་སྐུ་ཞུ་བ་ཞིག་བཞུགས་པ་དེས། མདོ་ལུགས་ཀྱི་དགོངས་པ་གཞིར་བཞག་སྟེ་ཀུན་གཞི་དང་བདེ་གཤེགས་སྙིང་པོའི་བར་གྱི་ཁྱད་པར་ལས་འཕྲོས་པའི་བཤད་པ་ལེགས་པོ་ཞིག་གནང་། ཁོང་གི་རིགས་པ་རྣོ་ལ་གསལ་བ་དང་། ལུང་གི་རྒྱབ་རྟེན་དང་རིགས་པའི་འཕུལ་མཚམས་སོགས་ཤིན་ཏུ་བཟང་ལ། རྒྱུ་མཚན་ལྡན་པའི་སྒོ་ནས་གསལ་དག་ངེས་ཏིག་ཅན་དང་། རང་ལུགས་ཀྱི་དགོངས་པའི་གནད་ཀྱིས་སྒོ་ཀུན་ནས་ཟིན་པ་ཞིག་གསུངས་སོང་བར་བརྟེན། འཆད་རྒྱུགས་པ་ཀུན་ལས་ཁོང་འབུར་དུ་ཐོན་པ་བྱུང་། ངེད་གཉིས་སྒེར་གྱི་འབྲེལ་བ་ཤིན་ཏུ་བཟང་བས་རྒྱུན་དུ་ཆོས་ཀྱི་དོན་འགའ་རེ་ལ་བགྲོ་གླེང་བྱས་པ་ཡིན། ཁོང་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ལ་མོས་གུས་ཤིན་ཏུ་ཆེན་པོ་འདུག་པ་ཡང་ངས་དྲན་སོས་ཀྱིན་གདའ།

དགེ་འདུན་པ་ཐམས་ཅད་ཀྱི་འཆད་རྒྱུགས་ལ་གསན་རྗེས། ཆོས་ཀྱི་རྗེ་ཉིད་ཀྱིས་ཐུགས་དགྱེས་ཚུལ་དཔེ་མེད་པ་ཞིག་མཛད་དེ་ཞལ་ནས། ད་སྐབས་རྒྱ་གར་འཕགས་པའི་ཡུལ་འདིར། གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེས་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་བ་ལ་བརྟེན་ནས། མཁས་པ་འདི་འདྲའི་མང་པོ་མཉམ་གཅིག་ཏུ་གདན་འཛོམས་བྱུང་བས། མ་འོངས་པར་ནང་པ་སངས་རྒྱས་པའི་བསྟན་པ་འཛམ་གླིང་ཐ་གྲུ་ཀུན་ཏུ་དར་ཞིང་རྒྱས་པའི་རེ་བ་ཆེན་པོ་ཡོད། བོད་ཡུལ་ནས་དམ་པའི་ཆོས་རྒྱ་ཆེར་སྤེལ་བ་ལ་དཀའ་ལས་འགའ་རེ་ཡོད་ཀྱང་། ངས་ལོ་མང་པོའི་རིང་ནས་ཤེས་ལྡན་མི་སྣ་སྐྱེད་བསྲིང་བྱེད་པ་དོ་གལ་ཆེན་པོར་བཟུང་བ་དང་མཉམ་དུ། བླ་རུང་སྒར་གྱིས་ཀྱང་དགེ་འདུན་པ་ཤེས་ལྡན་ཕུལ་དུ་བྱུང་བ་མང་པོ་གསོ་སྐྱོང་བྱས་ཡོད། དུས་ཚོད་ཀྱི་སྟེང་ནས་བལྟས་ན་གྲུབ་དབང་པདྨ་ནོར་བུ་ཁོང་ངེད་ཚོ་ལས་ཅུང་སྔ་བར་འདུག་སྟེ། ཁོང་གིས་ལོ་རབས་དྲུག་ཅུ་བདུན་ཅུ་པའི་ནང་མགོ་བཟུང་ཞིང་། ངེད་ཚོས་ནི་ལོ་རབས་བརྒྱད་ཅུ་པའི་ནང་གཟོད་མགོ་བརྩམས་པ་རེད། ཆོས་གྲྭ་ཆེན་པོ་འདི་གཉིས་ཀྱིས་མ་འོངས་པའི་སངས་རྒྱས་ཀྱི་བསྟན་པ་ལ། མཛད་རྗེས་རླབས་པོ་ཆེ་འགའ་ཞིག་འཇོག་ཐུབ་པའི་ཡིད་ཆེས་ང་ལ་ཡོད་གསུངས།

ད་ལྟའི་རྣམ་གྲོལ་གླིང་།

༡༩༩༠ ལོའི་ཟླ་༡༠ ཚེས་༢༡ །

གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེས་ཆོས་ཀྱི་རྗེ་ཉིད་ལ་ཨོ་རྒྱན་པད་ཞྭ་ཞིག་དང་གཟེངས་བསྟོད་ཀྱི་དཔང་ཡིག་ཅིག་དང་བཅས། རྣམ་གྲོལ་གླིང་གི་འདུས་པ་བྱིངས་ཀྱི་ཚོགས་དབུས་ནས་ཡོངས་ཁྱབ་ཀྱི་ཚུལ་དུ་ཕུལ་ཞིང་། དཔང་ཡིག་དེའི་སྟེང་ལ། ༄༅། །བཀའ་གཏེར་མདོ་རྒྱུད་མན་ངག་ཡོངས་རྫོགས་ལ་གསན་བསམ་སྒོམ་པའི་མཁྱེན་རབ་ཀྱི་ཀློང་དུ་མངོན་པར་བྱང་ཆུབ་པ་མཁས་གྲུབ་ཡོངས་ཀྱི་དགེ་བའི་བཤེས་གཉེན་གསུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོའི་མཚན་གནས་སུ་རིག་འཛིན་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོ་མཆོག་ལ་སྔ་འགྱུར་མཐོ་སློབ་ཁང་ནས་བོད་རྒྱལ་ལོ་ ༢༡༡༧ རབ་བྱུང་བཅུ་བདུན་ཟླ༡༠་ཚེས་༢༣ ལ། ཞེས་འཁོད་གནང་འདུག་པ་དང་གཤམ་ལ་གྲུབ་དབང་པདྨ་ནོར་བུའི་མཚན་རྟགས་དངོས་སུ་བཀོད་འདུག་པས། འདི་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་སྡེ་ཁག་གིས་རྩོད་མེད་ཡོངས་གྲགས་སུ་ཁས་ལེན་པའི་གཟི་བརྗིད་ཆེན་པོ་ཞིག་ཡིན་པ་རེད། དེ་དང་མཉམ་དུ་ཁོང་སྐུ་དངོས་ཀྱིས་ད་དུང་མཁའ་འགྲོ་མ་མུ་མཚོ་དང་མཁན་པོ་ཆོས་པད། ངེད་གསུམ་ལ་ཡང་མཁན་ཞྭ་རེ་རེ་གནང་སོང་།

ངའི་དགོན་པ་མདོ་མང་དགོན་ཡིན་ཞིང་དཔལ་ཡུལ་ལུགས་ཀྱི་དགོན་པ་ཞིག་རེད། ང་ཚོའི་དགོན་པའི་ལུགས་ལྟར་ན་རྒྱལ་བ་དཔལ་ཡུལ་བའི་མ་དགོན་ནས་མཁན་ཞྭ་གསོལ་བ་ནི་ཆེས་ཐོབ་དཀའ་བའི་གཟི་བརྗིད་ཆེན་པོ་ཞིག་ལ་བརྩི་བ་ཡིན། འོན་ཀྱང་ངའི་བསམ་པ་ལ་གལ་སྲིད་རང་ཉིད་ལ་ཤེས་འཇོན་གྱི་ཡོན་ཏན་གང་ཡང་མེད་ན། ཞྭ་མོ་ཐོབ་ཆེན་ཞིག་ཡོད་རུང་ཆེ་རྒྱུ་ཅི་ཡང་མེད་པ་དང་། དེ་ལས་ལྡོག་སྟེ་མཁྱེན་རབ་ཀྱི་རྩལ་དང་ཉམས་ལེན་གྱི་རྟོགས་པ་དང་ལྡན་ན་ཞྭ་མོ་ཆེན་མོ་ཞིག་མེད་རུང་། མཁྱེན་པ་དང་རྟོགས་པ་ཡོད་པ་དེས་ཆོག་པར་བསམས་པའི་རྒྱུ་མཚན་གྱིས། འདིའི་སྔ་རོལ་ཞིག་ནས་ང་ལ་མཁན་ཞྭ་འདི་དང་དུ་ལེན་འདོད་མེད་པའི་ལོ་རྒྱུས་རྒྱུ་མཚན་རྗེ་ཉིད་ལ་ཞུས་ཙ་ན། ཉིད་ཀྱི་ཞལ་ནས། དང་དུ་ལོངས་དང་སྐྱོན་རྒྱུ་མ་རེད། ཁྱོད་ཚོའི་དགོན་པའི་མཁན་པོ་ཏེ་པ་དང་སྤྲུལ་སྐུ་ཏིཥྛ་རྣམ་པ་གཉིས་ཀྱང་ཤིན་ཏུ་དགའ་རྒྱུ་རེད། ཁྱོད་ལ་མཚོན་ན་འདི་རྟེན་འབྲེལ་བཟང་པོ་ཞིག་ཀྱང་ཡིན་པ་རེད་གསུངས།

དེ་ནས་རྣམ་གྲོལ་གླིང་གི་ཚོགས་ཆེན་འདུ་ཁང་ནང་ནས་ངེད་གསུམ་ཆོས་ཀྱི་རྗེ་ཉིད་ཀྱི་ཆོས་ཁྲི་ལས་ཅུང་ཟད་དམའ་བའི་ཁྲི་ཐོག་ལ། གྲུབ་དབང་པདྨ་ནོར་བུས་བསྩལ་གནང་པའི་མཁན་ཞྭ་གོན་ནས་བསྡད་པ་ཡིན། དགེ་འདུན་པ་རྣམས་ཀྱིས་ཀྱང་ངེད་ཅག་ལ་རྟེན་གསུམ་གནང་བ་དང་། ཚེ་ཆོག་ཡུན་རིང་གསུངས།

ཕྱིར་རང་གནས་ལ་ལོག་རྗེས་མཁན་ཞྭ་དེ་ལ་གང་འདྲ་ཞིག་འདུག་ལྟ་སྐབས། དེའི་ནང་ལ་གྲུབ་དབང་པདྨ་ནོར་བུའི་སྐུ་སྒེར་གྱི་ཐེལ་ཙེ་བརྒྱབས་འདུག་པ་མཐོང་། བོད་དུ་ཕྱིར་སླེབས་རྗེས་མཁན་པོ་ཏེ་པ་ཁོང་རྣམ་པས་མཁན་ཞྭ་དང་མཚན་གནས་དེ་འདྲ་ཐོབ་པ་ནི་ཆོས་ཀྱི་གཟི་བརྗིད་བླ་ན་མེད་པ་ཞིག་ཡིན་པར་གཟིགས་ཏེ། ཐུགས་ཤིན་ཏུ་ནས་ཀྱང་དགྱེས་ནས་འདུག ངའི་སེམས་སུ་གལ་སྲིད་བསྟན་འགྲོའི་དོན་ཆེན་འགྲུབ་པའི་ཆ་རྐྱེན་ནམ་རྟེན་འབྲེལ་དུ་གྱུར་ན་འདི་དག་ཡོད་ཀྱང་མི་ཆོག་རྒྱུ་མེད་སྙམ་ཞིང་། དེ་ལས་གཞན་དུ་གྱུར་པའི་དོན་དག་ལ་ནི་དོ་སྣང་གང་ཡང་མ་བྱས་པ་ཡིན།

མཁན་ཞྭ་དེ་ངས་གནས་སྐབས་ཤིག་གི་རིང་ལ་ཉར་ཚགས་བྱས་པ་ལས་ལན་གཅིག་ལ་ཡང་གོན་མ་མྱོང་། ལོ་བཅུ་ལྷག་གི་གོང་དུ་ག་ཤེད་ལ་འདུག་པ་མཐོང་ཡང་། ད་ལྟ་གར་སོང་མི་རྙེད་པའི་ཚུལ་དུ་གྱུར། ཕལ་ཆེར་ངས་གོན་པ་མང་པོ་སྤོང་དག་གི་ཚུལ་དུ་གཞན་ལ་འབྲེལ་འཇོག་བྱས་ནས་སྦྱིན་པའི་སྐབས་སུ་ཞོར་ལ་སྦྱིན་བཞག་པ་འདྲའོ། །

༡༩༩༠ ལོའི་ཟླ་༡༠ ཚེས་༢༢ །

ཆོས་ཀྱི་རྗེ་ཉིད་ཀྱིས་འདུས་པ་བྱིངས་ལ་གུ་དྲག་གི་དབང་དང་འཇམ་དཔལ་སྨྲ་སེང་སྒྲུབ་ཐབས་ཀྱི་ཁྲིད་གསུངས་པ་དང་ཆབས་གཅིག གཞི་ཚུལ་ཁྲིམས་རྣམ་པར་དག་པ་ཞིག་གི་སྟེང་ནས་ཐོས་བསམ་སློབ་གཉེར་ཇི་ལྟར་བྱེད་དགོས་ལུགས་དང་། སེམས་ཅན་ཐམས་ཅད་ལ་ཕན་བདེ་ཇི་ལྟར་སྒྲུབ་དགོས་ལུགས་སོགས་ཀྱི་སྐོར་ནས་བསླབ་བྱ་མང་པོ་གནང།

༡༩༩༠ ལོའི་ཟླ་༡༠ ཚེས་༢༣ །

ཆོས་ཀྱི་རྗེ་ཉིད་ཀྱི་རྣམ་གྲོལ་གླིང་གི་མཛད་རིམ་ཐམས་ཅད་ཕུན་སུམ་ཚོགས་པའི་ངང་མཇུག་ཡོངས་སུ་གྲུབ།

ཆོས་ཀྱི་རྗེ་ཉིད་ཞལ་གྱེས་ཁར་རྣམ་གྲོལ་གླིང་གིས་རྒྱ་གར་ནས་ཆེས་བླ་ན་མེད་པའི་ཕེབས་སྐྱེལ་མཛད་སྒོ་ཞིག་ཏུ་བརྩི་བའི་ལམ་ལུགས་ཡོད་པ་དེ་ནང་བཞིན། ཙན་དན་དཀར་པོའི་ཤིང་སྲབ་མོ་རྣམས་ཀྱིས་མེ་ཏོག་མང་པོ་བཟོས་ནས། དེ་དག་གིས་མེ་ཏོག་གི་ཕྲེང་བ་ཞིག་གྲུབ་པར་བྱས་ཏེ་རྗེ་ཉིད་ཀྱི་མགུལ་ལ་ཕུལ། ཆོས་ཀྱི་རྗེ་ཉིད་ཀྱིས་ཟླ་བ་གསུམ་གྱི་རིང་མདོ་རྒྱུད་བསྟན་བཅོས་ཁག་གི་བཀའ་ཆོས་མང་པོའི་ཆོས་སྦྱིན་ལྷུག་པོར་བསྩལ་བར་མཛད་པ་ལ། གྲུབ་དབང་པདྨ་ནོར་བུ་དང་མཁན་སྤྲུལ་དགེ་བའི་བཤེས་གཉེན་རྣམ་པས་འབྲལ་མི་ཕོད་པའི་ངང་བཀའ་དྲིན་བླ་ན་མེད་པ་ཞུས།

ཁོང་རྣམ་པས་བོད་ཡུལ་ནས་ཆོས་ཀྱི་རྗེ་ཉིད་གདན་འདྲེན་ཞུ་བ་ནི་ལས་སླ་མོ་ཞིག་མིན་པར་བརྟེན། ཐེངས་དེར་ཆོས་ཟབ་མོ་མང་པོ་གསུང་བའི་བསྐུལ་མ་ཞུས་པ་བཞིན། རྗེ་ཉིད་ཀྱིས་ཀྱང་ཐུགས་བརྩེ་བ་ཆེན་པོས་བཀས་གནང་ཏེ་བསླབ་བྱ་དང་། མན་ངག་ཟབ་མོ་མང་པོ་ཕངས་པ་མེད་པར་གནང། ང་ཆོས་ཀྱི་རྗེ་ཉིད་ཀྱི་ཞབས་རྗེས་འབྲངས་ཏེ་རྒྱ་གར་ལ་སླེབས་ནས། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱི་གནས་ཆེན་ཁག་མང་པོ་ལ་མཇལ་བསྐོར་ཞུ་བའི་སྐལ་བ་ལྡན་བྱུང་བར་མ་ཟད། ད་དུང་ཆོས་ཟབ་མོ་མང་པོ་ཡང་ཐོབ་བྱུང་བས། ཤིན་ཏུ་སྐལ་བ་རེ་བཟང་སྙམ་པའི་ཚོར་བ་ངང་ངམ་ཤུགས་ཀྱིས་སྐྱེས། ངས་རྗེ་ཉིད་ཀྱིས་བཀའ་ཆོས་གསུངས་པའི་སྒྲ་དེ་དག་སྒྲ་ཐག་ཏུ་བླངས་པ་དང་། རྒྱལ་མཚམས་བརྒལ་ནས་འགྲོ་དུས་འཁྱེར་འཇུག་རྒྱུ་མ་རེད་བསམས་ཏེ། སྒྲ་ཐག་ནང་གི་སྤྱིན་དྲིལ་ནག་པོ་ཕྱིར་བཤིག་སྟེ་ངེད་ཅག་ཚང་མའི་གོས་ཀྱི་ནང་ལ་བཙེམས་ནས་ཁྱེར་བས། རྒྱལ་མཚམས་འགག་སྒོ་ནས་མགོ་ལེགས་པོ་ཐོན་ཞིང་། བོད་ལ་ཕྱིར་སླེབས་རྗེས་སླར་ཡང་སྒྲ་ཐག་ནང་དུ་བཅུག་ནས་སོར་ཆུད་པར་བྱས་པས་སྒྲ་ལེགས་པོར་གཏོང་ཐུབ་པར་འདུག འོན་ཀྱང་ལག་རྩལ་གྱི་སྐོར་འགའ་ཞིག་ནས་གནད་དོན་ཅུང་ཟད་བྱུང་སོང་བ་འདྲ་བས། སྒྲ་ཐག་ལ་ལའི་ནང་གི་སྒྲ་ལ་ཆད་སྐྱོན་ཤོར་འདུག ལྷག་པར་དུ་ཚིག་བདུན་གསོལ་འདེབས་རྣམ་བཤད་ཀྱི་སྟོད་ཕྱོགས་ནས་མང་པོ་ཤོར་ནས་འདུག སྒྲ་དེ་དག་ལ་ཁ་གསབ་རེ་ཨེ་ཡོང་བསམས་ནས་ཉེ་ཆར་ངས་རྣམ་གྲོལ་གླིང་ལ་སྐད་ཅ་དྲིས་ཀྱང་། ཁོང་རྣམ་པས་སྒྲ་དེ་དག་ལོན་མི་འདུག

ཆོས་ཀྱི་རྗེ་ཉིད་ཀྱིས་རྣམ་གྲོལ་གླིང་ནས་བཀའ་ཆོས་གསུངས་ཚར་རྗེས་ཟླ་བ་བཅུ་པའི་སྨད་ལ་ཐུག་ཅིང་། རྒྱ་གར་གྱི་ཚ་བ་ཡང་ཅུང་ཟད་ཤུགས་ཆག་འདུག་པས་གནས་གཟིགས་ལ་ཕེབས་ན་ཤིན་ཏུ་འཚམ་མོ་འདུག་པར་བརྟེན། ཆོས་ཀྱི་རྗེ་ཉིད་ཀྱིས་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱི་གནས་ཆེན་ཁག་ཏུ་མཇལ་གཟིགས་ལ་ཕེབས་པའི་དབུ་ཚུགས་རྒྱུ་ཡིན་ཞེས་ཐུགས་ཐག་བཅད།

དེ་ནས་ཆོས་ཀྱི་རྗེ་ཉིད་ངེད་སྐུ་འཁོར་རྣམས་དང་བཅས། སྤྱི་ལེ་༢༣༨ ལ་རླངས་འཁོར་དུ་བཞུགས་ཏེ། རྣམ་གྲོལ་གླིང་ནས་བྷེང་ལོར་ལ་ཞབས་སོར་བཀོད།

༡༩༩༠ ལོའི་ཟླ་༡༠ ཚེས་༢༤ །

བྷེང་ལོར་ནས་རྒྱ་གར་བྱང་ཕྱོགས་ལ་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱི་གནས་ཆེན་མང་པོ་ཡོད་པ་དག་ལ་ཐད་ཀར་སོང་ན། ཕྱོགས་མང་པོའི་སྐོར་ནས་ཤིན་ཏུ་སྟབས་བདེ་མོ་འདུག་པས། རྒྱ་གར་འཕགས་པའི་ཡུལ་ལ་གནས་མཇལ་དུ་འགྲོ་བའི་མཇལ་སྐོར་པ་ཕལ་མོ་ཆེས་ལམ་ཁ་དེ་ཀ་རང་བདམས་ནས་འགྲོ་བ་རེད་འདུག

འོན་ཀྱང་ཐེངས་འདི་ལ་ཆོས་ཀྱི་རྗེ་ཉིད་ཀྱིས་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱིས། ཆོས་འཁོར་རིམ་པ་གསུམ་བསྐོར་སའི་གནས་ཆེན་ཁག་ལས་གཞན། ད་དུང་ཡང་གསང་བླ་ན་མེད་པ་རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་བསྐོར་སའི་གནས་ཁྱད་པར་ཅན་དུ་ཡང་། མཇལ་གཟིགས་ལ་ཕེབས་འདོད་པའི་དགོངས་པ་བཞེས་འདུག་པར་བརྟེན། ངེད་ཚོས་ངལ་བ་ཁ་ཤས་བརྒྱུད་དགོས་ཐུག་རུང་། དེ་ལ་ཅི་མི་སྙམ་དུ་བཟོད་པར་བྱས་ཏེ། ལམ་དེ་ལས་རྒྱང་བསྐོར་བྱས་ནས། སྔོན་ལ་དཔལ་ལྡན་འབྲས་སྤུངས་མཆོད་རྟེན་ལ་ཁ་བཏད་ནས་སོང་།

ཉིན་དེར་བྷེང་ལོར་ནས་རྡོག་ཐོན་བྱས་ཤིང་། རླངས་འཁོར་དུ་བསྡད་ནས་སྤྱི་ལེ་༣༡༣ སོང་བ་ན་བྷ་ལ་རི་(Ballari)ལ་སླེབས་ཤིང་དེ་ནུབ་དེ་ག་རང་དུ་བསྡད།

༡༩༩༠ ལོའི་ཟླ་༡༠ ཚེས་༢༥ །

བྷ་ལ་རི་ནས་ཆིབས་ཀྱི་ཁ་ལོ་བསྒྱུར་ཏེ། ལྷོ་ཕྱོགས་དཔལ་གྱི་རི་(Nagarjuna Hill)ལ་ཕྱགས་ཕེབས་ཤིང་། ཁྱོན་སྤྱི་ལེ་༤༢༩ ལ་འགྲོ་དགོས་པ་བྱུང་།

དཔལ་གྱི་རི་ནི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་སྐུ་ཚེའི་སྨད་ལ་མདོ་སྔགས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་སའི་གནས་ཁྱད་པར་ཅན་ཡིན་པ་དང་། སློབ་དཔོན་ཉིད་གནས་དེ་རུ་སྐུ་མྱ་ངན་ལས་འདས་ནས་བདེ་བ་ཅན་གྱི་ཞིང་ལ་ཕེབས་པའི་མཛད་པ་སྐྱོང་སའང་རེད། མདོ་སྡེ་ལང་ཀར་གཤེགས་པའི་ནང་ལ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ལུང་སྟོན་པའི་བཀའ་འདི་སྐད་ཅིག་ཡོད། ལྷོ་ཕྱོགས་བྷེ་ཏའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་འབོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་པ། །ང་ཡི་ཐེག་པ་འཇིག་རྟེན་དུ། །བླ་མེད་ཐེག་ཆེན་རབ་བསྟན་ནས། །རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོ་འོ། །ཞེས་གསུངས། འདིའི་ནང་གི་ལྷོ་ཕྱོགས་བྷེ་ཏའི་ཡུལ་ཞེས་པ་དེ་ནི་ལྷོ་ཕྱོགས་དཔལ་གྱི་རི་འདི་ཡིན་པར་འདུག

དཔལ་གྱི་རིའི་སྟེང་དུ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ལ་འབྲེལ་བ་ཡོད་པའི་གནས་ཁྱད་པར་ཅན་མང་པོ་ཡོད་པར་འདུག་ཀྱང་། འདི་དང་ཐག་མི་རིང་བའི་ས་ལ་རྒྱ་གར་སྲིད་གཞུང་གིས་མི་བཟོས་མཚེའུ་ཞིག་ཐོན་འབྱེད་བྱས་འདུག་པས། རི་མགོར་འགྲོ་སའི་ལམ་བཀག་ནས་ཡོད་སྟབས། ངེད་ཅག་གིས་མཚེའུའི་འགྲམ་དུ་རླངས་འཁོར་སྡོད་དུ་བཅུག་ནས། མཚེའུའི་ཚུར་རོལ་ནས་ལྷོ་ཕྱོགས་དཔལ་གྱི་རི་ལ་ཁ་འཁོར་ཏེ་ཕྱག་མཆོད་སྨོན་ལམ་མི་བྱེད་ཀ་མེད་དུ་གྱུར།

དེ་རྗེས། མུ་མཐུད་ནས་སྤྱི་ལེ་༡༤༣ ལ་རླངས་འཁོར་དུ་བསྡད་ནས་སོང་ཞིང་། ཕྱི་དྲོར་དཔལ་ལྡན་འབྲས་སྤུངས་མཆོད་རྟེན་ཡོད་སར་སླེབས།

དཔལ་ལྡན་འབྲས་སྤུངས་མཆོད་རྟེན་(Amaravathi)ནི་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱིས། དུས་འཁོར་རྩ་རྒྱུད་དང་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་སོགས། གསང་བ་སྔགས་ཀྱི་རྒྱུད་སྡེའི་ཆོས་སྐོར་བསམ་གྱིས་མི་ཁྱབ་པ་རྣམས་གསུང་སའི་གནས་རེད། ལོ་རྒྱུས་ཀྱི་འཕོ་འགྱུར་མང་པོའི་ཁྲོད་དུ། ད་ལྟ་དཔལ་ལྡན་འབྲས་སྤུངས་མཆོད་རྟེན་ལ་མཆོད་རྟེན་གྱི་རྨང་གཞི་དེའུ་འབུར་ཆུང་ཆུང་ཞིག་ལས་ལྷག་མི་འདུག དེའི་ཉེ་ས་ལ་རྡོའི་ར་བ་ཞིག་རལ་དུ་སོང་བ་ད་དུང་ཡང་མཐོང་རྒྱུ་གདའ། རྒྱ་གར་ཆོས་འབྱུང་ལས་གསུངས་པ་ལྟར་ན། རྡོའི་ར་བ་འདི་དག་ནི་མཆོད་རྟེན་ལ་གླང་པོ་ཆེའི་གནོད་འཚེ་མི་འབྱུང་བའི་ཕྱིར་དུ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་བཞེངས་པར་གྲགས།

ཆོས་ཀྱི་རྗེ་ཉིད་དཔལ་ལྡན་འབྲས་སྤུངས་མཆོད་རྟེན་ལ་ཞབས་སོར་འཁོད་མ་ཐག རིག་སྟོང་ཀློང་དབྱིངས་ནས་དུས་འཁོར་རྒྱུད་ཀྱི་ཡང་སྙིང་ཞེས་པ་ཞིག་ཐོལ་བྱུང་གི་ཚུལ་དུ་གསུངས་ནས། དེ་འཕྲལ་སྐུ་དྲུང་དུ་ཡོད་པ་རྣམས་ལ་དཔལ་ལྡན་དུས་ཀྱི་འཁོར་ལོའི་བཀའ་དབང་གནང་ཞིང་། ཚང་མས་དུས་ཀྱི་འཁོར་ལོའི་བསྙེན་པ་ཅི་མང་འདོན་དགོས་པ་དང་བསྙེན་གྲངས་ལ་ཚད་མེད་གསུངས།

དེ་ནུབ། ངེད་ཅག་དཔལ་ལྡན་འབྲས་སྤུངས་མཆོད་རྟེན་གྱི་ཉེ་ས་ལ་འགྲུལ་ཁང་ཞིག་འདུག་པ་དེའི་ནང་དུ་བསྡད། ཆོས་ཀྱི་རྗེ་ཉིད་བཞུགས་གདན་ལེགས་པོར་འཇགས་ཚར་རྗེས། ང་དཔལ་ལྡན་འབྲས་སྤུངས་མཆོད་རྟེན་ལ་སྐོར་བ་བྱེད་དུ་སོང་ཞིང་། དུས་ཚོད་ཡུན་རིང་ངེ་བ་ཞིག་ལ་སྐོར་བ་བྱས་རྗེས། ལམ་གློག་གི་འོད་ངོགས་སུ་འཇམ་དཔལ་མཚན་བརྗོད་ཚར་གཅིག་བཏོན་པ་ཡིན།

༡༩༩༠ ལོའི་ཟླ་༡༠ ཚེས་༢༦ །

ནམ་མ་ལངས་པའི་གོང་ནས་ང་ཡར་ལངས་ཏེ་དཔལ་ལྡན་འབྲས་སྤུངས་མཆོད་རྟེན་ལ་སྐོར་བ་བྱེད་དུ་སོང་། སྐོར་བ་ཁ་ཤས་བརྒྱབས་རྗེས་མཆོད་རྟེན་དྲུང་དུ་རྐྱང་ཕྱག་མང་པོ་ཕུལ། དཔལ་ལྡན་འབྲས་སྤུངས་མཆོད་རྟེན་འདི་ནི་བདག་ཅག་གི་སྟོན་པ་མཉམ་མེད་ཐུགས་རྗེ་ཅན་གྱིས། གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་སྐོར་མང་པོ་གསུང་སའི་གནས་མཆོག་ཁྱད་པར་ཅན་ཡིན་པའི་རྐྱེན་གྱིས། གནས་འདི་ནས་གསང་བ་སྔགས་དང་འབྲེལ་བའི་སྨོན་ལམ་མང་པོ་བཏབ་ཅིང་། གསང་བ་སྔགས་ཀྱི་ལུགས་འདི་ལ་ཐེ་ཚོམ་དང་སྐུར་འདེབས་བྱེད་པའི་གདུལ་བྱའི་སེམས་ཅན་གྱི་རྒྱུད་ཀྱི་ལོག་རྟོག་མ་ལུས་པ་བསལ་ནས། སྐྱེ་བ་འདིར་གང་ནུས་ཅི་ལྕོགས་ཀྱིས་གསང་བ་སྔགས་ཀྱི་བསྟན་པ་རྒྱ་ཆེར་སྤེལ་ཐུབ་པའི་གསོལ་བ་སྨོན་ལམ་གང་དྲགས་བྱས་ཤིང་། ཉི་མ་ཤར་རིའི་རྩེ་ནས་ཤར་རྗེས་ངས་ད་དུང་འདྲ་པར་ཁ་ཤས་བླངས་པ་ཡིན།

སྔ་དྲོར། ཆོས་ཀྱི་རྗེ་ཉིད་དཔལ་ལྡན་འབྲས་སྤུངས་མཆོད་རྟེན་ལ་སྐོར་བ་མཛད་པར་ཞབས་ཐང་དུ་ཕེབས་ཤིང་། འབྲེལ་བ་ཐོགས་པའི་སེམས་ཅན་ཐམས་ཅད་རྣམ་དག་བདེ་ཆེན་ཞིང་དུ། ཚོམ་བུ་གཅིག་ཏུ་འཁོད་པའི་ཐུགས་བསྐྱེད་སྨོན་ལམ་གཟབ་རྒྱས་གནང།

ཕྱི་དྲོར། དཔལ་ལྡན་འབྲས་སྤུངས་མཆོད་རྟེན་ནས་ཞལ་གྱེས། སྤྱི་ལེ་༢༧༢ ལ་རླངས་འཁོར་དུ་བཞུགས་ནས་རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཧེ་དྷི་ར་བྷད་(Hyderabad)ལ་ཆིབས་ཀྱི་ཁ་ལོ་བསྒྱུར། གྲོང་ཁྱེར་ཧེ་དྷི་ར་བྷད་ནི་རྒྱ་གར་གྱི་གྲོང་ཁྱེར་ཨང་དྲུག་པ་ཡིན་ཞིང་། སྡོད་དམངས་ཕལ་མོ་ཆེ་ནི་རྒྱ་གར་ཆོས་ལུགས་དང་ཁ་ཆེའི་ཆོས་ལུགས་ལ་དད་མོས་བྱེད་མཁན་ཤ་སྟག་ཡིན་པར་འདུག རིག་གནས་སྣ་མང་གི་ཤུགས་རྐྱེན་ཐེབས་པ་ལ་བརྟེན་ནས་དེ་རུ་འཛུགས་སྐྲུན་ཡོད་པ་ཐམས་ཅད་ལ་ཁྱད་ཆོས་དམིགས་བསལ་བ་རེ་མེད་པ་མི་འདུག་ཅིང་། གནའ་བོའི་རིག་གནས་ཀྱི་རྗེས་ཤུལ་མང་བས། གྲོང་ཁྱེར་ཡོངས་ལ་མི་སེམས་འགུག་པའི་ནུས་པ་ཤིན་ཏུ་ཆེན་པོ་གདའ།

༡༩༩༠ ལོའི་ཟླ་༡༠ ཚེས་༢༧ །

ཧེ་དྷི་ར་བྷད་ནས་གནམ་གྲུ་ལ་བསྡད་དེ་ཀོལ་ཀ་ཊ་ལ་འཕུར། འཕུར་ལམ་ལ་ཁྱོན་སྤྱི་ལེ་༡༤༩༥ འདུག

༡༩༩༠ ལོའི་ཟླ་༡༠ ཚེས་༢༨ །

ཉིན་དེར། ཀོལ་ཀ་ཊ་ནས་གྷ་ཡ་(Gaya)ལ་སོང་།

ཀོལ་ཀ་ཊ་ནི་རྒྱ་གར་གྱི་གྲོང་ཁྱེར་ཆེན་པོ་ཨང་གསུམ་པ་ཡིན་ཞིང་། དེ་ན་འགྲིམ་འགྲུལ་ཡོ་བྱད་སྣ་ཚོགས་པ་འདུག་པས། གནམ་གྲུ་དང་མེ་འཁོར་སོགས་གང་ལ་འདུག་བསམས་ན་ཤིན་ཏུ་སྟབས་བདེ། འགྲོ་སོང་དང་ད་དུང་དོན་གཞན་འགའ་རེ་ལ་བསམ་བློ་བཏང་ནས། ངེད་ཅག་སྐུ་འཁོར་ཕལ་མོ་ཆེ་མེ་འཁོར་ནང་ལ་བསྡད་དེ་གྷ་ཡ་ལ་སོང་། ཆོས་ཀྱི་རྗེ་ཉིད་ལ་སྐུ་ངལ་མི་འབྱུང་བའི་ཕྱིར་དུ་ང་ཚོས་རྗེ་ཉིད་དང་ཞབས་འབྲིང་བ་ཉུང་ཤས་ལ་ཀོལ་ཀ་ཊ་ནས་པཊ་ཎ་(Patna)ལ་འཕུར་བའི་གནམ་གྲུའི་འཛིན་ཡིག་ཉོས། འཕུར་ལམ་ལ་ཁྱོན་སྤྱི་ལེ་༦༤༨ ཡོད་ཅིང་། སྐར་མ་བཞི་བཅུ་གཡས་གཡོན་ལ་འཕུར་དགོས་པར་འདུག དེ་རྗེས་སྤྱི་ལེ་༩༨ ལ་རླངས་འཁོར་དུ་བཞུགས་ནས་གྷ་ཡ་ལ་ཕེབས་འཆར་བྱས།

རྒྱ་གར་ལ་སླེབས་ནས་མེ་འཁོར་དུ་འདུག་པའི་བྲོ་བ་མྱོང་བ་ལ་ཡང་ཨ་གསར་འདྲ་བ་ཞིག་སྐྱེས་ཏེ། ང་མེ་འཁོར་ལ་བསྡད་ནས་སོང་། མེ་འཁོར་ནང་གི་སྒྲིག་ཆས་ཚང་མ་རྙིང་ནས་འདུག་པ་དང་། མི་མང་པོས་འཚང་ཁ་བརྒྱབས་ཏེ་གང་འདུག་ཅིང་། གཙང་སྦྲ་ཡང་ཡག་པོ་བྱས་མི་གདའ། མེ་འཁོར་ནང་ན་ཟས་རིགས་འདྲ་མིན་ཉོ་རྒྱུ་ཡོད་ཅིང་། གུང་ཟས་བཟའ་བའི་དུས་ལ་ཐུག་དུས་ཟས་འཁོར་ཡར་མར་དེད་ནས་ཕོར་ཟས་སྣ་ཚོགས་པ་མང་པོ་འཚོང་གིན་འདུག་པ་ལ། མི་ཚོས་དགའ་བསུ་ཆེན་མོ་བྱེད་ཀྱིན་གདའ།

དེ་ནུབ། ངེད་ཅག་རི་བོ་གྷ་ཡའི་རི་འདབས་ལ་འགྲུལ་ཁང་ཡོད་པ་དེའི་ནང་ལ་ཐོན་དུས། རྗེ་ཉིད་སྐུ་འཁོར་དང་བཅས་སྔ་མོ་ནས་ཕེབས་འབྱོར་ཏེ་བཞུགས་གདན་འཇགས་འདུག

རི་བོ་གྷ་ཡ་ནི་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་ཉིད་མངོན་པར་རྫོགས་པར་སངས་རྒྱས་ནས། རིང་པོར་མ་ལོན་པའི་དུས་སུ་ཆོས་གསུང་སའི་གནས་ཤིག་རེད། འཕགས་པ་ག་ཡཱ་གོའི་རི་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ་དེ་གནས་འདི་ཉིད་དུ་སྟོན་པ་ཐུགས་རྗེ་ཅན་གྱིས་གསུངས། དུས་ཚོད་ཤིན་ཏུ་འཕྱི་མོར་གྱུར་སྟབས། རི་དེ་ལ་འཛེགས་ཐབས་མ་བྱུང་བས། འགྲུལ་ཁང་དེའི་སྒེའུ་ཁུང་ནང་ནས་རྒྱང་རིང་གི་རི་བོ་གྷ་ཡ་ལ་མཇལ་ཏེ། སྟོན་པ་ཐུགས་རྗེ་ཅན་ཉིད་ཀྱིས་ཤུལ་དུ་བསྐྱུར་བའི་བྱིན་རླབས་ཀྱི་དྲོད་ཁོལ་རེ་སེམས་ཀྱིས་མྱོང་ཐབས་བྱས་པ་ཡིན།

༡༩༩༠ ལོའི་ཟླ་༡༠ ཚེས་༢༩ །

མདོའི་ནང་ནས་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་ཤཱཀྱ་ཐུབ་པ་ཉིད་ཀྱི་གནས་ཆེན་ཁག་བཞི་སྟེ་སྟོན་པ་སྐུ་བལྟམས་ས་དང་། མངོན་པར་རྫོགས་པར་འཚང་རྒྱ་ས། ཆོས་ཀྱི་འཁོར་ལོ་བསྐོར་ས། སྐུ་མྱ་ངན་ལས་འདའ་ས་བཅས་བཞི་ལ་དད་འདུན་ཆེན་པོས་མཇལ་བསྐོར་ཞུས་ན་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད་གསུངས། དེ་ཡང་འདུལ་བ་ཕྲན་ཚེགས་ཀྱི་གཞི་ལས། ས་ཕྱོགས་འདི་བཞི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་ཅན་རྣམས་ཀྱིས་ཇི་སྲིད་འཚོའི་བར་དུ་འགྲོ་བར་བྱ་ཞིང་དྲན་པར་བྱའོ། །བཞི་གང་ཞེ་ན། བཅོམ་ལྡན་འདས་འདིར་ནི་འཁྲུངས་སོ། །བཅོམ་ལྡན་འདས་འདིར་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །བཅོམ་ལྡན་འདས་ཀྱིས་འདིར་ནི་ལན་གསུམ་དུ་བཟླས་ཏེ་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་སུ་བསྐོར་ཏོ། །བཅོམ་ལྡན་འདས་འདིར་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པ་སྟེ། དགེ་སློང་དག་ང་འདས་པའི་འོག་ཏུ་མཆོད་རྟེན་བསྐོར་བ་དང་། མཆོད་རྟེན་ལ་ཕྱག་འཚལ་བར་འོངས་པ་རྣམས་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །བཅོམ་ལྡན་འདས་འདིར་ནི་འཁྲུངས་སོ། །བཅོམ་ལྡན་འདས་འདིར་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །བཅོམ་ལྡན་འདས་ཀྱིས་འདིར་ནི་ལན་གསུམ་དུ་བཟླས་ཏེ་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་སུ་བསྐོར་ཏོ། །བཅོམ་ལྡན་འདས་འདིར་ནི་ཕུང་པོ་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ་ཞེས་བྱ་བའི་བར་དག་ཡིན་ཏེ། ཁ་ཅིག་ནི་ང་ལ་སེམས་དད་པས་དུས་བྱས་པ་དེ་ཐམས་ཅད་མཐོ་རིས་སུ་འགྲོའོ། །ཞེས་གསུངས་ཤིང་། མདོ་ལ་ལའི་ནང་དུ་གནས་བཞི་པོ་འདི་དག་བསྐོར་བས་མཚམས་མེད་པའི་སྡིག་པ་ཡང་འདག་ནུས་པར་གསུངས་པ་དང་། མདོ་གཞན་ལས་སྟོན་པ་བཅོམ་ལྡན་འདས་ཉིད་དངོས་སུ་ཞལ་མཇལ་བ་དང་ཁྱད་པར་མེད་གསུངས་པའི་རྒྱུ་མཚན་གྱིས། སྟོན་པ་ཐུགས་རྗེ་ཅན་ཉིད་ཀྱི་གནས་ཆེན་ཁག་བཞི་ལ་མཇལ་གཟིགས་གནང་བར་འབྱོན་རྒྱུ་ནི། ཆོས་ཀྱི་རྗེ་ཉིད་ཐེངས་འདིར་རྒྱ་གར་འཕགས་པའི་ཡུལ་ལ་ཕེབས་པའི་དགོངས་པ་གཙོ་བོ་ཡིན་པ་རེད།

གྷ་ཡ་ནས་སྟོན་པ་ཐུགས་རྗེ་ཅན་འཚང་རྒྱ་སའི་གནས་རྡོ་རྗེ་གདན་(Bodhgaya) ལ་སྤྱི་ལེ་༡༥ ཙམ་ལས་འགྲོ་མི་དགོས། ཆོས་ཀྱི་རྗེ་ཉིད་རྡོ་རྗེ་གདན་ལ་སླེབས་མ་ཐག་བྱང་ཆུབ་ལྗོན་ཤིང་གི་བསིལ་གྲིབ་འོག་ལ་ཕེབས་ཏེ། བཟང་པོ་སྤྱོད་པའི་སྨོན་ལམ་གསུངས་ནས་ཐུགས་བསྐྱེད་སྨོན་ལམ་རྒྱ་ཆེར་གནང།

སྐུའི་སྐྱེ་བ་འདིར་བདག་ཅག་གི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད། མངོན་པར་རྫོགས་པར་འཚང་རྒྱ་སའི་གནས་འདིར་ཕེབས་པ་ན། ཆོས་ཀྱི་རྗེ་ཉིད་ཀྱི་ཐུགས་ལ་གཡོ་འགུལ་ཆེན་པོ་ཐེབས་པའི་ཚུལ་མཛད་ཅིང་། གནས་འདིའི་རྩྭ་རྩི་ཤིང་གསུམ་ཐམས་ཅད་ལ་གཟིགས་བཞིན། སྟོན་པ་ཐུགས་རྗེ་ཅན་གང་ཉིད་སློབ་པ་ལམ་ལ་གནས་པའི་དུས་སུ། སྙིགས་མ་ལྔ་བདོ་བའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཐུགས་སྙིང་རྗེ་ཆེན་པོས་སྨོན་ལམ་རྒྱ་ཆེན་པོ་གནང་བར་མ་ཟད། དབུ་སྤྱན་ཤ་ཁྲག་སོགས་ལན་གྲངས་བགྲང་གིས་མི་ལང་བར་སྦྱིན་པ་བཏང་བའི་མཛད་པ་རྨད་དུ་བྱུང་བ་ལ་རྗེས་དྲན་བྱས་ནས། ཐུགས་རང་དབང་མེད་པར་ཡུན་རིང་མོ་ལ་བཤུམ་མོ་མཛད།

ཕྱི་དྲོར། བྱང་ཆུབ་ལྗོན་ཤིང་འོག་གི་རྡོ་རྗེ་གདན་ལ་མཇལ་གཟིགས་མཛད་པ་དང་། འདི་སྐབས་ཆོས་ཀྱི་རྗེ་ཉིད་ཀྱི་མཁྱེན་རབ་རྒྱ་མཚོའི་ཀློང་དབྱིངས་ནས་སྨོན་ལམ་རྒྱ་མཚོའི་ཡང་སྙིང་ཀུན་བཟང་ཞིང་གི་ཉི་མ་བྱ་བ་གློ་བུར་དུ་བརྡོལ་བྱུང་བར་མ་ཟད། ཉིད་ཀྱི་དཔལ་གྱི་མགུལ་ལས་རྡོ་རྗེ་མགུར་མའི་དབྱངས་རྟ་ལ་འདྲེན་པའི་ཚུལ་གྱིས་གསུངས་པ་ན། ངས་རྗེ་ཉིད་ཀྱི་ཟུར་ནས་སྒྲ་བླངས་ཤིང་ཡི་གེར་བཀོད། དེ་ཡང་འདི་སྐད་དུ།

༄༅། །སྨོན་ལམ་རྒྱ་མཚོའི་ཡང་སྙིང་ཀུན་བཟང་ཞིང་

གི་ཉི་མ་ཞེས་བྱ་བ་བཞུགས།

བགྲང་ཡས་ཚོགས་ཟུང་དཔལ་གྱིས་བསྐྲུན་པའི་སྐུ། །

ཡན་ལག་དྲུག་ཅུ་ལྡན་པ་ཚངས་དབྱངས་གསུང་། །

སྟོབས་བཅུའི་ཡོན་ཏན་ཀུན་ནས་རྫོགས་པའི་ཐུགས། །

ཐུབ་དབང་ལྷ་ཡི་ལྷ་མཆོག་དགོངས་སུ་གསོལ། །

སྡུག་བསྔལ་གསུམ་གྱིས་ཆེས་ཆེར་མནར་བའི་ཚོགས། །

གང་གིས་བརྩེ་ཆེན་ཐུགས་རྗེས་ཉེ་བར་བཟུང་། །

དོན་གཉིས་འདོད་པ་ཡིད་བཞིན་འཇོ་བའི་ཕྱིར། །

བླ་མེད་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ལྟར། །

བདག་ཀྱང་མཁའ་མཉམ་འགྲོ་ཀུན་མ་སྟོངས་བར། །

རང་དོན་ཞི་བདེའི་དཔལ་ལ་མི་ཆགས་པར། །

གཞན་ཕན་ལྷག་པའི་བསམ་སྤྱོད་རྒྱན་བཞིན་བསྟེན། །

འཇུག་པར་བྱའོ་སྲིད་པའི་གྲོང་ཁྱེར་ལ། །

སྐྱེ་བ་ཀུན་ཏུ་ཡབ་གཅིག་མཁྱེན་པའི་གཏེར། །

འཇམ་དཔལ་དཔའ་བོས་དགྱེས་བཞིན་རྗེས་སུ་བཟུང་། །

ཀུན་ཏུ་བཟང་པོའི་སྨོན་ལམ་ལས་བསྟན་པའི། །

བྱང་ཆུབ་སྤྱོད་པ་རྒྱ་མཚོ་མཐར་ཕྱིན་ཤོག །

མ་འོངས་རྣམ་འདྲེན་དགུ་བརྒྱ་དགུ་བཅུ་དྲུག །

ཞིང་འདིར་མངོན་འཚང་རྒྱ་བའི་ཚུལ་སྟོན་ཚེ། །

རྟག་ཏུ་ཞབས་འབྲང་ཉེར་གནས་མཆོག་ཏུ་གྱུར། །

རླབས་ཆེན་ཕྲིན་ལས་སྤེལ་བའི་མཐུ་ཐོབ་ཤོག །

བཟང་ངན་ལས་ཀྱིས་འབྲེལ་བའི་སེམས་ཅན་རྣམས། །

ཚེ་འདི་འཕོས་ཚེ་བདེ་ཆེན་ཞིང་དུ་སྐྱེས། །

འོད་མཚན་སྟོང་འབར་གསུང་གི་ལུང་བསྟན་ཐོབ། །

མཁྱེན་བརྩེ་ནུས་པའི་རྩལ་ཆེན་རྫོགས་པར་ཤོག །

དྲི་མེད་རྒྱལ་བསྟན་དར་ཞིང་ཡུན་དུ་གནས། །

རིས་མེད་འགྲོ་རྣམས་ཕན་བདེའི་དཔལ་གྱིས་འཚོ། །

དུས་ཀུན་ཡིད་ལ་སྨོན་པ་འདི་ཁོ་ན། །

མཐུན་འགྱུར་གསུང་གི་དབུགས་དབྱུང་དེང་འདིར་སྩོལ། །

བཀྲ་ཤིས་གང་ཞིག་ཕུན་ཚོགས་སྡེ་བཞིའི་གཏེར། །

མ་ལུས་སྐྱེ་དགུའི་ཉེར་འཚོའི་གསོས་སུ་སྨིན། །

མི་ཤིས་རྒུད་པ་བཙལ་ཀྱང་མི་རྙེད་པའི། །

དགེ་ལེགས་སྣང་བས་ས་གསུམ་ཁྱབ་པར་ཤོག །

ཅེས་ཡུལ་དབུས་རྡོ་རྗེ་གདན་བྱང་ཆུབ་ཤིང་གིས་བརྒྱན་པ། དེ་བཞིན་གཤེགས་པའི་ཁྲི་དྲུང་དུ་ངག་དབང་བློ་གྲོས་མཚུངས་མེད་པས་སྨོན་པ་དེ་བཞིན་དུ་འགྲུབ་པར་རྒྱལ་བ་སྲས་བཅས་རྣམས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། སྒྲ་ཕབ་འཁོར་ལོ་ལས་བདག་གུས་སློབ་བསོད་དར་རྒྱས་ཀྱིས་དེ་ལྟར་སྨོན་བཞིན་ཡི་གེར་བཀོད་པ་དགེའོ། །རབ་བྱུང་བཅུ་བདུན་པའི་ལྕགས་རྟ་ཟླ་༩ ཚེས་༡༠ ། ཕྱི་ལོ་༡༩༩༠ ཟླ་༡༠ ཚེས་༢༩ ལའོ། །

ཞེས་གསུངས།

དེ་དུས་ངས་དཔེ་བཤུས་པའི་སྨོན་ལམ་རྒྱ་མཚོའི་ཡང་སྙིང་།

སྨོན་ལམ་རྒྱ་མཚོའི་ཡང་སྙིང་འདི་ལ་ཚིག་ཚོགས་རྒྱ་ཆེན་པོ་མེད་ན་ཡང་དར་ཁྱབ་ཤིན་ཏུ་རྒྱ་ཆེན་མོ་བྱུང་ཞིང་། ཕྱིས་སུ་ང་འཛམ་བུ་གླིང་གི་རྒྱལ་ཁབ་མང་པོར་ཆོས་འཆད་ལ་འགྲོ་སྐབས། ནང་པའི་གདན་ས་དང་ཆོས་ཚོགས་མང་པོས་སྨོན་ལམ་འདི་གསུངས་ནས་བསྔོ་སྨོན་མཛད་ཀྱིན་འདུག་པ་མཐོང་བས། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྨོན་ལམ་གྱི་སྟོབས་ཟེར་བ་འདི། བསམ་གྱིས་མི་ཁྱབ་པ་ཞིག་ཡིན་པའི་ངེས་ཤེས་ཆེན་པོ་འདྲོངས།

ཆོས་ཀྱི་རྗེ་ཉིད་ཀྱི་ཞལ་ནས་སྨོན་ལམ་འདིའི་མཇུག་བྱང་གི་ཡིག་ཆུང་གསུངས་སྐབས། ང་ལ་སྡོམ་བརྩོན་སྡེ་སྣོད་འཛིན་པའི་མཁན་པོ་བསོད་དར་རྒྱས་ཞེས་འབྲི་དགོས་གསུངས་ཀྱང་། ངས་མཚན་གནས་དེ་ཧ་ཅང་ཆེ་དྲགས་འདུག་བསམས་ནས། ཡི་གེར་འབེབས་པའི་དུས་སུ་གུས་སློབ་བསོད་དར་རྒྱས་ཞེས་པ་རུ་བཅོས་ནས་བྲིས་པ་གཟིགས་ཏེ། རྗེ་ཉིད་ཀྱིས་ང་ལ་ཞལ་མཚར་དུ། གཞན་ལ་ཡི་གེར་འབེབས་བཅུག་པའི་དུས་སུ་ངས་མཚན་གནས་གང་ཡང་མ་གླེང་ཡང་། ཁོ་ཚོས་རང་མོས་ཀྱིས་སྣོན་བཞིན་འདུག ཁྱོད་ལ་ནི་འབྲི་དགོས་ཞེས་བཤད་ཀྱང་འབྲི་བར་མི་འདུག་གསུངས།

དེ་རྗེས་ཆོས་ཀྱི་རྗེ་ཉིད་སྟོན་པ་ཐུགས་རྗེ་ཅན་ཤཱཀྱ་ཐུབ་པ་གང་ཉིད་ཀྱི་ཞབས་རྗེས་མཇལ་དུ་ཕེབས་ཤིང་། སྟོན་པ་ཐུགས་རྗེ་ཅན་གྱི་ཞབས་རྗེས་ལ་དག་མ་དང་རྫུན་མ་གཉིས་ཀ་ཡོད་པར་འདུག་ཀྱང་། ངེད་ཅག་གིས་དག་མ་རང་མཇལ་རྒྱུ་བྱུང་བས་སྐལ་བ་ཤིན་ཏུ་བཟང་པོ་བྱུང་། ངེད་ཚོས་ད་དུང་སྟོན་པའི་ཞབས་རྗེས་དེ་རས་སེར་པོ་ཞིག་གི་ངོས་ལ་དཔར་ནས་ཕྱིར་ཁྱེར་བ་ཡིན།

ཆོས་ཀྱི་རྗེ་ཉིད་རྡོ་རྗེ་གདན་ལ་བཞུགས་པའི་དུས་སུ་ཉི་མ་རེ་རེ་བཞིན། ཉེ་འཁོར་དུ་གནས་ཁྱད་པར་ཅན་ཡོད་པ་དག་ལ་མཇལ་གཟིགས་སུ་ཕེབས་པར་མ་ཟད། སྔ་དགོང་ལ་ཁོམ་ལོང་རེ་བྱུང་ཚེ་བྱང་ཆུབ་མཆོད་རྟེན་ཆེན་མོའི་དྲུང་དུ་བྱོན་ཏེ། བཟང་པོ་སྤྱོད་པའི་སྨོན་ལམ་གྱིས་རྒྱས་བཏབ་ནས་ཐུགས་བསྐྱེད་སྨོན་ལམ་གང་ཟབ་གནང། མཚམས་ལ་ལར་ངེད་ཅག་བྱང་ཆུབ་མཆོད་རྟེན་ཆེན་མོར་སྐོར་བ་བྱེད་ཞོར་དུ། བཟང་པོ་སྤྱོད་པའི་སྨོན་ལམ་གྱི་ཚིགས་སུ་བཅད་པ་གཅིག་སྟེ། ལས་ཀྱི་སྟོབས་རྣམས་ཡོངས་སུ་དག་བྱེད་ཅིང་། །ཉོན་མོངས་སྟོབས་རྣམས་ཀུན་ཏུ་འཇོམས་པར་བྱེད། །བདུད་ཀྱི་སྟོབས་རྣམས་སྟོབས་མེད་རབ་བྱེད་ཅིང་། །བཟང་པོ་སྤྱོད་པའི་སྟོབས་ནི་རྫོགས་པར་བགྱི། །ཞེས་གསུངས་པ་དེ་སྐད་ཆེན་པོར་འདོན་དུ་བཅུག་པར་མཛད།

རྒྱ་གར་ལ་ཚ་བ་ཤིན་ཏུ་ཆེ་བའི་རྐྱེན་གྱིས་ཆོས་ཀྱི་རྗེ་ཉིད་ལ་ཡི་ག་ཡག་པོ་མེད་པའི་ཚུལ་མཛད་པའི་སྟེང་ལ། དེ་སྔོན་གྱི་མཛད་རིམ་ཁག་ལས་སྐུ་ངལ་མང་པོ་བསྐྱོན་དགོས་བྱུང་བར་བརྟེན། སྐུ་ལུས་ཀྱི་ལྗིད་ཚད་ལས་རྒྱ་མ་ཉི་ཤུ་སུམ་ཅུ་ལྷག་ཇེ་ཆུང་དུ་སོང་ཞིང་། ཆོས་ཀྱི་རྗེ་ཉིད་ཀྱིས་ཞལ་ཀྱལ་གྱི་ཚུལ་དུ། ངའི་ལུས་པོ་ཧ་ཅང་རིད་འདུག་པས། གཞན་གྱི་སྐྱོར་མ་ཡང་མི་དགོས་པར་ང་རང་ལ་བརྟེན་ནས་རྐང་ཐང་དུ་འགྲོ་ཐུབ་པར་མ་ཟད། ཐ་ན་ཕྱག་ཀྱང་འཚལ་ཐུབ་ཀི་འདུག་ཅེས་གསུངས་པ་དང་། བྱང་ཆུབ་མཆོད་རྟེན་ཆེན་མོ་ལ་བསྐོར་བ་བྱེད་དུ་འབྱོན་སྐབས། རྗེ་ཉིད་སྐུ་ཤིན་ཏུ་ཡང་བའི་ཚུལ་གྱིས་ཞབས་ཐང་དུ་བྱོན་པ་མཐོང་ནས། ངེད་སྐུ་འཁོར་རྣམས་ཀྱི་སེམས་ལ་དགའ་སྤྲོ་ཆེན་མོ་སྐྱེས་དགོས་པ་བྱུང་། ཆོས་ཀྱི་རྗེ་ཉིད་ཀྱི་ཞབས་རྗེས་འབྲང་བའི་ལོ་འདི་འདྲའི་མང་པོའི་རིང་། སྐབས་དེ་དུས་ནི་རྗེ་ཉིད་ཀྱི་སྐུ་ཤ་ཆེས་ཆུང་པོར་གྱུར་པའི་དུས་སྐབས་ཤིག་ཡིན་པ་དང་། ཕྱག་གི་དཔུང་པ་ཤིན་ཏུ་ཕྲ་བར་གྱུར་ནས་འདུག་ཀྱང་། སྐུའི་བདེ་ཐང་ལ་ནི་ཅི་ཡང་མ་གནོད།

ཐེངས་ཤིག ཆོས་ཀྱི་རྗེ་ཉིད་བྱང་ཆུབ་ལྗོན་ཤིང་གི་འོག་རོལ་ཏུ་བཞུགས་ནས། ངེད་སྐུ་དྲུང་དུ་འཁོད་པའི་འཁོར་ཚོགས་ཐམས་ཅད་བསྡུས་ཏེ་ཞལ་ནས། མ་འོངས་པ་ན་གནས་ཆེན་རྡོ་རྗེ་གདན་འདི་ནས་ང་སངས་རྒྱས་ལེགས་པར་སྣང་བའི་དཔལ་ཞེས་བྱ་བར་འཚང་རྒྱ་རྒྱུ་ཡིན་ལ། དེའི་ཚེ་ང་དང་མཉམ་དུ་བསྟན་འགྲོའི་དོན་སྒྲུབ་པ་ལ་མོས་པ་ཡོད་མཁན་ཁྱེད་རང་ཚོའི་ཁྲོད་ན་སུ་ཡོད་ཅེས་བཀའ་བསྩལ་བའི་ཚེ། དེར་འདུས་ཀྱི་འཁོར་སློབ་ཚང་མས་དགའ་མགུ་ཡི་རང་དང་བཅས་ཏེ་ལག་པ་བཀྱགས་ནས། ངེད་ཚོ་ཚང་མ་ལ་མོས་པ་བླ་ལྷག་ཏུ་ཡོད་ཅེས་ཞུས་ཙ་ན། རྗེ་ཉིད་ཀྱིས་ཞལ་འཛུམ་པ་དང་བཅས་ཏེ་བཀའ་གནང་དོན། འོ་ད་རྟེན་འབྲེལ་ལེགས་བྱུང་། སྨོན་ལམ་གྱི་སྟོབས་ཟེར་བ་དེ་ལ་ནུས་མཐུ་བསམ་གྱིས་མི་ཁྱབ་པ་ཡོད་པས། དེ་རིང་ཁྱེད་རྣམས་ཀྱིས་གསོལ་བ་དང་སྨོན་ལམ་བཟང་པོ་ནན་ཏན་དུ་ཐོབ་དང་། མ་འོངས་པ་ན་ང་འཚང་རྒྱ་བའི་ཚེ། འཁོར་གྱི་ཐོག་མར་སྐྱེ་བར་འགྱུར་ངེས། ཁྱེད་རྣམ་པ་ལ་འཁོར་བ་སྒྱུ་མའི་གྲོང་ནས་གནས་སྐབས་སུ་བདེ་སྡུག་གི་ཚོར་བ་འགའ་རེ་མྱོང་དགོས་ཐུག་ནའང་། མཐར་གནས་འདིར་འཛོམས་ཏེ་ཐེག་པ་ཆེན་པོའི་ཆོས་ཚུལ་རྒྱ་མཚོ་ལ། ང་དང་མཉམ་དུ་ལོངས་སུ་སྤྱོད་པར་འགྱུར་བ་ཡིན་ཞེས་གསུངས།

ཆོས་ཀྱི་རྗེ་ཉིད་རྡོ་རྗེ་གདན་ལ་ཉི་མ་ལྔ་རུ་ཞལ་བཞུགས་མཛད་པ་ཡིན་ཞིང་། གནས་འདི་ནི་ནང་པ་སངས་རྒྱས་པའི་གནས་ཆེན་ཆེས་ཁྱད་པར་ཅན་ཞིག་ཡིན་པ་དང་། ཕྱིན་ཆོད་འདི་རུ་ཡོང་ཐུབ་མིན་ཡང་བཤད་ཤིན་ཏུ་དཀའ་བའི་རྐྱེན་གྱིས། གོ་སྐབས་འདི་ཆུད་ཟོས་སུ་ཅིས་ཀྱང་གཏོང་མི་རུང་བསམས་ནས། ང་རང་ཉིན་མོ་ཁོམ་ལོང་བྱུང་མ་ཐག་བྱང་ཆུབ་མཆོད་རྟེན་ཆེན་མོའི་དྲུང་དུ་སོང་ནས་བཟང་པོ་སྤྱོད་པའི་སྨོན་ལམ་བཏོན་ཞིང་། ཉེ་འཁོར་གྱི་གཙུག་ལག་ཁང་ལ་སྐོར་བ་གང་མང་བྱས་པ་དང་། མཚན་མོར་རྗེ་ཉིད་གཟིམས་ཚར་རྗེས་སླར་ཡང་བྱང་ཆུབ་མཆོད་རྟེན་ཆེན་མོའི་དྲུང་དུ་སོང་ནས་ཕྱག་སྐོར་དང་། གསོལ་འདེབས་སྨོན་ལམ་གང་ཤེས་བྱས།

དགོང་མོ་ཆུ་ཚོད་བཅུ་གཅིག་གི་ཐོག་ནས་རྡོ་རྗེ་གདན་གྱི་སྒོ་རྒྱག་གི་འདུག་ལ། ང་ནང་དུ་བསྡད་ནས་གསོལ་འདེབས་སྨོན་ལམ་ཅི་ཤེས་བྱེད་པ་ལས་ཕྱི་ལ་མ་སོང་ཞིང་། གཉིད་ཀྱིས་ཤིན་ཏུ་མནར་ཡོང་བའི་དུས་སུ་གྱང་ལ་བརྟེན་ནས་སྐར་མ་ཁ་ཤས་ལ་གཉིད་པ་དང་། གཉིད་ལས་སད་མ་ཐག་མུ་མཐུད་ནས་དགེ་སྦྱོར་ལ་འབད་པར་བྱས་པ་ཡིན། ཉི་མ་ལྔའི་རིང། ཉིན་ཐ་མའི་ཕྱིར་ཉིན་འགྲོ་དགོས་སྟབས་དུས་ཚོད་ཀྱིས་འདང་རྒྱུ་མ་རེད་བསམས་ནས་དེ་ནུབ་མ་སོང་མ་གཏོགས། ཉིན་སྔ་མ་དག་གི་མཚན་ཐོགས་ཐག་ལ་དེ་ཁོ་ན་ལྟར་བྱས་ནས་བརྩོན་འགྲུས་བརྩམས་པ་ཡིན།

སྐབས་དེ་དུས་ང་བརྩོན་འགྲུས་ཅུང་ཟད་ཆེ་བའི་སྒང་ཡིན་པ་དང་། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་དང་ཆོས་རྗེ་བླ་མ་ལ་དད་འདུན་ཤིན་ཏུ་ཆེ་བའི་རྐྱེན་གྱིས། ངས་དུས་ཚོད་དང་ལུས་ཤུགས་ཡོད་ཚད་བཏང་ནས་གསོལ་འདེབས་སྨོན་ལམ་གང་དྲགས་བྱས་ཤིང་། མཚན་གུང་ལ་ངས་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པའི་མཚན་འདོན་བཞིན་མཆོད་རྟེན་ཆེན་མོ་ལ་སྐོར་བ་གང་མང་བྱས། དེའི་ཚེ་རང་གི་གོམ་སྒྲ་ལས་གཞན་པའི་སྒྲ་ཅི་ཡང་མི་གོ་ཞིང་། མཚམས་ལ་ལར་སྟོན་པ་ཐུགས་རྗེ་ཅན་གྱི་བཀའ་དྲིན་ཡིད་ལ་དྲན་ནས་མཆི་མ་འཆོར་དགོས་པ་ཡང་མང་པོ་བྱུང་། དེ་མཚམས་བྱང་ཆུབ་ལྗོན་ཤིང་གི་འོག་གམ། ཡང་ན་སྟོན་པ་ཐུགས་རྗེ་ཅན་གྱི་ཞབས་རྗེས་ཡོད་ས་དེར་སོང་ནས་ཕྱག་མང་པོ་བཙལ་བ་ཡིན་ཞིང་། དེ་དུས་ཀྱི་དད་པ་དེ་ལ་ནུས་ཤུགས་ཧ་ཅང་དྲག་པོ་ཡོད་པའི་སྣང་བ་བྱུང་།

རྡོ་རྗེ་གདན་ལ་དུག་སྦྲང་ཧ་ཅང་མང་བས་ངའི་ལུས་པོར་འབུས་རྨུགས་ནས་དམར་འབུར་འབུར་དུ་བྱས་ནས་རྨ་ཡིས་གང་བ་དང་། ངོ་གདོང་ཡང་དེ་ལས་མ་འདས་པར་གྱུར། དེ་དུས་ཐེ་ལན་དི་ནས་ཡིན་པའི་གནས་མཇལ་བ་ཚོགས་པ་གཅིག་སླེབས་ཤིང་། ཁོ་ཚོས་གྱོན་གོས་དཀར་པོ་གཅིག་གྱུར་བྱས་ནས་གོན་འདུག་པ་དང་དགོང་ཁ་དེ་ག་རང་དུ་བསྡད་སོང་། མི་ཐམས་ཅད་ལ་རས་གུར་སྦྲང་ཡོལ་ཅན་རེ་རེ་འདུག་པ་མཐོང་བས་ཡིད་སྨོན་ལྷག་པར་དུ་སྐྱེས་བྱུང་།

རྡོ་རྗེ་གདན་གྱི་སྒོ་སྔ་མོ་ནས་འབྱེད་ཀི་ཡོད་པས། ང་ཕྱིར་ལོག་ནས་ཆོས་ཀྱི་རྗེ་ཉིད་གཟིམ་མལ་ལས་བཞེངས་པ་ལ་ཞབས་ཕྱི་ཞུ་བའི་དུས་ཚོད་འདང་ངེས་འོང་ཞིང་། མཚན་མོར་དཀའ་བ་སྤྱད་དྲགས་སོང་བའི་རྐྱེན་གྱིས་ཉིན་མོ་ལུས་ལ་སྟོབས་ཤུགས་མེད་པར་གྱུར་འདུག་ཀྱང་། སེམས་ལ་ནི་དགའ་བ་འཕེལ་བ་ལས་མི་འོང་། ཆོས་རྗེ་བླ་མ་ཉིད་ཀྱིས་ངའི་ལུས་པོ་འབུས་རྨུགས་ནས་རྨ་འབུར་བཏོད་འདུག་པ་དང་། ཐ་ན་མིག་ཀྱང་འབུས་ཟོས་ནས་ཆེར་ཕྱེ་རྒྱུ་མེད་པར་གྱུར་འདུག་པ་གཟིགས་ནས། ངའི་དད་འདུན་ལ་ཐུགས་མཉེས་ཚུལ་ཆེན་པོ་མཛད་པར་མ་ཟད། ཕྱིས་སུ་ཚོགས་མང་ནས་ཀྱང་ཅུང་ཟད་བསྟོད་མྱོང་། མཚམས་ལ་ལར་ཁ་སང་འབུས་ག་ཚད་ཅིག་ཟོས་སོང་ཞེས་ཞལ་ཀྱལ་གྱི་ཚུལ་དུ་ང་ལ་ཐུགས་བརྩེ་བ་ཆེན་པོས་དྲི་བར་མཛད་པ་རེད།

ཉིན་དེ་དག་གི་རིང་སེམས་དགའ་བ་ལ་ཚད་ཅིག་མ་བྱུང་། དེ་སྔོན་གྱི་མཛད་རིམ་ཐམས་ཅད་ལ་ཉིན་མཚན་མེད་པར་ལམ་ནས་བྲེལ་འཚུབ་ཀྱིས་འགྲོ་དགོས་པ་ཁོ་ན་བྱུང་ཞིང་། དེ་སྐབས་གསོལ་འདེབས་སྨོན་ལམ་གང་ཤེས་བྱེད་ཆོག་པའི་དུས་ཚོད་ཤིན་ཏུ་རྙེད་དཀའ་བ་རྣམས། རང་ཉིད་ཁོ་ན་ལ་དབང་ཐུབ་པ་བྱུང་བས་སྐལ་བ་ཤིན་ཏུ་བཟང་སྙམ་པ་བྱུང་། གལ་སྲིད་མ་འོངས་པར་གོ་སྐབས་རེ་ལྡན་སོང་ན། ཡང་བསྐྱར་དེ་རུ་ཐེངས་གཅིག་འགྲོ་བའི་བསམ་པ་ཤུགས་ཆེན་པོ་ཡོད་པར་མ་ཟད། སྔོན་འགྲོ་འབུམ་ལྔ་ཚར་གཅིག་གསོག་ཅིང་། བཟང་པོ་སྤྱོད་པའི་སྨོན་ལམ་དང་འཇམ་དཔལ་མཚན་བརྗོད་ཚར་བརྒྱ་རེ་འདོན་པ་སོགས་འཆར་གཞི་མང་པོ་སེམས་ལ་བཀོད་ཡོད། སྐབས་དེར་རྡོ་རྗེ་གདན་ལ་ཡོད་དུས། ངས་བོད་རིགས་དད་ལྡན་མང་པོས་གནས་དེ་ནས་གསོལ་བ་སྨོན་ལམ་བྱེད་ཀྱིན་འདུག་པ་མཐོང་ཞིང་། ཁོ་ཚོ་དགོང་ཁ་རྡོ་རྗེ་གདན་གྱི་ཉེ་ས་ཞིག་ལ་བསྡད་ནས། ཉིན་མོ་བྲོ་རྒྱགས་ཅུང་ཟད་ཁྱེར་ཏེ་ཉིན་ཧྲིལ་བོར་རྡོ་རྗེ་གདན་མཆོད་རྟེན་གྱི་དྲུང་དུ་བསྡད་ནས། ཕྱག་སྐོར་བྱེད་བཞིན་འདུག་པས། ཆོས་ཀྱི་ཉམས་ལེན་གྱིས་ཕྱུག་པའི་འཚོ་བ་དེ་ལ་ཡིད་ཤིན་ཏུ་སྨོན་དགོས་པ་བྱུང་།

ལོ་རབས་དེ་དག་གི་ནང་རྡོ་རྗེ་གདན་ལ་གནས་སྐོར་དུ་ཡོང་བའི་རྒྱ་རིགས་མང་ཚོགས་ཅུང་ཟད་ཉུང་ཡང་། ད་ལྟ་ནི་དེ་རུ་ལོ་རེ་བཞིན་ཆོས་ཚོགས་འདྲ་མིན་མང་པོ་འཚོགས་རྒྱུ་ཡོད་པར་འདུག་པས། མཇལ་སྐོར་ལ་སླེབས་པའི་རྒྱ་རིགས་དད་ལྡན་གྱི་གྲངས་ཀ་ཡང་ཇེ་མང་ནས་ཇེ་མང་ལ་འགྲོ་བཞིན་འདུག ངས་བསམས་ན་གནས་ཆེན་གཞན་རྣམས་ཀྱང་ཤིན་ཏུ་གལ་ཆེ་བ་ཡིན་པ་སྨོས་མ་དགོས་མོད། འོན་ཀྱང་རྡོ་རྗེ་གདན་ལ་འགྲོ་བ་ནི་གཙོ་བོའི་ནང་གི་གཙོ་བོ་ཆེས་ཁྱད་པར་ཅན་ཡིན་ཏེ། དེ་ནི་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་ཉིད་མངོན་པར་རྫོགས་པར་འཚང་རྒྱ་སའི་གནས་ཁྱད་པར་ཅན་ཡིན་པའི་ཕྱིར་རོ། །

ང་རང་ཤིན་ཏུ་ཆུང་དུས་ནས་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་ལ་དད་འདུན་བརྟན་པོ་ཡོད་པ་དང་། ཆོས་ཀྱི་རྗེ་ཉིད་ཀྱི་ཞབས་རྗེས་འབྲངས་ནས་རྡོ་རྗེ་གདན་ལ་སླེབས་རྗེས། དད་འདུན་དེའི་ནུས་སྟོབས་སྔར་ལས་ཀྱང་ཤུགས་ཇེ་ཆེར་འཕེལ། ཕྱིས་སུ་རྗེ་ཉིད་ཀྱིས་སྒར་ནས་ཐུབ་ཆོག་རྒྱབ་ཆོས་པདྨ་དཀར་པོའི་ཆོས་ཁྲིད་རྒྱས་པ་ཞིག་གསུངས་ཤིང་། སྟོན་པ་ཐུགས་རྗེ་ཅན་གྱི་སྙིང་རྗེ་ཆེན་པོའི་སྐོར་ནས་གསུངས་པའི་སྐབས་ཐམས་ཅད་དུ། ཐུགས་རང་དབང་མེད་པར་གྱུར་པའི་ཚུལ་གྱིས་ཡུན་རིང་སྤྱན་ཆབ་བསིལ་ནས་བཤུམ་མོ་དྲག་པོ་མཛད་པའི་རྣམ་པ་དེས། ང་ལ་སེམས་འགུལ་ཆེན་མོ་ཐེབས་ཤིང་། ལོ་བཅུ་སྐོར་ཞིག་གི་གོང་ལ། ང་སྨན་ཁང་དུ་སྡོད་སྐབས་སྨན་པས་ཉེན་ཁ་ཤིན་ཏུ་ཆེ་ཚུལ་གྱི་བརྡ་ཁྱབ་སྤྲད་སོང་བས་རྐྱེན་བྱས་ཏེ། ལྷག་ལུས་ཀྱི་དུས་ཚོད་དེ་དག་ཆུད་ཟོས་སུ་གཏོང་མི་རུང་བསམས་ནས་ཐུབ་ཆོག་རྒྱབ་ཆོས་པདྨ་དཀར་པོ་རྒྱ་ཡིག་ཏུ་བསྒྱུར་པ་ཡིན་ཞིང་། བསམ་ཡུལ་ལས་འདས་པ་ཞིག་ལ། སྟོན་པ་ཐུགས་རྗེ་ཅན་གྱི་བྱིན་རླབས་ལ་བརྟེན་ནས། ང་ཉེན་ཁ་དེ་ལས་ཐར་ཏེ་ད་ལྟའི་བར་དུ་བདེ་མོའི་ངང་གསོན་པོར་བསྡད་ནས་ཡོད་དོ། །

༡༩༩༠ ལོའི་ཟླ་༡༠ ཚེས་༣༠ །

སྔ་དྲོར། ཆོས་ཀྱི་རྗེ་ཉིད་རྡོ་རྗེ་གདན་ལ་ཡོད་པའི་མཆོད་རྟེན་མ་ཧཱ་བོ་དྷི་སྟེ་བྱང་ཆུབ་མཆོད་རྟེན་ཆེན་མོའི་(Mahabodhi Temple)དྲུང་དུ་ཕེབས་ཤིང་། མཆོད་རྟེན་གྱི་ནང་ལ་བདག་ཅག་གི་སྟོན་པ་རྒྱལ་བ་ཤཱཀྱ་ཐུབ་པ་ཉིད་ཀྱི་སྐུ་ཚད་དང་མཉམ་པའི་རྟེན་སྐུ་བྱིན་རླབས་ཤིན་ཏུ་ཆེན་པོ་ཡོད་པ་དེ་ལ་མཇལ་ཕྱག་ཞུས།

ལོ་རྒྱུས་ཡིག་ཚང་ཁག་ཏུ་འཁོད་པ་ལྟར་ན། མི་ལོ་༢༥༠༠ ལྷག་གི་ཡར་སྔོན་ཞིག་ལ། བཟོ་བོའི་རྒྱལ་པོ་བི་ཤཱ་ཀརྨས་ལྷ་ཡུལ་གྱི་རིན་པོ་ཆེ་ལྔ་དང་མི་ཡུལ་གྱི་རིན་པོ་ཆེ་ལྔ་མེ་ལ་བཞུས་ཏེ། སྟོན་པ་དགུང་ལོ་བརྒྱད་ལ་ཕེབས་པའི་སྐུ་ཚད་ཅན་ཞིག་དང་། དགུང་ལོ་བཅུ་གཉིས་ལ་ཕེབས་པའི་སྐུ་ཚད་ཅན། དགུང་ལོ་ཉེར་ལྔ་ལ་ཕེབས་པའི་སྐུ་ཚད་ཅན་ཞིག་སྟེ་སྐུ་གསུམ་བཞེངས་པ་ལ། སྟོན་པ་མཆོག་གིས་སྐུ་དངོས་སུ་རབ་གནས་མཛད་ཅིང་། སྐུ་དེ་གསུམ་སྟོན་པ་ཉིད་དང་ཁྱད་པར་ཅི་ཡང་མེད་ཅེས་ལུང་དུ་བསྟན། དེའི་ནང་གི་སྟོན་པ་དགུང་ལོ་ཉེར་ལྔ་ལ་ཕེབས་པའི་སྐུ་ཚད་ཅན་དེ་བྱང་ཆུབ་མཆོད་རྟེན་ཆེན་མོའི་ནང་དུ་བཞུགས་པ་འདི་ཡིན་པར་གྲགས། སྐུ་འདིའི་འབྱུང་ཁུངས་ལ་བཤད་ཚུལ་མི་འདྲ་བ་ཡང་ཡོད་དེ། དུས་རབས་བཅུ་གསུམ་གྱི་ནང་ལ་བྱོན་པའི་བོད་ཀྱི་མཁས་པ་ཆེན་པོ་བཅོམ་ལྡན་རིག་པའི་རལ་གྲིས་མཛད་པའི་རྡོ་རྗེའི་གདན་རྣམ་བཤད་རྒྱན་གྱི་མེ་ཏོག་ཅེས་བྱ་བའི་ནང་ལ་འདི་སྐད་གསུངས། སངས་རྒྱས་འདས་ནས་ལོ་བརྒྱ་ལོན་པ་ན་རྒྱལ་པོའི་ཁབ་ཏུ་བྲམ་ཟེ་མོ་ལོ་བརྒྱ་ཉི་ཤུ་ལོན་པ་སངས་རྒྱས་ལ་ཆོས་སྟོན་དྲངས་ཤིང་། ཆོས་མཉན་པ་གཅིག་བྱུང་སྟེ་དེ་ལ་བུ་གསུམ་ཡོད་པ་ལས་ཆེ་བ་གཉིས་ནི་མུ་སྟེགས་དང་ཆུང་བ་ནི་སངས་རྒྱས་ལ་དད་ནས་རྟག་ཏུ་རྩོད་པ་བྱེད། མས་སྨྲས་པ། འདི་ནས་བྱང་ཕྱོགས་ན་རི་བོ་གངས་ཅན་ལ་དབང་ཕྱུག་ཆེན་པོ་ཡོད་པས་དེར་དྲིས་ཤིག དེ་དག་གིས་ཕྱིན་པ་ན་དེར་དགྲ་བཅོམ་པ་ལྔ་བརྒྱ་ཙམ་ལ་བསྙེན་བཀུར་བྱེད་པ་མཐོང་ནས་ཕྱི་ནང་གཉིས་གང་བདེན་དྲིས་པས། མཐོ་རིས་ཀྱི་བདེ་བ་ནི་མུ་སྟེགས་པས་འཐོབ་སྟེ་ཐར་པ་ནི་སངས་རྒྱས་པ་ཁོ་ནས་འཐོབ་བོ་ཞེས་ཟེར་རོ། །ཞེས་གསུངས།

དེ་དག་མའི་དྲུང་དུ་ལོག་སྟེེ། ཐམས་ཅད་སངས་རྒྱས་པར་བྱས་ནས་དེའི་ཚེ་དཀོན་མཆོག་གསུམ་གྱི་རྟེན་ཉུང་བས་ཆེ་ཤོས་ཀྱིས་ནི་རྒྱལ་པོའི་ཁབ་ཏུ་སངས་རྒྱས་ཀྱི་སྐུ་ཚད་དང་མཉམ་པའི་སྐུ་ཞིག་བཞུགས་པར་བྱས་སོ། །འབྲིང་པོས་ནི་ཝཱ་ར་ཎཱ་སིར་སངས་རྒྱས་ཀྱི་སྐུ་ཤིན་ཏུ་ཆེ་བ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱག་རྒྱ་མཛད་པ་བཞུགས་པར་བྱས་སོ། །ཆུང་ཤོས་ཀྱིས་རྡོ་རྗེ་གདན་དུ་ཕྱིན་ནས་སྐུ་བྱ་བར་འདོད་པ་ན། རྨི་ལམ་དུ་བསྟན་པ། ཆུ་བོ་ནེ་རཉྫ་ནའི་འགྲམ་ན་བྱེ་མའི་འོག་ན་ཙནྡན་གོརྴི་ཥ་ཡོད་དེ། དེ་སྲང་སུམ་སྟོང་བྲམ་ཟེ་མོ་གཙང་མ་བདུན་གྱིས་རྡོ་རྗེ་གདན་དུ་བདར་ནས། རིན་པོ་ཆེ་སྣ་ཚོགས་དང་སྤོས་མང་པོ་དང་བསྲེས་ཏེ་བྱང་ཆུབ་ཀྱི་ཤིང་དྲུང་དུ་སྤུངས་ལ་ཞག་བདུན་ཞོག་ཅིག་དང་། སངས་རྒྱས་ཉིད་ཅི་འདྲ་བའི་སྐུ་འགྲུབ་བོ་ཞེའོ། །དེར་ཙནྡན་མ་རྙེད་པ་ལས་མ་ཧེ་མང་པོ་བྱེ་མའི་སྟེང་དུ་ཉལ་བ་མཐོང་སྟེ་དེ་དག་བསིལ་བར་སྡོད་པ་ལས་དཔགས་ཏེ་བཙལ་བས་རྙེད་དོ། །དེར་སྔར་བསྟན་པ་བཞིན་བྱས་ནས་ཞག་དྲུག་ལོན་པ་ན། མ་རྒན་མོ་བྱུང་སྟེ་ང་དོ་ནུབ་འཆི། སངས་རྒྱས་མཐོང་བ་གཞན་མེད་པས་འདྲ་མི་འདྲ་ང་མིན་པས་མི་ཤེས་ཀྱིས་སྒོ་ཕྱེ་ཞིག་ཟེར་རོ། །དེར་ཕྱེ་བ་ན། ཞལ་དང་དབུའི་གཙུག་ཏོར། སྤྱན། སྙན་སོགས་ལ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་བལྟ་བས་ཆོག་མི་ཤེས་པ་གཅིག་གྲུབ་ནས་འདུག་གོ །དེར་མ་ན་རེ། སངས་རྒྱས་ཀྱི་གཙུག་ཏོར་བལྟར་མི་མངོན་པ་ལ་འདི་མངོན་པ་དང་། སངས་རྒྱས་ལ་འོད་འདོམ་གང་ཡོད་པ་ལས་འདི་ལ་མེད་པ་དང་། སངས་རྒྱས་ལ་བཞེངས་བཞུད་བཞུགས་གཟིམ་སྤྱོད་ལམ་བཞི་ཡོད་པ་ལས་འདི་ལ་བཞུགས་པ་ལས་མེད་པ་དང་། ཆོས་གསུང་མི་གསུང་མ་གཏོགས་པ་ཤིན་ཏུ་འདྲའོ་ཞེས་ཟེར་རོ། །ཞག་གཅིག་ཆད་པས་ནི་དཀོན་གཉེར་བ་རྣམས་དབུ་སྐྲ་ཚོམ་བུ་གཡས་སུ་འཁྱིལ་བ་མ་ཚང་བར་འདོད་ལ། ཁ་ཅིག་ནི་ཕྱག་ཞབས་ཀྱི་མཐེའུ་ཆུང་མ་ཚང་བར་འདོད་དོ། །ཞེས་པའི་སྒྲོས་ཀྱང་གཞུང་དེ་ལས་འབྱུང་།

སྡེ་སྣོད་གསུམ་པ་ཐང་ཟན་ཙང་གིས་མཛད་པའི་ཐང་ཆེན་པོའི་ནུབ་བསྐྱོད་ལམ་ཡིག་ཅེས་པ་ལས་ཀྱང་། སྟོན་པའི་སྐུ་དེ་མི་མ་ཡིན་གྱིས་བྱས་པར་བཤད་ཀྱང་། གཏམ་རྒྱུད་ཀྱི་བྱུང་རིམ་ནི་གོང་གི་དེ་ལ་མི་འདྲ་བར་ཡོད། དེར་ཅི་ཞིག་བྲིས་ཡོད་ཅེ་ན། དེ་ཡང་རྡོ་རྗེ་གདན་དུ་སྟོན་པའི་སྐུ་ཞིག་བཞེངས་པའི་དོན་དུ་དགེ་འདུན་པ་རྣམས་ཀྱིས་ལོ་དེར་བཟོ་བ་ཡུན་རིང་མོ་ལ་བཀུག་ཀྱང་གཅིག་ཀྱང་ཡོང་མ་སྤོབས་པ་ལ། ཕྱིས་གང་ནས་ཡོང་བ་ཆ་མི་འཚལ་བའི་བྲམ་ཟེ་ཞིག་སླེབས་ནས་ཁོ་སྐུ་འདྲ་བཟོ་བ་ལ་ཤིན་ཏུ་མཁས་ཟེར། ཅི་ཞིག་དགོས་དྲིས་པ་ལ་ཁོ་ན་རེ། སྤོས་ཀྱི་འདམ་ཁོ་ནས་ཆོག་ཟེར། འོན་ཀྱང་སྐུ་བཟོ་བའི་སྐབས་ཐམས་ཅད་ལ་སྒོ་དང་སྒེའུ་ཁུང་དམ་པོར་བརྒྱབས་ཏེ་སྣང་བར་བྱེད་པ་ལ་སྒྲོན་མེ་གཅིག་ཁོ་ན་མ་གཏོགས་མི་དགོས་ཤིང་། ཟླ་བ་དྲུག་གི་རྗེས་སུ་གཟོད་སྒོ་འབྱེད་པར་ཤོག་ཅིག་ཟེར། དགེ་འདུན་པ་རྣམས་ཀྱིས་བྲམ་ཟེ་དེའི་བཤད་པ་ལ་མོས་མཐུན་གནང་ནས་བྱོན།

ཟླ་བ་དྲུག་ཚང་བ་ལ་ཉི་མ་བཞི་ལུས་ཡོད་པའི་དུས་སུ། དགེ་སྦྱོང་འགའ་ཞིག་ཡ་མཚན་པར་གྱུར་ཏེ་ལྐོག་ཏུ་སྒོ་ཕྱེས་ནས་བལྟས་པས་ཁང་པའི་ནང་ལ་སངས་རྒྱས་ཀྱི་སྐུ་ངོ་མ་དང་ཤིན་ཏུ་མཚུངས་པ། མཚན་དང་དཔེ་བྱད་ཀྱིས་བརྒྱན་པར་བྱས་པ་ལ་ནུ་མ་གཡས་པར་རྩི་མ་བྱུག་པ་ཞིག་བཞུགས་པ་ལས། མི་གཞན་ཡོད་པ་མ་མཐོང་། དེའི་ཚེ་དགེ་འདུན་པ་རྣམས་ཀྱིས་བྲམ་ཟེ་དེ་མི་ཕལ་བ་ཞིག་མིན་པར་ཤེས་ནས། འགྱོད་པས་གདུང་བཞིན་དུ་གུས་པ་ཆེན་པོའི་ངང་ཕྱག་འཚལ་ཏེ་བཟོད་གསོལ་མང་པོ་ཞུས། དེ་ནུབ་དགེ་སྦྱོང་དྲི་མ་མེད་པ་ཞིག་གི་རྨི་ལམ་ལ་བྲམ་ཟེ་ཞིག་སླེབས་ནས། ང་བྱམས་པ་མགོན་པོ་ཡིན་ཞིང་། བཟོ་བོ་ཕལ་བས་སངས་རྒྱས་ཀྱི་སྐུ་ངོ་མ་ལ་བློས་མི་དཔོག་པས་སྐུ་བཟོ་བ་ལ་དངོས་སུ་འོངས་པ་ཡིན་ཞེས་དང་། སྐུ་དེས་ས་གནོན་ཕྱག་རྒྱ་མཛད་པའི་ལོ་རྒྱུས་རྣམས་ལ་འགྲེལ་བརྗོད་དང་བཅས་ཏེ་གསུངས་པ་ཞིག་རྨིས་ཞེས་གསུངས་སོ། །

ལོ་རྒྱུས་འདི་གཉིས་ཀྱི་བྱུང་རིམ་ལ་ཁྱད་པར་ཡོད་ཀྱང་། སྐུ་དེ་སྟོན་པའི་སྐུ་དངོས་ལ་ཁྱད་མེད་གསུངས་པ་ནི་ཁ་གཅིག་མཐུན་རེད་འདུག དད་པ་ཆེན་པོ་སེམས་ལ་ཉར་ནས་ཕྱག་སྐོར་དང་གསོལ་བ་སྨོན་ལམ་ནན་ཏན་དུ་བྱས་ན། སྟོན་པ་ཐུགས་རྗེ་ཅན་གྱི་སྐུ་དངོས་མཇལ་བ་ལ་ནི་ཁྱད་མི་འདུག་པས། བྱིན་རླབས་བསམ་གྱིས་མི་ཁྱབ་པ་ཐོབ་ངེས་ཅན་རེད། ལོ་རྒྱུས་ཡིག་ཚང་ལ་ལའི་ནང་དུ་སྐུ་དེ་བཞུགས་སའི་བྱང་ཆུབ་མཆོད་རྟེན་དེ་བྲམ་ཟེ་མོའི་བུ་ཐ་ཆུང་གིས་བཞེངས་ཟེར། ལ་ལའི་ནང་དུ་ཆོས་རྒྱལ་མྱ་ངན་མེད་ཀྱིས་བཞེངས་ཀྱང་ཟེར། དོན་དུ་སུ་ཞིག་གིས་བཞེངས་པར་འདོད་རུང་། ང་ཚོས་ད་ལྟ་མཇལ་ཐུབ་པའི་བྱང་ཆུབ་མཆོད་རྟེན་ཆེན་མོ་འདི་ནི་སྔར་གྱི་དེ་མིན་པའི་འོས་སུ་འདུག

དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་རྒྱ་གར་གནས་ཆེན་ཁག་ལ་བགྲོད་པའི་ལམ་ཡིག་ལས། བར་སྐབས་ཤིག་ན་ཤིན་ཏུ་ཉམས་ཆག་ཏུ་གྱུར་པ་ལས། མ་ག་དྷའི་ཁྱིམ་བདག་འཆི་མེད་བྱ་བ་ཞིག་གིས་ཞིག་གསོས་བགྱིས་ཏེ། ད་བར་ལོ་སྟོང་ཕྲག་ལྷག་ཙམ་སོང་། དེ་ནས་སླར་ཡང་ཉམས་པ་ན། བྷར་མའི་ཡུལ་གྱི་ནང་པ་རྣམས་ནས་ཞིག་གསོས་བགྱིས་ཏེ། ད་བར་ལོ་དྲུག་བརྒྱ་ལྷག་སོང་ཞེས་གསུངས། ད་ལྟའི་བྱང་ཆུབ་མཆོད་རྟེན་ཆེན་མོ་འདི་དུས་རབས་བཅུ་གཉིས་བཅུ་གསུམ་ཙམ་ལ་བྱུང་བའི་བྷར་མའི་རྒྱལ་པོ་ཞིག་གིས་བཞེངས་པར་གྲགས། མཐོ་ཚད་ལ་སྨི་༥༣ དང་། ངོས་བཞིར་རྡོའི་དྲྭ་མིག་གི་ནང་ལ་སངས་རྒྱས་ཀྱི་སྐུ་བརྐོས་ནས་འདུག མཆོད་རྟེན་གྱི་ཕྱིའི་གན་དྷོ་ལར་བརྩེགས་དགུ་ཡོད་ཅིང་། ནང་ལ་སྟེང་འོག་གཉིས་ཡོད་པའི་སྟེང་མ་དེའི་ནང་དུ་ལྷ་སའི་ཇོ་བོ་ཡིད་བཞིན་ནོར་བུ་སྔོན་བཞུགས་ཡོད་པ་ལ། ཕྱིས་མུ་སྟེགས་པ་ཡོངས་ནས་ཇོ་བོའི་སྐུ་ཕྱི་རོལ་ལ་བོར་རྗེས། གཞན་གྱིས་སྲུང་སྐྱོབ་བྱས་པ་བརྒྱུད་རིམ་གྱིས་རྒྱ་ནག་གི་ཡུལ་ལ་སླེབས་ཤིང་། མཐར་རྒྱ་བཟའ་ཀོང་ཇོས་བོད་དུ་ཁྱེར་རོ་ཞེས་ལོ་རྒྱུས་དག་ལས་བཤད།

ཡིན་ན་ཡང་དགེ་འདུན་ཆོས་འཕེལ་གྱི་ལམ་ཡིག་གི་ནང་དུ་བྱང་ཆུབ་མཆོད་རྟེན་ཆེན་མོ་འདི་ལ། སྔར་ལས་ཀྱང་སྡུག་པའི་ཉམས་ཆག་ཆེན་པོ་གསུམ་པ་བྱུང་བ་དེ་འཁོད་མི་འདུག དེ་ཡང་དུས་རབས་བཅུ་གསུམ་པར། ཁ་ཆེའི་དམག་དཔུང་གིས་རྒྱ་གར་ལ་བཙན་འཛུལ་བྱས་ཤིང་། བྱང་ཆུབ་མཆོད་རྟེན་ཆེན་མོ་དང་དེའི་ནང་དུ་བཞུགས་པའི་སྟོན་པའི་སྐུ་ལ་སྲུང་སྐྱོབ་བྱ་བའི་ཕྱིར་དུ། དགེ་འདུན་པ་རྣམས་ཀྱིས་མཚན་ཐོག་ཐག་ལ་ས་སྤུངས་ནས་ཕར་བལྟས་ན་དེའུ་འབུར་འདྲ་བ་ཞིག་ཏུ་བྱས་ཏེ། ས་འོག་ཏུ་སྦས་པའི་རྐྱེན་གྱིས་སྐྱོན་མ་བྱུང་བར་བར་ཆད་ལས་ཐར་ཞིང་། དེ་ལྟར་ས་འོག་ལ་མི་ལོ་དྲུག་བརྒྱ་ལྷག་ལུས་རྗེས། དབྱིན་ཇིའི་གནའ་རྫས་རྟོག་ཞིབ་པ་ཁུན་ནིན་གྷམ་ཨེ་ལེག་ཟན་ཏར་(Alexander Cunningham)གྱིས་ཐང་ཆེན་མོའི་ནུབ་བསྐྱོད་ལམ་ཡིག་ཅེས་པའི་ནང་དུ་ཞིབ་འབྲི་བྱས་པའི་ལོ་རྒྱུས་དག་ལ་བརྟེན་ནས། ༡༨༦༡ ལོར་བྱང་ཆུབ་མཆོད་རྟེན་ཆེན་མོ་གང་དུ་ཡོད་སའི་ས་ཕྱོགས་གཏན་དུ་ཁེལ་ཞིང་། དེ་ནས་ས་བསལ་ཏེ་ས་འོག་ནས་ཐོན་པས་འཛམ་བུ་གླིང་ལ་གྲགས་པ་འབར་བ་རེད།

དབྱིན་ཇིའི་གནའ་རྫས་རྟོག་ཞིབ་པ་ཁུན་ནིན་གྷམ་ཨེ་ལེག་ཟན་ཏར།

ད་དུང་ངེས་པར་དུ་གླེང་དགོས་པ་ཞིག་ལ་གནའ་རྫས་རྟོག་ཞིབ་པ་ཁོང་གིས། ཐང་ཆེན་མོའི་ནུབ་བསྐྱོད་ལམ་ཡིག་གི་ནང་དུ་བྲིས་པའི་རྒྱུ་ཆ་རྣམས་ལ་བརྟེན་ནས། མི་ལོ་ཉི་ཤུ་རྩ་ལྔའི་དུས་ཚོད་སྤྱད་དེ་ཝཱ་ར་ཎཱ་སི་དང་། ལིམྦི་ནིའི་ཚལ། རྩྭ་མཆོག་གྲོང་། དཔལ་ན་ལེནྡྲ། མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་སོགས་གནས་ཆེན་ཁག་མང་པོ་ཆགས་སའི་རྗེས་ཤུལ་རྙེད་སོན་བྱུང་བས། ང་ནང་པ་སངས་རྒྱས་པའི་རྗེས་འཇུག་པ་ཞིག་ཡིན་པའི་ངོས་ནས་གནའ་རྫས་རྟོག་ཞིབ་པ་ཁོང་ལ་གུས་འདུད་ཆེས་བླ་ན་མེད་པ་ཞིག་ཞུ་རྒྱུ་ཡིན།

བྱང་ཆུབ་མཆོད་རྟེན་ཆེན་མོ་འདི་ས་འོག་ནས་རྙེད་དེ་ཉམས་གསོ་བྱས་རྗེས། དུས་སྐབས་ཤིག་གི་ནང་རྒྱ་གར་ཆོས་ལུགས་ཀྱིས་བཟུང་ནས་བསྡད། དེའི་ཚུལ་དགེ་འདུན་ཆོས་འཕེལ་གྱི་རྒྱ་གར་གནས་ཆེན་ཁག་ལ་བགྲོད་པའི་ལམ་ཡིག་ལས། དེ་ནས་དུས་ཀྱི་རྒུད་པས་གནས་གཞི་རྟེན་དང་བཅས་པ་མུ་སྟེགས་ཀྱི་ཛོ་ཀི་དག་གི་ལག་པར་ཤོར། མཆོད་རྟེན་གྱི་གསེབ་ཏུ་ཕྱི་རོལ་པའི་ལྷ་ཁང་བརྩིགས། གཙུག་ལག་ཁང་དུ་དབང་ཕྱུག་གི་རྟེན་འཛུགས་པ་དང་ཁྲག་མཆོད་བྱེད་པ་སོགས་མི་འཚམ་པ་དུ་མ་བྱས་པར་དགེ་བསྙེན་དྷརྨ་པཱ་ལ་ནས་ཐུགས་ཀྱིས་མ་བཟོད་པར། སླར་ཡང་ནང་པ་རྣམས་ཀྱི་རང་བདག་ཏུ་ཐོབ་པའི་ཆེད་དུ་འབད་པ་ཆེན་པོས་ཁྲིམས་གཏུགས་སོགས་བྱེད་མུས་ལ་སྐུ་གཤེགས་ཞེས་གསུངས། དུས་རབས་ཉི་ཤུ་པའི་སྟོད་ལ། སིང་གྷ་ལ་ནས་ཡིན་པའི་ནང་པའི་རྗེས་འཇུག་དྷརྨ་པཱ་ལས་(Dharmapala)རྒྱ་གར་ནས་ནང་པའི་གནས་གཞི་རྣམས་ཉམས་པ་སོར་ཆུད་བྱེད་པའི་དུས་སུ། རྒྱལ་ཁབ་སོ་སོ་ལ་བཞུགས་པའི་བསྟན་པ་དང་སྟོན་པ་གཅིག་པའི་ཆོས་གྲོགས་རྣམས་ལ་རྡོ་རྗེ་གདན་སླར་ཡང་ནང་པ་རྣམས་ཀྱི་རང་བདག་ཏུ་ཐོབ་པའི་ཆེད་དུ་བྱེད་སྒོ་སྤེལ་བ་ལ་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་མང་པོ་བྱས། མཐར་རྒྱ་གར་གྲོས་ཚོགས་བསྐོས་མི་ལྷན་ཚོགས་དང་། བྷེ་ཧར་རྒྱ་གར་ཆོས་ལུགས་ཚོགས་ཆེན་གཉིས་ཀྱིས་བར་འདུམ་བྱས་པ་བརྒྱུད། རྡོ་རྗེ་གདན་ལ་རྒྱ་གར་ཆོས་ལུགས་དང་ནང་པ་གཉིས་ཀའི་ཕྱོགས་ནས་བདག་གཉེར་དོ་དམ་ཐུན་མོང་དུ་བྱ་རྒྱུར་གཏན་ལ་ཕབ།

ཆོས་ཀྱི་རྗེ་ཉིད་ཀྱིས་སྟོན་པ་ཐུགས་རྗེ་ཅན་གྱི་སྐུ་དེ་ལ་ཕྱག་ཕུལ་རྗེས་གསུང་མ་བྱོན་པར་ཡུན་རིང་མོར་ཐུགས་དམ་ལ་བཞུགས། ཕར་བལྟས་ཚོད་ལ་ཅི་ཞིག་ཐུགས་དྲན་གསོ་བཞིན་ཡོད་པ་ལྟར་སྐུའི་རྣམ་འགྱུར་ནན་མོ་འདྲ་ཞིག་མཛད་ནས་བཞུགས། དཀོན་གཉེར་དེས་རྗེ་ཉིད་ཡང་སྙིང་སུ་ཞིག་ཡིན་པ་མི་ཤེས་ཀྱང་། མི་ཕལ་བ་དང་མི་འདྲ་བར་སྐུ་གཟི་བྱིན་ལྷམ་མེར་བཞུགས་འདུག་པ་མཇལ་ནས་དད་གུས་བླ་ལྷག་ཏུ་འཕེལ་ཏེ། ངེད་དཔོན་སློབ་རྣམས་ཆེད་དུ་མཆོད་རྟེན་ནང་ཡུན་རིང་ལ་སྡོད་དུ་བཅུག་ཅིང་། རྗེ་ཉིད་ཀྱིས་བསྟན་འགྲོའི་དོན་དུ་ཐུགས་བསྐྱེད་སྨོན་ལམ་གང་ཟབ་གནང། དཀོན་གཉེར་དེས་ད་དུང་ཆོས་ཀྱི་རྗེ་ཉིད་ལ་བྱང་ཆུབ་ཤིང་གི་ཡལ་ག་སྦོམ་པོ་ཞིག་དང་བྱང་ཆུབ་ཤིང་གི་ལོ་མ་མང་པོ་ཕུལ། འོན་ཀྱང་རྒྱ་གར་ས་གནས་སྲིད་གཞུང་གིས་བྱང་ཆུབ་ཤིང་ལ་སྲུང་སྐྱོབ་ཤིན་ཏུ་དམ་པོ་བྱས་འདུག་པས། མི་མང་པོས་བྱང་ཆུབ་ཤིང་གི་ལོ་མ་རེ་ལོན་པའི་ཆེད་དུ་བྱང་ཆུབ་ཤིང་དྲུང་གི་འོག་ནས་ཡུན་རིང་པོ་ལ་བསྒུགས་ནས་སྡོད། རླུང་རེ་གཡུགས་ནས་ལོ་མ་གང་སར་སྤུར་བ་ན། མི་ཤིན་ཏུ་མང་པོ་འཚང་ཁ་ཤིག་ཤིག་གིས་དེའི་ཕྱོགས་སུ་བརྒྱུགས་ནས་ཕན་ཚུན་འཕྲོག་རེས་ཁོ་ན་བྱེད། ཆོས་ཀྱི་རྗེ་ཉིད་ཀྱི་ཕྱག་ལ་བྱང་ཆུབ་ཤིང་གི་ལོ་མ་ཐོབ་རྗེས། ངེད་ཅག་སྐུ་འཁོར་རྣམས་ལ་ཁ་ཤས་བགོས་ནས་གནང་སོང་བས། ང་ཚོ་ཚང་མས་རིན་ཐང་བྲལ་བའི་རིན་པོ་ཆེ་རྙེད་པ་ལྟ་བུར་ཉར་ཚགས་ལེགས་པོ་བྱས་པ་ཡིན།

དཀོན་གཉེར་བ་དེས་ང་ལ་ཡང་རྣམ་འགྱུར་ཤིན་ཏུ་བཟང་པོ་བསྟན་སོང་། ཐེངས་ཤིག་ང་ཕྱག་བསྐོར་ལ་སོང་བས་ཁོང་གིས་སྟོན་པ་ཐུགས་རྗེ་ཅན་གྱི་སྐུ་དེའི་ངུར་སྨྲིག་གི་ཆོས་གོས་ཆ་ཚང་བ་ཞིག་དང་། སྐུ་མདུན་ལ་བཤམས་པའི་ལྷུང་བཟེད་གཅིག་བཅས་གནང་ཞིང་། སྐབས་དེར་ཆོས་གོས་ཤིན་ཏུ་ནས་ཀྱང་ཐོབ་དཀའ་བས་སེམས་དགའ་བ་ལ་ཚད་ཅིག་མ་བྱུང་། བོད་ལ་ཕྱིར་ལོག་གྲབས་བྱེད་སྐབས་ལམ་ཆས་ལྗིད་ཚད་ལས་བརྒལ་བ་དང་། སྐྱུར་ཡང་མི་བྲ་བར་གྱུར་ནས་སེམས་སུ་འགལ་བ་ཆེན་མོའི་ཁུར་དུ་གྱུར་ཀྱང་། མཐར་ཐབས་གང་དྲགས་བྱས་ནས་ཕྱིར་ཁྱེར་ཡོང་བ་ཡིན།

ཉིན་དེར་ཆོས་ཀྱི་རྗེ་ཉིད་བྱང་ཆུབ་མཆོད་རྟེན་ཆེན་མོར་ཞབས་ཐང་དུ་སྐོར་བ་ལ་ཕེབས་སྐབས། མཆོད་རྟེན་གྱི་འགྲམ་ལ་སྒྲོལ་མ་གསུང་འབྱོན་མ་ཞེས་གྲགས་པའི་སྐུ་ཞིག་བཞུགས་པ་ལ་མཇལ་གཟིགས་མཛད། སྔོན་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཆོད་རྟེན་ལ་སྐོར་བ་མཛད་སྐབས། སྒྲོལ་མའི་སྐུ་དེས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། བྱང་ཆུབ་ཀྱི་སེམས་ལ་བསླབ་པར་བྱའོ་ཞེས་གསུངས་པའི་རྐྱེན་གྱིས་སྒྲོལ་མ་གསུང་འབྱོན་མར་གྲགས། ཆོས་ཀྱི་རྗེ་ཉིད་ཀྱིས་འཕགས་མའི་སྐུ་གསུང་བྱོན་མ་དེ་མཇལ་མ་ཐག འཕྲལ་དུ་ཕྱག་ལ་བཟུང་བའི་རིན་པོ་ཆེའི་ཕྲེང་བ་དམར་པོ་དེ་མཆོད་པའི་ཚུལ་དུ་མགུལ་ལ་ཕུལ་ནས་ཐུགས་སྨོན་ཟབ་རྒྱས་སུ་གནང། ཕྱི་དྲོར་སླར་ཡང་སྐོར་བ་བྱེད་དུ་འགྲོ་སྐབས་ཕྲེང་བ་དེ་མཐོང་རྒྱུ་མེད་པར་གྱུར་འདུག་པས། ང་ཚོས་ལམ་འགྲོ་བ་གཞན་གྱིས་ཁྱེར་སོང་བ་ཡིན་རྒྱུ་རེད་བསམས་ནས་སོང་བ་ཡིན།

འོན་ཀྱང་ཡ་མཚན་པ་ཞིག་ལ་ལོ་གསུམ་འགོར་རྗེས། ཕྱག་ཕྲེང་དེ་གང་ནས་བྱུང་བ་ཆ་མེད་པར་བླ་རུང་སྒར་གྱི་གཟིམ་ཁང་ནང་རྗེ་ཉིད་ཀྱི་ཕྱག་ཏུ་ཕྱིར་འབྱོར་འདུག རྗེ་ཉིད་ཀྱིས་དེའི་རྒྱུ་མཚན་འགའ་རེ་ང་ལ་གསུངས་སོང་ཡང་། ད་ལྟ་བརྗེད་ངས་ཀྱི་དབང་དུ་གྱུར་ནས་གསལ་པོ་རང་དྲན་སོས་ཀྱི་མི་འདུག

༡༩༩༠ ལོའི་ཟླ་༡༠ ཚེས་༣༡ །

ཆོས་ཀྱི་རྗེ་ཉིད་དུར་ཁྲོད་བསིལ་བ་ཚལ་(Durgashri)དུ་མཇལ་གཟིགས་ལ་ཕེབས་ཤིང་དེ་ནི། རྡོ་རྗེ་གདན་ནས་ཤར་ལ་སྤྱི་ལེ་ཁ་ཤས་སོང་བའི་མཚམས་སུ་འདུག རྒྱ་གར་བས་དེ་ལ་དུརྒཱ་ཤྲཱི་ཞེས་འབོད། ཆོས་ཀྱི་རྗེ་ཉིད་ཀྱིས་ངེད་ཅག་གི་དབུ་དྲངས་ནས་གཅོད་གསུངས་ཤིང་ཐུགས་བསྐྱེད་སྨོན་ལམ་ཟབ་རྒྱས་སུ་མཛད།

སྔོན་གྱི་དུས་སུ་ཨོ་རྒྱན་སངས་རྒྱས་གཉིས་པས་རྒྱལ་སྲིད་ཐལ་བ་བཞིན་དུ་བོར་ཏེ། ཐད་ཀར་གནས་འདིར་ཕེབས་ནས་བརྟུལ་ཞུགས་ཀྱི་སྤྱོད་པས་སྒྲུབ་པ་ཉམས་ལེན་མཛད་ཅིང་། མཁའ་འགྲོ་མ་དང་མི་མ་ཡིན་དཔག་ཏུ་མེད་པ་རྗེས་སུ་བཟུང་བའི་ལོ་རྒྱུས་ཡོད་ཀྱང་། ད་ལྟ་ནི་དེ་དག་གི་རྗེས་ཤུལ་ཅི་ཡང་རྙེད་རྒྱུ་མི་འདུག་ཅིང་། རྡོ་ཆེན་པོ་འགའ་རེ་ཕྱོགས་ཕྱོགས་སུ་འཐོར་ནས་འདུག་པ་དང་། ལྗོན་ཤིང་འགའ་ཡང་ཉེ་འགྲམ་ལ་ཐར་ཐོར་དུ་སྐྱེས་གདའ། ལོ་རྒྱུས་ལ་རྒྱུས་ཅི་ཡང་མེད་པར་གནས་འདི་རུ་ཕྱིན་ན། མི་མང་པོས་ས་ཆ་འདི་ནི་ཆེས་ཕལ་བ་ཞིག་ལས་ཡིན་རྒྱུ་མ་རེད་སྙམ་སྲིད་པའི་ཚོད་ཙམ་དུ་འདུག

དེ་ལས་ཐག་མི་རིང་བའི་རི་སྐེད་ཅིག་ཏུ་ཕུག་པ་ཞིག་འདུག་ཅིང་། དེ་ནི་རྒྱ་གར་གྲུབ་ཆེན་བརྒྱད་ཅུའི་ཡ་གྱལ་གྲུབ་ཆེན་ཤ་བ་རིས། ཡི་དམ་མ་ཧཱ་ཀ་ལའི་ཞལ་མཇལ་སའི་གནས་ཡིན་པ་དང་། ཕུག་པའི་སྒོ་ཁ་ལ་ཙནྡན་གྱི་ལྗོན་ཤིང་ཞིག་འདུག་པ་དེ་ཡི་དམ་མ་ཧཱ་ཀ་ལའི་བླ་ཤིང་ཡིན་པར་གྲགས། ཨོ་རྒྱན་སངས་རྒྱས་གཉིས་པས་ཀྱང་། གནས་འདིར་ལོ་བཅུ་གཉིས་ལ་སྒྲུབ་པ་ཉམས་བཞེས་མཛད་མྱོང་བས། ཆོས་ཀྱི་རྗེ་ཉིད་དེར་ཕྱགས་ཕེབས་ནས་མཇལ་ཕྱག་ཕུལ་བ་དང་སྦྲགས་ཐུགས་བསྐྱེད་སྨོན་ལམ་ཟབ་རྒྱས་གནང།

༡༩༩༠ ལོའི་ཟླ་༡༡ ཚེས་༡ །

རྡོ་རྗེ་གདན་གྱི་ཤར་ནས་རྒྱ་གར་གྱི་ཆུ་བོ་ནེ་རེཉྫ་ན་(Niranjana)འབབ་ཀྱིན་འདུག་ལ། ཆུ་བོ་དེའི་ཉེ་འགྲམ་ལ་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱིས་ལོ་དྲུག་ལ་དཀའ་བ་སྤྱད་སའི་གནས་ཡོད། ཆུ་བོ་འདི་ནི་གངྒའི་ཆུ་ལག་ཅིག་ཡིན་ཞིང་། ཆར་གྱི་དུས་སུ་ཆུ་རྒྱས་ནས་ཆུ་འགྲམ་ལ་ཡོད་པའི་གྲོང་ཚོ་དང་ས་ཞིང་ཐམས་ཅད་དེད་ནས་འགྲོ་བ་དང་། ཆར་རྫོགས་ནས་གནམ་ཐང་བར་གྱུར་པའི་དུས་སུ་ནི་བྱེ་མའི་ཐང་སྐྱ་ཁྱུར་རེ་བ་ལས་མི་མཐོང་ཞིང་། ཤུལ་དུ་ཆུ་འབབ་སའི་ས་གཤོང་ཞེང་ལ་སྨི་སུམ་ཅུ་བཞི་བཅུ་ཙམ་ལྷག་འོང་བ་དེ་ལས། སྔར་གྱི་ཆུ་བོ་ལ་རྔམ་ཟིལ་ཇི་ལྟར་ཡོད་པ་བློས་དཔོག་དགོས་པ་ལས་མིག་གིས་ནི་མཐོང་རྒྱུ་མེད་ཟེར།

ཆོས་ཀྱི་རྗེ་ཉིད་དེར་ཕྱགས་ཕེབས་སྐབས་ཆུ་ཆེན་པོ་རང་བཞུར་བཞིན་འདུག་ཀྱང་། ངེད་ཚོའི་རླངས་འཁོར་གྱི་འཕྲུལ་གདན་ཤིན་ཏུ་མཐོ་བའི་རྐྱེན་གྱིས་ཆུ་བོ་དེའི་ཕ་རོལ་ཏུ་བདེ་བླག་གིས་བགྲོད་ཐུབ་པ་བྱུང་། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱིས་དཀའ་བ་མཛད་སའི་གནས་དེར་བྱང་ཆུབ་ལྗོན་ཤིང་ཞིག་འདུག་ཅིང་། དེའི་འོག་ལ་ཕྱི་རབས་རྗེས་འཇུག་པ་རྣམས་ཀྱིས་ཆོས་ཁྲི་ཞིག་བཞེངས་འདུག ཆོས་ཀྱི་རྗེ་ཉིད་དེར་ཞབས་སོར་བཀོད་རྗེས་སྟོན་པ་ཐུགས་རྗེ་ཅན་གྱིས་དཀའ་སྤྱད་མཛད་པའི་ལོ་རྒྱུས་ལ་རྗེས་དྲན་མཛད་ཅིང་། ཞལ་ནས། སྟོན་པ་ཐུགས་རྗེ་ཅན་གྱིས་ཐུན་མོང་གདུལ་བྱའི་སྣང་ངོར་ལོ་དྲུག་ལ་དཀའ་བ་སྤྱོད་པའི་ཚུལ་བསྟན་ནས། མཐར་མངོན་པར་རྫོགས་པར་སངས་རྒྱས་པ་རེད། སྟོན་པ་མཆོག་གི་རྗེས་འཇུག་ཡིན་པའི་ཆ་ནས། རང་རེ་ཚོས་ཆོས་ཀྱི་ཕྱིར་དུ་དཀའ་སྤྱད་གང་ལ་ཡང་མི་འཛེམ་ཞིང་། ཉམས་ལེན་ལ་སྤོབས་པ་མི་ཞུམ་བར་རྡོ་རུས་ཐུག་པ་བྱེད་དགོས་གསུངས།

ཆོས་ཀྱི་རྗེ་ཉིད་བྱང་ཆུབ་ལྗོན་ཤིང་དེའི་འོག་རོལ་ཏུ་ཐུགས་དམ་ལ་ཡུན་རིང་བོའི་བར་དུ་བཞུགས་ཤིང་། དེ་ནས་བཟང་པོ་སྤྱོད་པའི་སྨོན་ལམ་གསུངས་ནས་ཐུགས་སྨོན་རྒྱ་ཆེར་གནང།

ཆུ་བོ་ནེ་རེཉྫ་ན་ལས་ཐག་མི་རིང་བའི་ས་ལ་ནགས་ཚལ་སྔོ་ཕུང་བ་ངེ་ཞིག་འདུག་ཅིང་། དེའི་ནང་ལ་བྲམ་ཟེའི་བུ་མོས་སྟོན་པ་མཆོག་ལ་འོ་ཐུག་འབུལ་བའི་སྐུ་ཞིག་བཞེངས་ནས་གདའ། ཆོས་ཀྱི་རྗེ་ཉིད་ཀྱིས་ལོ་རྒྱུས་དེ་རྗེས་དྲན་མཛད་ནས་མི་ཀུན་ལ་གསུངས་པ་དང་མཉམ་དུ། སྨོན་ལམ་ཐུང་ཐུང་འགའ་རེ་གསུངས།

དེ་རྗེས། ངེད་ཅག་གིས་ཆུ་འགྲམ་ལ་ཡོད་པའི་གནས་གཞན་ལ་མཇལ་བསྐོར་བྱས་ནས། གསོལ་འདེབས་སྨོན་ལམ་གང་མང་བྱས།

དེ་སྐབས་ཆོས་ཀྱི་རྗེ་ཉིད་ཀྱིས་གཏེར་ནས་བཞེས་པའི་ཚུལ་འདྲ་བ་ཞིག་གིས། སྟོན་པ་ཐུགས་རྗེ་ཅན་གྱིས་དཀའ་བ་སྤྱོད་སྐབས་ཀྱི་ཡོ་བྱད་ཅིག་རྙེད་ཡོད་པར་འདུག་ཀྱང་། ངེད་ཞབས་དྲུང་བ་རྣམས་ལས་སུ་གཅིག་གིས་ཤེས་མི་འདུག་པར་མ་ཟད་མཐོང་ཡང་མི་གདའ། རྒྱ་གར་ནས་ཕྱིར་གདན་ས་བླ་རུང་དུ་བཞུགས་གདན་འཇགས་རྗེས། ཉིན་ཞིག་རྗེ་ཉིད་ཀྱིས་ཚོགས་ཐོག་ཏུ་སྨུག་མདངས་ཆགས་པའི་ཀོང་བུ་ཆུང་ངུ་ཞིག་བསྣམས་ཏེ་ཞལ་ནས། འདི་ཉེ་ཆར་ཁོ་བོ་རྒྱ་གར་དུ་སྐྱོད་སྐབས་ཆུ་བོ་ནེ་རེཉྫ་ནའི་འགྲམ་གྱི་བྱང་ཆུབ་ཤིང་གི་བར་ཞིག་ནས་རྙེད་པ་ཡིན། བདག་ཅག་གི་སྟོན་པས་དཀའ་བ་སྤྱད་པའི་ཚེ་ཆུ་ཐིགས་གསོལ་བའི་སྣོད་དེ་འདི་ཡིན་ནམ་སྙམ་གསུངས་ཏེ། དེའི་ནང་ནས་ཆུ་ཐིགས་རེ་ཉེ་འཁོར་གྱི་སློབ་བུ་རྣམས་ལ་འཐུང་བཅུག་པར་མཛད་པ་སོགས། མཆེད་གྲོགས་རྙིང་པ་རྣམས་ཀྱི་ཐུགས་ལ་གསལ་པོར་ཡོད་རྒྱུ་རེད།

༡༩༩༠ ལོའི་ཟླ་༡༡ ཚེས་༢ །

བྱང་ཆུབ་མཆོད་རྟེན་ཆེན་མོའི་བྱང་ཤར་གྱི་གྱང་རའི་ཕྱི་རོལ་ལ་སྐད་གྲགས་ཤིན་ཏུ་ཆེ་བའི་དུར་ཁྲོད་ཧ་ཧ་རྒོད་བྱ་བ་ཡོད་ཅིང་། དེའི་ཉེ་ཟུར་དུ་མཆོད་རྟེན་ཆུང་ཆུང་མང་པོས་བསྐོར་ནས་གདའ། དུར་ཁྲོད་ཉམས་ཞིག་ལ་སོང་ནས་ཡུན་རིང་པོ་ལོན་འདུག་ཀྱང་། དེར་ཕྱིན་པ་ན་ལུས་ལ་སྐྱི་ཟིང་ངེ་བ་འོང་གིན་འདུག མི་ཞིག་གིས་དུར་ཁྲོད་དེའི་ནང་དུ་སྐྲ་འཕངས་ན། སྡིག་སྒྲིབ་ཐམས་ཅད་དག་ནས་ངན་སོང་གི་སྐྱེ་སྒོ་ཁེགས་འགྲོ་བ་རེད་ཅེས་བཤད་སོང་བས། ངེད་དཔོན་སློབ་རྣམས་ཀྱིས་སྐྲ་རེ་བཅད་ནས་དུར་ཁྲོད་དེའི་ནང་དུ་བཞག་པ་ཡིན།

དུར་ཁྲོད་དེའི་ཉེ་འགྲམ་ལ་ཁང་པ་ཆུང་ངུ་ཞིག་འདུག་པ་དང་། ང་ནང་དུ་སོང་ནས་བལྟས་པས། རྡོ་ཞིག་གི་ངོས་ལ་དཀྱིལ་འཁོར་གྱི་རི་མོ་བརྐོས་འདུག་པ་མཇལ་ཞིང་། རི་མོ་ལ་ལ་ཤིན་ཏུ་མི་གསལ་བར་གྱུར་འདུག དཀྱིལ་འཁོར་དེ་ནི་སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱིས་རྡོ་ལ་བཞེངས་པའི་དུས་འཁོར་བློས་བསླངས་རྡོ་རྗེ་གདན་དུ་ཡོད་ཅེས་བོད་ཀྱི་ལོ་རྒྱུས་འགའ་ལས་འབྱུང་བ་དེ་ཡིན་པར་འདུག་པ་དང་། ས་གནས་དེ་གར་ཁང་པ་ཆུང་ངུ་དེ་ལ་སྐད་གྲགས་ཤིན་ཏུ་ཆེན་པོ་ཡོད་པའི་རྐྱེན་གྱིས། མི་མང་པོ་མཇལ་སྐོར་ལ་ཡོང་བར་གདའ།

རྡོ་རྗེ་གདན་ནས་ངས་རྗེ་ཉིད་ཀྱི་སྙན་ལ་གཏམ་རྒྱུད་གསེར་ཐང་ཀློག་བཞིན་པའི་རྣམ་པ།

ཉིན་དེར་བོད་ཚེས་བཅོ་ལྔ་ལ་ཏག་ཏག་ཁེལ་འདུག་པས། རྡོ་རྗེ་གདན་གྱི་བྱང་ཆུབ་ལྗོན་ཤིང་གི་འོག་རོལ་ནས། ཆོས་ཀྱི་རྗེ་ཉིད་ཀྱིས་ངེད་ཅག་གི་དབུ་དྲངས་ནས་ཡུན་རིང་མོའི་བར་དུ་བཟང་པོ་སྤྱོད་པའི་སྨོན་ལམ་གསུངས་ཤིང་། ད་དུང་ཚོགས་ཀྱི་འཁོར་ལོ་ཡང་བསྐོར་བར་བྱས། དེ་དུས་ངེད་ཅག་སྐུ་འཁོར་ཚང་མ་ཡོད་པར་མ་ཟད། ཉེ་འགྲམ་ལ་བོད་རིགས་ཁ་ཤས་འདུག་པ་ཡང་སླེབས་སོང་བས་ཆོས་གྲལ་དུ་མི་མང་པོ་འཚོགས་བྱུང་།

རྡོ་རྗེ་གདན་ནི་བསྐལ་བཟང་གི་སངས་རྒྱས་སྟོང་འཚང་རྒྱ་སའི་གནས་ཁྱད་པར་ཅན་ཡིན་པས། ངས་འདི་ནས་སྐུ་འདྲ་ཆུང་ཆུང་འཁྱེར་བདེ་བ་ཁ་ཤས་བླུས་ཤིང་། དེའི་ནང་གི་གཅིག་ད་བར་དུ་ཉར་ཚགས་བྱས་ཡོད། དེ་ལས་གཞན་ད་དུང་ངེད་ཚོས་སྟོན་པ་ཐུགས་རྗེ་ཅན་གྱི་ཞབས་རྗེས་འགའ་རེ་རས་གཞིའི་ངོས་སུ་དཔར་བླངས་པར་མ་ཟད། ཕྱིར་ཁྱེར་ནས་བྱིན་རླབས་ཀྱི་རྟེན་རིན་ཐང་བྲལ་བ་ཞིག་ཏུ་བརྩིས་ནས་ཉར་ཚགས་བྱས་པ་ཡིན།

༡༩༩༠ ལོའི་ཟླ་༡༡ ཚེས་༣ །

ཞོགས་པར་ངེད་དཔོན་སློབ་རྣམས་རྡོ་རྗེ་གདན་ནས་ཁ་གྱེས་ཏེ། རླངས་འཁོར་ལ་བསྡད་དེ་སྤྱི་ལེ་༧༠ ལྷག་གི་ཕྱི་རོལ་ཏུ་ཡོད་པའི་བྱ་རྒོད་ཕུང་པོའི་རི་(Gridhrakuta)ལ་སོང་།

རླངས་འཁོར་ནང་ནས་ཡིད་འཕྲེང་དུང་ངེ་བ་ཞིག་གི་ངང་། བྱང་ཆུབ་མཆོད་རྟེན་ཆེན་མོ་ལ་མཇལ་ཞིང་། མཆོད་རྟེན་ལ་ཐག་ཇེ་རིང་ནས་ཇེ་རིང་དུ་སོང་ནས་མཐར་མིག་གིས་མཇལ་མི་ཐུབ་པར་གྱུར་པ་དང་། ངས་ལག་ཐལ་མོ་སྦྱར་ཏེ་ལན་རེ་རེ་ནས་རེ་རེ་བྱས་ཏེ་གསོལ་བ་སྨོན་ལམ་བཏབ། སྐྱེ་བ་འདིར་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་མངོན་པར་རྫོགས་པར་འཚང་རྒྱ་སའི་གནས་ཁྱད་པར་ཅན་འདི་རུ། ད་དུང་སླར་ཡང་མཇལ་སྐོར་ལ་ཐེངས་གཅིག་འགྲོ་ཐུབ་པའི་རེ་བ་ཤིན་ཏུ་ཆེན་པོ་ཡོད་ཀྱང་། དེ་ནས་ད་ལྟའི་བར་ལ་མི་ལོ་སུམ་ཅུ་ལྷག་ཙམ་སོང་ཚར་འདུག་ཅིང་། མཇལ་སྐོར་ལ་འགྲོ་བའི་གོ་སྐབས་མ་བྱུང་བར་ལུས་ནས་ཡོད་པར་མ་ཟད། ད་ནི་སྐྱེ་བ་འདིར་གོ་སྐབས་དེ་འདྲ་མི་རྙེད་ན་ཡང་ཐང་སེམས་ཀྱི་ཡོད།

དོན་དངོས་ཀྱི་དབང་དུ་བཏང་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང་། སྐྱེས་བུ་དམ་པ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་གནས་ཁྱད་པར་ཅན་ལ་མཇལ་སྐོར་བྱེད་པ་དང་། དཀོན་མཆོག་གསུམ་གྱི་སྐུ་གསུང་ཐུགས་རྟེན་རྣམས་ལ་མཇལ་ཕྱག་ཞུས་ན་དོན་སྙིང་ཤིན་ཏུ་ཆེན་པོ་ཡོད་པ་རེད། ཚོགས་ཞིང་མཆོག་ཏུ་གྱུར་པ་འདི་དག་གིས་ངེད་ཅག་གི་སེམས་ལ། ཚོར་ཤུགས་དམིགས་བསལ་བ་ནམ་ཡིན་ཡང་སྟེར་འོང་ཞིང་། མཇལ་སྐོར་བྱེད་པའི་མགོ་མཇུག་བར་གསུམ་དུ་རྨ་མེད་པའི་དད་པ་དང་མོས་གུས། དགའ་བ་སོགས་སེམས་ལ་ཉར་ནས་གསོལ་བ་སྨོན་ལམ་གང་དྲགས་བྱས་ན། བླ་མ་དཀོན་མཆོག་གསུམ་གྱི་བྱིན་རླབས་རང་རྒྱུད་ལ་ངང་ངམ་ཤུགས་ཀྱིས་ཞུགས་ནས། རང་གི་སྙིང་རྗེ་དང་། བྱང་ཆུབ་ཀྱི་སེམས། གཉིས་སུ་མེད་པའི་གནས་ལུགས་ཀྱི་ལྟ་བ་སོགས་ཀྱི་ཡོན་ཏན་མ་ལུས་པ་གོང་ནས་གོང་དུ་འཕེལ་བར་འོང་བ་ལ་ཐེ་ཚོམ་མི་དགོས། རྒྱུ་མཚན་དེ་འདྲ་ཞིག་གི་དབང་གིས། ངས་ཐེངས་དེར་གནས་མཇལ་ལ་འགྲོ་བའི་གོ་སྐབས་ཤིན་ཏུ་གཅེས་པར་བཟུང་ནས། ས་ཚུགས་རེ་རེ་ལ་ཐོན་དུས་ནན་ཏན་ཆེན་པོའི་སྒོ་ནས་མཇལ་ཕྱག་ཞུས་ཤིང་སྨོན་ལམ་གང་མང་བཏབ་པ་ལས། རྣམ་གཡེང་དང་ལེ་ལོ་གང་གི་དབང་དུ་ཡང་མི་འགྲོ་བར། ཧུར་ཐག་འབད་འབུངས་ཁོ་ན་བྱས་པ་ཡིན།

དེ་རྗེས། ངེད་ཚོ་བྱ་རྒོད་ཕུང་པོའི་རི་ལ་སླེབས། བྱ་རྒོད་ཕུང་པོའི་རིའི་ཉེ་ས་ལ་རི་ཕུག་ཆེན་པོ་ཞིག་འདུག་ཅིང་། ཕུག་པ་དེ་ནི་སྡེ་སྣོད་གསུམ་གྱི་བཀའ་དང་པོ་བསྡུ་སའི་གནས་ཡིན་ཞེས་ས་གནས་དེ་གའི་མི་རྣམས་ཀྱིས་བཤད་ཀྱང་། གནས་བརྟན་འོད་སྲུང་ཆེན་པོ་དབུ་ལ་བཞུགས་ནས། གནས་བརྟན་སྡེ་བའི་ལུགས་ཀྱི་བཀའ་དང་པོ་བསྡུ་ས་ལོ་མ་བདུན་གྱི་ཕུག་པ་ཟེར་བ་དེ་ནི་མིན་པས། ཕལ་ཆེན་སྡེ་བའི་ལུགས་ཀྱི་བཀའ་བསྡུ་མཛད་ས་ཡིན་ནའང་ཐང་སྙམ།

ཆོས་ཀྱི་རྗེ་ཉིད་ཕུག་པ་དེའི་ནང་མཇལ་གཟིགས་ལ་ཕེབས་སྐབས། རྒྱ་གར་བའི་དཀོན་གཉེར་ཞིག་གིས། མ་འོངས་པ་ན་སྐྱེས་ཆེན་ཞིག་གིས་གནས་འདི་ནས་གཏེར་ཁ་ཞིག་འདོན་རྒྱུ་ཡིན་པའི་ལུང་བསྟན་ཡོད་ཅེས་བཤད་ཅིང་། རྗེ་ཉིད་སྐྱེས་ཆེན་དེ་ཡིན་ནའང་ཐང་རུང་། ཁོང་གིས་ནི་དེ་ལ་ཐུགས་སྣང་ཆེར་མ་མཛད་པར་ངེད་ཅག་གི་དབུ་དྲངས་ནས་ཞལ་འདོན་སྨོན་ལམ་གསུངས་པ་དང་། སྐབས་དེར་བྲག་གི་སྲུབས་ནས་གློ་བུར་དུ་བདུད་རྩིའི་ཆུ་རྒྱུན་ཕྲི་ལི་ལི་བབས་ཤིང་། རྗེ་ཉིད་ཀྱིས་ཆུ་ཉུང་ཟད་ཁྱོར་བའི་ནང་དུ་འབབ་བཅུག་ནས་ཞལ་ལ་གསོལ་ཏེ། དབུ་ལ་བྱུག་བྱུག་མཛད་པ་སོགས་གནང་བ་དང་། ངེད་ཅག་ལ་ཡང་འཐུང་གསུངས་ནས་འཐུང་དུ་བཅུག ཕུག་པ་དེའི་ནང་ལ་ཆུ་རྒྱུན་དེ་འདྲ་སྔར་མེད་པར་མ་ཟད། རྗེས་སུ་ཡང་འབབ་རྒྱུ་མ་བྱུང་ཞེས་ཕྱིས་ཤིག་ལ་གོ་ཐོས་བྱུང་།

བྲག་ཕུག་ལས་ཕྱིར་ཐོན་རྗེས། ཆོས་ཀྱི་རྗེ་ཉིད་བྱ་རྒོད་ཕུང་པོའི་རི་ལ་ཕེབས། བྱ་རྒོད་ཕུང་པོའི་རི་ནི་ཧ་ཅང་གཟར་བོ་རང་མེད་པའི་རི་ཆུང་ངུ་ཞིག་ཡིན་ཞིང་། རིའི་ཐོག་ལ་རྩི་ཤིང་སྐྱེས་ཡོད་པར་མ་ཟད་བྲག་རྡོ་ཡང་ཧ་ཅང་མང་། ལམ་བར་ཞིག་ནས་རླངས་འཁོར་མི་ཐར་བར་འདུག་པས། རྗེ་ཉིད་རླངས་འཁོར་ལས་བབས་ནས་ཞབས་ཐང་དུ་ཡུད་ཙམ་ལ་བྱོན་ཞིང་། ཉིན་དེར་ཉི་མས་ས་སྟེང་གི་མི་རྣམས་འཚེད་བཞིན་ཡོད་པ་ལྟར་ཚ་བ་ཤིན་ཏུ་ཆེ་ལ། ཆོས་ཀྱི་རྗེ་ཉིད་ཀྱིས་སྐུ་མལ་གསོ་སྐབས་ཐང་བདེ་བོ་ཞིག་ལ་བཞུགས་ཏེ་ཞལ་ནས། བྱ་རྒོད་ཕུང་པོའི་རི་ནི་བདག་ཅག་གི་སྟོན་པས་བཀའ་བར་བ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་སའི་གནས་ཡིན་ཞིང་། འུ་ཅག་གནས་འདིར་ཐོན་པ་ནི་སྐལ་བ་ཤིན་ཏུ་བཟང་པོ་རེད། བཀའ་བར་བ་མཚན་ཉིད་མེད་པའི་ཆོས་འཁོར་གྱི་དགོངས་དོན་གཙོ་བོ་ཡུམ་རྒྱས་འབྲིང་བསྡུས་གསུམ་ཡིན་ཞིང་། དབུ་མ་དང་ཕར་ཕྱིན་གཉིས་ཀྱིས་བྱེ་བྲག་ཏུ་དེའི་དངོས་དོན་དང་སྦས་དོན་ཕྱུང་བའི་སྒོ་ནས་ཡུམ་ལ་འགྲེལ་བཤད་བསྐྱོན་པ་རེད། དེ་རིང་ད་འདི་ཚོ་གླེང་བའི་དུས་ཚོད་མང་པོ་མེད་པས་ངས་ཁྱེད་རྣམ་པ་ལ་ཤེར་སྙིང་གི་ལུང་ཞིག་འདོན་གསུངས་ནས། ཤེར་སྙིང་ཐུགས་ཐོག་ནས་གསུངས་ཏེ་ལུང་གནང་ཞིང་། ད་དུང་ཕར་ཕྱིན་གྱི་སྨོན་ལམ་ཞིག་གི་ལུང་ཡང་གསུངས་སོང་། དེ་ནས་རྗེ་ཉིད་ཀྱིས་འདོན་པའི་དབུ་བཟུང་སྟེ་ཚང་མས་བཟང་པོ་སྤྱོད་པའི་སྨོན་ལམ་གསུངས།

བཟང་སྤྱོད་གསུངས་ནས་སྨོན་ལམ་བཏབ་ཟིན་རྗེས། རྗེ་ཉིད་ཀྱི་ཞལ་ནས། རྒྱལ་མཆོག་ཚངས་དབྱངས་རྒྱ་མཚོ་གནས་འདིར་ཕེབས་སྐབས་རི་འདི་གླེགས་བམ་བརྩེགས་པའི་རྣམ་པ་ཅན་དུ་གཟིགས་ཤིང་། ང་ནི་འོད་གསལ་གྱི་དབྱིངས་སུ་ཁོར་མོ་ཡུག་ཏུ་འབྱམས་ནས། སངས་རྒྱས་མྱ་ངན་ཡོངས་མི་འདའ། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །ཞེས་པའི་སྤྱོད་ཡུལ་དེ་མངོན་སུམ་དུ་གྱུར་སོང་། ཁྱོད་ཚོ་རི་ལ་འཛེག་བསམས་ན་སོང་། ང་མི་འགྲོ། མདོའི་གླེང་གཞི་ཞིག་ལས་སྔོན་སྟོན་པ་ཐུགས་རྗེ་ཅན་ཉིད་བྱ་རྒོད་ཕུང་པོའི་རི་ལ་ཕེབས་པའི་ཚེ། དགེ་སློང་རི་ལ་འབབ་འཛེག་མི་འདོད་པ་རྣམས་འདྲེད་ཅིང་བརྡེག་འཆོས་ནས་རྐང་ལག་སོགས་བསྣད་ཚུལ་གསུངས་ཡོད་པས། གཅིག་བྱས་ན་ངའང་རྡོ་སྐས་ཀྱི་སྟེང་ནས་རྐང་པ་འདྲེད་ནས་མི་འགྱེལ་བའི་ངེས་པ་མེད་པས། རི་མགོ་ལ་མི་འཛེག་པར་འདི་ནས་སྨོན་ལམ་བྱས་པས་ཆོག ཁྱོད་ཚོ་རྐང་རྒོད་རེ་ཡོད་ན་རི་ལ་འཛེགས་ནས་གཅིག་ལྟོས། འོན་ཀྱང་དེ་རིང་ད་དུང་ས་ཆ་མང་པོར་གནས་མཇལ་ལ་འགྲོ་དགོས་པས་ཡུན་རིང་མ་འགོར་བར་ལོག་ཤོག་གསུངས།

བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱིས་བྱ་རྒོད་ཕུང་པོའི་རི་འདིར་དམ་པའི་ཆོས་པདྨ་དཀར་པོ་དང་འབུམ། སཱ་ལའི་ལྗང་བའི་མདོ་སོགས་གསུངས་ཡོད་པ་ཤེས་ཀྱང་། བྱེ་བྲག་ཏུ་གནས་གང་ཞིག་ཏུ་མདོ་གང་ཞིག་གསུངས་པ་ནི་མི་མང་པོ་ལ་དྲིས་ནས་སོང་ཡང་སུ་གཅིག་གིས་ཀྱང་མི་ཤེས་པར་འདུག ངེད་ཚོས་བོད་རིགས་སྣེ་ཤན་པ་ཞིག་ལམ་རོགས་ལ་ཁྲིད་ནས་སོང་ཞིང་། རི་ལ་འཛེག་ནས་བར་སྐབས་ཤིག་སོང་རྗེས་ཁོས་ཕ་བོང་ཆེན་པོ་ཞིག་ལ་མཛུབ་མོ་བཙུགས་ནས་གནས་འདི་སངས་རྒྱས་ཀྱིས་ཆོས་གསུང་ས་རེད་ཟེར། ངེད་ཚོས་གནས་དེ་ནས་གསོལ་འདེབས་སྨོན་ལམ་མདོར་བསྡུས་པ་ཞིག་བྱས་པ་དང་པར་ཁ་ཤས་བླངས་ཤིང་། རྗེ་བླ་མ་ཉིད་ཀྱིས་ཡུན་རིང་པོར་བསྒུག་མཛད་རྒྱུ་རེད་བསམས་ནས་འཕྲལ་དུ་གང་མགྱོགས་བྱས་ནས་མར་སོང་བ་ཡིན།

ལམ་ཁར་མི་མང་པོས་ཕྲེང་བ་འཚོང་བཞིན་འདུག་པ་མཐོང་ཞིང་། ས་གནས་དེ་གའི་བྱང་ཆུབ་ཤིང་གི་འབྲས་བུས་བཟོས་པ་རེད་ཟེར་བ་དང་གོང་ཡང་ཅུང་ཟད་ཆུང་བས། ངས་ཕྲེང་བ་བཅུ་ལྷག་ཉོས་ནས་བོད་ལ་ཕྱིར་ཁྱེར་ཏེ། ཆོས་ཀྱི་གྲོགས་པོ་རྣམས་ལ་ལེགས་སྐྱེས་ཀྱི་ཚུལ་དུ་བྱིན་པ་ཡིན།

དེ་ནས་ཆོས་ཀྱི་རྗེ་ཉིད་མུ་མཐུད་ནས་ལམ་ལ་ཆས། རྒྱལ་པོའི་ཁབ་ཏུ་ཕེབས་པའི་ལམ་ནས། བདག་ཅག་གི་སྟོན་པ་ལོ་མང་པོའི་རིང་ལ་བཞུགས་མྱོང་བ་རི་བོ་སྐྱ་བསངས་བྱ་བའི་རི་ཞིག་འདུག་པ་དེ་ལ། ང་ཚོས་རྒྱང་རིང་ནས་མཇལ་ཕྱག་ཕུལ་ཞིང་གསོལ་འདེབས་སྨོན་ལམ་བྱས།

དེ་རྒྱབ་ཆོས་ཀྱི་རྗེ་ཉིད་འོད་མའི་ཚལ་ཀ་ལན་ཏ་ཀའི་གནས་(Venuvana)ལ་ཕྱགས་ཕེབས། འོད་མའི་ཚལ་ནི་རྒྱལ་པོ་གཟུགས་ཅན་སྙིང་པོས་སྟོན་པ་བཅོམ་ལྡན་འདས་ཉིད་བཞུགས་སའི་སླད་དུ་བཞེངས་ནས་ཕུལ་ཞིང་། སྟོན་པ་གནས་དེར་ཡུན་རིང་པོར་ཞལ་བཞུགས་མཛད་པ་དང་། གནས་འདིར་རྫིང་བུ་ཞིག་ཡོད་པ་དེའི་ནང་དུ། སྟོན་པས་སྐུ་ཁྲུས་མཛད་མྱོང་བས་བྱིན་རླབས་ཤིན་ཏུ་ཆེ་ཟེར་ཞིང་། ཆོས་ཀྱི་རྗེ་ཉིད་ངེད་སྐུ་འཁོར་དང་བཅས་པ་རྣམས་ཀྱིས། རྫིང་བུ་དེའི་ནང་དུ་གདོང་དང་རྐང་ལག་སོགས་མཚོན་ཙམ་བཀྲུས་ནས་སྨོན་ལམ་མདོར་བསྡུས་ཐུང་ཐུང་ཞིག་གསུངས།

དེ་ནས་ཆོས་ཀྱི་རྗེ་ཉིད་ལོ་མ་བདུན་གྱི་ཕུག་པར་(Saptaparni Cave)མཇལ་གཟིགས་ལ་ཕེབས། ཕུག་པ་འདི་ནི་བདག་ཅག་གི་སྟོན་པ་སྐུ་མྱ་ངན་ལས་འདས་རྗེས་སྡེ་སྣོད་གསུམ་བཀའ་བསྡུ་ཐོག་མ་མཛད་ས་ཡིན་པར་གྲགས་ཤིང་། གནས་འདི་ནས་སངས་རྒྱས་ཀྱི་བསྟན་པ་ཡི་གེའི་གཟུགས་ཀྱི་རྣམ་པས་དར་ཞིང་རྒྱས་པའི་དབུ་བརྙེས་པ་རེད། ཆོས་ཀྱི་རྗེ་ཉིད་ཀྱིས་ངེད་སྐུ་འཁོར་རྣམས་ལ་འཕགས་པ་ཕུང་པོ་གསུམ་པའི་མདོའི་ལུང་གསུངས་ཤིང་། བཀའ་བསྡུ་ཐོག་མ་བྱས་པའི་ལོ་རྒྱུས་མདོར་བསྡུས་ངོ་སྤྲོད་མཛད་པ་དང་མཉམ་དུ། རྒྱལ་པོ་གཟུགས་ཅན་སྙིང་པོ་དང་རྒྱལ་པོ་མ་སྐྱེས་དགྲ་བཅས་ཀྱི་གཏམ་རྒྱུད་ཐོར་རེ་ལོང་ངེ་བ་ཙམ་ཞིག་གསུངས།

དེ་ནུབ། དཔལ་ན་ལེནྡྲའི་ཉེ་ས་ཞིག་ལ་ཞལ་བཞུགས་མཛད།

༡༩༩༠ ལོའི་ཟླ་བ་༡༡ ཚེས་༤ །

སྔོན་རྒྱ་གར་ལ་ནང་པའི་བསྟན་པ་ཆེས་དར་ཞིང་རྒྱས་ནས། ཡང་རྩེར་སོན་པའི་སྐབས་སུ་ནང་པའི་མཐོ་རིམ་སློབ་གླིང་གསུམ་བྱུང་ཞིང་དེ་དག་ནི། དཔལ་ན་ལེནྡྲ་དང་། བི་ཀྲ་མ་ཤཱི་ལ། ཨོ་ཏནྟ་པུ་རི་བཅས་གསུམ་རེད།

དཔལ་ན་ལེནྡྲ་(Nalanda University)ནི་རྒྱལ་པོ་བརྒྱ་བྱིན་ཉི་མས་དུས་རབས་ལྔ་པའི་ནང་གཙུག་ལག་ཁང་བཏབ་ནས་བཞེངས་ཤིང་། ཕྱིས་རྒྱ་ཇེ་ཆེར་བསྐྱེད་ནས་ནང་པའི་གདན་ས་གཞི་རྒྱ་ཆེས་ཆེ་ཤོས་སུ་གྱུར། གཙུག་ལག་ཁང་དུ་གླེགས་བམ་ས་ཡ་དགུ་ལྷག་ཉར་ཡོད་པར་བཤད་ཅིང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་། སློབ་དཔོན་ཟླ་བ་གྲགས་པ། སློབ་དཔོན་ཨརྱ་དེ་བ། སློབ་དཔོན་ཞི་བ་ལྷ། སློབ་དཔོན་ཐོགས་མེད། སློབ་དཔོན་དབྱིག་གཉེན། སློབ་དཔོན་ཕྱོགས་ཀྱི་གླང་པོ། སློབ་དཔོན་ཆོས་ཀྱི་གྲགས་པ། ཨོ་རྒྱན་པདྨ་འབྱུང་གནས། མཁན་ཆེན་ཞི་བ་འཚོ། ལོ་ཆེན་བཻ་རོ་ཙ་ན། རྒྱའི་མཁས་པ་ཐང་ཟན་ཙང་དང་ཡི་ཅིང་སོགས་སྐྱེས་ཆེན་མང་པོ་གདན་ས་དེར་ཕེབས་ནས་བསླབ་པ་སློབ་གཉེར་མཛད་ཅིང་། སློབ་གཉེར་བ་ཁྲི་ཕྲག་ལྷག་གདན་གཅིག་ཏུ་འཛོམས་ནས་འཆད་ཉན་རྒྱ་ཆེར་དར་མྱོང། དུས་རབས་བདུན་པའི་ནང་། རྒྱ་གར་ཡོངས་ནས་མཐོང་གཟིགས་རྒྱ་ཆེར་བྱེད་སའི་ཐེག་ཆེན་པའི་སློབ་གླིང་གི་ལྟེ་གནས་ཉིད་དུ་གྱུར། དུས་རབས་བཅུ་གཉིས་པར། འཇིགས་སུ་རུང་བའི་ཁ་ཆེའི་དམག་དཔུང་གིས་བཅོམ་ནས་མེ་ལ་བརྒྱབས་ཤིང་། དཔེ་མཛོད་ཁང་དུ་ཉར་བའི་གླེགས་བམ་རྣམས་ཟླ་བ་དྲུག་ཏུ་ཚིག་སྐད། ད་ལྟ་ན་ལེནྡྲ་ལ་གྱང་གོག་དམར་ཧང་ངེ་བ་ལས་ལྷག་མེད་ཅིང་། དུས་རབས་ཉི་ཤུ་པའི་སྟོད་ལ་གནའ་རྫས་རྟོག་ཞིབ་པས་རྗེས་ཤུལ་རྙེད་དེ་ས་འོག་ནས་རྐོ་བའི་དུས་སུ། ན་ལེནྡྲ་ལ་ཁྱོན་སྨི་གྲུ་བཞི་མ་ས་ཡ་ལྷག་ཡོད་པར་བཤད།

ན་ལེནྡྲ་ནས་སྤྱི་ལེ་བཅུ་གཅིག་ཙམ་སོང་བའི་ས་ལ། ཨོ་ཏནྟ་པུ་རི་(Odantapuri)སྟེ་འཕུར་བྱེད་ཀྱི་གྲོང་ཁྱེར་ཡོད། དེ་ནི་ནང་པའི་གསང་བ་སྔགས་ལུགས་ཀྱི་གདན་ས་གལ་ཆེན་ཞིག་ཡིན་ཞིང་། དུས་རབས་བརྒྱད་པའི་ནང་པཱ་ལའི་རྒྱལ་བརྒྱུད་ཀྱི་རྒྱལ་པོ་དྷརྨ་པཱ་ལས་ཕྱག་བཏབ་པ་དང་། དཔལ་ན་ལེནྡྲ་ནས་བརྩིས་པའི་རྒྱ་གར་གྱི་གནའ་བོའི་སློབ་གླིང་ཨང་གཉིས་པ་རེད། སྔར་ཨོ་ཏནྟ་པུ་རི་ལ་ཐོས་བསམ་སློབ་གཉེར་བྱེད་མཁན་གྱི་སློབ་མ་ཁྲི་གཅིག་དང་སྟོང་གཉིས་ལྷག་ཡོད་པར་བོད་ཀྱི་ལོ་རྒྱུས་ཡིག་ཚང་ཁག་ལས་བཤད་ཅིང་། གྲུབ་ཆེན་ཏཻ་ལོ་པ་དང་ནཱ་རོ་པ་སོགས་གདན་ས་དེར་བཞུགས་པ་རེད། མཉམ་མེད་ཇོ་བོ་རྗེས་ཀྱང་དྷརྨ་རཀྵི་ཏ་ལས། བྱེ་བྲག་བཤད་མཛོད་ཆེན་མོ་གདན་ས་དེ་ག་རང་ནས་ལོ་བཅུ་གཉིས་ལ་གསན་ཞིང་། སྒྲ་སྒྱུར་མར་པ་ལོ་ཙ་དང་དཔལ་ལྡན་ཇོ་བོ་རྗེ་གཉིས་ཀྱང་དགོན་པ་དེ་ནས་མཇལ་འཛོམས་མང་པོ་བྱུང་བ་རེད། དུས་རབས་བཅུ་གཉིས་པའི་མཇུག་ལ། དཔལ་ན་ལེནྡྲའི་ལས་དབང་དང་མཚུངས་པར། ཁ་ཆེའི་དམག་དཔུང་གིས་ཨོ་ཏནྟ་པུ་རི་ལྷག་མེད་དུ་བཅོམ་པར་བྱས།

ཨོ་ཏནྟ་པུ་རི་ནས་སྤྱི་ལེ་༢༠༠ ལྷག་སོང་བའི་ས་ལ་བི་ཀྲ་མ་ཤཱི་ལའི་(Vikramashila)དགོན་ཤུལ་ཡོད། བོད་རྣམས་ཀྱིས་ཚུལ་ཁྲིམས་དྲི་ངད་ལྡན་པའི་དགོན་པ་ཡང་ཟེར། རྒྱལ་པོ་དྷརྨ་པཱ་ལས་དུས་རབས་བརྒྱད་པའི་ནང་རྨང་བཏིང་ནས་བརྩིགས་ཤིང་། རྒྱལ་པོ་དེས་ནང་པའི་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་བྱས། ཁོང་གིས་ཐོག་མར་དཔལ་ན་ལེནྡྲ་ལས་ཐག་མི་རིང་བའི་ས་ལ་ཨོ་ཏནྟ་པུ་རི་བཞེངས་པ་དང་། དེ་ནས་རིམ་གྱིས་བི་ཀྲ་མ་ཤཱི་ལའི་དགོན་པ་བཞེངས་པར་མ་ཟད། གཞི་རྒྱ་སོགས་ནི་དཔལ་ན་ལེནྡྲ་ལས་ཀྱང་ཆེ་བ་བྱུང་ཞིང་། མི་ལོ་བཞི་བརྒྱ་ལྷག་གི་རིང་ལ་རྒྱལ་པོ་མང་པོས་ཡོན་བདག་བྱས་ནས་དར་རྒྱས་སུ་ཕྱིན། དགོན་པའི་ནང་ལ་གཙུག་ལག་ཁང་བརྒྱ་ལྷག་དང་། ཞིབ་འཇུག་ལྟེ་གནས་དྲུག་ཡོད་ཅིང་། ཕྱོགས་བཞིའི་སྒོ་ཆེན་བཞི་ལ་སྒོ་སྲུང་བའི་པཎྚི་ཏ་རེ་རེ་བཞུགས་ནས། ཡུལ་གྲུ་གཞན་ནས་སླེབས་པའི་མཁས་པ་རྣམས་ཀྱི་དྲི་བ་དང་རྩོད་པ། འགྲན་སློང་ལ་ཕར་རྒོལ་མཛད། དུས་རབས་བཅུ་གསུམ་པའི་སྟོད་དུ་ཁ་ཆེའི་དམག་དཔུང་གིས་རྒྱ་གར་དུ་ལྷག་པའི་ནང་པའི་ཆོས་སྡེ་ཆེས་མཐའ་མ་སྟེ། བི་ཀྲ་མ་ཤཱི་ལའི་དགོན་པ་མེ་ལ་བརྒྱབས་ནས་རྨེག་མེད་དུ་བཅོམ་རྗེས། རྒྱ་གར་འཕགས་པའི་ཡུལ་ནས་ནང་པའི་བསྟན་པ་ནུབ་པའི་མགོ་ཚུགས་པར་གྱུར་པ་རེད།

བོད་ཀྱི་མཁས་པ་མང་པོའི་གསུང་རྩོམ་གྱི་ནང་དུ་རླབས་ཆེན་གྱི་དགོན་པ་འདི་གསུམ་གྱི་སྒྲོས་རྟག་ཏུ་འབྱུང་བས། དགོན་པ་དེ་གསུམ་གྱི་མིང་རྣ་བ་ལ་ཤིན་ཏུ་འཇགས་པར་གྱུར་པའི་རྐྱེན་གྱིས། མཇལ་སྐོར་གྱི་མཛད་རིམ་ཁག་སྒྲིག་པའི་དུས་སུ། ཆོས་ཀྱི་རྗེ་ཉིད་ཀྱིས་མཇལ་གཟིགས་ལ་ཕེབས་དགོས་གསུངས་ཀྱང་། ཕྱོགས་མང་པོ་ལ་སྐད་ཅ་དྲིས་པས། དཔལ་ན་ལེནྡྲ་ཁོ་ན་ལ་མཇལ་སྐོར་ཐུབ་པ་ལས། བི་ཀྲ་མ་ཤཱི་ལའི་དགོན་པ་ནི་བྷ་གལ་པུར་གྲོང་དང་ཐག་ཉེ་སའི་གཙང་པོའི་ནང་ལ་ནུབ་ནས། རྗེས་ཤུལ་ཙམ་ཡང་མཇལ་དུ་མེད་པར་གྱུར་ཅིང་། ཨོ་ཏནྟ་པུ་རི་བཅོམ་རྗེས་ས་མིག་ཙམ་ཡང་མི་རྙེད་པར་གྱུར་སོང་ཞེས་ས་གནས་དེ་གའི་མི་རྣམས་ཀྱིས་བཤད་སོང་བས། ང་ཚོས་འཆར་གཞི་ལ་གཞི་ནས་འགྱུར་བ་བཏང་སྟེ་ན་ལེནྡྲའི་ཕྱོགས་ལ་ཁ་བཏད་ནས་མི་འགྲོ་ཐབས་མེད་དུ་གྱུར།

ཆོས་ཀྱི་རྗེ་ཉིད་ན་ལེནྡྲར་ཞབས་སོར་བཀོད་ཙ་ན། སྔར་གཟི་བརྗིད་བླ་ན་མེད་པའི་ནང་པའི་ཆོས་སྡེ་ཆེན་པོ་དེ་ཉིད། རྩིག་གོག་དམར་ཧང་ངེ་བ་ཞིག་ལས་ལྷག་མེད་པ་གཟིགས་ནས་ཐུགས་ཤིན་ཏུ་སྐྱོ་བའི་ཚུལ་མཛད་ཅིང་། ཆོས་ཀྱི་རྗེ་ཉིད་ས་སྟོང་ཞིག་ལ་བཞེངས་ནས། ན་ལེནྡྲའི་པཎ་གྲུབ་རྣམས་ཀྱི་བཀའ་དྲིན་བླ་ན་མེད་པའི་སྐོར་ལ་རྗེས་དྲན་མཛད་ནས་གསུང་གླེང་གནང་ཞིང་། ན་ལེནྡྲའི་པཎ་གྲུབ་ལྔ་བརྒྱས་དུས་ཐོག་གཅིག་ལ་མཛད་པར་གྲགས་པའི་གང་བློ་མའི་ལུང་གསུངས་པ་དང་། ཐུགས་བསྐྱེད་སྨོན་ལམ་ཟབ་རྒྱས་སུ་མཛད།

ངས་གྱང་གི་ཞིག་རོ་རྣམས་ལ་ལག་གིས་རེག་བཞིན། གཙུག་ལག་ཁང་ཆེ་ཆུང་མང་པོའི་རྗེས་ཤུལ་དང་གྲྭ་ཁང་གི་རྨང་གཞིའི་ཤུལ་ལ་བསྐོར་བ་བྱས་ནས་སོང་ཞིང་། སེམས་རང་དབང་མེད་པར་སྐྱོ་ལྷང་ངེ་བར་གྱུར་སོང་། སྔར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་། སློབ་དཔོན་ཆོས་ཀྱི་གྲགས་པ་སོགས་ཆོས་སྡེ་ཆེན་པོ་འདིར་སློབ་གཉེར་མཛད་དེ་བཞུགས་མྱོང་བས། ཞིག་རོའི་ནང་ནས་ཁོང་རྣམ་པའི་བཞུགས་ཤུལ་རེ་རྙེད་ཨེ་ཡོང་བསམས་ཏེ། ཐང་ལ་བསྡད་དེ་ལག་པས་ས་བསལ་ནས་བརྐོས་པ་དང་། གང་མཚམས་བརྐོས་རྗེས་རྫ་མའི་ཆག་རོ་རྙིང་པ་ཞིག་ཐོན་སོང་བ་དེ་ཁོང་རྣམ་པས་བེད་སྤྱོད་རེ་མཛད་མྱོང་ཡོད་ན་ཅི་ཤེས་བསམས་ཏེ་ཉར་ཚགས་བྱས་ཤིང་། རྗེས་སུ་ཕྱིར་ཁྱེར་ཡོང་བ་ཡིན།

དེབ་འདི་འབྲི་བའི་རྩོལ་བ་བགྱིད་སྐབས། བི་ཀྲ་མ་ཤཱི་ལ་དང་ཨོ་ཏནྟ་པུ་རི་གཉིས་ཀྱི་རྗེས་ཤུལ་རྙེད་པའི་སླད་དུ། ངས་ད་དུང་རྒྱ་གར་གྱི་མཁས་པ་ལ་འདྲི་རྨེད་བྱས་པ་དང་མཉམ་དུ། ལོ་རྒྱུས་ཀྱི་རྒྱུ་ཆ་མང་པོ་བསློགས་ནས་བརྟག་དཔྱད་ཞིབ་འཇུག་མང་པོ་བྱས་ཀྱང་། རྒྱ་གར་བས་ལོ་རྒྱུས་ཀྱི་ཟིན་ཐོ་འགོད་པ་ལ་མཐོང་ཆེན་པོ་རང་མི་བྱེད་པའི་རྐྱེན་གྱིས། འདིའི་སྐོར་ནས་ཁུངས་དག་ངེས་ཏིག་ཅན་ཞིག་རྙེད་དགོས་ན། ཤིན་ཏུ་དཀའ་བའི་གནས་སུ་གྱུར་འདུག

ཕྱིས་དགེ་འདུན་ཆོས་འཕེལ་གྱིས་བྲིས་པའི་དེབ་ཅིག་གི་ནང་དུ། མར་པའི་གསུང་འབུམ་གྱི་ནང་ལ་ཡོད་པའི་ཚིག་འགའ་དྲངས་ནས་བཀོད་འདུག་པ་མཐོང་བས། དེས་ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་གི་ཤུལ་འཚོལ་བ་ལ་ཕན་ཆེན་མོ་ཐོགས་སོང་། དེབ་དེའི་ནང་དུ། རི་འདི་ནི་ནཱ་རོ་པའི་བཞུགས་གནས་ཕུ་ལ་ཧ་རི་བྱ་བ་དེ་ཡིན་པར་ཐེ་ཚོམ་མི་འདུག་སྟེ། ཆག་ལོའི་རྣམ་ཐར་དུ་ན་ལེནྡྲའི་བྱང་ངོས་ཚ་འབོག་གཅིག་གི་ས་ན་རི་དེ་ཡོད་གསུངས་ཤིང་། ན་ལེནྡྲའི་བྱང་ན་རི་འདི་གཅིག་པུ་མ་གཏོགས་ཡེ་མེད་ལ། རིའི་དབྱིབས་ཀྱང་བོད་ཀྱི་ཕྱོགས་སུ་མགོ་གུག་པ་ལྟར་ཡོད་ཅེས་གསུངས། བོད་ཀྱི་ཕྱོགས་ལ་མགོ་གུག་པའི་རྒྱུ་མཚན་ཡང་། སྒྲ་སྒྱུར་མར་པ་ལོ་ཙས་མི་ལ་རས་པ་ལ་དབང་དང་གདམས་ངག་བྱིན་རྗེས། ནཱ་རོ་པའི་སྐུ་མདུན་ནས་སྔར་ལས་ཀྱང་ཟབ་པའི་གསང་སྔགས་ཀྱི་གདམས་པ་ཞུ་བའི་ཕྱིར་དུ། སླར་ཡང་ཨོ་ཏནྟ་པུ་རི་ལ་ལན་གཅིག་ཕེབས། ཐེངས་ཤིག་མར་པ་ལོ་ཙས་འཕོ་བ་གྲོང་འཇུག་གི་གདམས་ངག་ཞུས་པས། པཎ་ཆེན་ནཱ་རོའི་ཞལ་ནས། འདི་ཁྱོད་རང་དྲན་ནམ་ལུང་བསྟན་བྱུང་གསུང་བ་ལ། འདི་བདག་རང་དྲན་པ་མིན། བདག་ལ་ལུང་བསྟན་བྱུང་བའང་མིན། བདག་ལ་སློབ་མ་ཐོས་པ་དགའ་ཞེས་བྱ་བ་ཡོད་པ་དེ་ལ་མཁའ་འགྲོའི་ལུང་བསྟན་བྱུང་ནས་ཞུར་འོངས་པ་ལགས་ཞུས་པས། ངོ་མཚར་ཆེ། བོད་མུན་ནག་གི་གླིང་ན་སྐྱེས་བུ་གངས་ལ་ཉི་མ་ཤར་བ་འདྲ་བ་ཡང་ཡོད་པར་འདུག་གསུངས། ཕྱག་གཉིས་སྤྱི་བོར་ཐལ་མོ་སྦྱར་ཏེ། བྱང་ཕྱོགས་མུན་པའི་སྨག་རུམ་ན། །གངས་ལ་ཉི་མ་ཤར་འདྲ་བའི། །ཐོས་པ་དགའ་ཞེས་བྱ་བ་ཡི། །སྐྱེས་བུ་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་ནས་སྤྱན་བཙུམས་ཏེ། དབུ་གུག་གུག་ལན་གསུམ་མཛད་པས། རྒྱ་གར་གྱི་རི་དང་རྩི་ཤིང་རྣམས་ཀྱང་བོད་ཀྱི་ཕྱོགས་ལ་མགོ་གུག་གུག་ལན་གསུམ་བྱུང་ཞིང་། དུས་ད་ལྟའི་བར་དུ་ཡང་ཕུ་ལ་ཧ་རིའི་རི་དང་ཤིང་རྣམས་བོད་ཀྱི་ཕྱོགས་ལ་མགོ་གུག་གེ་ཡོད་ཅེས་བཤད་འདུག་པ་ལ་ཐུག་ཡོད།

གན་དྷ་ཀཱུ་ཊི།

ད་ལྟ་བྷི་ཧར་ཤཱ་རིབ་(Biharsharif)རླངས་འཁོར་འབབ་ཚུགས་ཀྱི་ནུབ། དཔལ་ན་ལེནྡྲ་ནས་ཐག་རིང་པོ་མེད་པའི་ས་ལ་བྲག་རི་ལེབ་མོ་ཞིག་འདུག་པ་དེ་ནི། ཨོ་ཏནྟ་པུ་རིའི་རྗེས་ཤུལ་ཡིན་པར་གདའ། ཉེ་རབས་བོད་ཀྱི་མཁས་པ་ཞིག་ས་ཆ་དེར་ཕེབས་ནས་གནས་མཇལ་མཛད་སྐབས། དེ་ན་རྩྭ་འཇག་མས་གང་ནས་མི་མེད་ལུང་སྟོང་ལྟ་བུར་གྱུར་འདུག་པ་དང་། ལམ་ཕྲན་ཞིག་ལས་ཅི་ཡང་མཐོང་རྒྱུ་མི་འདུག་ཅེས་གསུངས་གདའ། སྔོན་ཁ་ཆེའི་དམག་དཔུང་གིས་རྒྱ་གར་གྱི་ནང་པའི་དགོན་སྡེ་རྣམས་བཅོམ་རྗེས། རྩ་མེད་དུ་བཤིག་པའམ་ཡང་ན་རོ་འཇོག་སའི་བང་སོ་ཉིད་དུ་བྱེད་ཅིང་། ད་ལྟ་དུས་རབས་འདི་ལྟ་བུ་ཞིག་ལ་སླེབས་ཀྱང་། ཨོ་ཏནྟ་པུ་རི་ནི་ཕྱི་རོལ་མུ་སྟེགས་པའི་ཁོངས་སུ་ལྷག་ནས། ཁོ་ཚོའི་རྗེས་འཇུག་པ་དག་གི་རོ་སྦ་སར་བྱས་ནས་འདུག་པ་དང་། མི་གཞན་ནང་དུ་འགྲོ་རུ་མི་འཇུག་པ་རེད། མཁས་པ་དེས་ལྐོག་ཏུ་སྒོའི་སྲུབས་བར་ནས་ནང་དུ་ཡར་བལྟས་པས། དབུས་ཀྱི་གཙུག་ལག་ཁང་གི་ཟུར་ལ་ཁ་ཆེའི་ཆོས་ལུགས་ཀྱི་ཆོས་དར་ལྗང་ཁུ་ཞིག་གིས་བཀབ་པའི་རོ་དུར་ཞིག་དང་། དེའི་ཉེ་ས་དག་ལ་དགོན་པའི་རྗེས་ཤུལ་འགའ་རེ་འདུག་པ་མཐོང་ཞེས་བཀོད་འདུག

ཕྱིས་ངས་འཁོར་སྐར་ས་བཀྲ་ལ་བལྟས་ནས་བཙལ་བས། བྷི་ཧར་ཤཱ་རིབ་ལ་བྲག་རི་ལེབ་མོ་ཞིག་འདུག་པ་དངོས་སུ་མཐོང་ཞིང་། དེའི་མིང་ལ་བྷ་རི་ཕུ་ཧ་རི་(Bari Pahari)ཟེར་བ་དང། མཚོ་འཕགས་ལ་སྨི་༡༠༠ ལྷག་འདུག བྲག་རི་ལེབ་མོ་དེའི་སྟེང་ལ་དགོན་པའི་རྗེས་ཤུལ་ལ་འདྲ་སེ་བའི་གནས་ཤིག་ཡོད་ལ། ཚོམས་ཆེན་གྱི་དབུས་སུ་དུར་ཆེན་པོ་ཞིག་འདུག་པ་དེ་མུ་སི་ལིམ་གྱི་རྒྱལ་པོ་མཱེ་རི་ཁི་ཨཱ་བྷ་ར་ཧམ་ཝ་ཡའི་(马利克·易卜拉欣·瓦亚)བང་སོ་ཡིན་པར་འདུག རྒྱུ་ཆ་ཞིབ་མོ་འདི་དག་ལ་བརྟེན་ནས། གནས་དེ་ནི་ཨོ་ཏནྟ་པུ་རིའི་རྗེས་ཤུལ་འཆུག་མེད་ཡིན་པའི་ཚོད་དཔག་བྱེད་ཐུབ་པ་རེད།

དགོན་པ་གཅིག་ཤོས་ཏེ་བི་ཀྲ་མ་ཤཱི་ལའི་གནའ་ཤུལ་གང་དུ་ཡོད་མེད། དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་གཏམ་རྒྱུད་གསེར་ཐང་ལས་གསལ་པོ་རང་གསུངས་མི་འདུག་ལ། ས་གནས་དེ་གའི་བོད་རིགས་རྣམས་ལ་ཡང་རྒྱུས་མི་གདའ། ཉེ་བའི་ལོ་འགའ་ཞིག་གི་རིང་རྒྱ་གར་གྱི་ཞིབ་འཇུག་པ་རྣམས་ཀྱིས། བྷ་གལ་པུར་གྲོང་(Bhagalpur)ལ་ཐག་མི་རིང་བའི་ས་ཆ་ཞིག་ནས། དགོན་པ་དེའི་གནའ་ཤུལ་རྙེད་པ་རེད་ཅེས་བཤད་འདུག་པ་ངས་ཕྱིས་ཤིག་ལ་གོ་ཐོས་བྱུང་ཞིང་། དགོན་པ་འདི་ལ་རྒྱ་གར་བས་བི་ཀྲ་མ་ཤཱི་ལ་(Vikramshila)ཞེས་འབོད་ཅིང་། རྒྱ་གར་བྱང་ཤར་གྱི་ཕྱོགས་དང་བྷ་གལ་པུར་གྲོང་གི་བྱང་ཤར་ལས། ཤར་གྱི་ཕྱོགས་ཤས་ཆེ་བའི་ཆུ་བོ་གངྒཱའི་འགྲམ་ལ་ཆགས་འདུག སྔོན་དེ་ན་ཇག་རྐུན་ཤིན་ཏུ་མང་བས། མི་དཀྱུས་མ་རྣམས་ཐར་དཀའ་བར་བཤད། འོན་ཀྱང་ད་ལྟ་མཇལ་སྐོར་ལ་འགྲོ་ཆོག་པར་མ་ཟད། རྒྱ་གར་སྲིད་གཞུང་གིས་བསྐྱར་བཞེངས་བྱེད་པའི་ཉེར་བསྡོགས་རྩོམ་བཞིན་ཡོད་ཅེས་བཤད་འདུག

ཆོས་ཀྱི་རྗེ་ཉིད་སྐུ་བཞུགས་པའི་དུས་སུ་ཨོ་ཏནྟ་པུ་རི་དང་བི་ཀྲ་མ་ཤཱི་ལ་གཉིས་ལ་མཐོང་གཟིགས་ཆེན་མོ་མཛད་ཅིང་། ཨོ་ཏནྟ་པུ་རི་ནི་རྒྱ་གར་གྱི་གསང་བ་སྔགས་ལུགས་ཀྱི་གདན་ས་ཆེན་པོ་ཞིག་ཡིན་ཞིང་། ཕྱི་རོལ་མུ་སྟེགས་པས་རྩ་མེད་དུ་བཅོམ་རྗེས། དགོན་པ་དེའི་དགེ་འདུན་པ་མང་པོས་གསང་སྔགས་ཀྱི་བསྟན་པ་བོད་ལ་ཁྱེར་ནས་དར་སྤེལ་མཛད་པ་དང་། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་གཙུག་ལག་ཁང་བཞེངས་སྐབས། ཨོ་རྒྱན་སངས་རྒྱས་གཉིས་པ་དང་མཁན་ཆེན་ཞི་བ་འཚོ་གཉིས་ལ་བཀའ་གྲོས་མཛད་ནས་ཨོ་ཏནྟ་པུ་རི་ལ་དཔེ་བྱས་ནས་བཞེངས་ཤིང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་ལ་ཕེབས་ཁར། བི་ཀྲ་མ་ཤཱི་ལའི་གདན་ས་སྐྱོང་མཁན་གྱི་མཁན་པོ་ཡིན་པ་རེད་ཅེས་པ་སོགས་ཀྱི་ལོ་རྒྱུས་རྟག་ཏུ་ངེད་ཅག་ལ་གསུང་གླེང་མཛད་ཀྱི་ཡོད་པས། རྗེ་ཉིད་རྒྱ་གར་ལ་ཕེབས་སྐབས། གནས་ཆེན་ཁྱད་པར་ཅན་འདི་གཉིས་ལ་མཇལ་གཟིགས་མཛད་པའི་གོ་སྐབས་མ་བྱུང་བ་ནི། ཁོང་གིས་ཐུགས་ཕམ་མཛད་དགོས་སའི་གནས་ཤིག་ཏུ་གྱུར་པ་རེད།

ཉིན་དེར་ཆོས་ཀྱི་རྗེ་ཉིད་དཔལ་ན་ལེནྡྲ་ནས་ཞལ་གྱེས་ཏེ། སྤྱི་ལེ་༣༠༠

ལྷག་ལ་རླངས་འཁོར་དུ་བཞུགས་ནས་ཝཱ་ར་ཎཱ་སི་(Varanasi)ལ་ཆིབས་ཁ་བསྒྱུར། ལམ་བར་ནས་སྤང་ཐང་ཆེན་མོ་ཞིག་ལ་ཐུག་པ་དེ། ས་གནས་དེ་གའི་མི་རྣམས་ཀྱིས་ཡངས་པ་ཅན་རེད་ཟེར་བ་དང་། ཆོས་ཀྱི་རྗེ་ཉིད་རླངས་འཁོར་ལས་བབས་ཏེ་ཕྱོགས་ཕྱོགས་སུ་ཡུད་ཙམ་གཟིགས་པ་ལས་སྨོན་ལམ་ཅི་ཡང་མ་གསུངས་པར་འགྲོ་ཞེས་གསུངས་ཤིང་། མདོ་སྡེ་ལས་གསུངས་པའི་ཡངས་པ་ཅན་ནི་ས་ཆ་དེར་མེད་པར། རྒྱ་གར་གྱི་ཕྱོགས་གཞན་ཞིག་ལ་ཡོད་པ་ངས་རྗེས་སུ་ཤེས་རྟོགས་བྱུང་སོང་།

དེ་ནུབ་ངེད་ཅག་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ཚལ་(Sarnath Deer Park)གྱི་ཉེ་འགྲམ་ཞིག་ལ་བསྡད་པ་ཡིན།

༡༩༩༠ ལོའི་ཟླ་༡༡ ཚེས་༥ །

དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ཚལ་ནི་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱིས། བཀའ་དང་པོ་བདེན་བཞིའི་ཆོས་འཁོར་ཐོག་མར་བསྐོར་ས་ཡིན་ཞིང་། ཐར་པའི་ཡེ་ཤེས་ཀྱི་སྒོ་འཕར་ཡངས་པོར་དབྱེ་སའི་འཛམ་བུ་གླིང་གི་ས་ཆ་ཆེས་སྔ་ཤོས་ཀྱང་ཡིན་པ་རེད། ཆོས་རྒྱལ་མྱ་ངན་མེད་ཀྱིས་གནས་འདི་ན། བདག་ཅག་གི་སྟོན་པ་ལ་རྗེས་དྲན་ཞུ་བའི་མཆོད་རྟེན་ཆེན་པོ་ཞིག་བཞེངས་ཡོད་པ་ད་ལྟའི་ལོ་བརྒྱ་ཕྲག་ཙམ་གྱི་སྔོན་ལ། ཝཱ་ར་ཎཱ་སིའི་བློན་པོ་སྡིག་ཅན་ཞིག་གིས་བཤིག་སྟེ་ཁྱེར་བས། ད་ལྟ་རྗེས་ཤུལ་ལ་ཞིག་རོ་ཁ་ཤས་ཙམ་ལས་མི་འདུག་གོ །

ཕྱི་རོལ་མུ་སྟེགས་པས་ནང་པའི་བསྟན་པ་བཅོམ་རྗེས། རྒྱ་གར་འཕགས་ཡུལ་གྱི་ལོ་རྒྱུས་ཀྱི་སྟེང་ནས་མི་ལོ་བརྒྱ་ཕྲག་འགའ་ཞིག་ལ་ནུབ་ནས་མཐོང་རྒྱུ་མེད་པར་གྱུར་ཅིང་། དེའི་ཚེ་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ཚལ་འདི་མུ་སྟེགས་གཅེར་བུ་པའི་ལག་ཏུ་ཤོར་ནས་ལྷ་ཁང་བརྩིགས་ཤིང་། ཉེ་འཁོར་ལ་ནང་པའི་གནས་ཆེན་ཡོད་པ་རྣམས། ཕག་འཚོ་སའི་ཞིང་དུ་བྱས་པ་དང་། དུས་དེ་དག་གི་ཚེ་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ཚལ་འདི་རུ། བདག་ཅག་གི་སྟོན་པས་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྗེས་ཤུལ་ཉུང་ཟད་ཙམ་ཡང་མཐོང་དཀའ་བའི་ཚོད་དུ་གྱུར་པ་རེད།

དུས་རབས་བཅུ་དགུ་པའི་སྨད་ལ་ལྷོ་ཕྱོགས་སིངྒ་ལའི་དགེ་བསྙེན་དྷརྨ་པཱ་ལ་བྱ་བ་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ཚལ་འདི་རུ་ཕེབས་ནས། དཀའ་སྡུག་བརྒྱ་ཕྲག་མང་པོའི་གདོང་བླངས་ཏེ་ནང་པའི་བསྟན་གཞི་གཙུག་ལག་ཁང་བརྩིགས་པ་དང་ཆབས་གཅིག སིངྒ་ལ་ནས་དགེ་འདུན་སྤྱན་དྲངས་ཏེ་དགེ་འདུན་གྱི་སྡེ་བཙུགས་པ་ནས། རྒྱ་གར་ལ་བསྟན་པ་ཕྱི་དར་གྱི་དབུ་ཚུགས་པ་རེད། དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ཚལ་འདི་རུ་བྱང་ཆུབ་ལྗོན་ཤིང་ཆེན་པོ་ཞིག་ཡོད་པ་དེ། སྐྱེས་བུ་ཆེན་པོ་ཁོང་གིས་རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་གི་ཡལ་ག་ལས་སྤྱན་དྲངས་ནས་བཙུགས་ཤིང་། ཕྱིས་སུ་ཁོང་གཙུག་ལག་ཁང་དེ་ཉིད་དུ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས། སྐུ་ཚེའི་འདུ་བྱེད་མ་རྫོགས་ཀྱི་བར་དུ་འཁོར་ལོ་གཉིས་ཀྱི་བྱ་བ་ལ་བརྩོན་ནས་བཞུགས་པ་རེད། བདག་ཉིད་ཆེན་པོ་འདི་ལ་རྗེས་དྲན་ཞུ་བའི་ཕྱིར་དུ། དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ཚལ་ལ་ཁོང་གི་འཇིམ་སྐུ་ཞིག་ཀྱང་བཞེངས་ནས་གདའ།

ལོ་དེར་ངེད་དཔོན་སློབ་རྣམས་རྒྱ་གར་འཕགས་པའི་ཡུལ་ལ་གནས་སྐོར་དུ་འགྲོ་སྐབས། སྟོན་པའི་གནས་ཆེན་གང་ཞིག་ཏུ་སོང་ཡང་། བདག་ཉིད་ཆེན་པོ་དྷརྨ་པཱ་ལའི་མཚན་དང་། ཁོང་གིས་གནས་ཆེན་ཁག་ལ་སྲུང་སྐྱོབ་མཛད་ནས། ཕྱག་རྗེས་རྨད་དུ་བྱུང་བ་བཞག་པའི་ལོ་རྒྱུས་རྣམས་གླེང་གིན་འདུག་པ་གང་སར་ཐོས་རྒྱུ་འདུག་ཅིང་། བླ་རུང་སྒར་ལ་ཕྱིར་ཕེབས་རྗེས། ཆོས་ཀྱི་རྗེ་ཉིད་ཀྱིས་དམ་པ་ཁོང་གིས་ནུས་ཤུགས་ཡོད་དགུ་སྤྲུགས་ནས། ནང་པའི་བསྟན་གཞི་རྒྱ་ཆེར་བསྐྱངས་ཤིང་སྤེལ་བའི་ལོ་རྒྱུས་ཡིད་དབང་འཕྲོག་པ་རྣམས་ཚོགས་མང་སྤྱི་ལ་ཡོངས་ཁྱབ་ཀྱི་ཚུལ་དུའང་གསུང་མྱོང་།

ཉིན་དེར་ཆོས་ཀྱི་རྗེ་ཉིད་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ཚལ་ལ་ཕེབས་མ་ཐག བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱིས་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་བསྐོར་སའི་གནས་ལ། ཐད་ཀར་ཞབས་བསྐྱོད་མཛད་པ་དང་། གནས་འདི་ན་སྟོན་པ་ཐུགས་རྗེ་ཅན་གྱིས་ཆོས་འཆད་པའི་ཕྱག་རྒྱ་མཛད་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་། འཁོར་ལྔ་སྡེ་བཟང་པོས་སྐུ་མདུན་ནས་གུས་པ་ཆེན་པོས་རྣ་བ་བླགས་ཏེ། ཆོས་གསན་པའི་འཇིམ་སྐུ་འགའ་ཞིག་ཕྱི་རབས་ལས་ཅན་དག་གིས་བཞེངས་པ་མཇལ་རྒྱུ་འདུག་ལ། ཆོས་གསུང་བའི་རྣམ་པ་དེ་དག་ཡིད་ཤིན་ཏུ་གཡོ་ནུས་པའི་ཚད་དུ་གདའ། དེའི་ཉེ་འགྲམ་ལ་ད་དུང་སྟོན་པ་ཐུགས་རྗེ་ཅན་གྱིས་ཆོས་གསུང་སའི་ཆོས་ཁྲི་ཡང་མཇལ་དུ་ཡོད་པས། ངེད་ཚོས་དེའི་མདུན་ནས་བཟང་པོ་སྤྱོད་པའི་སྨོན་ལམ་བཏོན་ནས་གསོལ་འདེབས་སྨོན་ལམ་བྱས། དེ་དུས་བོད་རིགས་དད་ལྡན་མང་པོས་ཆོས་ཀྱི་རྗེ་ཉིད་ཕེབས་པའི་གཏམ་གོ་ནས་མཇལ་ཁར་ཐོན་འདུག་པས། རྗེ་ཉིད་ཀྱིས་ཁོང་རྣམ་པ་ལ་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱིས་བཀའ་དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ལོ་རྒྱུས་གསུངས་པ་དང་མཉམ་དུ། བསླབ་བྱ་མདོར་བསྡུས་འགའ་རེ་ཡང་གསུངས་སོ། །

དེ་རྗེས། ས་གནས་དེ་གའི་མི་རྣམས་ཀྱིས་ངོ་སྦྱོར་ཞུས་པ་བཞིན། ཆོས་ཀྱི་རྗེ་ཉིད་དྲང་སྲོང་ལྷུང་བའི་ལོ་རྒྱུས་བཤམ་སྟོན་ཁང་དུ་གཟིགས་སྐོར་ལ་ཕེབས། བཤམ་སྟོན་ཁང་དེའི་ནང་ལ་ཉར་ཚགས་བྱས་པའི་དངོས་རྫས་ཕལ་མོ་ཆེ་རྣམས་ནི། ཁ་ཆེ་བ་དག་གིས་ནང་པའི་གནས་གཞི་མང་པོ་བཅོམ་རྗེས་ཤུལ་དུ་ལུས་པའི་ལྷ་སྐུ་ཆག་གྲུམ་ཅན་ཤ་སྟག་རེད་གདའ། དེ་དག་གི་ནང་ནས། ཆོས་རྒྱལ་མྱ་ངན་མེད་ཀྱིས་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ཚལ་ལ་བསླངས་པའི་རྡོའི་ཀ་བ་དེ་སྐད་གྲགས་ཤིན་ཏུ་ཆེ་ཞིང་། རྡོའི་ཀ་བ་དེའི་མཐོ་ཚད་ལ་སྨི་༡༢.༨ ཡོད་ཅིང་ཀ་བ་རང་ཆག་གྲུམ་དུ་གྱུར་ནས་འདུག་ཀྱང་། ཀ་མགོ་ལ་ཆག་སྐྱོན་ཆེར་བྱུང་མི་འདུག་པས་ཉར་ཚགས་ལེགས་པོ་བྱས་ནས་འདུག ཀ་མགོའི་ཐོག་ལ་སེངྒེ་བཞི་རྒྱབ་སྤྲད་དེ་མགོ་བོ་ཕྱོགས་བཞི་ལ་བསྟན་ནས་བརྐོས་འདུག་ཅིང་། མ་གཞི་རྡོའི་སེངྒེ་བཞིའི་རྒྱབ་ལ་དམ་པའི་ཆོས་ཀྱི་མཚོན་བྱེད་འཁོར་ལོ་ཞིག་ཁུར་ནས་ཡོད་པ་ཕྱིས་བོར་བརླག་ཏུ་སོང་ཟེར། རྒྱ་གར་རྒྱལ་རྟགས་ཀྱི་སྟེང་ལ་ཡོད་པའི་རི་མོ་དེ་ཡང་རྡོའི་ཀ་བའི་སྟེང་གི་སེངྒེ་དེ་བཞི་ཡིན་པར་གྲགས།

ཕྱི་དྲོར། ཆོས་ཀྱི་རྗེ་ཉིད་མཆོད་རྟེན་དྷརྨ་ཀ་(Dhamekh Stupa)ལ་སྐོར་བ་མཛད་དུ་ཕེབས་ཤིང་། མཆོད་རྟེན་དེ་ནི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ཚལ་དུ་བཟོ་བསྐྲུན་ཆེས་ཆེ་ཤོས་ཤིག་དང་། མཇལ་སྐོར་བས་ཆེས་མཐོང་འདོད་བྱེད་སའི་གནས་ཤིག་རེད་ཟེར། མཆོད་རྟེན་དེ་ནི་མཐོ་ཚད་ལ་སྨི་༤༣ དང་། འཕྲེད་ལ་སྨི་༢༨ ། དབྱིབས་ཟླུམ་པོར་ཡོད་པའི་བཟོ་བསྐྲུན་བརྩེགས་གཉིས་ཅན་ཞིག་རེད་འདུག འདས་སོང་ལོ་རྒྱུས་ཀྱི་ཁྲོད་དུ་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ཚལ་ལ་ཡོད་པའི་ནང་པའི་བཟོ་བསྐྲུན་ཐམས་ཅད་ཁ་ཆེ་བས་རྨེག་མེད་དུ་བཅོམ་ཡང་། མཆོད་རྟེན་འདི་ནི་སྟབས་ལེགས་ནས་ཆག་སྐྱོན་གང་ཡང་མ་ཤོར་བར་ཤུལ་དུ་ལྷག་ནས། ཉར་ཚགས་ཡག་པོ་བྱུང་འདུག་པར་མ་ཟད། དེ་ནི་ཆོས་རྒྱལ་མྱ་ངན་མེད་ཀྱི་སྐབས་སུ་བཞེངས་པའི་བཟོ་བསྐྲུན་ཉུང་ཤོས་ཤིག་ལྷག་ཡོད་པ་དེ་དག་གི་ཁོངས་སུ་གཏོགས་པར་ཡང་བཤད་དོ། །

ཆོས་རྒྱལ་མྱ་ངན་མེད་ཀྱི་རྡོ་ཡི་ཀ་བའི་སེངྒེའི་ཀ་མགོ

མཆོད་རྟེན་དྷརྨ་ཀ

ཆོས་ཀྱི་རྗེ་ཉིད་ཀྱིས་མཆོད་རྟེན་ལ་བསྐོར་བ་མཛད་རྗེས། ཝཱ་ར་ཎཱ་སིའི་མཐོ་རིམ་སློབ་གླིང་གིས་གདན་འདྲེན་ཞུས་པ་ལྟར། སློབ་གླིང་དེའི་དགེ་སློབ་ཡོངས་ལ་འཇམ་དཔལ་ཡེ་ཤེས་སེམས་དཔའི་བཀའ་དབང་གནང་པ་དང་སྦྲགས། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱིས་བཀའ་དང་པོའི་ཆོས་ཀྱི་འཁོར་ལོ་སྐོར་བའི་དུས་སུ་གསུངས་པའི་བདེན་བཞིའི་གཏམ་ལས་འཕྲོས་པའི་བཀའ་སློབ་གལ་ཆེན་གནང་ཞིང་། རྗེ་ཉིད་ཀྱིས་ད་དུང་སློབ་གླིང་ཞིག་ཡིན་པའི་ཆ་ནས། ཆོས་ཐམས་ཅད་ཀྱི་གནས་ལུགས་ལ་འཚོལ་རྟོག་བྱེད་དགོས་ན། ཚན་རིག་དང་ཟུང་དུ་སྦྲེལ་བའི་སྒོ་ནས། ནང་པ་སངས་རྒྱས་པའི་གསང་བའི་གནད་རྣམས་ལ་ཞིབ་འཇུག་བྱེད་དགོས་གསུངས་ནས། དགེ་སློབ་རྣམས་ལ་དྲན་བསྐུལ་མཛད།

དེའི་ཚེ། ནམ་མཁའ་ལས་དར་ཐག་དཀར་པོ་མང་པོ་ཕྱོགས་བཞི་ལ་མཉམ་གཅིག་ཏུ་བཤིབས་ནས་དཔྱངས་པ་ལྟར། གློ་བུར་དུ་སྤྲིན་འཇའ་མང་པོ་འཁྲིགས་བྱུང་བ་ལ། ཆོས་ཀྱི་རྗེས་གཟིགས་ཏེ་ཐུགས་དགྱེས་བཞིན་པའི་ངང་ཞལ་ནས། ངས་སྟོན་པ་ཐུགས་རྗེ་ཅན་གྱིས་བཀའ་དང་པོ་བདེན་བཞི་ཆོས་འཁོར་བསྐོར་སའི་གནས་ཁྱད་པར་ཅན་དུ་ཆོས་བཤད་པའི་དུས་སུ། ནམ་མཁའ་ལ་སྤྲིན་འཇའ་འདི་ལྟ་བུ་ཤར་སོང་བས་རྟེན་འབྲེལ་ཤིན་ཏུ་བཟང་། ངའི་མིག་ལ་མི་བདེ་བ་ཆེན་པོ་བྱུང་ནས་ད་ལྟ་ཡི་གེ་གསལ་བོར་མཐོང་གི་མེད་ཀྱང་། རྟགས་དང་ལ་ཉེ་འདི་ལ་བལྟས་ན་མ་འོངས་པར་ངས་ད་དུང་ཡང་ཆོས་ཀྱི་འཁོར་ལོ་བསྐོར་ནས་འདུག་དགོས་རྒྱུ་རེད་གསུངས་ཤིང་། ཕྱིས་རྗེ་ཉིད་གདན་ས་བླ་རུང་སྒར་ལ་ཕྱིར་ཕེབས་ནས་ཁྲི་ཤོང་ཀུན་དགའ་ར་བ་བཞེངས་པའི་ཉེར་བསྡོགས་མཛད་ཅིང་། བཞེངས་སའི་ས་མིག་བཙལ་ཏེ་ས་འདུལ་མཛད་པའི་ཉིན་དང་པོར། འབྲེལ་ཡོད་མི་སྣ་རྣམས་བསྡུས་ནས་བཀའ་གྲོས་མཛད་སྐབས། འདི་དང་ཆ་འདྲ་བར་སྤྲིན་དཀར་པོ་ཕྲ་ལ་རིང་བ་ཡིད་དུ་འོང་བ་མང་པོ། མདུན་ཕྱོགས་ཀྱི་ནམ་མཁའ་ལས་དྲང་ཤར་རེ་འཁྲིགས་ནས་བྱུང་བས། ཆོས་ཀྱི་རྗེ་ཉིད་ཀྱི་ཞལ་ནས་འདི་ནི་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྟེན་འབྲེལ་ཡིན་པས། རང་རེ་ཚོས་མུ་མཐུད་ནས་བསྟན་འགྲོའི་དོན་སྒྲུབ་དགོས་གསུངས།

ཉིན་དེར་ངས་པར་མང་པོ་བླངས་ཤིང་། དགོང་ཁ་ཕྱིར་བཞུགས་གནས་ལ་ཕེབས་རྗེས། ཆོས་ཀྱི་རྗེ་ཉིད་ཀྱི་ཞལ་ནས། གནས་ཆེན་རྣམས་ལ་འགྲོ་བའི་དུས་སུ་གསོལ་འདེབས་སྨོན་ལམ་གཙོ་བོར་བྱེད་དགོས་པ་ལས། ལྟད་མོ་གལ་ཆེན་དུ་འཛིན་མི་རུང་། ཁྱོད་ཀྱིས་རྒྱུན་དུ་པར་ཞིག་རྒྱག་གི་མ་འདུག དེ་མིན་པར་གཏམ་པདྨ་ཚལ་གྱི་ཟློས་གར་ལས། ཆ་ལུགས་འཆོས་པའི་འཕྱོར་འདོད་གཅིག །རི་ཁྲོད་བདེ་བའི་དལ་འདོད་གཉིས། །མཐུ་ནུས་རེ་བའི་བཟླས་བརྗོད་གསུམ། །རྒྱལ་ཁམས་ལྟད་མོའི་གནས་སྐོར་བཞི། །རེ་དོགས་སྒྲུབ་པའི་ཆོས་བརྒྱད་ལྔ། །ངེས་འབྱུང་འདྲ་སྟེ་ངེས་འབྱུང་མིན། །ཞེས་གསུངས་པ་ལྟ་བུར་འགྱུར་འགྲོ་བས། དགེ་བའི་གཟུགས་བརྙན་དེ་དག་ལ་སྙིང་པོ་ཅི་ཡང་མེད་ཅེས་ང་ལ་བཀའ་བཀྱོན་ཕེབས་བྱུང་།

ཆོས་ཀྱི་རྗེ་ཉིད་ཀྱིས་ཐུགས་མི་དགྱེས་པའི་ཚུལ་བསྟན་སོང་བས། ང་ཤིན་ཏུ་ནས་ཀྱང་འཇིགས་དགོས་པ་བྱུང་ནས། རྗེ་བླ་མ་ཉིད་ཀྱི་སྤྱན་སྔར་ངུ་བཞིན་དུ་བཤགས་པ་ཕུལ་བ་ཡིན། ཡིན་ཡང་ཕྱིར་ཉིན་རྗེ་བླ་མའི་གསུང་ཉམས་ལས་དཔགས་ན་ཐུགས་མི་དགྱེས་པའི་རྣམ་པ་ཅི་ཡང་མེད་པར་མ་ཟད། ང་ལ་སྔར་ལས་ཀྱང་བྱམས་ཤིང་སྙིང་རྗེ་བའི་ཚུལ་མཛད། གཅིག་བྱས་ན་རྗེ་བླ་མ་ཉིད་ཀྱིས་ཚར་གཅོད་པའི་ཐབས་འདི་ལྟ་བུ་ཞིག་ལ་བརྟེན་ནས། མ་འོངས་པར་ངས་བསྟན་འགྲོའི་དོན་ཕྲན་བུ་སྒྲུབ་སྐབས། བར་ཆད་མང་པོ་བསལ་བར་མཛད་སོང་བ་ཡིན་རྒྱུ་རེད། མི་ལོ་སུམ་ཅུ་ལྷག་གི་རིང་། ངས་ཆོས་འཆད་ཉན་གྱི་བྱ་བ་ཅུང་ཟད་རེ་བརྩམས་པ་ཐམས་ཅད་ལ། བར་ཆད་ཆེན་མོ་གང་ཡང་མ་ལྡང་བ་འདི་ཡང་། ཆོས་རྗེ་བླ་མ་ཉིད་ཀྱི་བྱིན་རླབས་ཁོ་ན་ལས་བྱུང་བ་ཡིན་རྒྱུ་རེད་སྙམ།

གང་ལྟར་དུས་དེ་ནས་བཟུང་གནས་ཆེན་གཞན་དུ་མཇལ་སྐོར་ལ་འགྲོ་སྐབས། ངས་པར་ཆས་རུམ་དུ་བསྡུས་ནས་པར་མ་བླངས་ཤིང་། ངའི་བསམ་པ་ལ་གལ་སྲིད་རྗེ་བླ་མ་ཉིད་ཀྱི་ཐུགས་མ་དགྱེས་ན། པར་མང་པོ་བླངས་རུང་ཅི་ཕན་བསམས་ནས། དུས་སྐབས་ཤིག་གི་ནང་ལ་པར་གཅིག་ཀྱང་ལེན་མི་ཕོད་པར་གྱུར་སོང་།

༡༩༩༠ ལོའི་ཟླ་༡༡ ཚེས་༦ །

ཞོགས་པ་ཆུ་ཚོད་བདུན་གྱི་སྟེང་ཝཱ་ར་ཎཱ་སི་ནས་ཆིབས་ཀྱི་ཁ་ལོ་བསྒྱུར་ཅིང་། སྤྱི་ལེ་༢༠༠ ལྷག་བརྒྱུད་ནས་ཕྱི་དྲོ་ཆུ་ཚོད་གསུམ་ལྷག་གི་སྟེང་རྩ་མཆོག་གྲོང་(Kushinagar)ལ་ཞབས་སོར་བཀོད།

རྩ་མཆོག་གྲོང་ནི་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་དེ་ཉིད་སྐུ་མྱ་ངན་ལས་འདའ་ས་རེད། ཆོས་ཀྱི་རྗེ་ཉིད་ཞབས་སོར་འཁོད་མ་ཐག་འཕྲལ་དུ་སྟོན་པ་མཆོག་གིས་གསུང་གི་ཐ་མ་བསྩལ་སའི་གནས་ལ་ཕེབས། ཡིན་ན་ཡང་ལོ་རྒྱུས་ཀྱི་འཕོ་འགྱུར་ཁྲོད་ནས་ཤིང་སཱ་ལ་ཟུང་དེ་ནི་མེད་པར་གྱུར་ཟིན་ནས་མི་འདུག་ཅིང་། ཕྱིས་ཤིག་ལ་ཕྱི་རབས་གདུལ་བྱ་རྣམས་ཀྱིས་དེའི་དོད་ཐུབ་ཙམ་དུ། ཤིང་སཱ་ལ་གསར་པ་གཉིས་བཙུགས་འདུག་པ་དེ་ད་ལྟའི་ཡན་ལ་མི་ལོ་ཉི་ཤུ་སུམ་ཅུ་ལྷག་ཙམ་སོང་ཟེར།

དེ་ནས་ཐག་མི་རིང་བའི་ས་ལ་ལྗོན་ཤིང་མཐོན་པོ་རང་མེད་པ་ཞིག་སྐྱེས་འདུག་པ་དེ་ནི། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱིས་མདོ་མྱང་འདས་ཆེན་མོ་གསུང་སའི་གནས་རེད་ཟེར་ཞིང་། ཆོས་ཀྱི་རྗེ་ཉིད་ཀྱིས་བདག་ཅག་གི་སྟོན་པ་མྱ་ངན་ལས་འདའ་ཁར། ཐོག་མར་དུས་འཁོར་རྩ་རྒྱུད་གསུངས་ཤིང་། དེ་ནས་མདོ་མྱང་འདས་ཆེན་མོ་གསུངས་པ་དང་། དེ་རྗེས་ཤིང་སཱ་ལ་ཟུང་གི་འོག་ནས། མྱ་ངན་ལས་འདས་པའི་ཚུལ་བསྟན་པ་རེད་ཅེས་ངེད་ཅག་ཚང་མ་ལ་གསུངས། མདོ་སྡེ་མྱང་འདས་ཆེན་མོ་ནི། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱིས་གསུངས་པའི་བཀའ་ཐ་མར་གཏོགས་ཤིང་། ཆོས་ཀྱི་རྗེ་ཉིད་ཀྱིས་ཤིང་དེའི་འོག་རོལ་ནས་སྨོན་ལམ་ཐུང་ཐུང་འགའ་རེ་གསུངས།

ད་དུང་ཆོས་ཀྱི་རྗེའི་ཞལ་ནས། རྩ་མཆོག་གྲོང་འདི་ནི་གནས་ཆེན་གཞན་དང་མི་འདྲ་བར། བདག་ཅག་གི་སྟོན་པས་བཀའ་ཐ་མ་གསུང་སའི་གནས་ཡིན་པར་མ་ཟད། ད་དུང་གདུལ་བྱ་ཆེས་ཐ་མ་འདུལ་སའི་གནས་ཀྱང་རེད། སྟོན་པ་མཆོག་སྐུ་མྱ་ངན་ལས་འདའ་ཁར། ཀུན་དགའ་བོ་ལ་ང་ད་མྱུར་དུ་མྱ་ངན་ལས་འདའ་རྒྱུ་ཡིན་པས། ཁྱོད་ལ་དྲི་བ་ཡོད་ན་མྱུར་དུ་དྲིས་ཤིག་ཅེས་བཀའ་བསྩལ་ཀྱང་། ཀུན་དགའ་བོ་སེམས་སྡུག་གིས་གང་ནས་བཤུམ་མོ་དྲག་པོ་མཛད་པའི་ཁར། བདུད་སྡིགས་ཅན་གྱིས་གླགས་བཙལ་ནས་མི་ཐོས་པར་བྱས་ཏེ་གོ་སྐབས་དེ་ཤོར་སོང་བ་རེད། དེ་མིན་པར་འདུལ་བའི་གནང་བཀག་གི་མཚམས་ལ། ཕྱི་རབས་གདུལ་བྱ་རྣམས་ཀྱིས་ཡུལ་དུས་ལ་བསྟུན་ནས་གཏན་ལ་འབེབས་ཆོག་པའི་གནང་བ་སོགས་ཞུ་ཆོག་པ་རེད་ཀྱང་། བཀའ་འདྲི་མཛད་རྒྱུ་མ་བྱུང་བ་རེད་ཅེས་སོགས་གསུངས།

དེ་ནས་ཆོས་ཀྱི་རྗེ་ཉིད་མྱང་འདས་ལྷ་ཁང་(Nirvana Temple)དུ་ཕེབས་ཤིང་། ལྷ་ཁང་དེའི་ནང་ལ་སྟོན་པ་མྱ་ངན་ལས་འདས་པའི་རྡོ་སྐུ་ཤིན་ཏུ་ཆེན་པོ་ཞིག་བཞུགས། སྐུ་འདི་ཕྱི་རབས་གདུལ་བྱ་རྣམས་ཀྱིས་བཞེངས་པར་བྱས་འདུག་ཀྱང་། སྐུའི་རྣམ་འགྱུར་ནི་སྟོན་པ་ཉིད་སྐུ་བཞུགས་སྐབས་ཀྱི་རྣམ་པ་དང་འདྲ་བར། མཐོང་ན་མི་མཐུན་པ་མེད་ཅིང་སྙིང་རྗེའི་ཉམས་ཀྱིས་སྒོ་ཀུན་ནས་ཕྱུག་པར་བྱས་འདུག ཆོས་ཀྱི་རྗེ་ཉིད་སྟོན་པའི་སྐུའི་སྐུ་སྟོད་ཙམ་ལ་ཉེ་བར་གཅར་ནས། གུས་ཕྱག་འབུལ་བཞིན་སྤྱན་ཆབ་རབ་ཏུ་བསིལ་ཏེ་ཞལ་ནས། གདུལ་བྱ་རྟག་འཛིན་ཅན་རྣམས་འདུལ་བའི་ཕྱིར་དུ་བདག་ཅག་གི་སྟོན་པ་མཆོག་སྐུ་མྱ་ངན་ལས་འདས་པ་རེད། གང་ཉིད་མྱ་ངན་ལས་འདའ་ཁར་སྐུའི་སྟོད་གཡོགས་བསལ་ཏེ། དགེ་སློང་དག་ལྟོས་ཤིག དེ་བཞིན་གཤེགས་པ་ནི་རྙེད་པར་དཀའ་བ་ཡིན་ནོ། །འདུས་བྱས་ཐམས་ཅད་ནི་མི་རྟག་པའི་ཆོས་ཅན་ཡིན་ཏེ། འདི་ནི་དེ་བཞིན་གཤེགས་པའི་གསུང་གི་ཐ་མའོ། །ཞེས་ཀུན་དགའ་བོ་སོགས་ལ་བཀའ་བསྩལ་ཚུལ་གྱི་གསུང་བཤད་གནང་སོང་།

དེ་དུས་ཆོས་ཀྱི་རྗེ་ཉིད་ཀྱིས་ཐུགས་ཤིན་ཏུ་སྐྱོ་བའི་ཚུལ་མཛད་པ་དང་བཤུམ་མོ་དྲག་ཏུ་མཛད་ནས། སླར་ཡང་ཞལ་ནས། བདག་ཅག་གི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱིས། གདུལ་བྱ་རྟག་འཛིན་ཅན་གྱི་སྣང་ངོར། གཟུགས་སྐུ་རེ་ཞིག་ནུབ་པའི་ཚུལ་བསྟན་པ་རེད། མི་འཇེད་འཇིག་རྟེན་གྱི་སེམས་ཅན་ཐམས་ཅད་ལ་མཚོན་ན། སྣང་བའི་འོད་ཟེར་སྤྲོ་བའི་ཉི་མ་གཅིག་པུ་ནུབ་རི་ལ་ཡོལ་ཟིན་པ་ཡིན་པས། འུ་ཅག་སེམས་ཅན་ཐམས་ཅད་མུན་པའི་ཀློང་དུ་ཚུད་ནས་ཅི་འདྲའི་སྙིང་རྗེ་བ་ལ་ཨང་གསུངས་ཤིང་། དེ་རྗེས་ཐུགས་ཤིན་ཏུ་སྐྱོ་བའི་ངང་བཟང་པོ་སྤྱོད་པའི་སྨོན་ལམ་གསུངས།

ང་ཆོས་ཀྱི་རྗེ་ཉིད་ཀྱི་སྐུ་གམ་ལ་པུས་མོ་བཙུགས་ནས། སྟོན་པ་མྱ་ངན་ལས་འདས་པའི་སྐུ་དེ་ལ་མཇལ་ནས་བསྡད་ཡོད་པས། རྒྱུ་མཚན་ཅི་ཞིག་ཡིན་པ་ཆ་མི་འཚལ་བའི་ངང་། བདག་ཅག་གི་སྟོན་པ་སྐུ་མྱ་ངན་ལས་འདའ་བའི་ཡུལ་དངོས་ལྟ་བུ་ཞིག་ལ་ཁྲིད་སོང་བའི་སྣང་བ་ཤུགས་ཆེན་པོ་སྐྱེས་ཤིང་། མཉམ་དུ་ཡོད་པའི་སྐུ་འཁོར་གཞན་རྣམས་ལ་སྣང་བ་དེ་འདྲ་བྱུང་མིན་ཕྱིས་ཤིག་ལ་འདྲི་རྒྱུ་བྱུང་བས། ཁོང་རྣམ་ལ་དེ་འདྲ་མ་བྱུང་གསུངས་སོང་།

ཆོས་ཀྱི་རྗེ་ཉིད་གནས་མཇལ་ལ་ཕེབས་པ་ནི། འཇིག་རྟེན་གྱི་མི་ཕལ་བ་ཡུལ་སྐོར་ལ་འགྲོ་བ་དང་ཁྱད་པར་ཤིན་ཏུ་ཆེན་པོ་ཡོད། མི་ཕལ་བ་རྣམས་གནས་ཆེན་འདི་དག་ལ་ཕྱིན་རྗེས་པར་ལེན་པ་དང་། ཡུལ་ལྗོངས་ལ་ལྟད་མོ་ལྟ་བ། ལོ་རྒྱུས་ཀྱི་གཏམ་རྒྱུད་སྣ་ཚོགས་ལ་ཉན་པ་ཁོ་ན་ལས་བྱ་རྒྱུ་ཅི་ཡང་མེད་པ་རེད། འོན་ཀྱང་ཆོས་ཀྱི་རྗེའི་ཐུགས་ནི་སངས་རྒྱས་ཀྱི་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་དང་དབྱེར་མེད་དུ་གྱུར་ཏེ། ཁོང་གི་ཉམས་ལེན་དང་རྒྱུན་གྱི་སྤྱོད་ལམ་དང་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ནས་ཡོད་པས། རྗེ་ཉིད་ཀྱི་བྱིན་རླབས་བསམ་གྱིས་མི་ཁྱབ་པ་དེ་ལ་བརྟེན་ནས། ང་སྟོན་པ་མཆོག་སྐུ་བཞུགས་པའི་སྔར་གྱི་དུས་རབས་དེ་ལ་ཐོན་སོང་བ་ལྟ་བུའི་སྣང་བ་སྐྱེས་པ་ཡིན་རྒྱུ་རེད་སྙམ།

མྱང་འདས་ལྷ་ཁང་ནས་ཕྱིར་ཐོན་རྗེས། ཉི་མ་ནུབ་རིར་ཡོལ་ཏེ་མུན་རུབ་ལ་ཉེ་འདུག ལྷ་ཁང་གི་ཟུར་ཞིག་ལ་མྱང་འདས་མཆོད་རྟེན་དཀར་པོ་ཞིག་བཞེངས་འདུག་པ་མཐོང་བས། རྗེ་ཉིད་ཀྱིས་ངེད་ཅག་དེར་ཁྲིད་ནས་སྐོར་བ་ཡང་མཛད།

དེ་ནས་ཕལ་ཆེར་སྤྱི་ལེ་གཅིག་ལྷག་ཙམ་སོང་བའི་སར། མཆོད་རྟེན་མུ་ཀུ་བྷན་དྷན་ཙ་ཡེ་ཏྱ་(Mukutbandhan-Chaitya)བྱ་བ་ཞིག་ཡོད་ཅིང་། དེ་ནི་སྟོན་པ་ཐུགས་རྗེ་ཅན་གྱི་སྐུ་གདུང་ཞུགས་ལ་སྦྱངས་རྗེས། རྒྱལ་པོ་ཆེན་པོ་བརྒྱད་ཀྱིས་གདུང་གི་རིང་བསྲེལ་བགོ་སའི་གནས་ཡིན་པར་འདུག ངའི་ཡིད་ལ་ཆོས་ཀྱི་རྗེ་ཉིད་དེར་ཕེབས་པ་མི་དྲན་ལ། ང་གཅིག་པུ་དེར་སོང་ནས་སྐོར་བ་ཁ་ཤས་བྱས་རྗེས་མྱུར་དུ་ཕྱིར་ལོག་པ་ཡིན།

རྩ་མཆོག་གྲོང་ནས་ཁ་གྱེས་ཏེ་འགྲོ་སྐབས་མུན་ཡང་རུབ་ཚར་འདུག གནམ་གཤིས་ཤིན་ཏུ་ཚ་ལ་འཐིབས་པར་མ་ཟད། སེམས་ཁོང་གི་ཉི་མ་དེ་ཡང་འདི་ལྟར་ཡལ་སོང་བ་རེད་བསམས་ནས། ངའི་སེམས་ཀྱང་ཐིབ་ཐིབ་པོར་གྱུར་ནས་ལྗིད་ཏིག་གེར་འདུག་པ་དང་། མུན་ནག་གི་ནང་དུ་ཉེ་ཟུར་ཞིག་ནས་འགྲུལ་ཁང་ཞིག་བཙལ་ཏེ་དེའི་ནང་དུ་བསྡད་པ་ཡིན།

ལོ་རྒྱུས་ཀྱི་ཡི་གེ་འདི་བྲིས་ནས་སྐབས་འདི་ལ་ཐུག་དུས། ངས་མི་ཚེའི་ནང་གི་ཉི་མ་གཞན་ཞིག་ནུབ་སོང་བའི་རྣམ་པ་དེ་རང་དབང་མེད་པར་ཡིད་ལ་ཤར། དེ་ཡང་ཆོས་ཀྱི་རྗེ་ཉིད་སྐུ་བཞུགས་པའི་དུས་སུ་ས་ཆ་གཞན་དུ་ཕེབས་སྐབས། ང་ས་ཆ་མང་པོ་ལ་ཐེངས་མང་པོར་ཁྲིད་དེ་འགྲོ་མྱོང་། ཐེངས་རྗེས་མ་ལ་མ་ཁྲིད་ཅིང་དེ་ཡང་ཆེས་ཐ་མ་ཉིད་དུ་གྱུར་ཅིང་། ཐེངས་དེར་ཆོས་ཀྱི་རྗེ་ཉིད་ཁྲིང་ཏུའུ་རུ་སྨན་བཅོས་ལ་ཕེབས་པ་རེད། ང་ལེགས་ཚོགས་ཆར་འབེབས་གླིང་གི་ཐད་དུ་སོང་ནས། རྗེ་ཉིད་ལ་སྐྱེལ་མ་ཞུས་པ་དང་། དེ་ནས་ཁོང་གི་ཕེབས་འཁོར་རྒྱང་ཇེ་རིང་ནས་ཇེ་རིང་དུ་གྱུར་པ་ལ། མིག་གིས་སྐྱེལ་མ་བྱས་པ་ཡིན། དུས་དེ་ནས་བཟུང་རྗེ་བླ་མ་ཉིད་ཀྱི་སྐུ་ལུས་མིག་གིས་མཇལ་རྒྱུ་མ་བྱུང་ཞིང་། ཉིན་དེའི་ཆོས་ཀྱི་རྗེ་ཉིད་ཀྱི་འཛུམ་ཞལ་དེ་ནི་ངས་རྗེ་ཉིད་ཀྱི་གཟུགས་སྐུ་མཇལ་ཐེངས་ཆེས་ཐ་མ་ཉིད་དུ་གྱུར་པ་དང་། རང་ཚུགས་མ་ཤོར། གཞན་སེམས་མ་དཀྲུག ཅེས་པ་དེ་ནི་ངས་རྗེ་ཉིད་ཀྱི་གསུང་ཐོས་པའི་ཆེས་ཐ་མ་ཉིད་དུ་གྱུར་སོང་། དེ་རྗེས་བླ་རུང་སྒར་ནས་རྗེ་ཉིད་ཀྱི་སྐུ་གདུང་ཞུགས་ལ་སྦྱང་བའི་མེ་ལྕེ་མཐོང་ནས། ང་ནི་བར་མཚམས་མེད་པའི་སྨག་རུམ་མཐུག་པོ་ཞིག་གིས་བཏུམས་སོང་བའི་སྣང་བ་སྐྱེས་སོང་ཞིང་། ད་ལྟ་ངས་རྗེ་ཉིད་ཀྱི་སྐུ་གདུང་རིང་བསྲེལ་ཞིག་མགུལ་དུ་བཏགས་ནས། སེམས་ཁོང་གི་ཉི་མ་ཉིད་དུ་བརྩིས་ནས་འཆང་བཞིན་ཡོད།

ད་ནི་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་དང་རྗེ་བླ་མ་གཉིས་ཀའི་གཟུགས་སྐུ་ཆོས་ཀྱི་དབྱིངས་སུ་བསྡུས་ཟིན། འོན་ཀྱང་ཁོང་རྣམ་པ་གཉིས་ཀྱི་ཆོས་སྐུའི་རིང་བསྲེལ་ཏེ། དམ་པའི་ཆོས་ནི་ད་དུང་དར་ནས་ཡོད་པར་མ་ཟད་གཟུགས་སྐུ་ལས་ཀྱང་གལ་ཆེ་བ་ཡིན་པས། ངས་སེམས་ཅན་ཐམས་ཅད་ལ་ཕན་བདེ་སྒྲུབ་པར་བྱེད་པ་འདི་དམིགས་ཡུལ་མཐར་ཐུག་པ་ལ་བཞག་ནས། ནང་པ་སངས་རྒྱས་པའི་བསྟན་པ་འདི་ཉིད་ཐོས་བསམ་སྒོམ་གསུམ་གྱི་ཐབས་ལ་བརྟེན་ནས། དུས་དང་རྣམ་པ་ཀུན་ཏུ་སྤེལ་ཞིང་རྒྱས་པར་བྱེད་རྒྱུ་ཡིན། དེ་ལྟར་ན་ཁོང་རྣམ་པ་གཉིས་ཀྱི་ཡེ་ཤེས་ཀྱི་སྐུ་དེ་ཉིད། དུས་ནམ་ཡང་མི་ནུབ་པར་དར་ཞིང་རྒྱས་པར་འགྱུར་འགྲོ་རྒྱུ་རེད།

༡༩༩༠ ལོའི་ཟླ་༡༡ ཚེས་༧ །

ཞོགས་པ་ཆུ་ཚོད་བདུན་པའི་སྟེང་རྩ་མཆོག་གྲོང་ནས་ཞལ་གྱེས། དེ་ནས་སྤྱི་ལེ་༣༡༩ ཙམ་ལ་རླངས་འཁོར་དུ་བཞུགས་ནས་ཆིབས་ཀྱི་ཁ་ལོ་བསྒྱུར་ཅིང་། ཕྱི་དྲོ་ཆུ་ཚོད་ལྔ་པའི་ཐོག་མཉན་ཡོད་(Sravasti)དུ་ཞབས་སོར་བཀོད།

མཉན་ཡོད་ནི་སྟོན་པ་ཐུགས་རྗེ་ཅན་ལོ་མང་པོར་ཞལ་བཞུགས་མཛད་མྱོང་བའི་ཡུལ་གྲུ་ཞིག་ཡིན་ཞིང་། སྔ་ཕྱི་བསྡོམས་ན་ཁྱོན་མི་ལོ་ཉི་ཤུ་རྩ་ལྔ་ལ་བཞུགས་མྱོང་བ་རེད། དཔའ་བར་འགྲོ་བའི་མདོ་ཆེན་པོ་དང་མདོ་སྡེ་ལུང་རིང་མོ། དཀོན་མཆོག་བརྩེགས་པ། འོད་མདོ། རྡོ་རྗེ་གཅོད་པ་སོགས་གནས་འདི་ཉིད་དུ། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱི་ཞལ་དྲོན་མོ་ནས་གསུངས་ཤིང་། ཤ་རིའི་བུ་དང་མོང་གལ་གྱི་བུ། འོད་སྲུང་ཆེན་པོ། ལྔ་སྡེ་བཟང་པོ། གནས་བརྟན་བཅུ་དྲུག་སོགས་ཉན་ཐོས་དགེ་སློང་ཆེན་པོ་མང་པོ་ཡང་། གནས་འདི་རུ་ལོ་མང་པོར་བཞུགས་མྱོང་བའི་རྐྱེན་གྱིས། ནང་པ་སངས་རྒྱས་པའི་ལོ་རྒྱུས་ཀྱི་ནང་དུ་མཉན་ཡོད་ཀྱིས་གོ་ས་དམིགས་བསལ་བ་ཞིག་བཟུང་ཡོད་པ་རེད།

གནས་འདི་ནས་ཆོས་ཀྱི་རྗེ་ཉིད་ཀྱིས། སྟོན་པ་ཐུགས་རྗེ་ཅན་ཞལ་བཞུགས་མཛད་སའི་གཙུག་ལག་ཁང་བཞི་ཡོད་པ་དག་ལ་གཙོ་ཆེར་མཇལ་གཟིགས་མཛད་པ་དང་། གཙུག་ལག་ཁང་དེ་བཞི་ལས་གན་དྷ་ཀཱུ་ཊི་(Gandhakuti)ཟེར་བ་དེ་ནི་སྟོན་པ་བཞུགས་སའི་གཟིམ་སྤྱིལ་གཙོ་བོ་ཡིན་ཞིང་། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བའི་ཕྱོགས་སུ་ཡོད་ལ། དེ་ནི་སྟོན་པ་ཐུགས་རྗེ་ཅན་གྱིས་འོད་མདོ་གསུང་སའི་གནས་ཀྱང་རེད།

དྲི་གཙང་ཁང་དེའི་ཉེ་ས་ལ་རྒྱ་གར་ནས་ཆེས་རྙིང་ཤོས་སུ་བརྩི་བའི་བྱང་ཆུབ་ཀྱི་ཤིང་ཞིག་ཡོད་པ་དང་། ཤིང་གི་ཡལ་ག་དག་ལ་ཀ་བ་བརྒྱབས་ཏེ་ཡར་བཀྱག་ནས་བརྟེན་འདུག བྱང་ཆུབ་ལྗོན་ཤིང་ཆེན་མོ་འདི་ནི་ཀུན་དགའ་བོས་སྟོན་པ་མཆོག་རྗེས་སུ་དྲན་ནས། མོང་གལ་གྱི་བུ་ལ་བསྐུལ་མ་ཞུས་པ་ལྟར། ཁོང་གིས་རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་ལས་ཡལ་ག་ཞིག་བླངས་ཏེ་སྤྱན་དྲངས་ནས་ཁྱེར་ཡོང་བ་དེ། མགོན་མེད་ཟས་སྦྱིན་གྱིས་གནས་འདིར་དངོས་སུ་བཙུགས་པ་རེད་ཟེར། ལྗོན་ཤིང་ཆེན་པོ་འདི་ཀུན་དགའ་བོ་ལ་འབྲེལ་བ་ཡོད་པའི་རྒྱུ་མཚན་གྱིས། དགའ་བོའི་བྱང་ཆུབ་ཤིང་དུ་ཡང་གྲགས་ཤིང་། ཆོས་ཀྱི་རྗེ་ཉིད་བྱང་ཆུབ་ཤིང་གི་ཉེ་འགྲམ་དུ་བཞུགས་ནས་ཆོས་ཀྱི་བཀའ་སློབ་བསྩལ་པར་མ་ཟད། བཟང་པོ་སྤྱོད་པའི་སྨོན་ལམ་གསུངས་ནས་ཐུགས་བསྐྱེད་སྨོན་ལམ་རྒྱ་ཆེར་མཛད།

དེ་ནས་ངེད་དཔོན་སློབ་རྣམས་མི་གདུང་བ་སོར་ཕྲེང་ཅན་སྡིག་པ་ལ་འགྱོད་ནས་འཕགས་པའི་ལམ་བརྙེས་སའི་གནས་དང་། མགོན་མེད་ཟས་སྦྱིན་གྱི་བཞུགས་ཁང་རྙིང་པ། ལྷས་སྦྱིན་དམྱལ་བར་ལྷུང་སའི་ཤུལ་དུ་ས་གཤོང་ཆེན་པོ་ཞིག་འདུག་པ་བཅས་ལ་གནས་མཇལ་དུ་སོང་བ་དང་། ད་དུང་གནས་ཁྱད་པར་ཅན་གཞན་གཅིག་སྟེ། སྟོན་པ་ཐུགས་རྗེ་ཅན་ཉིད་ཡུམ་སྒྱུ་འཕྲུལ་ལྷ་མོ་སུམ་ཅུ་རྩ་གསུམ་དུ་སྐྱེས་པ་ལ་ཆོས་གསུང་བའི་ཕྱིར་དུ་ལྷ་ཡུལ་ལ་ཕེབས་སའི་གནས་དེར། ངེད་ཚོ་མ་སོང་བར་རྒྱང་ནས་མཇལ་ཙམ་བྱས་པ་ཡིན།

མ་གཞི་ཆོས་ཀྱི་རྗེ་ཉིད་སྟོན་པ་ཐུགས་རྗེ་ཅན་སུམ་ཅུ་རྩ་གསུམ་གྱི་གནས་ནས། འཇིག་རྟེན་མི་ཡུལ་ལ་ཕེབས་སའི་གནས་ཀཱ་བྷི་ཏའི་ཡུལ་༼ ད་ལྟ་སང་ཁ་ས་ཞེས་འབོད། ༽ ལ་ཕེབས་འདོད་མཛད་ཀྱང་། གནས་དེ་ལ་ཐག་ཅུང་ཟད་རིང་བ་དང་། མཛད་རིམ་ཁག་ཀྱང་ཤིན་ཏུ་བྲེལ་ཆེ་བའི་རྐྱེན་གྱིས་དེར་ཕེབས་ཐབས་མ་བྱུང་བར་ལུས་ཤིང་། གནས་དེར་དེའུ་འབུར་ཞིག་ཡོད་པ་དེའི་ཐོག་ལ་གཙུག་ལག་ཁང་ཞིག་བཞེངས་ཡོད་པར་མ་ཟད། ད་དུང་ཤྭ་བ་དང་རྨ་བྱ་སོགས་རི་དྭགས་ཧ་ཅང་མང་པོ་ཡོད་ཟེར། དེའུ་འབུར་དེར་ཁོར་ཡུག་ཤིན་ཏུ་ཉམས་དགའ་ལ། ཐོག་ལ་འགོས་ནས་བལྟས་ན་གནམ་སྔོན་པོ་ལ་རྒྱང་ཐག་ཤིན་ཏུ་ཉེ་བའི་སྣང་བ་སྟེར་འོང་ཞིང་། གནས་གཞན་དང་མི་འདྲ་བའི་བྱིན་རླབས་ཀྱང་ཡོད་ཅེས་ས་གནས་དེ་གའི་མི་དག་གིས་བཤད་སོང་།

ཉིན་དེར། ངེད་ཚོས་རྒྱ་གར་ལ་ཡོད་པའི་སྟོན་པའི་གནས་ཆེན་ཁག་རྣམས་ལ། མཇལ་སྐོར་གྱི་མཇུག་ཡོངས་སུ་གྲུབ་པར་བྱས་རྗེས་མུན་ཡང་རུབ་སོང་བས། དེ་ནུབ་གནས་དེའི་ཉེ་ས་ཞིག་ལ་བསྡད་པ་ཡིན།

ས་ཚུགས་ལྔ་པ། བལ་པོ།

༡༩༩༠ ལོའི་ཟླ་༡༡ ཚེས་༨ །

རྒྱ་གར་འཕགས་ཡུལ་གྱི་གནས་སྐོར་དང་འབྲེལ་བའི་མཛད་རིམ་ཐམས་ཅད་རེ་ཞིག་མཇུག་ཕུན་སུམ་ཚོགས་པའི་ངང་གྲུབ་ནས། ཉིན་དེར་བལ་པོ་ལ་ཆིབས་ཀྱི་ཁ་ལོ་བསྒྱུར།

རྒྱ་གར་དུ་གནས་གཟིགས་ལ་ཕེབས་པའི་དུས་སུ། རྗེ་ཉིད་ཀྱི་ཕྱི་བཞིན་དུ་འབྲང་བ་ལ་ངེད་སྐུ་འཁོར་རྣམས་ཡོད་པས་མི་ཚད། ད་དུང་སྐྱ་སེར་དད་ལྡན་གཞན་འགའ་རེ་ཡང་ཡོད་ལ། ཁོ་ཚོའི་འགྲོ་སོང་རང་རང་གིས་བཏང་ནས། རྗེ་ཉིད་དང་མཉམ་དུ་གནས་ཆེན་ཁག་མང་པོ་ལ་སོང་ནས་གསོལ་འདེབས་སྨོན་ལམ་བྱས་པ་རེད། ཆོས་ཀྱི་རྗེ་ཉིད་ཞལ་གྱེས་རན་ཁར་ཁོ་ཚོ་འབྲལ་མི་ཕོད་པ་ལྟ་བུར་གྱུར་འདུག་ཀྱང་། མཉན་ཡོད་ནས་རྗེ་ཉིད་ལ་ཁམས་བདེ་ཞུས་ཏེ་ཁ་མི་འབྲལ་ཀ་མེད་དུ་གྱུར་ཅིང་། སྨིན་གྲོལ་གླིང་ནས་མཁན་ཆོས་པད་བསུ་བའི་མི་སྣ་ཡང་འབྱོར་འདུག་པས། ཁོང་གིས་ངའི་ཚབ་བྱས་ནས་ཆོས་གསུང་དུ་ཕེབས་པར་བྱས། རྒྱ་གར་ནས་ངའི་འགྲོ་སོང་ཐམས་ཅད་ལས་ཁག་གཅིག་གྲུབ་དབང་པདྨ་ནོར་བུས་གནང་ཞིང་། ཁག་གཞན་ནི་ང་རང་ཉིད་ཀྱིས་བཏང་བ་ལས། སྨིན་གྲོལ་གླིང་གི་སྒོར་མོ་ཅུང་ཟད་ཀྱང་མ་བླངས་པ་ཡིན་ཡང་། ངས་སྔོན་དུ་ཁས་བླངས་པ་ལ་ཕྱིས་དོན་ཐོག་ཏུ་སྒྲུབ་རྒྱུ་མ་བྱུང་བས་ཅུང་ཟད་ངོ་ཚ་དགོས་པ་བྱུང་།

དོན་དངོས་སུ་ཆོས་ཀྱི་རྗེ་ཉིད་སྐུ་འཁོར་ཡོངས་དང་བཅས་པའི་གསོལ་ཟས་དང་བཞུགས་ས། འགྲིམ་འགྲུལ་སོགས་གནས་གཟིགས་ལ་ཕེབས་པའི་འགྲོ་སོང་ལ་སྒོར་མོ་འབོར་ཆེན་གཏོང་དགོས་པས། ཕལ་མོ་ཆེ་ནི་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་གཅིག་པུས་གནང་ཞིང་། དེ་དུས་ཁོང་གི་ཆ་རྐྱེན་ཡང་དེ་ཙམ་མི་བཟང་བའི་ཁར། རྣམ་གྲོལ་གླིང་གི་དགེ་འདུན་པ་སྟོང་ཕྲག་ལྷག་གི་གསོལ་བ་དང་བཞུགས་གནས་ཐམས་ཅད། ཁོང་གཅིག་པུས་འགན་ཁུར་ནས་ཐག་གཅོད་དགོས་པར་འདུག་པས། ཤིན་ཏུ་དཀའ་ཁག་ཆེན་པོ་ཡོད་པ་སྨོས་ཅི་དགོས། ངས་སྐབས་འདིར་ཁོང་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་ལགས་སོ། །

ལོ་དེར་རྒྱ་གར་འཕགས་པའི་ཡུལ་ལ་གནས་སྐོར་དུ་འགྲོ་དགོས་ན་ད་ལྟ་འདྲ་བའི་སྟབས་བདེ་མོ་ཞིག་ག་ལ་ཡོད། གནམ་གྲུའི་འཛིན་ཡིག་ཉོ་བ་དང་འགྲུལ་ཁང་འཚོལ་བ། རླངས་འཁོར་འབོག་གླ་བྱེད་པ་སོགས་ལ་དཀའ་ཚེགས་མང་པོ་རྒྱག་དགོས། གནམ་གྲུའི་འཛིན་ཡིག་ཉོ་རྒྱུ་ལྟ་བུ་ལ་མཚོན་ན། སྔོན་དུ་འཛིན་ཡིག་ཡོད་མེད་བལྟས་ཚར་རྗེས་ཁ་པར་བཏང་ནས་སྔོན་བཀོད་བྱེད་དགོས་པ་དང་། ཁ་པར་མ་སོང་ན་གནམ་ཐང་ལ་དངོས་སུ་རྒྱུགས་ནས་ཉོ་དགོས་ཤིང་། མཚམས་ལ་ལར་སོང་རུང་ཉོ་རྒྱུ་ཡང་མི་ལོན། རླངས་འཁོར་ལ་མཚོན་ན། རླངས་འཁོར་ནང་དུ་དྲོད་སྙོམ་མེད་པས་ཚ་བ་འཐིབས་པའི་ནང་དུ་འདུག་དགོས་པར་མ་ཟད། དུག་སྦྲང་ཡང་ཧ་ཅང་མང་ཞིང་། ད་དུང་བགྲོད་ལམ་མི་བདེ་བའི་ཁར། གནས་རེ་རེ་ལ་ཕྱིན་རྗེས་རླངས་འཁོར་གཏོང་གིན་གཞན་ལ་སྐད་ཅ་འདྲི་དགོས་པས། དཀའ་ཚེགས་ཆེན་པོ་ལས་མི་འོང་ལ། ཟ་མ་ལ་མཚོན་ན། ཕྱོགས་ཀུན་ཏུ་ཉུལ་ནས་ཟ་ཁང་འཚོལ་དུ་འགྲོ་དགོས་པ་རེད།

དེ་དུས་ངེད་དཔོན་སློབ་རྣམས་ནི། རྒྱལ་ནང་ནས་རྒྱ་གར་འཕགས་པའི་ཡུལ་དུ་གནས་མཇལ་ལ་འགྲོ་བའི་མཇལ་སྐོར་པ་ཐོག་མ་ཡིན་རྒྱུ་རེད། ཡུལ་སྐོར་ལམ་སྟོན་མེད་ཅིང་འཛམ་གླིང་ཕྱོགས་སྟོན་མ་ལག་ཀྱང་མེད་པ་དང་། སྐབས་ལ་ལར་མི་རེ་བཙལ་ན་ལམ་ཁྲིད་གི་འདུག་ཀྱང་། ཁོ་ཚོ་ཡང་རྒྱུན་དུ་ལམ་ནོར་ནས་རླངས་འཁོར་ཐག་རིང་པོ་ཞིག་ལ་སོང་ཚར་རྗེས། གཟོད་ལམ་ནོར་ཐེབས་པ་ཧ་གོ་ནས། སླར་ཡང་ཁ་ཕྱིར་བསྐོར་ནས་འགྲོ་དགོས་པ་སོགས་འོང་། ད་སྐབས་རྒྱ་གར་འཕགས་ཡུལ་དུ་གནས་སྐོར་ལ་སོང་ན་ཤིན་ཏུ་སྟབས་བདེ་མོར་གྱུར་འདུག་སྟེ། དེ་ཡང་ས་གནས་དེ་གའི་མི་རྣམས་ཀྱིས་གནས་སྐོར་པ་རྣམས་ཀྱི་བློ་འགུགས་པའི་ཕྱིར་དུ། འགྲིམ་འགྲུལ་ཡོ་བྱད་དང་ཟ་མ་འདུག་ཁང་སོགས་གང་ས་ཅི་ཐད་ནས་ཆ་རྐྱེན་སྟབས་བདེ་མོ་མཁོ་སྤྲོད་བྱེད་རྒྱུ་ཡོད་པར་བྱས་འདུག་པ་དང་། གནས་ཆེན་ཁག་མང་པོ་ལ་བསྐྱར་གསོ་བྱས་ཡོད་པར་མ་ཟད། ད་དུང་ལོ་རྒྱུས་ཀྱི་གནའ་ཤུལ་སྟོན་པའི་བཤམས་སྟོན་ཁང་འགའ་རེ་ཡང་བརྒྱབས་ནས་གདའ། ངེད་དཔོན་སློབ་རྣམས་རྒྱ་གར་གནས་ཆེན་ཁག་ལ་འགྲོ་སྐབས། ཝཱ་ར་ཎཱ་སི་ཁོ་ན་ལ་བཤམས་སྟོན་ཁང་ཞིག་འདུག་པ་ལས། གནས་གཞན་ལ་ཞིག་རོ་ཙམ་ལས་ལྷག་མི་གདའ། རྡོ་རྗེ་གདན་ལ་གནས་མཇལ་བ་ཐར་ཐོར་འགྲོ་ཞིང་འདུག་པ་ལས། གནས་གཞན་པ་དག་ནི་ས་སྟོང་པ་ལྟ་བུར་གྱུར་ནས་མི་གཅིག་ཀྱང་མཐོང་རྒྱུ་མི་འདུག

དེར་སླེབས་ཙ་ན་མི་རྟག་པའི་ཚོར་སྣང་ངང་གིས་སྐྱེ་འོང་ཞིང་། སྔོན་དུས་གཟི་དཔལ་རབ་ཏུ་འབར་བའི་ནང་པའི་གནས་ཆེན་པོ་རྣམས་ཀྱང་། འདི་འདྲའི་ཡིད་སྐྱོ་བའི་གནས་སུ་གྱུར་འདུག་པ་ལ་ཨང་སྙམ་དགོས་པ་འབྱུང་།

ཉིན་དེར་སྟོན་པ་ཐུགས་རྗེ་ཅན་གྱི་གནས་ཆེན་པོ་བཞི་ལ་མཇལ་སྐོར་བྱེད་པའི་མཇུག་ཡོངས་སུ་གྲུབ་པ་ལ་ཉེ་བར་ཕྱོགས་ཤིང་། ཕེབས་ཚུགས་རྗེས་མ་ནི་ཆེས་ཐ་མ་སྟེ། ནེ་པ་ལའི་ཁོངས་སུ་ཡོད་པའི་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་ཉིད་སྐུ་བལྟམ་སའི་གནས་ལིམྦི་ནིའི་ཚལ་(Lumbini)ལ་འགྲོ་དགོས་པ་རེད།

ལིམྦི་ནིའི་ཚལ་ནི་རྒྱ་གར་དང་བལ་པོའི་མཐའ་མཚམས་ཕྱོགས་སུ་ཡོད་ལ། མ་གཞི་རྒྱ་གར་བྱང་ཕྱོགས་ཀྱི་མངའ་སྡེའི་ཁོངས་སུ་གཏོགས་ཤིང་། ༡༨༥༧ ལོར། རྒྱ་གར་ནས་དབྱིན་ཇིའི་འབངས་བསྐྱེད་རིང་ལུགས་ཀྱི་དབང་བསྒྱུར་བྱེད་སྟངས་ལ་ངོ་རྒོལ་བྱེད་པའི་ལས་འགུལ་ཚ་ཚ་འུར་འུར་ངང་སྤེལ་བ་དང་། བལ་པོས་དབྱིན་ཇི་ལ་དཔུང་གྲོགས་བྱས་ཏེ་ངོ་ལོག་ཞོད་འཇགས་སུ་བཏང་བའི་ལན་དུ། དབྱིན་ཇི་བས་རྒྱ་གར་དང་བལ་པོའི་མཐའ་མཚམས་གཏན་ལ་འབེབས་སྐབས། ལིམྦི་ནིའི་ས་ཕྱོགས་དེ་དག་ཚང་མ་བལ་པོའི་ཁོངས་སུ་བགོས་པ་ཡིན་ཞིང་། དེ་དུས་རྒྱ་གར་བ་དག་གིས་དོ་སྣང་ཅི་ཡང་མ་བྱས་པར་གྲགས་ལ། ༡༨༩༦ ལོར་གནའ་རྫས་རྟོག་ཞིབ་པ་རྣམས་ཀྱིས་ས་ཕྱོགས་དེ་ནས་ལིམྦི་ནིའི་ཚལ་གྱི་གནའ་ཤུལ་རྙེད་པ་ཤེས་རྗེས། ཤིན་ཏུ་འགྱོད་དགོས་པ་བྱུང་ཡང་འཕྱིས་ཟིན་པ་ལས་ཅི་ཞིག་ཡོད། དུས་དེ་ནས་བཟུང་རྒྱལ་ཁབ་དེ་གཉིས་ཀྱིས། བདག་ཅག་གི་སྟོན་པ་རྒྱལ་བ་ཤཱཀྱ་ཐུབ་པ་ཉིད་ཀྱི་ཕ་ཡུལ་གང་ནས་ཡིན་པ་ལ། རྩོད་པའི་རྒྱུན་ད་ལྟའི་བར་དུ་མ་ཆད་པར་ལྷག་ནས་ཡོད་པར་གདའ།

མཉན་ཡོད་ནས་ཁ་བྲལ་རྗེས། ངེད་དཔོན་སློབ་རྣམས་རླངས་འཁོར་དུ་ཡུན་རིང་མོར་བསྡད་ནས་གཟོད་བལ་པོའི་རྒྱལ་མཚམས་ལ་ཐོན། བལ་པོ་དང་རྒྱ་གར་གྱི་མཐའ་མཚམས་འགག་སྒོ་ལ་ཚད་དང་ལྡན་པ་ཞིག་མེད་པས། རྒྱལ་ཁབ་གཉིས་ཀྱི་མང་ཚོགས་ཕར་འགྲོ་ཚུར་བསྐྱོད་བར་མ་ཆད་དུ་བྱེད་བཞིན་འདུག་པ་དང་། ལ་ལ་རྐང་གསུམ་ལ་ཞོན་ནས་འགྲོ་ཞིང་། ལ་ལ་རྐང་ཐང་དུ་འགྲོ་བཞིན་འདུག་ཀྱང་། ཞིབ་འདྲི་བྱེད་མཁན་ནི་མི་གཅིག་ཀྱང་མི་གདའ། འོན་ཀྱང་མཐའ་སྲུང་ལྟ་བཤེར་བས་རྒྱལ་ཁབ་གཞན་ནས་ཡོང་པའི་མི་མཐོང་རྗེས། སྒོར་མོ་ལག་ཏུ་ཡོང་བའི་ཆེད་དུ་ལམ་བཀག་ནས་ལམ་ཆས་ལ་ཞིབ་བཤེར་བྱེད་ཅིང་། ངེད་ཚོས་ལམ་ཆས་མང་པོ་ཁྱེར་ཡོད་པས་ལམ་འགྲོ་ཆེན་པོ་ཞིག་འཕྲལ་དུ་རྒྱུག་པ་བཞིན། མི་ཐམས་ཅད་ཀྱིས་ལམ་བཀག་ནས་སྒོར་མོ་ཁ་ཤས་མ་སྤྲད་ན་གཏོང་གི་མི་འདུག དོན་དུ་ཁོ་ཚོས་ཆེས་མང་ན་ཡང་རུ་ཕི་ཉིས་བརྒྱ་ལས་ལྷག་པ་མི་ལེན་པས། སྒོར་མོ་མང་པོ་རང་ནི་ལེན་གྱི་མི་འདུག་ཀྱང་། སྒོར་མོ་དེ་ཙམ་གྱི་ཆེད་དུ་ཡུན་རིང་ལ་འདྲ་མིན་མང་པོ་བཤད་ནས། སུན་པོ་བཟོས་སོང་བའི་རྐྱེན་གྱིས་ངེད་ཚོ་དེ་རུ་ཆུ་ཚོད་མང་པོ་ལ་འགོར་དགོས་ཐུག་བྱུང་།

དེ་ནས་རྒྱལ་མཚམས་བརྒལ་རྗེས། གང་མགྱོགས་ཀྱིས་ལིམྦི་ནིའི་ཚལ་ལ་བཏད་ནས་སོང་ཞིང་། དེར་ཐག་རིང་པོ་རང་ནི་འགྲོ་དགོས་ཀྱི་མི་འདུག་ཀྱང་ངེད་རྣམས་ནི་ཕྱི་དྲོ་ཙམ་ལས་མ་ཕྱིན། ལིམྦི་ནིའི་ཚལ་ནི་རྒྱ་གར་གྱི་གནས་ཆེན་རྣམས་ལས་ཀྱང་སྐྱོ་ཆད་དེ་བར་གྱུར་འདུག འོན་ཀྱང་བྱིན་རླབས་ཀྱི་ནུས་པ་ནི་བསམ་གྱིས་མི་ཁྱབ་པ་ཡོད་པས། སྟོན་པ་ཐུགས་རྗེ་ཅན་ལ་དད་འདུན་ངང་ངམ་ཤུགས་ཀྱིས་འཕེལ་འོང་ཞིང་། ཚོར་བ་དེ་འདྲ་བ་ནི་ཡི་གེའི་ལམ་ནས་བརྗོད་ཤིན་ཏུ་དཀའ་བ་ཞིག་རེད།

ལིམྦི་ནིའི་ཚལ་དུ་ཐོན་སྐབས། མདུན་ཐད་དུ་ལྷ་མོ་སྒྱུ་འཕྲུལ་མའི་ལྷ་ཁང་(Maya Devi Temple)ཡོད་ཅིང་། ལྷ་ཁང་དེ་ལ་ཁང་པ་དཀར་པོ་ཆུང་ཆུང་ཞིག་ལས་མེད་པ་དང་། ཤིན་ཏུ་རྙིང་ནས་མཐོང་མི་བཟོད་པ་ལྟ་བུར་གྱུར་འདུག་ལ། ནང་དུ་རྡོ་བརྐོས་སྐུ་བརྙན་དཀར་པོ་ཞིག་དང་། ནག་པོ་ཞིག་བཅས་རྡོ་བརྐོས་གཉིས་ཡོད་པ་ལ། དཀར་པོ་དེའི་སྟེང་ལ་སྒྱུ་འཕྲུལ་མའི་ཕྱག་གཡས་པས་ཤིང་མྱ་ངན་མེད་ཀྱི་ཡལ་གར་འཐམ་སྟ། སྟོན་པ་མཆོག་ཉིད་དཀུ་གཡས་པ་ནས་བལྟམས་པའི་རི་མོ་བརྐོས་འདུག་པ་དང་། ནག་པོ་དེའི་ཐོག་ཏུ་བརྐོས་པའི་རི་མོ་རྣམས་ལ་ཆག་སྐྱོན་བྱུང་ནས་ཚང་མི་འདུག་ཀྱང་། ཡུམ་སྒྱུ་འཕྲུལ་མས་ཤིང་གི་ཡལ་ག་ལ་བརྟེན་ནས་འདུག་པའི་རྣམ་པ་རགས་ཙམ་མཇལ་ཐུབ་ཀྱི་གདའ། སྒྱུ་འཕྲུལ་མའི་ལྷ་ཁང་གི་མདུན་ལ་ཆུ་རྫིང་ཞིག་ཡོད་ཅིང་། དེ་ནི་སྟོན་པ་མཆོག་སྐུ་འཁྲུངས་རྗེས་སྐུ་ཁྲུས་གསོལ་སའི་གནས་རེད་ཟེར། ལྷ་ཁང་གི་ཟུར་ལ་ཤིང་མྱ་ངན་མེད་ཤིན་ཏུ་ཆེན་པོ་ཞིག་སྐྱེས་འདུག་པ་དེའི་འོག་རོལ་ཏུ། སྟོན་པ་མཆོག་ཉིད་སྐུ་བལྟམས་པར་གྲགས་ཤིང་། ཆོས་ཀྱི་རྗེ་ཉིད་ལྗོན་ཤིང་དེའི་འོག་རོལ་ལ་བཞེངས་ནས་ཐུགས་དད་གུས་ཆེན་པོས་ཞལ་ནས། སྐྱེས་བུ་ཁྱུ་མཆོག་ཁྱོད་འདྲའི་དགེ་སྦྱོང་ཆེན་པོ་གཞན་དག་ལྷ་ཡུལ་ས་ལ་མེད། །འཇིག་རྟེན་འདི་ནའང་ཡོད་པ་མ་ཡིན་རྣམ་ཐོས་བུ་ཡི་གནས་ནའང་ཡོད་མ་ཡིན། །ལྷ་ཡི་ཕོ་བྲང་གནས་མཆོག་དག་ནའང་ཡོད་མིན་ཕྱོགས་དང་ཕྱོགས་མཚམས་དག་ནའང་མེད། །རི་དང་ནགས་སུ་བཅས་པའི་ས་སྟེང་རྒྱས་པ་ཀུན་ཏུ་བསྐོར་ཀྱང་ག་ལ་ཡོད། །ཅེས་པ་དང་། གང་ཚེ་རྐང་གཉིས་གཙོ་བོ་ཁྱོད་བལྟམས་ཚེ། །ས་ཆེན་འདི་ལ་གོམ་པ་བདུན་བོར་ནས། །ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས། །ཞེས་པ་སོགས་སྟོན་པ་ཐུབ་པའི་དབང་པོ་ལ་བསྟོད་པའི་ཚིགས་སུ་བཅད་པ་འགའ་རེ་དང་། མཛད་པ་བཅུ་གཉིས་ཀྱི་ཚུལ་ལ་བསྟོད་པའི་གསོལ་འདེབས་སོགས་ཀྱི་ཚིག་ཁ་ཤས་གསུངས་རྗེས། འདོན་པའི་དབུ་བཟུང་ནས་བཟང་པོ་སྤྱོད་པའི་སྨོན་ལམ་གསུངས་ཏེ། བསྟན་འགྲོའི་དོན་དུ་ཐུགས་བསྐྱེད་སྨོན་ལམ་གནང། འདོན་པ་གསུངས་ཚར་རྗེས་ངས་རྗེ་ཉིད་ཀྱིས་མི་གཟིགས་པའི་ས་ནས་མངོན་ཆུང་ངང་པར་རེ་གཉིས་བླངས་ཤིང་། ངེད་དཔོན་སློབ་རྣམས་སོང་ནས་རིང་པོ་མ་ལོན་པའི་དུས་ཤིག་སྟེ། དུས་རབས་ཉི་ཤུའི་ལོ་རབས་དགུ་བཅུ་པའི་མཇུག་ཙམ་ལ། ས་གནས་དེ་གའི་དཔོན་རིགས་དག་གིས་ལྗོན་ཤིང་ཆེན་པོ་དེ་འཇར་པན་བ་ལ་བཙོངས་ནས། ད་ལྟ་གར་ཡོད་མི་ཤེས་པར་གདའ། དེང་སང་གནས་མཇལ་བའི་ཕྱག་སྐོར་གྱི་རྟེན་ཙམ་ལ་དམིགས་ནས། ཤིང་མྱ་ངན་མེད་དེའི་ས་མལ་དུ་བྱང་ཆུབ་ཤིང་ཞིག་བཙུགས་ཡོད་པར་འདུག

༡༩༩༠ ལོའི་སྒྱུ་འཕྲུལ་མའི་ལྷ་ཁང་དང་ལྗོན་ཤིང་མྱ་ངན་མེད།

ལིམྦི་ནིའི་ཚལ་ལ་ཆོས་རྒྱལ་མྱ་ངན་མེད་ཀྱིས་བསླངས་པའི་རྡོའི་ཀ་བ་ཆག་གྲུམ་དུ་སོང་བ་ཞིག་འདུག་པ་དེའི་སྟེང་ལ། འདི་ནི་སངས་རྒྱས་སྐུ་བལྟམས་སའི་གནས་ཡིན་ཞེས་པའི་རྒྱ་གར་གྱི་ཡི་གེ་བརྐོས་འདུག རྡོའི་ཀ་བ་དེ་ནི་སྤྱི་ལོ་སྔོན་གྱི་༣༡༨ ལོར་ཆོས་རྒྱལ་མྱ་ངན་མེད་ཀྱིས་གནས་དེ་རུ་བསླངས་པར་བཤད་ལ། ནམ་ཞིག་གི་ཚེ་རྡོའི་ཀ་བ་དེ་ལ་ཐོག་གིས་བརྒྱབས་ནས་དུམ་བུར་གཏོར་ཞིང་། དུས་དེ་ནས་བཟུང་ཀ་བ་དེའི་མཚོན་བྱེད་ལྟ་བུར་གྱུར་པའི་རྡོ་ཡི་རྟ་མགོ་དེ་བོར་བརླག་ཏུ་སོང་ཟེར། རྒྱ་གར་འཕགས་པའི་ཡུལ་ནས་ནང་པའི་བསྟན་པ་ནུབ་སྟེ། མི་ལོ་བརྒྱ་ཕྲག་འགའ་ཞིག་སོང་བའི་ནང་། ལིམྦི་ནིའི་ཚལ་ནི་མི་རྣམས་ཀྱི་ཡིད་ཡུལ་ནས་བརྗེད་དེ་རིག་རྒྱུ་མེད་པ་ལྟ་བུར་གྱུར་པ་དང་། ནུབ་ཕྱོགས་གནའ་རྫས་རྟོག་ཞིབ་པ་རྣམས་ཀྱིས། དུས་རབས་བཅུ་དགུ་པའི་མཇུག་ཏུ། ཆོས་རྒྱལ་མྱ་ངན་མེད་ཀྱིས་བསླངས་པའི་རྡོའི་ཀ་བ་དེ་ས་འོག་ནས་རྙེད་རྗེས། གཟོད་གནས་འདི་ནི་ལིམྦི་ནིའི་ཚལ་ཡིན་པར་ར་འཕྲོད་བྱུང་བ་རེད།

སངས་རྒྱས་སྐུ་བལྟམས་སའི་གནས་ཡིན་ཞེས་རྡོའི་ཀ་བའི་སྟེང་ལ་བརྐོས་པའི་ཡི་གེ

ཆོས་རྒྱལ་མྱ་ངན་མེད་ཀྱིས་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་བྱས་པ་རེད་ལ། ཁོང་གིས་སྟོན་པ་ཐུགས་རྗེ་ཅན་གྱི་རིང་བསྲེལ་ཡུལ་གྲུ་མང་པོ་ལ་བགོས་ནས་མཆོད་རྟེན་བཞེངས་པ་དང་། སྟོན་པའི་གནས་ཆེན་ཁག་ལ་ད་དུང་རྡོའི་ཀ་བ་ཆེ་ལ་སྦོམ་པ་རེ་རེ་བཙུགས་ཤིང་། ད་ལྟ་དེ་དག་ལ་བརྟེན་ནས་ཕྱི་རབས་གདུལ་བྱ་རྣམས་ཀྱིས། གནས་དེ་དག་བྱེ་བྲག་ཏུ་གང་ཞིག་ཡིན་པ་ངོས་ཟིན་པའི་སྒོ་ནས་ཤེས་ཐུབ་པ་རེད། ནུབ་ཕྱོགས་ལ་ལོ་རྒྱུས་ཀྱི་གནའ་ཤུལ་ཐམས་ཅད་ཉར་ཚགས་བཟང་པོ་བྱེད་པའི་ལུགས་སྲོལ་ཡག་པོ་རེ་འདུག་སྟེ། ཁོ་ཚོས་སྐྱེས་བུ་རླབས་ཆེན་ཞིག་སྡོད་མྱོང་བའི་ས་ཆ་དང་། དོན་རྐྱེན་ཆེན་པོ་ཞིག་བྱུང་མྱོང་བའི་གནས་སོགས་ལ། རྗེས་དྲན་རྡོ་རིང་ངམ་ཡང་ན་རྗེས་དྲན་ཁང་ལྟ་བུ་མང་པོ་བཞེངས་ནས་འདུག དེར་བརྟེན་ད་ལྟའི་དུས་རབས་འདིའི་ནང་ལ་འཚོ་ཞིང་བཞུགས་པའི་ནང་པ་སངས་རྒྱས་པའི་རྗེས་འཇུག་རྣམས་ལ་ཡང་། འདུ་ཤེས་དེ་འདྲ་མེད་དུ་མི་རུང་བས། ཅིས་ཀྱང་ཡོད་དུ་འཇུག་དགོས་པ་ཞིག་རེད། གནས་ཁྱད་པར་ཅན་རྣམས་སུ་རྗེས་དྲན་གྱི་མཚོན་རྟགས་སྲ་ལ་བརྟན་པ་རེ་བཞེངས་ཐུབ་པར་བྱུང་ན། ལོ་ཅི་ཙམ་མང་པོ་སོང་རུང་མེད་པར་འགྱུར་མི་འགྲོ་བས། ཕྱི་རབས་ལས་ཅན་གྱི་གདུལ་བྱ་རྣམས་ཀྱིས་མཚོན་རྟགས་དེ་དག་ལ་བརྟེན་ནས། ལོ་རྒྱུས་ཀྱི་དྲན་པ་སླར་ཡང་ཉམས་གསོ་བྱེད་ཐུབ་པ་རེད།

ཉིན་དེར། སྟོན་པ་ཐུགས་རྗེ་ཅན་གྱི་གནས་ཆེན་ཁག་བཞི་ལ་མཇལ་སྐོར་བྱེད་པའི་མཇུག་ཕུན་སུམ་ཚོགས་པའི་ངང་གྲུབ་ཅིང་། སྟོན་པ་ཐུགས་རྗེ་ཅན་ཉིད་སྐུ་བལྟམས་སའི་གནས་ལ་དོན་སྙིང་ཆེན་པོ་ཡོད་པའི་ཁར། ཕྱི་དྲོ་པར་ལེན་པ་ལ་ཤིན་ཏུ་འཚམ་པའི་ཉི་འོད་འཕྲོས་སོང་བའི་རྐྱེན་གྱིས། ཕེབས་ཚུགས་རྗེས་མར་གྱུར་པའི་གནས་འདི་ནས་མཉམ་པར་ཞིག་ལེན་འདོད་ཤུགས་ཆེན་པོ་སྐྱེས་ཀྱང་། ཉི་མ་གཅིག་གཉིས་ཀྱི་སྔོན་ནས་རྗེ་ཉིད་ཀྱིས་བཀའ་བཀྱོན་གནང་མ་ཐག་པ་ཡིན་པས། རེ་བ་དེ་ཞུ་མ་ཕོད་པར་ལུས་སོང་བས་བློ་ཕམ་སྐྱེ་དགོས་སའི་གནས་ཤིག་ཏུ་གྱུར།

གནས་སྐོར་ལ་ཕེབས་པའི་སྐབས་ཐམས་ཅད་དུ་རྗེ་ཉིད་ལ་དུས་ཚོད་མང་པོ་མེད་ན། སྨོན་ལམ་མདོར་བསྡུས་གསུངས་ཏེ་ཕེབས་འགྲོ་བ་རེད་མ་གཏོགས། དུས་ཚོད་ཡོད་ན་བླ་རུང་ཞལ་འདོན་ཕྱོགས་བསྒྲིགས་ནང་གི་གོ་རིམ་ཇི་ལྟ་བ་བཞིན། བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོས་ཁོག་བཟུང་ནས་བཀྲ་ཤིས་བརྒྱད་པ་དང་། སེམས་བསྐྱེད་འབོགས་ཆོག་སོགས་ནས་མཇུག་མ་རྫོགས་ཀྱི་བར་དུ་གསུངས་ཤིང་། ད་དུང་དུས་ཚོད་ལྷག་མ་ཡོད་ན་འཇམ་དཔལ་རྫོགས་པ་ཆེན་པོའི་སྨོན་ལམ་ཡང་གསུངས་པ་རེད། གནས་ཆེན་ཁག་རེ་རེ་ལ་ཕྱགས་ཕེབས་གནང་རྗེས། ཐོག་མར་གནས་གཙོ་ཆེ་ཤོས་རྣམས་ལ་མཇལ་གཟིགས་མཛད་པ་དང་། གོང་གི་སྨོན་ལམ་དེ་དག་གསུངས་ནས་བསྟན་འགྲོའི་དོན་དུ་ཐུགས་བསྐྱེད་ཟབ་རྒྱས་སུ་གནང་བར་མཛད་པ་ལས། མཛེས་ལྗོངས་གཞན་དག་ལ་ཐུགས་སྣང་ཆེར་བྱེད་སྲོལ་མེད།

ཉེ་ཆར་ངས་ལོ་རྒྱུས་ཡིག་ཆ་གཞན་ལ་ཞིབ་དཔྱད་བྱས་ནས། ལིམྦི་ནིའི་ཚལ་དང་ཐག་མི་རིང་བའི་སར། ད་དུང་རིན་ཐང་ཤིན་ཏུ་ཆེ་བའི་མཆོད་རྟེན་གཞན་ཞིག་ཡོད་པར་ཤེས་རྟོགས་བྱུང་ཞིང་། དེ་ཡང་སྟོན་པ་ཐུགས་རྗེ་ཅན་མྱ་ངན་ལས་འདས་རྗེས། སྐུ་གདུང་ཞུགས་ལ་སྦྱངས་ནས་ཕེབས་པའི་རིང་བསྲེལ་རྣམས་རྒྱལ་པོ་ཆེན་པོ་བརྒྱད་ཀྱིས་བགོས་ནས་མཆོད་རྟེན་རེ་རེ་བཞེངས་པ་དང་། ལོ་བརྒྱ་ལྷག་འདས་རྗེས་ཆོས་རྒྱལ་མྱ་ངན་མེད་ཀྱི་བཀའ་ཁྱབ་འོག མཆོད་རྟེན་གྱི་ས་བརྐོས་ནས་རིང་བསྲེལ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཤིང་། ཡུལ་གྲུ་ཁག་མང་པོར་རིང་བསྲེལ་གྱི་སྐྱེས་བགོས་ནས། མཆོད་རྟེན་མང་པོ་གསར་དུ་བཞེངས་དགོས་པའི་བཀའ་ཁྱབ་བསྒྲགས་པ་དང་ཆབས་གཅིག གསལ་བཤད་དང་བཅས་ཏེ་ཆོས་རྒྱལ་མྱ་ངན་མེད་ཀྱི་རྡོ་རིང་བསླངས། སྔར་བཞེངས་པའི་མཆོད་རྟེན་བརྒྱད་ཀྱི་ནང་ལས་བདུན་གྱི་རིང་བསྲེལ་རྣམས་ས་བསལ་ནས་ཁྱེར་བ་ལས། ལིམྦི་ནིའི་ཚལ་དུ་བཞེངས་པའི་མཆོད་རྟེན་འདིའི་ནང་གི་རིང་བསྲེལ་མ་ཁྱེར་བར་རང་སོར་བཞག་པར་གྲགས། དེ་ཡང་ཆོས་རྒྱལ་མྱ་ངན་མེད་ལམ་དུ་ཆས་པའི་ནུབ་ཅིག་གི་རྨི་ལམ་ལ། ཀླུའི་རྒྱལ་པོ་ཞིག་མདུན་དུ་ཡོང་ནས་ཀླུའི་རིགས་དག་གི་བསོད་ནམས་ཀྱི་ཞིང་ས་བླ་ན་མེད་པའི་ཆེད་དུ། རིང་བསྲེལ་འདི་རང་གནས་སུ་འཇོག་དགོས་ཤིང་། ཁོ་ཚོས་དེ་ལ་སྲུང་བ་བྱེད་ཀྱི་ཡོད་ཅེས་ཞུས་པར་མ་ཟད། ལམ་བར་ནས་ཀྱང་སྦྲུལ་ཆེན་པོ་ཞིག་གིས་འགྲོ་ལམ་བཀག་པ་དང་། ས་གནས་དེ་ཉིད་ཀྱི་ཚེ་དང་ལྡན་པ་རྣམས་ཀྱིས་རིང་བསྲེལ་འདི། སྟོན་པ་སངས་རྒྱས་མཆོག་གི་ཕ་ཡུལ་ལ་འཇོག་དགོས་པའི་རེ་བ་ཡང་ཡང་ཞུས་པ་བཞིན་བཀས་གནང་ནས། མཆོད་རྟེན་འདི་མ་བརྐོས་པར་རང་སོར་བཞག་ཅིང་། འདི་ལ་ཀླུའི་རྒྱལ་པོས་སྲུང་སྐྱོབ་བྱེད་བཞིན་འདུག་པའི་རྐྱེན་གྱིས། མཆོད་རྟེན་དྲུང་དུ་རྡོ་རིང་ཡང་མ་བསླངས་པར། སྟོན་པ་ཐུགས་རྗེ་ཅན་ཉིད་སྐུ་བལྟམས་སའི་གནས་ལིམྦི་ནིའི་ཚལ་རང་དུ་བསླངས་པར་གྲགས་སོ། །

ཕྱིས་དབྱིན་ཇིའི་གནའ་རྫས་རྟོག་ཞིབ་པ་ཚོས་མཆོད་རྟེན་འདིའི་རྗེས་ཤུལ་རྙེད་སྐབས། མཆོད་རྟེན་ནང་གི་རིང་བསྲེལ་བརྐོས་ནས་འཁྱེར་འགྲོ་བར་རྩོམ་ཙ་ན། རྐོ་མཁན་དག་རྒྱུ་མཚན་ཅི་ཡིན་མི་ཤེས་པའི་ངང་ཤི་བ་དང་མི་འགའ་རེ་ལ་རྐྱེན་ངན་བར་ཆད་རྒྱུན་མར་བྱུང་བའི་རྐྱེན་གྱིས། ཁོ་ཚོ་ཤིན་ཏུ་སྐྲག་ནས་མུ་མཐུད་དུ་རྐོ་མི་ཕོད་པར་གྱུར་ཅིང་། ད་དུང་མཆོད་རྟེན་འདིའི་ཉེ་འགྲམ་ལ། འབྲུ་རིགས་འདེབས་འཛུགས་བྱས་ན་རྒྱུན་དུ་དུག་སྦྲུལ་གྱི་འཚེ་བ་མང་པོ་འབྱུང་བར་འདུག་པས། ད་ལྟ་འདེབས་འཛུགས་མི་ཕོད་པ་རེད་ཅེས་ས་གནས་དེ་གའི་མི་རྣམས་ཀྱིས་བཤད་འདུག འཇར་པན་བ་དག་གིས་བརྟག་དཔྱད་བྱས་པ་ལྟར་ན། མཆོད་རྟེན་ཡོད་སའི་ས་མིག་གི་འོག་ལ་ས་འོག་གི་ཕོ་བྲང་ངོ་མ་ཞིག་ཡོད་པར་བཤད་ལ། ས་གནས་དེ་གའི་སྲིད་གཞུང་ལ་གནས་དེར་ཐོན་འབྱེད་བྱེད་པའི་འཆར་གཞི་ཡོད་པར་མ་ཟད། ཉེ་བའི་ལོ་ཤས་རིང་། དེའི་སྐོར་ལ་ཐབས་ཇུས་གང་དྲགས་འཐེན་བཞིན་ཡོད་སྐད་ཐོས་ཀྱང་། ད་ལྟར་ཐུག་གི་བར་དུ་མཆོད་རྟེན་འདི་ཉིད་སྔར་གྱི་རྣམ་པ་ཇི་ལྟ་བ་བཞིན་དུ་སོར་བཞག་བྱས་ནས་ཡོད་པ་དང་། སྟོན་པ་ཐུགས་རྗེ་ཅན་གྱི་སྐུ་གདུང་ལས་འཁྲུངས་པའི་རིང་བསྲེལ་རྣམས་ལས། བརྒྱད་ཆ་གཅིག་ཙམ་ཞིག་དེའི་ནང་དུ་ཉར་ཚགས་ལེགས་པོ་བྱས་ནས། ད་དུང་བཞུགས་ཡོད་པ་རེད་ལ། ས་ཆ་དེའི་མིང་ལ་རམ་གྷ་རམ་(Ramgram)ཟེར།

བལ་པོ་ནི་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་ཉིད་ཀྱི་ཕ་ཡུལ་དངོས་ཡིན་པས། གནས་དེར་ལིམྦི་ནིའི་ཚལ་ཡོད་པར་མ་ཟད། ད་དུང་སེར་སྐྱའི་གྲོང་གི་ཕོ་བྲང་གི་ཤུལ་དང་། སྟོན་པ་མཆོག་གིས་ཡབ་རྒྱལ་པོ་ཟས་གཙང་མ་ལ་བདེན་པ་སྟོན་སའི་གནས་ཀྱང་འདུག འོན་ཀྱང་དུས་ཚོད་ལ་བྲེལ་བ་ཆེན་པོ་ཡོད་སྟབས། ཆོས་ཀྱི་རྗེ་ཉིད་ཀྱིས་སྟོན་པ་ཐུགས་རྗེ་ཅན་གྱི་གནས་ཆེན་ཁག་བཞི་གཙོ་བོར་མཛད་དེ་མཇལ་གཟིགས་གནང་བ་ལས། གནས་གཞན་རྣམས་མཛད་རིམ་གྱི་ནང་ལ་བཀོད་སྒྲིག་བྱས་མེད།

ཉིན་དེར། རྗེ་ཉིད་གནས་གཟིགས་ལ་ཕེབས་པའི་བྱ་བ་ཚང་མ་བདེ་ལེགས་ངང་མཇུག་ཡོངས་སུ་གྲུབ་པའི་རྐྱེན་གྱིས་ཡིན་ན་ཡང་ཐང་། ཐུགས་ཤིན་ཏུ་དགྱེས་པའི་ཚུལ་མཛད་ཅིང་། དེའི་སྟེང་དུ་ཕེབས་ཚུགས་རྗེས་མ་དེ་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་ཉིད་སྐུ་བལྟམས་སའི་གནས་ལ་མ་བསྒྲིགས་རང་འགྲིག་གིས་ཁེལ་བས། རྟེན་འབྲེལ་གྱི་ཆེ་བ་ཅི་ཞིག་ཡོད་པ་ནི་མ་ཤེས་ལ། ཆོས་ཀྱི་རྗེ་ཉིད་ཀྱི་ཞལ་ནས། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་སྐུ་མྱ་ངན་ལས་འདའ་ས་ལ། མཇལ་སྐོར་རྗེས་མ་བྱས་ན་སེམས་མི་དགའ་བར་སྐྱོ་ཆད་དེ་བར་འགྱུར་འགྲོ་རྒྱུ་རེད། ད་ཐེངས་ཀྱི་མཛད་རིམ་རྣམས་ལ་བཀོད་སྒྲིག་ཡག་པོ་བྱས་འདུག ཆེད་དུ་རྐང་བཙུགས་ནས་འདི་ལྟར་བྱས་པ་མིན་རུང་། རྟེན་འབྲེལ་དམིགས་བསལ་བ་འདི་ལ་བརྟེན་ནས། དམ་པའི་སྐྱེས་ཆེན་འགས་ལུང་བསྟན་པ་ལྟར། མ་འོངས་པར་ངའི་ཚེ་གེགས་ལས་ཐར་ནས་ཡུན་རིང་དུ་འདུག་རྒྱུ་རེད། ལིམྦི་ནིའི་ཚལ་ནི་བདག་ཅག་གི་སྟོན་པ་མཆོག་ཉིད་ཀྱི་སྐུ་ཚེ་གཅིག་གི་དབུ་འཛིན་སའི་གནས་ཡིན་པས། ང་ཚོས་ཀྱང་གནས་འདི་ནས་བསྟན་འགྲོའི་དོན་ཆེན་གྱི་བགྱི་བ་རླབས་པོ་ཆེ་རྣམས། དངོས་སུ་མགོ་འཛིན་རྒྱུ་ཡིན་པའི་སྨོན་ལམ་བཟང་པོ་འདེབས་དགོས་གསུངས།

ཆོས་ཀྱི་རྗེ་ཉིད་རྒྱ་གར་ནས་བོད་ཡུལ་ལ་ཕྱིར་ཕེབས་རྗེས། གདན་ས་བླ་རུང་སྒར་ལ་ཁྲི་ཤོང་ཀུན་དགའ་ར་བ་གསར་དུ་བཞེངས་ཤིང་། བདེ་ཆེན་ཞིང་སྒྲུབ་ཆེན་མོ་ཐེངས་གསུམ་ལ་འཚོགས་པ་དང་། སྒར་ལ་ཆོས་ཚོགས་ཆེན་མོ་བཞི་བཙུགས། ཕྱིའི་རྒྱལ་ཁབ་ཁག་མང་པོར་བཀའ་ཆོས་གསུང་བར་ཕེབས་ལ། རྒྱ་ཡུལ་གྱི་འཁོར་རྣམ་པ་བཞིའི་སློབ་ཚོགས་རྒྱ་ཆེར་རྗེས་སུ་བཟུང་བ་སོགས། གདུལ་བྱའི་འཕྲིན་ལས་ཀྱི་ཁྱབ་རྒྱ་ལ་འགྱུར་བ་ཤིན་ཏུ་ཆེན་པོ་སོང་ཞིང་། དེ་སྔོན་ཆོས་ཀྱི་རྗེ་ཉིད་ལ་ཉམས་རྟོགས་ཕུན་སུམ་ཚོགས་པོ་ཡོད་ཀྱང་མཚན་སྙན་ནི་དེ་ཙམ་མི་ཆེ་བས། མི་མང་པོས་ཁོང་གི་མཚན་སྙན་གོ་མྱོང་ཡོད་རྒྱུ་མ་རེད་ཀྱང་། དུས་དེ་ནས་བཟུང་རྗེ་ཉིད་ཀྱི་འཕྲིན་ལས་ཉི་མ་དང་ཟླ་བ་ནམ་མཁའ་ལ་ཐོགས་པ་མེད་པར་རྒྱུ་ནས། ཕྱོགས་ཐམས་ཅད་གསལ་བོར་བྱས་པ་བཞིན། གདུལ་བྱའི་སེམས་ཅན་དཔག་ཏུ་མེད་པ་ལ་ཕན་བདེའི་གྲུ་ཆར་བསྩལ་བར་མཛད་ཅིང་། འདི་ཡང་རྗེ་ཉིད་ཀྱི་སྐུ་སྐྱེ་སྔ་མའི་སྨོན་ལམ་གྱི་སྟོབས་ཆེན་པོ་ལས་བྱུང་བ་ཡིན་པར་མ་ཟད། ད་དུང་རྨད་དུ་བྱུང་བའི་རྟེན་འབྲེལ་འགའ་རེ་ལ་ཡང་། ནུས་པ་བསམ་གྱིས་མི་ཁྱབ་པ་ཡོད་པས་དེའི་དབང་གིས་ཡིན་པའང་སྨོས་ཅི་དགོས་སོ། །

༡༩༩༠ ལོའི་ཟླ་༡༡ ཚེས་༩ །

ཞོགས་པར་ངེད་དཔོན་སློབ་རྣམས་ལིམྦི་ནིའི་ཚལ་ནས་ཁ་གྱེས་ཏེ་ཀ་ཏ་མན་རྡུར་སོང་། དང་པོར་བགྲོད་ལམ་ཅུང་ཟད་བདེ་ཞིང་། སྤྱི་ལེ་༣༠ ལྷག་སོང་རྗེས། ས་ཆ་ཞིག་ལ་སླེབས་པ་དེ་ནི་ཆོས་རྒྱལ་མྱ་ངན་མེད་ཀྱིས་ནང་གི་རིང་བསྲེལ་མ་ཁྱེར་བར། རང་སོར་བཞག་ནས་ཡོད་པའི་མཆོད་རྟེན་དེ་ཉིད་བཞུགས་སའི་གནས། རམ་གྷ་རམ་བྱ་བ་དེ་རེད་ཟེར་གྱི་འདུག

སྤྱི་ལེ་༡༠༠ ལྷག་སོང་རྗེས། ཅི་ཏུ་ཝན་གཅན་གཟན་ཁང་(Chitwan National Park)བརྒྱུད་ནས་སོང་ཞིང་། ས་གནས་དེར་གཅན་གཟན་ཁང་དེ་ལ་སྐད་གྲགས་ཆེན་མོ་འདུག་པས། ནུབ་ཕྱོགས་པ་དག་དེར་སོང་སྟེ་གླང་པོ་ཆེ་ལ་ཞོན་ནས། ལྟད་མོ་ལྟ་རུ་འགྲོ་རྒྱུར་དགའ་མོས་ཆེན་པོ་བྱེད་སྐད།

གཅན་གཟན་ཁང་དེ་བརྒྱུད་ནས་སོང་ཚར་རྗེས། བགྲོད་ལམ་ཤིན་ཏུ་མི་བདེ་བར་གྱུར་འདུག་པ་དང་། གྱ་གྱུར་འབབ་པའི་གཙང་པོའི་འགྲམ་དུ་གཞུང་ལམ་ཤིན་ཏུ་དོག་མོ་ཞིག་ཡོད་པ་དེ་དེད་ནས་འགྲོ་དགོས་པར་འདུག ལམ་ཁ་དེར་རྟག་ཏུ་འཁོར་འཚང་བརྒྱབས་ནས། ཆུ་ཚོད་འགའ་རེ་ལ་མི་ཐར་བ་འོང་ཟེར་ཡང་། སྟབས་ལེགས་པ་ཞིག་ལ་ཉི་མ་དེར་ངེད་དཔོན་སློབ་རྣམས་ལ། ལམ་བར་ནས་གནས་ཚུལ་མི་བདེ་བ་དེ་འདྲ་ལ་མ་འཕྲད་པར་ཤར་རྒྱག་གིས་འགྲོ་སྐྱོད་ཐུབ་པར་བྱུང་།

ད་ལྟ་འཁོར་འཚང་རྒྱག་བཞིན་པའི་རྣམ་པ།

སྔ་དྲོར། ངེད་དཔོན་སློབ་རྣམས་ཀྱིས་ལམ་ཟུར་ལ་ཟ་ཁང་ཆུང་ཆུང་མང་པོ་འདུག་པ་མཐོང་བས། ཟ་ཁང་གཅིག་གི་ནང་ལ་སོང་ནས། ས་གནས་རང་གི་ལྒ་བསྲེས་འབྲས་ཆན་འགའ་རེ་བོས་ཏེ་གུང་ཟས་ཟོས་པ་ཡིན།

གུང་ཟས་ཚར་རྗེས་མུ་མཐུད་དུ་ལམ་ལ་ཆས་ཤིང་། ཆུ་ཚོད་དགུ་ལྷག་ཏུ་སོང་ནས་ཤིན་ཏུ་འཕྱི་མོར་གྱུར་སྐབས། ད་གདོད་ཀ་ཏ་མན་རྡུར་ཡོད་པའི་རྫོང་ནང་དགོན་དུ་སླེབས་ཤིང་། ངེད་ཅག་ཚང་མ་ལ་ངལ་དུབ་ཤིན་ཏུ་ཆེན་མོ་བྱུང་སོང་བས་དེར་བསྡད་པ་ཡིན།

༡༩༩༠ ལོའི་ཟླ་༡༡ ཚེས་༡༠ །

རྫོང་ནང་དགོན་དུ་ཉི་མ་གཅིག་ལ་སྐུ་ངལ་གསོས་ནས་བཞུགས།

༡༩༩༠ ལོའི་ཟླ་༡༡ ཚེས་༡༡ །

སྔ་དྲོར། ཆོས་ཀྱི་རྗེ་ཉིད་ཀྱིས་འཕགས་པ་འཇམ་དཔལ་དབྱངས་ཀྱི་སྐུ་ཤིན་ཏུ་ཁྱད་པར་ཅན་ཞིག་བླུ་ཐུབ་པ་བྱུང་ཞིང་། སྐུ་དེ་བླུ་དགོས་པའི་ལོ་རྒྱུས་རྒྱུ་མཚན་རྗེ་ཉིད་ཀྱི་གསུང་འབུམ་ནང་འདི་སྐད་ཅིག་གསུངས་ཡོད།

༄༅། །ཟླ་བ་ཁ་ཤས་ཀྱི་སྔོན་དུ་རང་བྱུང་རྡོ་རྗེའི་རང་སྒྲ། ཁྱབ་བདག་འཇམ་པའི་རྡོ་རྗེར་སོགས། འབུམ་ཕྲག་གསུམ་ཁ་ལྷག་དང་བཅས་པ་ཁ་གང་ནས་བལ་ཡུལ་མཆོད་རྟེན་བྱ་རུང་གི་ཉེ་དྲུང་དུ་རང་གནས་ཀྱི་ཁང་པར་སྡོད་པའི་སྔ་དྲོའི་དུས་སུ་མཆོད་རྟེན་གྱི་ཕྱོགས་ནས་འོད་ཟེར་བྱུང་ནས་རང་གི་ཁང་པར་ཤར་བའི་དེ་མ་ཐག་མཆོད་རྟེན་གྱི་དྲུང་དུ་སོང་ནས་སྐོར་བ་བྱེད་སྐབས།

བོད་མི་ཞིག་གིས། རིན་པོ་ཆེ་ཁྱེད་རྟེན་ཁྱད་པར་ཅན་དང་མཇལ་འདོད་ཡོད་ན་ཡ་ཀི་ཁང་པའི་ནང་དུ་ཡོད་དོ་ཞེས་སྨྲས་པས། བདག་དེར་སོན་སྐབས་ཁང་པའི་སྒོའི་ཕྱི་ལོགས་ན་སེམས་དཔའི་སྐུ་གཟུགས་བཞེངས་སྟབས་ཅན་ཉེ་སྲས་བརྒྱད་ཀྱི་ཕྱག་མཚན་བསྣམས་པ་ཞིག་མཇལ་ཚེ། ཞལ་འཛུམ་པར་མཛད་པའི་སྣང་བ་བྱུང་། བདག་གིས་མིག་འཁྲུལ་བ་ཨེ་ཡིན་སྙམ་ནས་ཞིབ་ཏུ་བལྟས་པས་སླར་ཡང་ཐུགས་ཀ་ནས་འོད་ཟེར་ཞིག་བྱུང་སྟེ་རང་གི་སྙིང་ཁར་ཐིམ་པས་མི་རྟོག་པའི་ཏིང་ངེ་འཛིན་ལ་འབྱམས་སུ་ཀླས་པར་གྱུར་ཏོ། །དེ་རྗེས་འདི་སྐད་དུ་སྨྲས་སོ། །

གནས་ཆེན་རི་བོ་རྩེ་ལྔར་རྟག་ཏུ་བཞུགས། །

ཉེ་སྲས་བརྒྱད་སོགས་རྒྱལ་སྲས་ཁྲི་ཕྲག་གི །

ཡེ་ཤེས་ཕུང་པོ་གཅིག་ཏུ་འདུས་པའི་སྐུ། །

བཅོམ་ལྡན་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ། །

དང་པོའི་ལས་ཅན་སྒྲིབ་པས་མནར་བ་བདག །

གང་གིས་ཐབས་མཁས་ཐུགས་རྗེས་ཉེར་བསྐྱངས་ནས། །

བླུགས་སྐུའི་ཟོལ་གྱིས་དབུགས་དབྱུང་ཆེར་མཛད་པའི། །

བཀའ་དྲིན་ཕ་མཐའ་སུ་ཡིས་གཞལ་བར་ནུས། །

ཕ་གཅིག་ཁྱེད་ཀྱི་དགྱེས་པ་སྐོང་ཕྱིར་དུ། །

ནམ་མཁའི་ཁམས་འདི་ཇི་སྲིད་གནས་ཀྱི་བར། །

རྒྱལ་སྲས་སྤྱོད་པ་རྒྱ་མཚོར་འཇུག་བགྱིད་ན། །

ཐོགས་མེད་མཐུ་ཡི་བཀའ་དྲིན་སླར་ཡང་ཞུ། །

ཞེས་ཁྱབ་བདག་འཇམ་པའི་སོགས་མང་དུ་བསགས་མཐར་རང་གི་སློབ་ཚོགས་རྣམས་དང་བོད་མི་མང་ཆེ་བའི་བཀའ་དྲིན་གྱིས་སྐུ་དེ་ཡང་རང་གི་ལག་ཏུ་འབྱོར་བྱུང་། དེ་མ་ཐག་རླངས་འཁོར་དུ་ཞུགས་ཏེ་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་བྱང་ཆུབ་སེམས་དཔར་གྱུར་སྐབས་སྟག་མོ་བཀྲེས་པ་ལ་སྐུ་ལུས་བྱིན་པའི་སྐུ་གདུང་མཆོད་རྟེན་གྱི་དྲུང་དུ་ཐོན་པའི་དེ་མ་ཐག་བདག་ངག་དབང་བློ་གྲོས་མཚུངས་མེད་ཀྱིས་སྨྲས་རིམ་བཞིན་མཁན་པོ་བསོད་དར་རྒྱས་ཀྱིས་ཡི་གེར་བཀོད་པ་དགེ རབ་བྱུང་བཅུ་བདུན་ལྕགས་རྟ་ཟླ་༩ ཚེས་༢༥ ལའོ། ། ཞེས་གསུངས།

ལོ་རྒྱུས་འདི་ཤིན་ཏུ་ཡ་མཚན་པས། ངའི་ཡིད་ནས་མ་བརྗེད་པར་ད་དུང་ཁྲ་ལམ་མེར་གསལ་པོར་དྲན་འདུག

དེ་ཡང་ཉི་མ་དེའི་སྔ་དྲོར་ཆོས་ཀྱི་རྗེ་ཉིད་ཀྱིས། གློ་བུར་དུ་མཆོད་རྟེན་ལ་སྐོར་བ་བྱེད་དུ་འགྲོ་དགོས་པ་ཡོད་གསུངས་ནས། དེ་མ་ཐག་མྱུར་སྟབས་ཀྱིས་ཕེབས། མ་གཞི་མཆོད་ཆ་ལྷ་སྐུ་བཙོང་སའི་ཚོང་ཁང་དུ་འགྲོ་བའི་དུས་ཚོད་བཀོད་སྒྲིག་བྱས་མེད་ཀྱང་། རྗེ་ཉིད་ཐད་ཀར་ནང་དུ་བྱོན་པ་དང་། དེ་དུས་རྗེ་ཉིད་མགྱོགས་པོར་བཞེངས་ནས་ཕེབས་སོང་བས། ང་རང་ཅུང་ཟད་བྲེལ་འཚུབ་དང་བཅས་རྗེས་སུ་བརྒྱུགས་པ་ཡིན།

ཚོང་ཁང་དེར་ཕེབས་རྗེས། ཆོས་ཀྱི་རྗེ་ཉིད་ཀྱིས་མཐོ་ཚད་ལ་ཁྲུ་གཅིག་ལྷག་ཡོད་པའི་འཕགས་པ་འཇམ་དཔལ་གྱི་སྐུ་ཞིག་ལ། ཡུན་རིང་མོར་སྤྱན་ཅེར་རེ་གཟིགས་ཤིང་། དེ་ནས་ཕྱག་གིས་སྤྱན་འཕུར་ཙམ་འཕུར་ཙམ་མཛད་དེ་སླར་ཡང་ནན་ཏན་དུ་གཟིགས། ངེད་ཚོས་ཅི་ཡང་མི་ཤེས་པའི་ངང་རྗེ་བླ་མ་ཉིད་ལ་བལྟས་ཏེ་ཟུར་དུ་ལངས་ནས་བསྡད་པ་དང་། གང་འཚམ་འགོར་རྗེས་རྗེ་ཉིད་ཀྱི་ཐུགས་ཤིན་ཏུ་དགྱེས་བཞིན་པའི་ངང་ཞལ་ནས། སྐུ་འདི་ལ་རྟེན་འབྲེལ་དམིགས་བསལ་བ་ཡོད་པས། ངེས་པར་དུ་བླུ་ཐབས་བྱེད་དགོས་གསུངས། ཚོང་ཁང་དེའི་སྦྱིན་བདག་མ་དེ་ལ་ཐོག་མར་ཅི་ཞིག་སྨྲས་ཀྱང་འཚོང་རྒྱུའི་མོས་པ་གཏན་ནས་མེད་པའི་སྐད་ཅ་བཤད་སོང་ཡང་། ངེད་ཚོས་ཚོང་གཏམ་མང་པོ་བཤད་ནས། རིན་གོང་ཆེན་མོ་སྤྲོད་དགོས་ཀྱང་ཆོག་པར་བཤད་རྗེས་ད་གདོད་འཚོང་རྒྱུའི་ཁས་ལེན་བྱས་སོང་། དེའི་ཚེ་རྗེ་ཉིད་སྒོ་ཕྱི་རུ་བཞུགས་ནས་བསྒུགས་འདུག་ལ། ངེད་ཚོ་ཕྱིར་ཐོན་ནས་འཇམ་དཔལ་གྱི་སྐུ་དེ་བླུ་ཐུབ་པ་བྱུང་ཞེས་ཞུས་པ་ན། ཆོས་ཀྱི་རྗེ་ཉིད་ཀྱིས་ཐུགས་དགྱེས་དགྱེས་ཆེན་མོ་མཛད་བྱུང་།

དེ་དུས་ངས་སྐུ་དེ་བླུ་དགོས་པའི་རྒྱུ་མཚན་ཅི་ཡིན་མ་ཤེས་ཀྱང་། རྗེ་བླ་མ་ཉིད་ཀྱིས་བཀའ་ཇི་ལྟར་བསྩལ་པ་བཞིན་ཁུར་དུ་བླངས་ནས་སྒྲུབ་ཐུབ་སོང་བས། སེམས་ཤིན་ཏུ་དགའ་དགོས་པ་བྱུང་ཞིང་། ཚོང་ཁང་དེའི་ནང་ནས་དུས་ཚོད་ཅུང་ཟད་འགོར་འགྱང་ལ་སོང་བའི་རྐྱེན་གྱིས། མྱུར་དུ་རླངས་འཁོར་ལ་བསྡད་ནས་ལམ་དུ་ཆས་ཏེ་སྟག་མོ་ལུས་སྦྱིན་(Namo Buddha)ལ་སོང་།

སྟག་མོ་ལུས་སྦྱིན་ནི། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་སློབ་པ་ལམ་ལ་གནས་སྐབས། སྐུའི་ཤ་ཁྲག་སྟག་མོ་བཀྲེས་པ་ཞིག་ལ་བྱིན་པའི་གནས་ཁྱད་པར་ཅན་ཞིག་རེད། སྔོན་འདས་པའི་དུས་ཤིག་ན་སྟོན་པ་བཅོམ་ལྡན་འདས་རྒྱས་སྲས་ཆུང་ཆུང་ཞིག་གི་སྐྱེ་བ་བཞེས་སྐབས། གནས་འདི་ནས་སྟག་མོ་ཤིན་ཏུ་བཀྲེས་པ་ལ་སྐུའི་ཤ་ཁྲག་བྱིན་ཞིང་། ཁོང་གི་ཕུ་བོས་ཤེས་རྗེས་སེམས་སྐྱོ་སྡུག་ཆེན་པོས་གང་སྟེ་སྐུ་རུས་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ། སྐུ་གདུང་མཆོད་རྟེན་ཞིག་བཞེངས་ཞེས་མདོ་སྡེ་མཛངས་བླུན་ལས་གསུངས།

སྟག་མོ་ལུས་སྦྱིན་གྱི་རིའི་རྩེ་མོ་ལ་སྟོན་པ་ཐུགས་རྗེ་ཅན་གྱིས་སྟག་མོ་ལ་སྐུའི་ཤ་ཁྲག་སྦྱིན་སའི་གནས་ཡོད་པར་མ་ཟད། ད་ལྟ་སྟོན་པ་མཆོག་ལ་རྗེས་དྲན་ཞུ་བའི་བརྐོས་རིས་དང་འཇིམ་སྐུ་སོགས་མང་པོ་བཞེངས་འདུག རིའི་འདབས་ལ་གནའ་སྔ་མོ་ནས་བཞེངས་པའི་སྐུ་གདུང་མཆོད་རྟེན་ཡོད་པ་དང་། མཆོད་རྟེན་དེའི་དྲུང་དུ་མཆོད་མེ་སྦར་སའི་ཁང་པ་ཆུང་ཆུང་ཞིག་ཀྱང་བཞེངས་ནས་གདའ།

སྟག་མོ་ལུས་སྦྱིན་ལ་འགྲོ་བའི་རི་ལམ་མི་བདེ་བས་ཀྱག་ཀྱོག་ཅན་ཁོ་ནར་འདུག་ཀྱང་། སྟབས་ལེགས་པ་ཞིག་ལ་ངེད་ཚོའི་རླངས་འཁོར་ལ་ལྗིབ་འཁོར་ཞིག་ཡོད་པ་དེའི་འཕྲུལ་གདན་ཅུང་ཟད་མཐོ་བའི་རྐྱེན་གྱིས། ཅི་ཡང་སྐྱོན་མ་བྱུང་བར་རི་ལམ་མང་པོ་ཤུགས་ཆེན་པོའི་ངང་བརྒལ་བརྒལ་ནས་མཐར་སླེབས་ཐུབ་པ་བྱུང་། སྟག་མོ་ལུས་སྦྱིན་ལ་སླེབས་མ་ཐག་ཐུགས་བསྐྱེད་སྨོན་ལམ་གནང་བའི་ལོང་ཡང་མ་བྱུང་བར། རྗེ་ཉིད་ཀྱིས་ང་སྐུ་མདུན་ལ་བོས་ནས་གོང་གི་འཇམ་དཔལ་གྱི་སྐུ་བླུ་བའི་ལོ་རྒྱུས་དེ་རྣམས་ཡི་གེར་འགོད་དུ་བཅུག་སོང་བས། འཕགས་པ་འཇམ་དཔལ་གྱི་སྐུ་དེ། དེ་འདྲའི་ཁྱད་པར་ཅན་ཞིག་ཡིན་པ་དེའི་ཚེ་གཟོད་ཤེས་རྟོགས་བྱུང་།

ཆོས་ཀྱི་རྗེ་ཉིད་ཀྱི་ཞལ་ནས། འཇམ་དཔལ་གྱི་སྐུ་འདི་ལ་འཇམ་དཔལ་གསུང་འབྱོན་མའམ་འཇམ་དཔལ་ཆོས་འཁོར་མ་ཞེས་ཟེར་ཆོག་པས་ཤིན་ཏུ་གལ་ཆེན་ཞིག་ཡིན། ཡར་ཤོག ངས་ཁྱེད་རྣམ་པ་ལ་བྱིན་རླབས་ཤིག་བྱེད་གསུངས་ནས་ཁྱབ་བདག་འཇམ་པའི་སོགས་གསུང་བཞིན། འཕགས་པ་འཇམ་དཔལ་གྱི་སྐུ་ཁྱད་པར་ཅན་དེ་ངེད་ཚོའི་མགོ་ལ་བཞག་ནས་བྱིན་རླབས་མཛད་ཅིང་། དུས་དེ་ནས་བཟུང་འཕགས་པ་འཇམ་དཔལ་གྱི་སྐུ་དེ་ལ། ངས་སྔར་ལས་ཀྱང་གཅེས་འཛིན་ཆེན་མོ་བྱས་ཏེ་གཙིགས་ཆེར་བཟུང་བ་ཡིན་ཞིང་། གནམ་གྲུ་ལ་འདུག་སྐབས་མངག་སྐྱེལ་བྱེད་མི་ཕོད་པ་དང་། རྒྱལ་མཚམས་འགག་སྒོ་བརྒལ་ནས་འགྲོ་སྐབས་ལམ་ཆས་ཇི་ལྟར་མང་ཡང་། ངས་རྒྱབ་ལ་ཁུར་ནས་འགྲོ་བཞིན་ཡོད། གདན་ས་བླ་རུང་སྒར་ལ་ཕྱིར་ཕེབས་རྗེས། སྐུ་དེ་ཆོས་ཀྱི་རྗེ་ཉིད་ཀྱི་སྐུ་དྲུང་དུ་བཞུགས་སུ་གསོལ་ནས་མི་འབྲལ་བར་བཅངས་པ་རེད།

སྐུ་གདུང་མཆོད་རྟེན་དེའི་དྲུང་དུ། ཆོས་ཀྱི་རྗེ་ཉིད་ཀྱིས་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱིས་སྔར་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་སྐབས། སྟག་མོ་ལ་ཤ་ཁྲག་སྦྱིན་པའི་ལོ་རྒྱུས་ཡིད་དབང་འཕྲོག་པ་ཅན་དེ་གསུངས་ནས། སྤྱན་ཆབ་རབ་ཏུ་བསིལ་ཞིང་བཤུམ་མོ་ཡུན་རིང་མཛད་པ་དང་། ཁོང་གི་ཞལ་ནས། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་རྒྱལ་བ་ཤཱཀྱ་ཐུབ་པ་དེ་ཉིད་ཀྱིས། ང་ཚོ་སྙིགས་མའི་དུས་ཀྱི་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པའི་ཕྱིར་དུ། སློབ་པ་ལམ་ལ་གནས་སྐབས་སུ་སྐུ་ལུས་བགྲང་གིས་མི་ལང་བ་སྦྱིན་པར་མཛད་པ་རེད། ཐེག་པ་ཆེན་པོའི་ལམ་ལ་སློབ་པའི་རང་རེ་ཚོས་ཀྱང་སྟོན་པ་ཐུགས་རྗེ་ཅན་གྱི་རྗེས་སུ་འབྲངས་ནས། ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པ་རྒྱ་མཚོ་ལྟ་བུ་ཉམས་བཞེས་སུ་བསྟར་དགོས་པ་དང་། ལྷག་པར་དུ་ཐོག་མར་སེར་སྣ་གང་ཡང་མེད་པའི་སྒོ་ནས། སྦྱིན་པ་རྒྱ་ཆེར་གཏོང་བ་ལ་སློབ་དགོས་པ་རེད་སོགས་ཀྱི་བཀའ་སློབ་མང་པོ་ཕེབས།

སྐབས་དེར་ང་ཡང་མིག་ཆུ་འཆོར་དགོས་པ་བྱུང་ནས། ང་ལ་སྟོན་པ་ཐུགས་རྗེ་ཅན་ལྟ་བུའི་སྙིང་རྗེ་ཆེན་པོ་མེད་ཀྱང་། སྟོན་པ་མཆོག་གི་རྗེས་སུ་འབྲང་བའི་རྗེས་འཇུག་པ་ཞིག་ཡིན་པའི་ངོས་ནས། སྐྱེ་བ་ནས་སྐྱེ་བ་དང་ཚེ་རབས་ནས་ཚེ་རབས་ཐམས་ཅད་དུ་རང་ཉིད་ཀྱི་ལུས་དང་ལོངས་སྤྱོད། དགེ་བའི་རྩ་བ་ཐམས་ཅད་སེར་སྣ་ཅི་ཡང་མེད་པའི་སྒོ་ནས། སེམས་ཅན་ཐམས་ཅད་ལ་སྦྱིན་ནུས་པར་གྱུར་ཅིག་སྙམ་ནས་སེམས་སུ་སྨོན་ལམ་མང་པོ་བཏབ་པ་ཡིན།

དེ་རྗེས་ཆོས་ཀྱི་རྗེ་ཉིད་ཀྱིས་འདོན་པའི་དབུ་བཟུང་ནས་དེར་འདུས་འཁོར་སློབ་ཡོངས་ཀྱིས། བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་མཉམ་གཅིག་ཏུ་གསུངས་ནས་ཐུགས་བསྐྱེད་སྨོན་ལམ་གནད་སྨིན་མཛད་པར་མ་ཟད། རྗེ་ཉིད་ཀྱིས་ད་དུང་ཐུབ་ཆོག་བྱིན་རླབས་གཏེར་མཛོད་ཀྱི་ལུང་གསུངས་ཤིང་། བླ་མ་སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ་མཆོད་དོ་སྐྱབས་སུ་མཆིའོ་ཞེས་པའི་ཐད་ནས་གསུང་སྐབས། རྗེ་ཉིད་ཀྱིས་ཡང་ནས་བསྐྱར་དུ་ལན་མང་པོའི་བར་དུ་ཡུན་རིང་ལ་བཟློས་ནས་གསུངས་སོང་།

༡༩༩༠ ལོའི་ཟླ་༡༡ ཚེས་༡༢ །

ཉིན་དེར། ཆོས་ཀྱི་རྗེ་ཉིད་ཕྱི་ལ་མ་ཕེབས་པར་གཟིམ་ཁང་དུ་བཞུགས་རྐྱང་མཛད་པ་དང་། གོ་སྐབས་འདི་དང་བསྟུན་ནས་ངས་རྗེ་ཉིད་ལ་བཀའ་འདྲི་འདི་སྐད་ཞུས། ༡༩༨༨ ལོར་ཁྱེད་ཀྱིས་བོད་ནས་གསང་ཆེན་རྡོ་རྗེ་ཐེག་པའི་ཆོས་འཆད་སྐབས་སུ་རིག་སྟོང་གི་ཀློང་ནས་གློ་བུར་དུ། ནམ་ཞིག་མཁའ་ལས་དབྱར་རྔ་སྒྲོག་པ་དང་། །ས་ལ་རྨ་བྱས་ཟློས་གར་བསྒྱུར་བའི་ཚེ། །འཕྲིན་བཟང་སྐྱེལ་བའི་ཆར་དུ་ཁྱོད་གྱུར་ནས། །དགེ་ལེགས་འདོད་རྒུའི་ལོ་འབྲས་འབྱུང་བར་ཤོག །ཅེས་པའི་ཚིགས་སུ་བཅད་པ་གཅིག་བརྡོལ་བྱུང་བ་དེ་ལ་འབྱུང་འགྱུར་ལུང་བསྟན་གྱི་དོན་ཞིག་ཀྱང་འདུག་པས། དེའི་བརྡ་དོན་གང་ཡིན་ཉིད་ཀྱིས་ཞིབ་མོ་ངེས་ཏིག་ཅན་ཞིག་གསུང་རོགས་ཞེས་ཞུས་པ་ན། རྗེ་ཉིད་ཀྱི་ཞལ་ནས་བཀའ་ཕེབས་དོན། དེ་ལོར་ཚིགས་སུ་བཅད་པ་དེ་ཡིད་ངོར་ཤར་སྐབས། ཚིག་དེ་དག་གི་དོན་འདི་ཡིན་ཐག་ཆོད་པ་ཞིག་རྔོ་མ་ཐོགས་མོད། དོན་དངོས་ནི་འབྱུང་འགྱུར་གྱི་བྱ་བ་ལུང་དུ་སྟོན་པའི་ཚིག་ཅིག་ཡིན་པར་འདུག་པས། ཕྱིས་པཎ་ཆེན་རིན་པོ་ཆེ་དང་ཁོང་རྣམ་གཉིས་ལ་མཇལ་འཛོམས་བྱུང་བའི་རྟེན་འབྲེལ་དུ་གྱུར་པ་རེད་གསུངས་ཤིང་། ཆོས་ཀྱི་རྗེ་ཉིད་ཀྱིས་ཚིག་དེའི་བརྡ་བཀྲོལ་ནས་དོན་ཁ་ཤས་ཤིག་གསུངས་པ་རྣམས། ངས་ཡི་གེའི་གཟུགས་སུ་བྲིས་ནས་ད་ལྟ་གསུང་འབུམ་ཁྲོད་དུ་བཞུགས་ཡོད། གསུང་དེའི་མཇུག་ཏུ་འདི་སྐད་ཅིག་བྲིས་ཡོད་དེ།

ཚིག་རྐང་བཞི་པའི་དོན་ནི་བྱུང་དང་འབྱུང་འགྱུར་གྱི་བྱ་བ་རྣམས་ལ་ཞིབ་ཏུ་དཔྱད་ན་བློ་ལྡན་རྣམས་ཀྱིས་ཕལ་ཆེར་རྟོགས་ནུས། མཐར་ཆགས་སུ་བཀྲོལ་བ་ནི་རེ་ཞིག་གུ་ཧྱ། བརྡ་ལུང་དུ་བསྟན་པའི་དཔེ་བཞི་དོན་བཞིའི་འདྲ་ཆོས་ཀྱི་བཤད་པ་མང་པོ་ཡོད་ཀྱང་སུས་ཀྱང་རྟོགས་སླ་བས་འདིར་མི་སྤྲོའོ། །

༈ མཐའ་བྲལ་འོད་གསལ་རྫོགས་པ་ཆེན་པོའི་ངང་། །

རྩེ་གཅིག་མཉམ་པར་བཞག་པའི་ལག་རྗེས་ལ། །

རིག་སྟོང་ཀློང་ཡངས་མེ་ལོང་དྭངས་པའི་ངོར། །

དུས་གསུམ་ཤེས་བྱའི་སྣང་བརྙན་ཅིར་ཡང་བཀྲ། །

ཞེས་པ་འདི་ནི་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ། རྫོང་ནང་མཆོག་སྤྲུལ་དང་གྲུབ་དབང་པདྨ་ནོར་བུས་གསར་བསྐྲུན་བྱས་པའི་གཙུག་ལག་ཁང་ཆེན་པོའི་ཡང་སྟེང་རང་གནས་ཀྱི་ཁང་པ་རུ་མཁན་པོ་བསོད་ནམས་དར་རྒྱས་ཀྱིས་ཆེད་བསྐུལ་མཛད་པ་ལྟར་ཁོང་གིས་ཡི་གེ་པ་བྱས་ཏེ་ངག་དབང་བློ་གྲོས་མཚུངས་མེད་པས་སྨྲས་པ་བསྟན་དང་འགྲོ་བ་ཡོངས་ལ་དོན་ཡོད་པར་གྱུར་ཅིག རབ་བྱུང་བཅུ་བདུན་པའི་ལྕགས་རྟ་ཟླ་༩ ཚེས་༢༥ ལའོ། ། ཞེས་གསུངས།

ངས་ནམ་རྒྱུན་ཤོག་བུ་དང་སྨྱུ་གུ་འབྲལ་མེད་དུ་ཁྱེར་ནས་འགྲོ་བཞིན་ཡོད་པས། ཆོས་ཀྱི་རྗེ་ཉིད་ཀྱིས་གསུང་རྒྱུན་ཆད་མེད་པར་ལྷུག་པོར་ཕེབས་ཚེ་འཕྲལ་དུ་ཡི་གེར་འགོད་ཐུབ་པ་འོང་བར་མ་ཟད། རྗེ་ཉིད་ཀྱི་གསུང་གི་རྗེས་ཀྱང་ཆོད་ཐུབ་པ་འོང་། རྗེ་ཉིད་ཀྱི་གསུང་ཚིག་ཤིན་ཏུ་དག་ཅིང་ངེས་ཏིག་ཅན་ཤ་སྟག་ཡིན་པས། བར་དུ་འཕྲོ་བཅད་ནས་བཅོས་བསྒྱུར་སོགས་གང་ཡང་མི་དགོས་པ་དང་། ངས་ཡི་གེ་པ་བྱས་ནས་དོན་དེ་དག་ཡི་གེའི་གཟུགས་སུ་འབེབས་སྐབས། རྗེ་ཉིད་ཀྱི་གསུང་ལ་དངོས་བསྟན་གྱི་ཚིག་དོན་ཁ་གསལ་མོ་ཡོད་པ་དེ་དག་ལས་ཀྱང་ཤིན་ཏུ་ཟབ་པའི་དགོངས་གཞི་གཞན་མང་པོ་ཡོད་པའི་ཚོར་བ་སྐྱེས་བྱུང་། འདི་ཡང་འཕགས་པ་དང་སོ་སོའི་སྐྱེ་བོའི་བར་གྱི་ཁྱད་པར་ཞིག་ཡིན་རྒྱུ་རེད།

འཕྲལ་དུ་ཡི་གེར་འབེབས་སྐབས་ངས་ཕལ་ཆེར་འཁྱུག་ཡིག་རང་གིས་འབྲི་ཞིང་། བྲིས་ཚར་རྗེས་དགོང་མོར་གཟབ་གཤར་གྱིས་དཔེ་ངོས་གཙང་ཅན་ཚར་གཅིག་བཤུ་བཞིན་ཡོད། དེ་དུས་ཡེ་གེ་གཏག་སའི་རྩིས་འཕྲུལ་མེད་པས་ཡིག་འབྲུ་རེ་རེ་བཞིན་འབྲི་དགོས་ལ། བྲིས་ཚར་རྗེས་ཕྱི་ལ་སོང་ནས་བསྐྱར་པར་འགའ་རེ་བརྒྱབས་ཏེ་རྗེ་ཉིད་ཀྱི་ཕྱག་ལ་ཚར་གཅིག་འབུལ་ཞིང་། དེ་མཚམས་ཞབས་འབྲིང་སྐུ་འཁོར་རྣམས་ལ་ཡང་རེ་རེ་གཏད་པ་དང་། མཚམས་ལ་ལར་ཡི་གེ་དཔར་ས་ཞིག་འཚོལ་དགོས་ན་ཡང་མི་རྙེད་པར་དཀའ་ཚེགས་མང་པོ་རྒྱག་དགོས་པ་འོང་ཞིང་། གལ་སྲིད་འཕྲལ་དུ་འདོན་དགོས་པའི་སྒྲུབ་ཐབས་འདྲ་ཡིན་ན། ཡི་གེ་དཔར་ས་མ་རྙེད་པར་ངས་འབད་རྩོལ་ཆེན་པོའི་སྒོ་ནས། ཚར་ཁ་ཤས་ལག་བྲིས་བྱས་ཏེ་འབྲེལ་ཡོད་མི་སྣ་རྣམས་ཀྱི་ཕྱག་ལ་འབུལ་གི་ཡོད།

༡༩༩༠ ལོའི་ཟླ་༡༡ ཚེས་༡༣ །

རྫོང་ནང་དགོན་ནས་སྤྱི་ལེ་༤ ཙམ་སོང་བའི་སར། དར་ཐང་དགོན་པའི་བཤད་གྲྭ་ཞིག་ཡོད་པ་དེས་ཆོས་ཀྱི་རྗེ་ཉིད་སྤྱན་དྲངས་པ་བཞིན། དེར་ཕེབས་ནས་བཀའ་དབང་དང་ཆོས་འབྲེལ་གནང། བཤད་གྲྭ་དེ་ལ་གཏན་ཆགས་ཀྱི་དགོན་པ་རང་མི་འདུག་ཀྱང་། ས་ཆ་ཞིག་གླས་ནས་འཐུས་སྒོ་ཚང་བའི་ངང་། མདོ་སྔགས་རིགས་གཞུང་དང་བཅས་པའི་གཞུང་མང་པོ་ལ་ཐོས་བསམ་རྒྱ་ཆེར་མཛད་བཞིན་འདུག་པས། བལ་པོ་ལ་དེ་དུས་སྐད་གྲགས་ཤིན་ཏུ་ཆེན་པོ་གདའ། བཤད་གྲྭ་དེའི་མཁན་པོ་རྣམས་ཀྱིས་ཐོས་བསམ་སློབ་གཉེར་དང་བསྟན་འགྲོའི་དོན་ལ་མཐོང་ཆེན་དཔེ་མི་སྲིད་པ་མཛད་ཀྱིན་འདུག་པ་དང་། ང་རང་སྒེར་གྱི་ངོས་ནས་ཁོང་རྣམ་པ་དང་མཉམ་དུ་ཆོས་ཀྱི་དོན་འགའ་རེ་ལ་བགྲོ་གླེང་ཡང་བྱས་པ་ཡིན། འོན་ཀྱང་ཕྱིས་སུ་རྒྱུ་རྐྱེན་འགའ་ཞིག་གི་དབང་གིས་བཤད་གྲྭ་དེ་འཐོར་ནས་ད་ལྟ་ཡོད་པ་མ་རེད།

ཕྱི་དྲོར། ཆོས་ཀྱི་རྗེ་ཉིད་དེའི་ཉེ་འཁོར་ལ་ཀླུ་གན་རྐྱལ་(Narayanthan)ཞེས་པའི་ལྷ་ཁང་ཞིག་ཡོད་པ་དེར་གཟིགས་མོ་ལ་ཕེབས། སྔོན་གྱི་དུས་ལ་བལ་པོའི་ཡུལ་གྲུ་ཐམས་ཅད་ཆུས་གང་ནས་མཚོ་ཆེན་པོ་ཞིག་ཡིན་ཞིང་། དེའི་ནང་དུ་ཀླུའི་རྒྱལ་པོ་ཞིག་གནས་པ་དེ་ཀླུ་གན་རྐྱལ་ཞེས་པ་འདི་ཡིན་པར་གྲགས། ཀླུ་དེ་བལ་པོ་ནས་གཞི་བདག་ཆེན་པོ་ཞིག་ལ་བརྩི་བས། བལ་པོར་ཡུལ་སྐོར་ལ་འགྲོ་བའི་མི་ཚང་མ་མཆོད་མཇལ་ལ་འགྲོ་ཡིན་གདའ། ཀླུ་དེ་ལ་མཆོད་པར་བྱས་ན། རྟགས་དང་མཚན་མ་མྱུར་དུ་སྟོན་འོང་བར་གྲགས་ཤིང་མི་མཐུན་པའི་བར་ཆད་མཐའ་དག་ཞི་བར་བྱེད་པ་དང་། མཐུན་རྐྱེན་མ་ལུས་པ་ཡིད་བཞིན་དུ་འགྲུབ་པའི་ཁ་འཛིན་སྡོང་གྲོགས་ཆེན་པོ་བྱེད་ཅིང་། དེའི་སྐོར་ལ་གཏམ་རྒྱུད་ཡ་མཚན་པ་ཡང་མང་པོ་བཤད་རྒྱུ་གདའ། ཀླུ་གན་རྐྱལ་དེ་ལྷ་དབང་ཕྱུག་ཆེན་པོའི་རྣམ་པར་ཡོད་ཅིང་། གཙུག་རྒྱན་ལ་རྒྱལ་བ་འོད་དཔག་མེད་ཀྱི་སྐུ་ཞིག་བཞེངས་ཡོད་པར་འདུག་ཀྱང་། ལྷ་ཁང་དེ་རྒྱ་གར་ཆོས་ལུགས་པས་བདག་བྱས་པ་ནས་བཟུང་། རྒྱལ་བ་འོད་དཔག་མེད་ཀྱི་སྐུ་དེ་མི་རྣམས་ཀྱིས་མི་མཐོང་བར་བྱས་ཏེ། མེ་ཏོག་གི་ཕྲེང་བ་ཞིག་བཟོས་འདུག་པ་དེའི་ཕག་ཏུ་བསྐུངས་པ་རེད་ཟེར།

༡༩༩༠ ལོའི་ཟླ་༡༡ ཚེས་༡༤ །

བྲག་ཕུག་མཱ་ར་ཏི་ཀའི་ཀེའུ་ཚང་།

མ་གཞི་བལ་པོ་ནས་མཇལ་སྐོར་བྱེད་པའི་མཛད་རིམ་གྱི་ནང་ལ། བྲག་ཕུག་མཱ་ར་ཏི་ཀའི་ཀེའུ་ཚང་(Maratika Cave)དུ་འབྱོན་པའི་འཆར་གཞི་བཀོད་ཡོད་པ་དང་། ཨོ་རྒྱན་པདྨ་འབྱུང་གནས་བྲག་ཕུག་མཱ་ར་ཏི་ཀར་ཚེའི་སྒྲུབ་པ་ཟླ་བ་གསུམ་མཛད་པས་མགོན་པོ་ཚེ་དཔག་མེད་དངོས་སུ་བྱོན་ནས་དབང་བསྐུར། ཉིད་དང་གཉིས་སུ་མེད་པར་བྱིན་གྱིས་བརླབས། ཚེ་ལ་དབང་བའི་རིག་པ་འཛིན་པའི་དངོས་གྲུབ་བརྙེས། སྐྱེ་འཆི་མེད་པ་རྡོ་རྗེའི་སྐུར་གྲུབ་ཅེས་བདུད་འཇོམས་ཆོས་འབྱུང་ལས་གསུངས།

ཆོས་ཀྱི་རྗེ་ཉིད་ལ་དེར་ཕེབས་པའི་ཐུགས་འདུན་ཆེན་པོ་འདུག་ཀྱང་། ཐད་འཕུར་གནམ་གྲུ་ལ་བཞུགས་ནས་དེར་ཕེབས་ན་མ་གཏོགས། འགྲོ་ས་གཞན་མི་འདུག་ཅིང་། དེ་ཉིན་ཉིན་གང་བོར་གནམ་གཤིས་འཐིབས་ནས་གནམ་གྲུ་འཕུར་ཐུབ་པའི་ཚོད་དུ་མ་སླེབས་པས། གནམ་གཤིས་བཟང་བའི་ཉི་མ་ཞིག་ཨེ་འོང་བསམས་ནས། ངེད་དཔོན་སློབ་རྣམས་ཀྱིས་བལ་པོ་ནས་ཉི་མ་འགའ་རེ་ལ་བསྒུགས་པར་མ་ཟད། ད་དུང་འགྲོ་ཐབས་གཞན་ཡོད་མེད་མང་པོ་བལྟས་ཀྱང་། རྗེས་སུ་ལམ་ཡིག་ཐོག་གི་དུས་ཚོད་བརྒལ་འགྲོ་བ་ལ་ཐུག་ནས་ཕེབས་ཐབས་མ་བྱུང་བར་བརྟེན། ངེད་ཚོ་ཐབས་ཟད་ནས་མཛད་རིམ་དེ་མི་སྐྱུར་ཀ་མེད་དུ་གྱུར་སོང་། དོན་དངོས་ལ་གལ་སྲིད་ཆོས་ཀྱི་རྗེ་ཉིད་བྲག་ཕུག་དེར་ཕེབས་ཐུབ་ཡོད་ན། སྐུ་ཚེ་ཡུན་རིང་དུ་བརྟན་པ་ལ་དགོས་པ་ཆེན་པོ་ཡོད་པ་དང་། དམ་པ་མང་པོས་ཀྱང་རྗེ་ཉིད་བྲག་ཕུག་དེའི་ནང་དུ་ཕེབས་དགོས་པའི་བསྐུལ་མ་མང་པོ་ཞུས་རུང་། རྟེན་འབྲེལ་གཞན་དབང་དུ་གྱུར་ནས་ཕེབས་ཐུབ་མ་བྱུང་བས། ཡིད་ཤིན་ཏུ་ཕངས་དགོས་པའི་གནས་སུ་གྱུར་སོང་།

རྟེན་འབྲེལ་སླར་ཡང་འཛོམས་པའི་ཆེད་དུ། ༡༩༩༠ ལོ་ནས་༡༩༩༥ ལོའི་བར་དུ། ང་ཚོས་གང་ས་ཅི་ཐད་ནས་འབད་བརྩོན་སྣ་ཚོགས་བྱས་ནས་མ་བསྐྱུར་བས། ༡༩༩༥ ལོར་ཆོས་ཀྱི་རྗེ་ཉིད་ཀྱི་ལམ་ཡིག་ལ་ཆོག་མཆན་བསྐྱར་དུ་ཐོབ་ནས། འཆར་གཞི་ལ་ལོ་དེའི་སྨད་ཙམ་ལ་མཁན་པོ་ཚུལ་ཁྲིམས་བློ་གྲོས་དང་ཉེ་གནས་བསོད་དོན། ང་དང་བཅས་ཀྱིས་ཞབས་ཕྱི་བྱས་ནས་ཕེབས་ཆག་མཛད་ཀྱང་། ངེད་ཚོ་ཁྲིང་ཏུའུ་ལ་ཐོན་སྐབས། འགྲོ་ལུགས་འཕྲལ་དུ་སྒྲུབ་མི་ཐུབ་པར་གྱུར་ཅིང་། ཐབས་གང་དྲགས་བྱས་ནས་རྩོལ་བ་མང་པོ་བརྒྱབས་ཀྱང་། མཐར་དོན་འབྲས་ཅི་ཡང་མ་སྨིན་པར་ཕེབས་རྒྱུ་འཕྲོ་ཅན་དུ་གྱུར་སོང་།

དེ་ནས་ཡུན་རིང་མ་འགོར་བར། ཆོས་ཀྱི་རྗེ་ཉིད་ཀྱི་སྐུ་བསྙུན་ནས་སྙུང་གཞི་ཚབས་ཆེན་གཞེས་པའི་ཚུལ་བསྟན་པ་དང་། ལོ་དེའི་སྟོན་ཁ་ནས་ཕྱིར་ལོའི་དཔྱིད་ཀ་མ་ཚེས་ཀྱི་བར་དུ། ཟླ་བ་ལྔ་ལྷག་གི་ཡུན་ལ་ཁྲིང་ཏུའུ་རུ་བཞུགས་ཏེ་སྨན་བཅོས་མཛད་ཅིང་། རྗེ་ཉིད་འཆི་མེད་ཚེའི་དངོས་གྲུབ་ཐོབ་སའི་ཀེའུ་ཚང་དེར་ཕེབས་མ་ཐུབ་པས། གང་ཉིད་ཀྱིས་སྐུ་གཤེགས་པའི་ཚུལ་སྟོན་ཨེ་ཡོང་བསམས་ནས་ངེད་འཁོར་སློབ་རྣམས་ཀྱིས་སེམས་ཁྲལ་ཆེན་པོ་བྱས་ཀྱང་། ཤིན་ཏུ་བཟང་བ་ཞིག་ལ། གེགས་འཕྲང་དེ་ལས་ཐར་བས་རྐྱེན་བྱས་ཏེ། ཆོས་ཀྱི་རྗེ་ཉིད་ཀྱིས་རྣམ་པར་རྒྱལ་བའི་དུས་གཏམ་ལྷའི་རྔ་སྒྲ་བྱ་བ་དཔལ་གྱི་མགུལ་ལས་གསུངས་པར་བྱས་པ་རེད།

དུས་དེ་ནས་བཟུང་ཆོས་ཀྱི་རྗེ་ཉིད་ཞིང་མ་བརྗེས་ཀྱི་བར་དུ། ཕྱི་རྒྱལ་ལ་གཏན་ནས་ཕེབས་བསྐྱོད་མཛད་རྒྱུ་མ་བྱུང་།

ལར་ཡིན་ན་མི་ཕལ་བ་ཞིག་རྒྱལ་ཁབ་གཞན་ལ་འགྲོ་རྒྱུ་མ་བྱུང་བའམ་གནས་ཆེན་གཞན་ཞིག་ལ་མཇལ་སྐོར་དུ་མ་ཕྱིན་ན། དེ་ལ་ཡིད་ཕངས་དགོས་སའི་གནས་ཆེན་པོ་ཅི་ཡང་མེད་ལ། ཡིན་ན་ཡང་བསྟན་པ་འཛིན་པའི་སྐྱེས་བུ་དམ་པ་ཞིག་གི་མཛད་རིམ་རྣམས་ནི། སེམས་ཅན་མང་པོའི་ཐར་བའི་ཚེ་སྲོག་ལ་འབྲེལ་བ་ཤིན་ཏུ་ཟབ་མོ་ཡོད་པས། དུས་ཐོག་ལ་ཕེབས་རྒྱུ་མ་བྱུང་ན་ཐར་པའི་ཚེ་སྲོག་དེ་དག་འགགས་འགྲོ་བ་ཡིན་སྟབས། ཡིད་ཤིན་ཏུ་ཕངས་དགོས་སའི་གནས་ཤིག་ལས་ཅི་ཡོད།

སྔ་ཕྱིའི་ཐེངས་གཉིས་ཀ་ལ་ང་ཚོས་འབད་པ་ཆེན་པོ་བྱས་ཤིང་། རྒྱལ་ཁབ་གཞན་ལ་བཀའ་ཆོས་གསུང་བར་ཕེབས་པ་ལ་ཆོག་མཆན་མ་སྤྲད་ཀྱང་ཆོག་པས། མཱ་ར་ཏི་ཀའི་ཀེའུ་ཚང་གཅིག་པུ་ལ་ཕེབས་ཐུབ་ན་ཡང་འགྲིག་པའི་རེ་བ་བཏོན་ཡང་། གཅིག་བྱས་ན་སེམས་ཅན་གྱི་བསོད་ནམས་གྱིས་མ་ཆུན་པ་ཡང་ཡིན་སྲིད་རྒྱུ་རེད། གང་ལྟར་ཡང་མཐའ་མར་ཕན་འབྲས་གང་ཡང་མ་བྱུང་བར། རྟེན་འབྲེལ་འཕྲོ་ཅན་དུ་འགྱུར་ཤོར་བས། དེ་ཡང་ངེད་སློབ་ཚོགས་རྣམས་ཀྱིས་བློ་ཕམ་ཤིན་ཏུ་ཆེན་པོ་བྱེད་དགོས་སའི་གནས་ཤིག་ཏུ་གྱུར་སོང་།

༡༩༩༠ ལོའི་ཟླ་༡༡ ཚེས་༡༥ །

ཆོས་ཀྱི་རྗེའི་བཞུགས་སྒར་ལས་ཐག་མི་རིང་བའི་ས་ལ། བཻ་རོ་གླིང་བྱ་བའི་གདན་ས་ཞིག་འདུག་ཅིང་། དེ་ནི་ཕ་ཡུལ་གསེར་རྟ་ནས་ཡིན་པའི་བཻ་རོ་སྤྲུལ་སྐུས་བཞེངས་པར་བྱས་པ་དང་། ཁོང་ནི་རྗེ་ཉིད་དང་ཕ་ཡུལ་གཅིག་པ་ཡིན་པས། ཉིན་དེར་ཁོང་གིས་ཆོས་ཀྱི་རྗེ་ཉིད་གདན་ས་དེར་སྤྱན་དྲངས་པ་ལྟར། ཐུགས་བརྩེ་ཆེན་པོས་ཕེབས་ནས་སྐྱ་སེར་སློབ་ཚོགས་མང་པོ་ལ་བྱིན་རླབས་མཛད་པར་མ་ཟད། ཆོས་འབྲེལ་ཡང་གནང།

ཉིན་གུང་། ཆོས་ཀྱི་རྗེ་ཉིད་ངེད་ཞབས་འབྲིང་སྐུ་འཁོར་དང་བཅས་བཻ་རོ་སྤྲུལ་སྐུའི་གཟིམ་སྤྱིལ་དུ་གུང་ཟས་གསོལ་ནས་བཞུགས་ཤིང་། ཁོང་གིས་མར་རྩམ་དང་གྲོ་མ། ཞོ་སོགས་བོད་ཀྱི་ཟས་སྣ་མང་པོས་རྗེ་ཉིད་ལ་གསོལ་བ་དྲངས་པ་དང་། ཟས་སྣ་དེ་དག་ཁོང་གིས་མི་མངགས་ཏེ་བོད་ནས་ཉོས་ཡོང་པ་ཡིན་ན་ཐང་། བོད་ཟས་དག་མ་ཤ་སྟག་རེད་འདུག ངེད་ཚོས་དེའི་བར་དུ་རྒྱ་གར་ནས་ལྒ་བསྲེས་དང་འབྲས་ཆན་ཁོ་ན་ལས་ཟ་རྒྱུ་མ་རྙེད་པས། གློ་བུར་དུ་སྔར་འདྲིས་ཀྱི་ཟ་མ་དེ་དག་གི་བྲོ་བ་མྱོང་རྒྱུ་བྱུང་བས། ཤིན་ཏུ་དགའ་མོ་བྱུང་ཞིང་། ཆོས་ཀྱི་རྗེ་ཉིད་ཀྱང་ཐུགས་ཤིན་ཏུ་དགྱེས་པའི་ཚུལ་མཛད་ནས། མི་ཀུན་དང་མཉམ་དུ་ཆོས་འཇིག་རྟེན་ལུགས་གཉིས་ཀྱི་གླེང་མོ་ཁ་ཤས་མཛད།

ང་ཕྱི་རྒྱལ་ལ་སྡོད་སྐབས། ཁོར་ཡུག་དེ་དག་ལ་འཕྲོད་པའི་ནུས་པ་ཤུགས་ཆེན་པོ་འདྲ་ཞིག་ཡོད་པས། ཁོམ་ལོང་ཡོད་ནས་བཟུང་ཟ་ཁང་ཆུང་ཆུང་འགའ་རེའི་ནང་དུ་རྟག་ཏུ་སོང་སྟེ། ས་གནས་རང་གི་ཟ་མ་བོས་ནས་བཟའ་ཡི་ཡོད། ཐོག་མར་ངས་སྒོར་མོས་འདང་རྒྱུ་མ་རེད་བསམས་ཀྱང་། རྒྱ་གར་འཕགས་ཡུལ་དང་བལ་པོ་ནས་ཅ་ལག་གི་རིན་གོང་ཅུང་ཟད་ཆུང་བའི་རྐྱེན་གྱིས། སེམས་ཁྲལ་དེ་འདྲ་དགོས་པ་མ་བྱུང་། དེ་དུས་ཀྱི་ང་ནི་རྒྱལ་ཁབ་རེ་རེ་ལ་ཐོན་རྗེས་མཚར་སྣང་ཆེན་པོས་རང་ཤུགས་ཀྱིས་གང་ནས། ཟ་མ་འདྲ་མིན་དང་སིལ་ཏོག་སྣ་ཚོགས་ལ་བྲོ་བ་ཅི་འདྲ་ཡོད་མེད་ལྟ་འདོད་ཤིན་ཏུ་ཆེ་བར་མ་ཟད། ད་དུང་ས་གནས་དེ་གའི་མི་རྣམས་དང་འབྲེལ་འདྲིས་བྱས་ནས། ཡུལ་སྐད་འགའ་རེ་རྒྱུན་དུ་བསླབས་ནས་ཁ་བརྡ་བྱེད་རྒྱུར་དགའ་མོ་ཡོད། ད་ལྟ་བསམ་བློ་བཏང་ན། སྤྱོད་པ་དེ་དག་བྱིས་པའི་སྤྱོད་པ་ལྟ་བུར་སོང་ནས་རྒྱུ་མཚན་ཆེན་པོ་ཅི་ཡང་མི་འདུག་པར་མཐོང་རུང་། ལོ་ན་གཞོན་པའི་རྐྱེན་གྱིས་རྣམ་གཡེང་གི་བྱ་བ་དེ་དག་ལ་དགའ་བ་ཡིན་རྒྱུ་རེད་འདུག་སྙམ།

ཕྱི་དྲོར། ཆོས་ཀྱི་རྗེ་ཉིད་ཀྱིས་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་ཞིག་ནས། ས་གནས་དེ་གའི་སྐྱ་སེར་དད་ལྡན་མང་ཚོགས་རྣམས་ལ། ཕུར་པ་རྡོ་རྗེ་གཞོན་ནུའི་བཀའ་དབང་རྒྱས་པ་ཞིག་བཀའ་དྲིན་དུ་བསྩལ།

༡༩༩༠ ལོའི་ཟླ་༡༡ ཚེས་༡༦ །

དིལ་མགོ་མཁྱེན་བརྩེ་རིན་པོ་ཆེས་བལ་པོ་ལ། ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་(Shechen Monastery) བྱ་བའི་དགོན་པ་ཞིག་བཞེངས་འདུག་ཅིང་། མཁྱེན་བརྩེ་རིན་པོ་ཆེས་དགོན་པ་དེའི་དགེ་འདུན་པ་རྣམས་ལ་ཆོས་ཀྱི་རྗེ་ཉིད་དགོན་པའི་ནང་དུ་གདན་འདྲེན་ཞུ་དགོས་པའི་བཀལ་བསྩལ་འདུག་པས། སྔ་དྲོར་ཆོས་ཀྱི་རྗེ་ཉིད་གདན་འདྲེན་ཞུས་པ་བཞིན་བཀས་གནང་སྟེ་དགོན་པ་དེ་གར་ཕེབས་ནས། ཚོགས་ཆེན་འདུ་ཁང་དུ་འདུས་པ་སྤྱི་ལ་གེ་སར་ནོར་བུ་དགྲ་འདུལ་གྱི་དབང་དང་། འཇམ་དཔལ་རྫོགས་པ་ཆེན་པོའི་བཀའ་དབང་གནང།

ཕྱི་དྲོར། རྗེ་ཉིད་བཞུགས་སྒར་ལ་བཞུགས་གདན་འཇགས་རྗེས། ངེད་ཞབས་འབྲིང་སྐུ་འཁོར་རྣམས་ལ་ཞལ་ནས། བལ་ཡུལ་ནི་ལྷ་སྐུ་དག་གི་ཕ་ས་ཕ་ཡུལ་ལྟ་བུ་ཡིན་པས། ངས་འདི་ནས་སྐུ་འདྲ་ཁ་ཤས་བླུ་བསམ་གི་ཡོད། ང་ལ་གཤིན་རྗེ་གཤེད་ཀྱི་སྐུ་ཞིག་དགོས་པས། མཁན་པོ་བསོད་དར་རྒྱས་སོང་ནས་བླུས་ཤོག ཨ་ནེ་མེ་སྒྲོན་ལ་ཨོ་རྒྱན་རིན་པོ་ཆེའི་སྐུ་ཞིག་དགོས་པས། ཉེ་གནས་བསོད་དོན་སོང་ནས་བླུས་ཤོག མུ་མཚོ་ལ་འཕགས་པ་འཇམ་པའི་དབྱངས་ཀྱི་སྐུ་ཞིག་དགོས་པས། སྨན་པ་རིག་པ་སོང་ནས་བླུས་ཤོག་ཅེས་གསུངས་སོང་བར་བརྟེན། ངེད་གསུམ་ཁ་བགོས་ཏེ་ཕྱོགས་སོ་སོར་སྐུ་འདྲ་བླུ་རུ་སོང་བ་ཡིན།

བལ་པོའི་མི་རྣམས་ཀྱིས་ས་འདིར་སྟོན་པ་ཤཱཀྱ་ཐུབ་པ་དང་ཨོ་རྒྱན་རིན་པོ་ཆེ། རྗེ་བཙུན་སྒྲོལ་མ། འཕགས་པ་འཇམ་པའི་དབྱངས་སོགས་ཀྱི་སྐུ་འདྲ་ཅུང་ཟད་མོད་པ་དང་། གཤིན་རྗེ་གཤེད་ཀྱི་སྐུ་ཤིན་ཏུ་རྙེད་དཀའ་བས་ཉི་མ་འགའ་ལ་བཙལ་ཀྱང་སྐུ་ཡག་པོ་བླུ་རྒྱུ་ལོན་མི་འོང་ཟེར་བར་འདུག་པས། ངས་ཆེད་གཉེར་གྱིས་བལ་པོའི་སྐད་ཤེས་པའི་མི་ཞིག་རོགས་ལ་ཁྲིད་ནས། སྐུ་འདྲ་སྣ་ཚོགས་ལས་སའི་བཟོ་གྲྭའི་ནང་ལ་ཐད་ཀར་སོང་ནས་བཙལ་ཞིང་། སྟབས་ཤིན་ཏུ་ལེགས་པ་ཞིག་ལ། བཟོ་གྲྭ་དེའི་ནང་དུ་འཛུལ་མ་ཐག་གཤིན་རྗེ་གཤེད་ཀྱི་སྐུ་ཤིན་ཏུ་ཆེན་མོ་ཞིག་འདུག་པ་མཐོང་བ་དང་། རིན་གོང་གང་འཚམ་གཏམ་རྗེས། སྐུ་བླུས་ཏེ་ཕྱིར་ཁྱེར་ནས་རྗེ་ཉིད་ཀྱི་ཕྱག་ཏུ་ཕུལ་བས། ཐུགས་དགྱེས་ཚུལ་ཆེན་པོ་མཛད་ནས་རྟེན་འབྲེལ་ཤིན་ཏུ་བཟང་གསུངས།

དེ་དུས་ང་ས་ཆ་གང་ཞིག་ཏུ་སོང་ཡང་། ཆོས་ཀྱི་རྗེ་ཉིད་སྐུ་ཚེ་ཡུན་རིང་དུ་བཞུགས་རྒྱུ་བྱུང་ན་ཅི་འདྲའི་དགའ་བ་ལ་ཨང་བསམས་ནས། རྟེན་འབྲེལ་ཁྱད་པར་ཅན་རེ་ཨེ་འགྲིག་སྙམ་པའི་རེ་གཞི་ཤིན་ཏུ་ཆེན་པོ་ཡོད་ལ། བལ་པོར་སྡོད་སྐབས་ས་སྐྱ་གོང་མ་ཡང་དེར་བཞུགས་ཡོད་པ་ཐོས་པས། ང་ཁོང་གི་སྐུ་མདུན་ལ་ལྐོག་ཏུ་སོང་ནས། རྗེ་ཉིད་ལ་སྐུ་གེགས་ཡོད་མེད་དང་སྐུ་རིམ་སྲུང་བ་ཅི་ཞིག་སྒྲུབ་དགོས་པ་སོགས་ཞུས་པ་ཡིན་ཞིང་། ས་སྐྱ་གོང་མས་ཆོས་ཀྱི་རྗེ་ཉིད་ལ་སྐུ་གེགས་ཆེན་པོ་ཅི་ཡང་མི་འདུག གནས་བརྟན་ཕྱག་མཆོད་དང་སྲུང་བ་གཞན་ཁ་ཤས་སོགས་བཏོན་ན་བཟང་གསུངས་སོང་བས། ངས་དེ་དག་ཞིབ་མོའི་སྒོ་ནས་ཡི་གེ་ལ་བྲིས་ཤིང་། ཕྱིར་སྒར་ལ་ཁྱེར་ནས་དེ་ལུགས་ཀྱི་བཀོད་སྒྲིག་རེ་བྱས་པ་ཡིན།

རྒྱ་གར་འཕགས་ཡུལ་གྱི་རྣམ་གྲོལ་གླིང་ལ་འདུག་སྐབས། ངས་གོང་དང་འདྲ་བའི་ལས་ཀ་གཞན་ཞིག་ཀྱང་བྱས་ཤིང་། དེ་དུས་གྲྭ་པ་དགུང་ལོ་ཤིན་ཏུ་བགྲེས་པ་ཞིག་ཡོད་པ་དེ་པྲ་བ་སྐད་གྲགས་ཅན་ཞིག་ཡིན་པ་གོ་བས། ཡང་ཁོང་གི་སར་ལྐོག་ཏུ་སོང་ནས། རྗེ་ཉིད་ལ་སྐུ་གེགས་ཡོད་མེད་ཀྱི་བརྟག་པ་ཞུས་པ་དང་། ཁོང་སྒེའུ་ཁུང་ཞིག་ལས་འོད་འོང་ས་མེད་པའི་ཁང་པ་ཆུང་ཆུང་ནག་ཐིབ་སེ་བ་ཞིག་གི་ནང་ལ་བཞུགས་འདུག ཁོང་གིས་འོད་ཀྱི་ངོགས་ནས་མེ་ལོང་ལ་བལྟས་རྗེས། མེ་ལོང་ནང་དུ་ལོ་མ་ཤིན་ཏུ་མཐུག་པོས་ཁེབས་པའི་ལྗོན་ཤིང་གནམ་ལ་ཟུག་པ་ཞིག་གི་སྟེང་ལ། བྱ་བྱེའུ་ཧ་ཅང་མང་པོ་འདུག་པ་མཐོང་བ་ལས། རྟགས་ངན་པ་ཅི་ཡང་མཐོང་མ་སོང་། འདི་ལ་བལྟས་ན་རྗེ་ཉིད་ཀྱི་འཕྲིན་ལས་ཀྱི་ཁྱབ་རྒྱ་ཤིན་ཏུ་ཆེ་བར་འདུག་ཀྱང་། གནས་བརྟན་ཕྱག་མཆོད་ཅི་མང་བཏོན་ན་བཟང་གསུངས་སོང་བར་བརྟེན། ང་བོད་ལ་ཕྱིར་ལོག་རྗེས་གནས་བརྟན་ཕྱག་མཆོད་ཚར་མང་པོ་པར་ནས། བླ་རུང་སྒར་དང་དགོན་སྡེ་ཁག་གཞན་གྱི་དགེ་འདུན་པ་རྣམས་ལ། ཚར་གང་མང་གསུང་བའི་ཡོན་དུ་ཕུལ་བ་ཡིན།

དེ་དུས་ང་ལོ་ན་ཅུང་ཟད་གཞོན་པའི་རྐྱེན་གྱིས། རྗེ་བླ་མ་ཉིད་ལ་རྟག་ཏུ་ཕྱག་མོ་ལུང་བསྟན་མང་པོ་གང་སར་ཞུས་ནས། ཅི་ཞིག་འདོན་སྒྲུབ་བྱེད་དགོས་པ་སོགས་ཀྱིས་མཚོན་འདི་དང་དེ་ཟེར་ནས་མང་པོ་འདྲི་མྱོང་ཡོད། ད་ལྟ་བལྟས་ན། བྱ་བ་ཙབ་ཙུབ་དེ་འདྲའི་མང་པོ་ལ་དགོས་པ་ཆེན་པོ་ཅི་ཡང་མེད་པ་དང་། ཤེས་རབ་དང་ལྡན་པའི་སློབ་མ་ཞིག་བྱེད་དགོས་ན། ཟུངས་ཐུབ་ཅིང་བརྟན་ཚུགས་པོར་འདུག་དགོས་པ་འདྲ་ལ། སློབ་ཚོགས་རྣམས་ཕན་ཚུན་ཐུགས་ནང་མཐུན་ཞིང་སྤོང་ཀློག་གི་ལས་ལ་ཧུར་བརྩོན་འབད་འབུངས་བྱས་ནས། བླ་མ་གང་ཉིད་ཀྱི་ཐུགས་མི་སུན་པར་བྱེད་པ་སོགས། བགྱི་བར་འོས་པའི་བྱ་བ་རྣམས་གང་ལེགས་ངང་བྱས་ན། མཚན་ཉིད་ལྡན་པའི་དགེ་བའི་བཤེས་གཉེན་རྣམས། ཞབས་པད་ཡུན་རིང་དུ་བརྟན་པའི་ཐབས་ཆེས་བཟང་ཤོས་ཤིག་ཏུ་ད་གདོད་འགྱུར་ཐུབ་པ་རེད།

༡༩༩༠ ལོའི་ཟླ་༡༡ ཚེས་ ༡༧ །

ཆོས་ཀྱི་རྗེ་ཉིད་ལ་མཁོ་བའི་སྐུ་འདྲ་བླུས་ཟིན་རྗེས། རང་ཉིད་རྒྱུན་དུ་དད་འདུན་ཆེན་མོ་ཡོད་སའི་སྐུ་འདྲ་འགའ་རེ་བླུ་རུ་སོང་།

དེ་ཡང་ང་རང་མ་གཞི་འཕགས་པ་འཇམ་པའི་དབྱངས་ལ་དད་འདུན་ཆེན་མོ་ཡོད་པར་མ་ཟད། གནས་ཆེན་རི་བོ་རྩེ་ལྔ་ནས་ཕྱིར་ཐོན་རྗེས་རྒྱུན་དུ་འཕགས་པ་འཇམ་པའི་དབྱངས་ལ་གསོལ་འདེབས་མི་གཅིག་ལྷ་གཅིག་བྱས་པ་ཡིན་ཞིང་། དེའི་སྟེང་དུ་སྐབས་དེ་དུས་ཐོས་བསམ་གྱི་ལས་ལ་རྒྱ་ཆེར་བརྩོན་བཞིན་པའི་སྒང་ཡང་ཡིན་པས། ཤེས་རབ་ཀྱི་སྒོ་མོ་ཡངས་པོར་ཕྱེས་ན་ཅི་མ་རུང་བསམས་པའི་རེ་བ་ཆེན་པོ་ཡོད་པའི་རྐྱེན་གྱིས། འཕགས་པ་འཇམ་པའི་དབྱངས་ཀྱི་སྐུ་ཞིག་བླུ་བའི་འདུན་པ་ཆེན་པོ་ཡོད། ལྷ་སྐུ་བཙོང་སའི་ཚོང་ཁང་མང་པོའི་ནང་ནས་ཡུན་རིང་ལ་བཙལ་རྗེས། མཐར་དངུལ་དཀར་པོས་ཤན་ནས་ཡོད་པའི་འཕགས་པ་འཇམ་དཔལ་གྱི་སྐུ་གཟི་བརྗིད་རྨད་དུ་བྱུང་བ་ཞིག་འདུག་པ་མཐོང་བས་དེ་མ་ཐག་བླུས་ནས། ཕྱིར་ལོག་རྗེས་གྲྭ་པ་དགུང་ལོ་བགྲེས་པ་ཞིག་ཡོད་པ་དེ་ལ་བསྟན་པས། ཁོང་ཤིན་ཏུ་ཡི་རངས་ཤིང་དགའ་མགུར་གྱུར་ནས། གནའ་བོའི་དུས་སུ་ཡིན་ན་འཕགས་པ་འཇམ་དཔལ་གྱི་སྐུ་འདིས་རྟ་གཅིག་ཁུགས་གསུངས་ནས། བསྟོད་བསྔགས་མང་པོ་བྱས་སོང་ཡང་། ཕྱིས་སུ་རྐུ་རུ་ཤོར་སོང་ངོ་། །

སྐུ་དེ་ལས་གཞན་ད་དུང་ངས་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་སྐུ་ཞིག་བླུ་བ་ལ་ཡང་རྩོལ་བ་མང་པོ་བྱས། ང་རང་ཀུན་མཁྱེན་ཀློང་ཆེན་པ་ལ་དད་གུས་ཤིན་ཏུ་ཆེན་མོ་ཡོད་པས། ལྷ་སྐུ་བཙོང་སའི་ཚོང་ཁང་ནང་དུ་འགྲོ་བའི་སྐབས་ཐམས་ཅད་ལ། སྐུ་ཆུང་ཆུང་ལུས་ལ་འབྲལ་མེད་དུ་འཁྱེར་ཆོག་པ་ཞིག་དང་། ད་དུང་དེ་ལས་ཀྱང་ཡག་ན་སེམས་ཉིད་ངལ་གསོའི་ཕྱག་རྒྱ་ཅན་གྱི་སྐུ་ཞིག་བླུ་རྒྱུ་བྱུང་ན་ཅི་མ་རུང་བསམས་ནས། ཚོང་ཁང་མང་པོའི་ནང་དུ་སོང་ནས་བལྟས་ཀྱང་བླུ་རྒྱུ་རྩ་བ་ནས་མ་རྙེད་ཅིང་། ཕྱིར་ཉིན་བལ་པོ་ནས་ཁ་བྲལ་ཏེ་འགྲོ་དགོས་མོད། ད་དུང་སེམས་མ་ཤི་བར་བླུ་རྒྱུ་རེ་རྙེད་ཨེ་ཡོང་བསམས་ནས་བཙལ་དུ་སོང་ཡང་མ་རྙེད་ལ། དེ་ནས་ཡི་ཆད་དེ་བའི་ངང་ཕྱིར་ལོག་འགྲོ་བའི་གྲ་སྒྲིག་བྱེད་སྐབས། གློ་བུར་དུ་ལྷ་སྐུ་འདྲ་མིན་བཙོང་སའི་ཚོང་ཁང་ཆུང་ཆུང་ཞིག་གི་ནང་། རང་གི་བསམ་པ་དང་ཧ་ཅང་མཐུན་པའི་སྐུ་ཤིན་ཏུ་ཡག་པོ་ཞིག་ཡོད་པ་མཐོང་ནས་བླུ་རྒྱུ་བྱུང་བས། སེམས་དགའ་བ་ལ་ཚད་ཅིག་མ་བྱུང་ཞིང་། འདི་ནི་ཀུན་མཁྱེན་ཀློང་ཆེན་པའི་བྱིན་རླབས་ངེས་པར་དུ་ཡིན་རྒྱུ་རེད་བསམས་ནས། སྐུ་དེ་གཏེར་རྫས་ལྟ་བུ་ཞིག་ཏུ་བརྩིས་ནས་གཅེས་པར་བཟུང་སྟེ་འདང་ཆེན་མོ་བཞག་པ་ཡིན་ཞིང་། སྐུ་དེ་ལ་བྱིན་རླབས་ཀྱི་ཚན་ཁ་ཤིན་ཏུ་ཆེན་པོ་ཡོད་པར་མ་ཟད། ངས་ད་དུང་དེ་ལ་དཔེ་བྱས་ཏེ་ཆེ་ཆུང་མཉམ་པའི་སྐུ་མང་པོ་བཟོ་རུ་བཅུག་ནས། རྩ་བརྒྱུད་བླ་མ་རྣམ་པའི་བྱིན་རླབས་འཕོ་བའི་རྟེན་འབྲེལ་དུ་དམིགས་ཏེ་མི་འགའ་རེ་ལ་བྱིན་པ་ཡིན།

ཕྱི་ལོ་ ༢༠༠༠ ལོར། ངས་བླ་མ་ཡང་ཏིག་རྒྱ་ཡིག་ཏུ་བསྒྱུར་བའི་རེ་འདུན་ཡོད་ཚུལ་རྗེ་ཉིད་ལ་ཞུས་ཙ་ན། རྗེ་ཉིད་ཀྱིས་ཚོགས་མང་སྤྱིའི་དབུས་སུ་ཆེད་དུ་བཀས་གནང་བར་མ་ཟད། ནན་ཏན་དུ་བཀའ་གཏད་བྱེད་རྒྱུ་ཡིན་གསུངས་ནས། ཀུན་མཁྱེན་ཀློང་ཆེན་པའི་སྐུ་ཞིག་རྟེན་འབྲེལ་དུ་བསྩལ་སོང་ཞིང་། ངས་སྐུ་དེ་ད་བར་དུ་ཉར་ཚགས་ལེགས་པོ་བྱས་ཡོད་པ་དང་། གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་སྐོར་གལ་ཆེ་བ་རེ་འཆད་ཉན་བྱེད་པའི་སྐབས་སུ། ལས་ལྡན་སློབ་མ་འགའ་རེ་ལ། རིག་འཛིན་བརྒྱུད་པའི་བླ་མ་རྣམས་ཤིན་ཏུ་གལ་ཆེ་བ་ཡིན་པའི་སྐོར་ནས་འཕྲོས་པའི་གཏམ་གླེང་སྟེ་མཇལ་ཁ་གནང་གི་ཡོད།

མི་ལོ་སུམ་ཅུ་ལྷག་གི་རིང་། ངས་ཀུན་མཁྱེན་ཀློང་ཆེན་པའི་ཞལ་སྔ་ནས་མཛད་པའི་རང་གྲོལ་སྐོར་གསུམ་དང་། ངལ་གསོ་སྐོར་གསུམ། མཛོད་ཆེན་བདུན། བླ་མ་ཡང་ཏིག་སོགས་བར་མ་ཆད་དུ་རྒྱ་ཡིག་ལ་བསྒྱུར་ནས་འཆད་ཉན་བྱས་པ་ཡིན་ཞིང་། བསྒྱུར་བཤད་འཆད་ཉན་བྱེད་པའི་སྐབས་ཐམས་ཅད་དུ་སྟོབས་ཤུགས་ཤིན་ཏུ་ཆེན་པོ་ཞིག་གིས། ངའི་རྒྱབ་ནས་བསྐྱོར་ནས་ཡོད་པའི་ཚོར་བ་སྐྱེས་པ་དང་། དོན་དངོས་པོའི་དབང་དུ་བྱས་ནས་བཤད་ན། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ་ཉིད་ཀྱི་གཟུགས་སྐུ་ཆོས་ཀྱི་དབྱིངས་སུ་བསྡུས་པ་ནས་བཟུང་། སྐད་ཡིག་གཞན་གྱི་སྟེང་ནས་ཀུན་མཁྱེན་ཆེན་པོའི་ལྗགས་ཆབ་བྲན་པའི་གསུང་ལ། ངེད་ཅག་གིས་འཆད་ཉན་དང་དར་སྤེལ་གཟེངས་སུ་ཐོན་པ་བྱས་ཡོད་འོས་སུ་ཆེ་སྙམ་སྟེ། དེ་ཡང་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ་ལ་དད་འདུན་ཐུན་མོང་མ་ཡིན་པ་ཡོད་པའི་དབང་ལས་བྱུང་བ་ཡིན་པར་མ་ཟད། དེ་དང་ཆབས་གཅིག་ཏུ་ད་དུང་རྟེན་འབྲེལ་དམིགས་བསལ་བ་གཞན་འགའ་ཞིག་གི་དབང་ལས་ཀྱང་བྱུང་བ་ཡིན་རྒྱུ་རེད་སྙམ་མོ། །

ས་ཚུགས་དྲུག་པ། ཕྱིར་ཕེབས་པ།

༡༩༩༠ ལོའི་ཟླ་༡༡ ཚེས་༡༨ །

བལ་པོ་དང་རྒྱ་གར་འཕགས་པའི་ཡུལ། འབྲུག་ཡུལ་བཅས་ལ་འབྲེལ་བའི་མཛད་རིམ་གྱི་སྐོར་ཐམས་ཅད་མཇུག་ཕུན་སུམ་ཚོགས་པའི་ངང་དྲིལ་ནས། ཉིན་དེར་ཀ་ཏ་མན་རྡུའི་རྒྱལ་སྤྱི་གནམ་ཐང་ནས་རྡོག་ཐོན་བྱས་ཏེ། ཐེ་ལན་དིའི་རྒྱལ་ས་བྷང་ཁོག་གནམ་ཐང་དུ་སླེབས་ཤིང་། དེ་ནས་སླར་ཡང་ཆུ་ཚོད་ཕྱེད་ལྷག་གི་རིང་། གནམ་གྲུ་བརྗེས་ནས་མཐར་ཧོང་ཀོང་རྒྱལ་སྤྱིའི་གནམ་ཐང་ལ་སླེབས་པ་དང་། འཕུར་ལམ་ཡོངས་ལ་ཆུ་ཚོད་དྲུག་བདུན་ལྷག་འགོར་སོང་།

ཆོས་ཀྱི་རྗེ་ཉིད་ཀྱིས་རྒྱ་གར་འཕགས་པའི་ཡུལ་དང་བལ་པོ་བཅས་ནས་སྐུ་འདྲ་མང་པོ་བླུས་ཤིང་། ལ་ལ་ཁོང་སྐུ་སྒེར་གྱི་ཡིན་པ་དང་ལ་ལ་ནི་སྒར་གྱི་མཁན་པོ་རྣམས་ལ་ཕ་འབབ་ཀྱི་ཚུལ་དུ་གནང་རྒྱུར་བསྣམས་པ་རེད། ཡིན་ཡང་གནམ་གྲུའི་ནང་ནས་ཅ་ལག་མང་པོ་འཁྱེར་ཐབས་མེད་པས། རོགས་པ་ཐུབ་མཁན་གྱི་མི་རེ་ཨེ་རྙེད་སྔ་ས་ནས་ལྟ་དགོས་ལ། དེ་རྗེས་གྲུབ་དབང་པདྨ་ནོར་བུ་ཧོང་ཀོང་ལ་ཆོས་ཚོགས་འཚོགས་སར་ཕེབས་དགོས་པར་འདུག་པས། དཀྱིལ་འཁོར་ལ་མཁོ་བའི་ཡོ་བྱད་རྣམས་མཁའ་བསྐྱོད་མངག་སྐྱེལ་བྱེད་འཆར་ཡོད་པ་ལ་ཏག་ཏག་ཁེལ་སོང་བར་བརྟེན། ང་ཚོས་ཁོང་གི་ཞབས་ཕྱི་བ་རྣམས་ལ་འཁྱེར་རོགས་ཞུས་ནས་སྐུ་འདྲ་དང་ཐང་ག ཙན་དན་གྱི་ཤིང་ཁ་ཤས་ཧོང་ཀོང་ལ་ཐད་ཀར་སྐྱེལ་ཐུབ་པ་བྱུང་ཞིང་། ལྷག་མ་རྣམས་ངེད་ཚོས་འཁྱེར་རྒྱུ་བྱས།

ངེད་དཔོན་སློབ་ཚང་མས་སྐུ་འདྲ་འགའ་རེ་བླུ་རྒྱུ་བྱུང་བས་ལམ་ཆས་ཧ་ཅང་མང་པོ་ཡོད། ངས་ད་དུང་མཁན་པོ་འགའ་རེ་ལ་རྒྱ་གར་འཕགས་པའི་ཡུལ་ནས་ཆོས་དུང་ཆེན་པོ་འགའ་རེ་ཉོ་རོགས་བྱས་ཤིང་། དེ་ཚོ་ལ་ལྗིད་ཤིན་ཏུ་ཆེན་པོ་གདའ་ལ། ལམ་ཆས་ཇེ་ཉུང་དུ་གཏོང་བ་དང་ཆོས་ཀྱི་རྗེ་ཉིད་ཀྱི་དངོས་རྫས་གང་མང་མང་བྱས་ནས་འཁྱེར་ཐུབ་པའི་ཕྱིར་དུ། ངས་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་སྐུ་ཆུང་ངུ་དེ་དང་། དངུལ་གྱིས་ཤན་པའི་འཕགས་པ་འཇམ་དཔལ་གྱི་སྐུ་དེ་གཉིས་མ་གཏོགས་པར། བལ་པོ་ནས་བླུས་པའི་སྐུ་འདྲ་མང་ཆེ་བ་གཞན་ལ་བྱིན་པ་ཡིན། བལ་པོ་ལ་སྒྲ་ཐག་རྒྱལ་ཁབ་གཞན་དུ་འཁྱེར་མི་ཆོག་པའི་ཁྲིམས་འདུག་པས། ཆོས་ཀྱི་རྗེ་ཉིད་ཀྱིས་བཀའ་ཆོས་གསུངས་པའི་རྒྱུ་ཆ་རྣམས་འབོར་བརླག་ཏུ་མི་འགྲོ་བའི་སླད། ངས་སྒྲ་ཐག་ནང་གི་སྤྱིན་དྲིལ་ནག་པོ་བཤིག་ནས། ངེད་ཚོའི་ཤམ་ཐབས་ཀྱི་ནང་ལ་བཙེམས་ནས་ཁྱེར་བ་ཡིན་ཞིང་། སྨན་པ་རིག་པ་རྒྱ་གར་གྱི་ཐེར་མས་བཟོས་པའི་གྲྭ་གོས་ལ་དགའ་མོ་བྱེད་ཀྱིན་འདུག་པས། ཁོང་གིས་ཐེངས་གཅིག་ལ་མང་པོ་ཉོས་ཤིང་། ལམ་ཆས་ཀྱི་ལྗིད་ཚད་ཇེ་ཆུང་དུ་གཏོང་བའི་ཕྱིར་དུ་ཁོང་གིས་གཟན་གྱི་སྟེང་ལ་གཟན་དང་། ཤམ་ཐབས་ཀྱི་ཕྱི་ལ་ཤམ་ཐབས་བརྩེགས་ནས་ཚང་མ་ལུས་ལ་གོན་པས། ཕར་བལྟས་ན་དགོད་ཁ་སློང་སྤྱད་ལྟ་བུར་གྱུར་ནས་འདུག ཆོས་ཀྱི་རྗེ་ཉིད་ཀྱིས་ཞལ་མཚར་དང་བཅས་ཏེ། དེ་རིང་ཁྱོད་ཚོན་པོར་ལོག་འདུག་ཨཱ་གསུངས་པས། ངེད་ཚོ་ཚང་མ་བཞད་གད་ཐག་གེར་གྱུར།

བལ་པོ་ནས་རྒྱལ་མཚམས་བརྒལ་ཏེ་འགྲོ་སྐབས། མཐའ་སྲུང་ཞིབ་གཤེར་བས་སླར་ཡང་རྒྱུ་མཚན་འདྲ་མིན་བཤད་ནས་སུན་གཙེར་བཟོས་ཤིང་། ངེད་ཚོས་སྒོར་མོའི་རྔན་པ་འགའ་རེ་བྱིན་རྗེས། དཀའ་ཚེགས་ཅུང་ཟད་དང་བཅས་འགྲོ་ཐུབ་པ་བྱུང་།

ཧོང་ཀོང་དུ་སླེབས་རྗེས་རྒྱལ་མཚམས་བརྒལ་ནས་འགྲོ་བ་ལ་སླར་ཡང་དཀའ་ཚེགས་མང་པོ་རྒྱག་དགོས་ཐུག དེ་དུས་ཧོང་ཀོང་ད་དུང་རྒྱལ་ཁོངས་སུ་ཕྱིར་ལོག་མེད་ཅིང་། ངེད་དཔོན་སློབ་རྣམས་ཀྱི་ལམ་ཡིག་རྒྱ་ནག་ནང་ཁུལ་གྱི་ལམ་ཡིག་ཡིན་པས། རྒྱལ་མཚམས་བརྒལ་ནས་འགྲོ་དགོས་ན་འགྲོ་ལུགས་མང་པོ་བསྒྲུབ་དགོས་འདུག་སྟབས། སླར་ཡང་གྲལ་བསྒྲིགས་ནས་རེའུ་མིག་གི་ཁ་བཀང་ཞིང་། ཐེལ་ཙེ་རྒྱག་པ་སོགས་ལ་དཀའ་ཚེགས་མང་པོ་མྱོང་དགོས་ཐུག་པ་དང་། ཆུ་ཚོད་བཞི་ལྷག་འགོར་ནས་འགྲོ་ལུགས་ཁ་ཚང་སྒྲུབ་ཐུབ་པ་བྱུང་། དེ་ནས་རླངས་འཁོར་ལ་ཞུགས་ནས་གྲུབ་དབང་པདྨ་ནོར་བུས་ཧོང་ཀོང་ལ་ཕྱག་བཏབ་པའི་ཆོས་ཚོགས་ཏེ། ཧོང་ཀོང་གསང་སྔགས་སྔ་འགྱུར་རྙིང་མ་བའི་དཔལ་ཡུལ་ཆོས་ཚོགས་སུ་ཆིབས་ཀྱི་ཁ་ལོ་བསྒྱུར།

ཆོས་ཚོགས་དེ་འབྲུག་དགུ་ཁི་ཤི་ཏིན་སྲང་ལམ་དུ་ཆགས་འདུག་པ་དང་ཆེན་པོ་ཞིག་རང་ནི་མི་གདའ་ལ། སྨི་གྲུ་བཞི་མ་༡༠༠ མ་ཟིན་ཙམ་ཡོད་པའི་ཚོམས་ཆེན་ཞིག་འདུག་པ་དེའི་ནང་དུ། འཆར་ཅན་གྱི་ཆོས་ཚོགས་དང་ཚོགས་འཁོར་སོགས་བསྐོར་བ་རེད་འདུག དེ་ལས་གཞན་ད་དུང་གཞུང་ལས་ཁང་རེ་གཉིས་དང་། གྲུབ་དབང་པདྨ་ནོར་བུ་ལ་གཟིམ་ཁང་གཅིག་བཅས་འདུག གྲུབ་དབང་པདྨ་ནོར་བུ་ཆོས་ཚོགས་ཀྱི་གཟིམ་ཁང་དུ་བཞུགས་མི་འདུག་པས། ཆོས་ཀྱི་རྗེ་ཉིད་དེའི་ནང་དུ་བཞུགས་རྒྱུའི་བཀོད་སྒྲིག་བྱས་ཤིང་། ངེད་ཞབས་འབྲིང་སྐུ་འཁོར་ལྷན་རྒྱས། ཚོམས་ཆེན་ནང་དུ་ཐང་ནས་ཉལ་བ་ཡིན།

༡༩༩༠ ལོའི་ཟླ་༡༡ ཚེས་༡༩ །

ངེད་ཚོས་ཆོས་ཀྱི་རྗེ་ཉིད་ཀྱིས་ཐེངས་དེར་གཏེར་ནས་བཞེས་པའི་གཏེར་ཆོས་སྐོར་དང་། གསུངས་མགུར་ཐམས་ཅད་དེབ་ཆུང་ཞིག་ཏུ་བསྒྲིགས་ཤིང་། ཧོང་ཀོང་ལ་པར་ལེན་སྒྱུ་རྩལ་ཤིན་ཏུ་ཡག་པོ་ཡོད་པར་གོ་ཐོས་བྱུང་བས། ཧོང་ཀོང་ནས་པར་ཞིག་བླངས་ནས་དེའི་སྟེང་དུ་དེབ་ཆུང་དེ་བསྣན་ན། སྒར་ལ་ཕྱིར་ཕེབས་རྗེས། སློབ་ཚོགས་དགེ་འདུན་པ་ཡོངས་ལ་ཕ་འབབ་ལེགས་སྐྱེས་ཀྱི་ཚུལ་དུ་གནང་ཆོག་པས། ཧོང་ཀོང་ལ་བཞུགས་པའི་ཞོར་དུ་པར་ཞིག་བླངས་ན་ཤིན་ཏུ་ཡག་པོ་ཡོད་པའི་བཀའ་འདྲི་ཆོས་ཀྱི་རྗེ་ཉིད་ལ་ཞུས་པར། ཉིད་ཀྱིས་ཐུགས་བརྩེ་བ་ཆེན་པོས་བཀའ་ཡིས་གནང་བ་བྱིན།

ང་ཚོས་དཔལ་ཡུལ་ཆོས་ཚོགས་ལ་ཡོད་པའི་ཆོས་ཁྲི་ཞིག་ཁྱེར་ཏེ། ཧོང་ཀོང་ན་སྐད་གྲགས་ཅུང་ཟད་ཆེ་བའི་པར་ཁང་ཞིག་གི་ནང་ལ་སོང་ཞིང་། ཆོས་ཀྱི་རྗེ་ཉིད་ཀྱིས་རྒྱ་གར་འཕགས་པའི་ཡུལ་གྱི་རྣམ་གྲོལ་གླིང་ནས་ཕུལ་བའི་ཨོ་རྒྱན་པད་ཞྭ་དེ་དབུ་ལ་མནབས་པ་དང་ཆབས་གཅིག སྐུ་པར་དེ་ལ་མཐོང་ཐོས་རེག་གསུམ་གྱིས་འབྲེལ་བ་ཐོགས་པའི་སེམས་ཅན་ཐམས་ཅད་ལ། ཕན་བདེའི་གྲུ་ཆར་མ་ལུས་པ་ལྷུག་པོར་འཇོ་བའི་ཕྱིར་དུ། རྗེ་ཉིད་ཏིང་ངེ་འཛིན་ཁྱད་པར་ཅན་ཞིག་གི་ངང་ལ་མཉམ་པར་བཞག་ནས་ཐུགས་ཐོག་ཏུ་བཞུགས་པ་དང་། པར་ཁང་དེ་ལ་ཚད་གཞི་ཧ་ཅང་མཐོན་པོ་འདུག་པར་བརྟེན། ཡང་ནས་བསྐྱར་དུ་པར་མང་པོ་བླངས་རྗེས། མཇུག་མཐར་སྐུ་པར་སྒྲོས་ཤིན་ཏུ་ལེགས་ཤིང་ཡིད་ཚིམ་པོ་རང་ཡོད་པ་ཞིག་ལེན་ཐུབ་པ་བྱུང་། པར་བླངས་ཚར་རྗེས་ངེད་ཚོས་སྤྱིན་དྲིལ་ཉར་ཚགས་ཡག་པོ་བྱས་ནས། ཁྲིང་ཏུའུ་གྲོང་ཁྱེར་ལ་ཐོན་རྗེས་པར་མང་པོ་བཀྲུས་པ་ཡིན།

ཆོས་ཀྱི་རྗེ་ཉིད་ཐུགས་ཐོག་ལ་གཟབ་ནན་གྱིས་བཞུགས་ནས། ཆེད་དུ་ལེན་ཆོག་པར་བཀའ་བསྩལ་བའི་པར་གསུམ་བཞི་ཙམ་ཡོད་པ་ངས་དྲན་སོས་ཀྱིན་གདའ།

པར་དང་པོ་ནི་༡༩༨༤ ལོར་ཆོས་ཀྱི་རྗེ་ཉིད་ཀྱིས་གདན་ས་བླ་རུང་སྒར་ནས་སྙིང་ཐིག་ཡ་བཞིའི་བཀའ་དབང་ཟབ་མོ་སྩོལ་སྐབས། མི་ཞིག་གིས་པར་ལེན་པའི་གྲ་སྒྲིག་རྩོམ་པ་ན། རྗེ་ཉིད་ཀྱིས་ད་དུང་མ་ལེན་རྫོགས་པ་ཆེན་པོའི་རིག་པ་སོ་མའི་ངང་ལ་བསྡད་ནས་ལེན་དགོས་གསུངས་ཤིང་། དེ་ལྟར་བྱས་ནས་བླངས་པའི་པར་དེ་ལ། བྱིན་རླབས་ཀྱི་ནུས་པ་དམིགས་བསལ་བ་ཡོད་རྒྱུ་རེད། ཕྱིན་ཆོད་པར་དེ་ལོན་པའི་མི་ཐམས་ཅད་ཀྱིས་སྲོག་བླུ་ཅི་མང་བྱེད་པའི་རེ་བ་ཆེན་པོ་ཡོད་གསུངས་པ་རེད་ལ། དེ་དུས་ང་ད་དུང་སྒར་ལ་ཐོན་མེད་པས། ངས་སྐུ་པར་དེ་ལས་ཆོས་རྗེ་བླ་མའི་གསེར་ཞལ་ཐོག་མར་མཇལ་བ་ཡིན།

པར་གཉིས་པ་ནི་༡༩༨༧ ལོར་རྒྱ་ནག་རི་བོ་རྩེ་ལྔའི་སྲེད་མེད་བུའི་ཕུག་པར། འཇམ་དཔལ་ཞི་སྒྲུབ་གཏེར་ནས་བཞེས་པའི་སྐབས་སུ་བླངས་ཤིང་།

པར་གསུམ་པ་ནི་ཐེངས་འདིར་ཧོང་ཀོང་ནས་བླངས་པའི་སྐུ་པར་འདི་རེད་ལ།

པར་བཞི་པ་ནི་༡༩༩༣ ལོར་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་བཀའ་ཆོས་གསུང་བར་ཕེབས་སྐབས། ཁེ་ན་ཏ་ནས་བླངས་པ་རེད།

ཕྱིས་ཀྱི་དུས་སུ་ཁྲིང་ཏུའུ་གྲོང་ཁྱེར་དང་སྒར་ནས་ཀྱང་སྐུ་པར་དེ་འདྲ་འགའ་རེ་ལེན་མྱོང་ཡང་། འདི་རྣམས་ནི་ང་ལ་བག་ཆགས་ཆེས་ཟབ་ཤོས་བཞག་ནས་ཡོད་པའི་སྔ་དུས་ཀྱི་སྐུ་པར་ཁག་གཅིག་རེད།

ཆོས་ཀྱི་རྗེ་ཉིད་ཀྱིས་བྱིན་རླབས་ཀྱི་ཚན་ཁ་ཤིན་ཏུ་ཆེ་བའི་སྐུ་པར་འདི་ལྟ་བུ་ལེན་དགོས་པར་བཀའ་སྩོལ་བ་ན། སྐུ་པར་དེ་དག་ལ་སྲོག་བླུ་དགོས་པའི་ཐུགས་བཞེད་ཡོད་པར་མ་ཟད། མཚམས་ལ་ལར་སྐུ་པར་གྱི་རྒྱབ་ངོས་ལ་ཕྱག་ཐེལ་རྒྱག་སྲོལ་ཡོད། ང་སྒར་ལ་ཐོན་མ་ཐག་པ་ཡིན་པའི་དུས་སུ། རྗེ་ཉིད་ཀྱི་ཕྱག་ཐེལ་ཡོད་སའི་སྐུ་པར་ལོན་དགོས་ན། སྲོག་བླུ་ཁས་ལེན་བྱེད་དགོས་པ་ལས་གྲངས་ཀ་ལ་ངེས་གཏན་མི་འདུག་ཀྱང་། ཕྱིས་སུ་སྐུ་པར་དགོས་ཟེར་མཁན་ཇེ་མང་ནས་ཇེ་མང་དུ་སོང་བར་བརྟེན། ཕྱག་ཐེལ་ཅན་གྱི་སྐུ་པར་རེ་རེ་ལ་སྲོག་བླུ་ཁྲི་གཅིག་ཁས་ལེན་བྱེད་དགོས་པར་གཏན་ཁེལ་མཛད། ཐབས་མཁས་ཀྱི་མཛད་པ་འདི་འདྲ་བ་ཞིག་ལ་བརྟེན་ནས། བོད་ཡུལ་དང་རྒྱ་ཡུལ་གྱི་དད་ལྡན་མང་པོ་སྲོག་བླུ་བྱེད་པའི་དཔུང་སྡེ་རུ་མཉམ་གཅིག་ཏུ་ཞུགས་ནས། ཉམ་ཐག་སེམས་ཅན་བགྲང་གིས་མི་ལང་བ་ཚེ་སྲོག་གི་འཇིགས་པ་ལས་བསྐྱབས་ཤིང་། སྲོག་བླུའི་དགེ་བསྐུལ་འདི་གཅིག་པུའི་ཡོན་ཏན་ལ་བསམས་ནའང་། སྐྱེ་བོ་ཕལ་བ་དག་གིས་སྐྱེ་བ་དང་ཚེ་རབས་མང་པོའི་ནང་དུ་ཡང་འགྲུབ་ཤིན་ཏུ་དཀའ་བར་སེམས་སོ། །

ད་སྐབས། ཆོས་ཀྱི་རྗེ་ཉིད་ཀྱི་ཕྱག་ཐེལ་བརྒྱབས་ཡོད་སའི་སྐུ་པར་དེ་དག དད་འདུན་ཆེ་བའི་སློབ་མ་མང་པོས་ཉར་ཚགས་ལེགས་པོ་བྱས་ཡོད་པར་མ་ཟད། དད་འདུན་ཅན་རྣམས་ལ་མཚོན་ནས་བཤད་ན། སྐུ་པར་དེ་དག་ནི་རིན་ཐང་གང་གིས་ཀྱང་གཞལ་དུ་མེད་པའི་རིན་པོ་ཆེ་ཉིད་དུ་བརྩིས་ཡོད་རྒྱུ་རེད། ཆོས་ཀྱི་རྗེ་ཉིད་སྐུ་དངོས་ཀྱིས་མཛད་པ་ཤིན་ཏུ་ཡ་མཚན་པ་འགའ་རེ་སྟོན་མྱོང་ཡོད་པ་སྨོས་མི་དགོས་པར། སྐུ་པར་འདི་དག་ཙམ་ལ་བརྟེན་ནས་ཀྱང་། ཤིན་ཏུ་མཐོང་དཀོན་ཞིང་ཡ་མཚན་པའི་ལོ་རྒྱུས་མང་པོ་བྱུང་མྱོང་བར་བཤད་རྒྱུ་ཡོད་པ་རེད།

༡༩༩༠ ལོའི་ཟླ་༡༡ ཚེས་༢༠ །

སྐབས་དེར་གྲུབ་དབང་པདྨ་ནོར་བུ་ཡང་ཧོང་ཀོང་ལ་བཞུགས་ཡོད་པས། ཁོང་ཉི་མ་རེ་རེ་བཞིན་དཔལ་ཡུལ་ཆོས་ཚོགས་སུ་ཕེབས་ནས་ཆོས་ཀྱི་རྗེ་ཉིད་དང་མཉམ་དུ་གསོལ་བ་བཞེས་ཤིང་། སྦྱིན་བདག་མང་པོས་རེས་མོས་སུ་བྱས་ནས་གསོལ་ཚིགས་དྲངས་པ་དང་། དཔལ་ཡུལ་ཆོས་ཚོགས་ཀྱི་བླ་མ་དེས་རྟག་ཏུ་ཞོགས་པར་རྗེ་ཉིད་ལ་དེ་རིང་ལྕམ་ཆུང་ཆེ་གེ་མོས་གསོལ་བ་དྲང་རྒྱུ་རེད་ཅེས་སྙན་གསན་འབུལ་གི་ཡོད་ལ། དེ་དུས་འཇིག་རྟེན་གྱི་བྱ་བ་དག་ལ་རྒྱུས་ཡག་པོ་མེད་པའི་རྐྱེན་གྱིས། ལྕམ་ཆུང་ཆེ་གེ་མོ་ཞེས་པ་གོ་འོང་ཚེ་ལོ་ཆུང་ཤ་སྟག་ཡིན་རྒྱུ་རེད་བསམས་ཀྱང་། ཕྱི་དྲོར་ངོ་ཐུག་པའི་དུས་སུ་མགོ་སེ་ནས་དཀར་པོར་གྱུར་པའི་དགེ་བསྙེན་མ་བགྲེས་པོ་དག་ལས་མེད་པར་མཐོང་།

ཧོང་ཀོང་དཔལ་ཡུལ་ཆོས་ཚོགས་ཀྱི་བླ་མ་དང་མཉམ་དུ།

ཉི་མ་འདི་དག་གི་རིང་། ཆོས་ཀྱི་རྗེ་ཉིད་ཆོས་ཚོགས་དེའི་རྩ་གསུམ་ལས་བྱང་གི་ཚོགས་འཁོར་ལ་ཞུགས་ནས་ཚོགས་ཀྱི་འཁོར་ལོ་བསྐོར་བར་མ་ཟད། ཧོང་ཀོང་གི་ནང་པའི་རྗེས་འཇུག་པ་རྣམས་ལ་བཀའ་དབང་བསྩལ་བ་དང་སྦྲགས། ཆོས་འབྲེལ་མདོར་བསྡུས་ཙམ་ཞིག་ཀྱང་གནང། རྒྱ་གར་ལ་བཞུགས་སྐབས་ངས་གསུང་སྒྱུར་གྱི་ལས་ཀ་ཁུར་དུ་ལེན་ཐབས་མེད་ཅིང་། ཧོང་ཀོང་ལ་ཞབས་སོར་བཀོད་རྗེས། རྗེ་ཉིད་ལ་རྒྱ་སྐད་གསུང་སྒྱུར་གྱི་ལས་ཀ་ཁུར་དུ་བླངས་པ་ཡིན་ཡང་། དེ་དུས་ཧོང་ཀོང་གི་སྐད་དང་ད་ལྟའི་སྐད་ཀྱི་བར་ལ་ཁྱད་པར་ཆེན་པོ་ཡོད་སྟབས། ངའི་སྐད་ཁོ་ཚོས་མི་གོ་བར་འདུག་པས། ཧོང་ཀོང་གི་སྐད་ཤེས་པའི་མི་ཞིག་བཙལ་ནས་བསྐྱར་དུ་གསུང་སྒྱུར་བྱས་པ་རེད།

ཧོང་ཀོང་ལ་གནས་སྐབས་རིང་བཞུགས་པའི་སྐབས་སུ། ངས་གྲུབ་དབང་པདྨ་ནོར་བུ་གནས་གཞན་དུ་བཀའ་ཆོས་གསུང་བར་ཕེབས་ནས། འབུལ་བ་བྱུང་ཚད་དགེ་འདུན་པའི་འཚོ་བའི་རྒྱུན་སྐྱོང་བའི་ཕྱིར་དུ། རྒྱ་གར་འཕགས་པའི་ཡུལ་གྱི་གདན་ས་ལ་སྐྱེལ་བཞིན་འདུག་པ་མཐོང་བས་ཡིད་འགུལ་ཆེན་པོ་ཐེབས་ཤིང་། རྒྱ་གར་ལ་ཡོད་པའི་དགོན་པ་རྣམས་བོད་ཡུལ་གྱི་དགོན་པ་དང་མི་འདྲ་བར་ཁྱད་པར་ཆེན་པོ་འདུག བོད་ཡུལ་གྱི་རབ་ཏུ་བྱུང་བ་རྣམས་ཀྱི་འཚོ་བ་ཁྱིམ་ནས་སྤྲོད་པ་དང་། དགོན་ཁག་སོགས་ཀྱང་དད་ལྡན་ཕོ་མོ་རྣམས་ཀྱིས་བཀའ་དྲིན་ཆེན་པོའི་སྒོ་ནས་སྐྱོང་ཞིང་། རྒྱ་གར་འཕགས་པའི་ཡུལ་དུ་ས་གནས་རང་གི་མི་རྣམས་ནང་པ་སངས་རྒྱས་པའི་ཆོས་ལ་ཕལ་ཆེར་དད་པ་མེད་ལ། ཆོས་ལ་དད་པའི་བོད་རིགས་རྣམས་ཀྱི་འཚོ་བའི་ཆ་རྐྱེན་ཡང་དེ་ཙམ་ཡག་རྒྱུ་མི་འདུག་པས། དགོན་པ་ལ་འབུལ་བ་བྱེད་མཁན་ཤིན་ཏུ་ཉུང་བར་འདུག བླ་མ་རྣམས་ཀྱིས་དགོན་པ་ཞིག་སྐྱོང་དགོས་ན་འགྲོ་སོང་ཚང་མ་རང་ཉིད་ཀྱིས་ཐབས་བཀོལ་ནས་གཏོང་དགོས་པས་དཀའ་ངལ་ཧ་ཅང་ཆེ་ཞིང་། མཁན་སྤྲུལ་དགེ་བའི་བཤེས་གཉེན་རྣམས་ཀྱིས་འོ་བརྒྱལ་ཆེན་པོ་བསྐྱོན་ནས་ཡོ་རོབ་དང་མེ་གླིང་། ཨེ་ཤ་ཡ་ཤར་ལྷོའི་རྒྱལ་ཁབ་ཁག་ལ་བཀའ་ཆོས་གསུང་བར་ཕེབས་པ་དང་། རྒྱལ་ཁབ་དེ་དག་ནས་འབུལ་བ་ཅུང་ཟད་རེ་བྱུང་རྗེས། དེ་དག་ལ་བརྟེན་ནས་དགོན་པ་འདེབས་པ་དང་ལྷ་སྐུ་རྟེན་གསུམ་བཞེངས་ཤིང་། ད་དུང་སློབ་མ་གསོ་སྐྱོང་མཛད་དགོས་པར་མ་ཟད། ཆུ་རིན་གློག་རིན་སོགས་ཀྱང་དེའི་ནང་ནས་གཏོང་དགོས་པར་འདུག

དེ་དུས་གྲུབ་དབང་པདྨ་ནོར་བུས་ཧོང་ཀོང་དང་། ཐེ་ཝན། སིང་གྷ་ཕོར་བཅས་ལ་ནང་པའི་ཆོས་ཚོགས་བཙུགས་འདུག་ཅིང་། ཆོས་ཚོགས་དེ་དག་ལས་འབུལ་བ་བྱུང་ཚད་གདན་ས་སྐྱོང་བའི་ཆེད་དུ་གཏོང་བ་ལས། ཁོང་སྒེར་གྱི་འཚོ་བ་ནི་ངན་ངོན་ཙམ་ལས་མི་གདའ། ཁོང་གི་གདན་ས་རུ་ཐོས་བསམ་སློབ་གཉེར་བྱེད་པའི་དགེ་འདུན་པ་རྣམས། བོད་དང་འབྲུག་ཡུལ་ནས་ཕེབས་པ་ཁོ་ན་རེད་འདུག་པས། འཚོ་བའི་ཡོང་ཁུངས་ཅི་ཡང་མེད་པར་མ་ཟད། ཐ་ན་དགེ་འདུན་པ་རྣམས་ཀྱི་ལུས་ལ་བགོ་རྒྱུའི་ཆོས་གོས་གྲྭ་ཆས་སོགས་ཀྱང་བླ་མས་གནང་དགོས་པར་གདའ། སྐབས་ལ་ལར་ངས་ཁོང་རྣམ་པ་ལ་བོད་ནས་ཡིན་ན་སློབ་མས་བླ་མ་ལ་ཡོན་འབུལ་ཡང་། ཁྱེད་ཚོའི་ས་འདི་ནས་བླ་མས་སློབ་མ་ལ་ཡོན་འབུལ་དགོས་པར་འདུག་ཅེས་ཀྱང་ཀྱལ་ཀའི་ཚུལ་དུ་སྨྲ་མྱོང་། ཡིན་ན་ཡང་དེར་བཞུགས་པའི་དགེ་འདུན་པ་རྣམས་ཀྱིས་ཐོས་བསམ་སློབ་གཉེར་གྱི་སྟེང་ལ། ཧུར་ཐག་ཆེན་པོ་མཛད་ཀྱིན་འདུག་པ་དང་། རྩོད་པ་དང་རྩོམ་པ་སོགས་གང་གི་ཕྱོགས་ནས་ཡིན་ཡང་གྲུབ་འབྲས་ཡག་པོ་ལོན་ནས་འདུག་ཅིང་། མི་མང་པོ་དཀའ་སྡུག་གི་གཉན་འཕྲང་མང་པོ་བརྒྱུད་ནས་འོངས་པས། གོ་སྐབས་དེ་འདྲ་ཐོབ་པ་ལ་གཅེས་འཛིན་ཆེན་པོ་བྱེད་ཀྱིན་གདའ།

དུས་རབས་དམིགས་བསལ་བ་དེའི་ནང་། གྲུབ་དབང་པདྨ་ནོར་བུས་སྔ་འགྱུར་རྙིང་མ་བའི་བསྟན་པ་སྤེལ་བའི་ཐོག་ལ་མཛད་རྗེས་ཤིན་ཏུ་ཆེན་པོ་བཞག་ཡོད་ལ། ལྷག་པར་དུ་དགེ་འདུན་པ་བསྐྱེད་བསྲིང་བྱ་རྒྱུའི་སྟེང་ནས། གྲུབ་དབང་པདྨ་ནོར་བུ་མཆོག་དང་ཆོས་ཀྱི་རྗེ་ཉིད་རྣམ་པ་གཉིས་ཀྱི་ཕྱག་རྗེས་གཞན་ལས་ཀྱང་འབུར་དུ་ཐོན་པར་གྱུར་ནས། ནང་པ་སངས་རྒྱས་པའི་ཤེས་རབ་ཀྱི་ཚེ་སྲོག་མཐུད་པ་ལ། མཛད་རྗེས་ནམ་ཡང་གསུབ་ཏུ་མེད་པ་བཞག་མཛད་ཡོད།

བླ་མ་བསམ་གྱིས་མི་ཁྱབ་པ་འདི་རྣམ་པའི་ཐུགས་བསྐྱེད་སྨོན་ལམ་མཇལ་ཐེངས་རེར། ང་ལ་ཡིད་འགུལ་ཤིན་ཏུ་ཆེན་པོ་ཐེབས་པ་དང་མཉམ་དུ། མ་འོངས་པར་དཀའ་སྡུག་གི་གཉན་འཕྲང་ཇི་ལྟ་བུ་ཞིག་ལ་འཕྲད་ཀྱང་། ཁོང་རྣམ་པའི་རླབས་ཆེན་གྱི་མཛད་པ་ལ། རྗེས་སུ་སློབ་པའི་སྨོན་ལམ་ཡང་ཡང་སེམས་ལ་བཏབ་པ་ཡིན་ཞིང་། དེ་རྗེས་འདས་པའི་མི་ལོ་སུམ་ཅུ་ལྷག་གི་རིང་། རྒྱ་རིགས་ཀྱི་ཤེས་ལྡན་དགེ་འདུན་པ་མང་པོ་བསྐྱེད་བསྲིང་བྱ་བའི་ཕྱིར་དུ། ངས་འཆད་ཉན་དང་ཡིག་སྒྱུར། རྟེན་བཞེངས། བཞུགས་ཤག འཚོ་བའི་གྲོན་དངུལ་སོགས་གྲ་སྒྲིག་བྱེད་པའི་སྐོར་ལ། མངོན་ཆུང་ངང་ལུས་ཤུགས་དང་བསམ་བློ་མང་པོ་བཏང་ནས། ཅི་ནུས་ཅི་ལྕོགས་སུ་འབད་འབུངས་ཧུར་ཐག་བྱས་ཡོད་ཅེས་བཤད་ཀྱང་མི་ཆོག་རྒྱུ་མེད། ད་ལྟ་ཆོས་ཀྱི་རྗེ་ཉིད་སྐུ་ཞི་བར་གཤེགས་ནས་མི་ལོ་བཅུ་དྲུག་འདས་ཟིན་ཡང་། ང་ད་དུང་ཡང་ལས་གནས་འདིའི་སྟེང་དུ་སྤོབས་པ་མ་ཞུམ་པར་སྡོད་ཁུལ་བྱས་ཡོད། ཕྱིས་འབྱུང་མ་འོངས་པའི་དུས་སུ་ཤེས་ལྡན་མང་པོ་འཚར་ལོང་བྱུང་ནས། ཁོང་རྣམ་པས་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མའི་ཕྱག་བཞེས་ཀྱི་རྒྱུན་མི་ཉམས་པར་བསྐྱངས་ཏེ། ཤེས་ལྡན་དགེ་འདུན་པ་མང་པོ་བསྐྱེད་བསྲིང་བྱེད་པ་དང་མཉམ་དུ། ནང་པ་སངས་རྒྱས་པའི་བསྟན་པ་དར་ཞིང་རྒྱས་པར་བྱེད་པ་དང་། ཕྱོགས་དང་རིས་སུ་མ་ཆད་པའི་སེམས་ཅན་ཐམས་ཅད་ལ་ཕན་བདེའི་གྲུ་ཆར་བར་མེད་དུ་འཇོ་བའི་རེ་བ་ཤིན་ཏུ་ཆེན་པོ་ཡོད།

༡༩༩༠ ལོའི་ཟླ་༡༡ ཚེས་༢༡ །

ཧོང་ཀོང་ལ་སླེབས་པའི་ཐོག་མ་ཡིན་པས། མི་མང་པོས་རྒྱ་མཚོའི་གླིང་ག་ལ་ལྟད་མོར་སོང་ན་ཤིན་ཏུ་ཡག་པོ་ཡོད་པར་བཤད་པས། ངེད་ཚོས་དུས་ཚོད་བཀོད་སྒྲིག་བྱས་ནས་དེར་ལྟད་མོ་ལ་སོང་བ་ཡིན།

ཆོས་ཀྱི་རྗེ་ཉིད་དང་ངེད་སྐུ་འཁོར་རྣམས་ཀྱིས་མཚོ་གཏིང་གི་འཇིག་རྟེན་དེ་དག་ཐེངས་དང་པོར་མཐོང་བའི་དུས་སུ། སེམས་ཅན་གྱི་ལས་ཀྱི་སྟོབས་ཟེར་བ་འདི་བསམ་གྱིས་མི་ཁྱབ་པ་ཡིན་པ་ལ་ངེས་ཤེས་ཆེན་པོ་བླ་ལྷག་ཏུ་འདྲོངས་པ་བྱུང་ཞིང་། ཆོས་ཀྱི་རྗེའི་ཞལ་ནས། སེམས་ཅན་འདི་ཚོས་སྐྱེ་བ་སྔ་མར་ལས་ཅི་ཞིག་བསགས་ནས་ད་ལྟའི་ལུས་འདི་བླངས་པ་རེད། ཅི་འདྲའི་སྙིང་རྗེ་བ་ལ་གསུངས། ས་ཚུགས་རེ་རེ་ལ་སླེབས་ནས་སྣེ་ཤན་པས་སྲོག་ཆགས་རིགས་འདྲ་མིན་ངོ་སྤྲོད་ཞུ་སྐབས། ཆོས་ཀྱི་རྗེ་ཉིད་ཀྱིས་སེམས་ཅན་དེ་དག་གི་ཆེད་དུ། ལྐོག་ཏུ་ཞལ་འདོན་མང་པོ་གསུངས་ནས་བྱིན་རླབས་གནང་ཞིང་། མཚམས་ལ་ལར་སེམས་ཅན་དེ་དག་གི་རྣ་ལམ་དུ། བདག་ཅག་གི་སྟོན་པ་རྒྱལ་བ་ཤཱཀྱ་ཐུབ་པ་ཉིད་ཀྱི་མཚན་སྔགས་གསུང་སྐད་མཐོན་པོས་སྒྲོག་པར་ཡང་མཛད་སོང་།

དེ་རྗེས་མི་འགའ་རེས་ངེད་ཅག་ལ། རི་འཁོར་ནང་དུ་བསྡད་ནས་ལྗོངས་སྐོར་ལ་འགྲོ་དགོས་པའི་ངོས་སྦྱོར་བྱས་ཤིང་། ལར་ཡིན་ན་རྗེ་ཉིད་ཀྱི་ཁྲག་ཤེད་ཤིན་ཏུ་མཐོ་བའི་རྐྱེན་གྱིས་དེ་འདྲའི་ནང་ལ་འདུག་ཉན་གི་མི་འདུག་ཀྱང་། སུ་གཅིག་གིས་ཀྱང་བཀག་པར་མ་བྱས་པས། ཆོས་ཀྱི་རྗེ་ཉིད་ང་དང་མཉམ་དུ་རི་འཁོར་གཅིག་གི་ནང་ལ་བཞུགས་ཤིང་། ཡར་ལ་འགྲོ་བའི་སྐབས་སུ་ཅུང་ཟད་སྐྱིད་པོ་འདུག་པའི་སྣང་བ་འབྱུང་ཡང་། གློ་བུར་དུ་ཐུར་དུ་ལྷུང་བས་སྙིང་ཆུང་ཁ་ནས་ལྡིང་ཨེ་འགྲོ་སྙམ་པའི་ཚོར་བ་འཇིགས་ཡེ་རེ་བ་སྐྱེས་ཤིང་། ཆོས་ཀྱི་རྗེ་ཉིད་རི་འཁོར་དེ་ལས་བཞེངས་ཏེ་ཐང་ལ་བབས་རྗེས། དབུ་བསྙུངས་པ་དང་། བར་མ་ཆད་དུ་སྐྱུག་པར་མཛད་པའི་ཚུལ་བསྟན།

ཕྲེང་བ་བོར་སོང་བ་དེ།

དེ་ནས་ངེད་ཅག་རླངས་འཁོར་ལ་ཞུགས་ནས། གྲོང་ཁྱེར་ཧྲིན་ཀྲིན་གྱི་རྒྱལ་མཚམས་འགག་སྒོ་ལ་རྒྱལ་འཇུག་འགྲོ་ལུགས་སྒྲུབ་ཏུ་སོང་ཞིང་། ཆུ་ཚོད་གསུམ་ལྷག་ལ་འགོར། རྒྱལ་མཚམས་བརྒལ་ནས་སོང་རྗེས་ཆོས་ཀྱི་རྗེ་ཉིད་ཀྱིས་ཉོས་པའི་ཨ་གར་གྱི་ཇ་ཅོག་ཆུང་ཆུང་གཅིག་ཚང་མི་འདུག་པ་མཐོང་བས། ང་ཕྱིར་སོང་ནས་ཡུན་རིང་ལ་བཙལ་བཙལ་བའི་མཐའ་མར། མཐའ་སྲུང་ཞིབ་གཤེར་བའི་གཞུང་ལས་ཁང་དུ་བཞག་འདུག་པ་མཐོང་ཞིང་། ཁོ་ཚོས་ད་དུང་ཇ་ཅོག་ཚང་མའི་ལྷུ་ཡར་བསྒྲིགས་ནས་ཡོད་པར་མ་ཟད། དེའི་སྟེང་དུ་སིལ་ཏོག་ཁ་ཤས་བཀོད་ནས་ཁང་པའི་ནང་དུ་བཞག་ནས་གདའ། ངས་ཁོ་ཚོ་ལ་ཡུན་རིང་མོར། བཤད་རེས་སྣ་ཚོགས་པ་བྱས་ཏེ་ཤིན་ཏུ་དཀའ་ཚེགས་དང་བཅས་ཏེ་ཕྱིར་ལོན་ཐུབ་པར་བྱུང་།

འདི་ལྟར་ཡར་མར་མང་པོ་སོང་རྗེས། ང་རང་ཆེས་ཤིན་ཏུ་དགའ་མོས་བྱེད་སའི་ཕྲེང་བ་ཞིག་ཡོད་པ་དེ་དེ་ནས་བོར་སོང་བ་དང་། ཕྲེང་བ་དེ་ཤིང་གི་ཕྲེང་བ་ཞིག་ཡིན་ཞིང་བྱུ་རུ་ཞིག་གིས་རྒྱན་བརྒྱབས་ཡོད། ངས་ལོ་མང་པོ་ལ་སྤྱད་པར་མ་ཟད། ཆོས་ཀྱི་རྗེ་ཉིད་ཀྱིས་ཀྱང་བྱིན་རླབས་ལན་མང་པོར་མཛད་མྱོང་། ཕྱི་རྒྱལ་ལ་སོང་རྗེས། ངས་ཕྲེང་བ་དེའི་སྟེང་ནས་འཕགས་པ་འཇམ་དཔལ་གྱི་བསྙེན་པ་བསགས་པར་མ་ཟད། ད་དུང་ཡང་ལེ་ཤོད་ནས་ཕུར་པ་རྡོ་རྗེ་གཞོན་ནུའི་བསྙེན་པ་འབུམ་ཕྲག་གཅིག་བཏོན་ཡོད། ཇ་ཅོག་ཕྱིར་ལོན་ཐུབ་པ་བྱུང་རུང་ཕྲེང་བ་དེ་གནས་དེ་ནས་བོར་སོང་བས། ཕྱིར་ལོག་རྗེས་ཡུན་རིང་མོ་ཞིག་ལ་ཡིད་སྐྱོ་ཆད་དེ་བར་གྱུར། གཅིག་བྱས་ན་འདི་ཡང་སྐྱེ་བ་སྔ་མའི་ལན་ཆགས་འཁོར་བ་ཡིན་སྲིད་པས། ཁོ་ཚོ་ལ་ངེས་པར་དུ་དངོས་པོ་ཞིག་ཕར་སྤྲད་ནས་ལན་སོད་དགོས་པ་ཡིན་རྒྱུ་རེད། འོན་ཀྱང་ཇ་ཅོག་ཅིག་ཡིན་ན་ཁོ་ཚོས་མཁོ་ཆོད་ན་ཐང་ཡང་། ཕྲེང་བ་ཞིག་གིས་ནི་བེད་ཅི་ཆོད་འདི་ཆོད་ཅི་ཡང་མེད་ངེས་གཏན་རེད།

དེ་ནས་ངེད་དཔོན་སློབ་རྣམས་བཀང་ཀྲུས་གནམ་ཐང་དུ་སླེབས་ཤིང་། གནམ་གྲུ་ནི་ཆུ་ཚོད་གཉིས་གསུམ་ལྷག་ཏུ་ཕྱིར་འགྱང་བྱས་སོང་། རི་འཁོར་ལ་བཞུགས་པའི་རྐྱེན་གྱིས། ཆོས་ཀྱི་རྗེ་ཉིད་གནམ་གྲུ་སྒུག་ཁང་དུ་བཞུགས་སྐབས་ཀྱང་། དབུ་བསྙུང་རྒྱུ་མ་དྭངས་བར་ཤིན་ཏུ་མི་བདེ་བར་གྱུར་འདུག་གསུངས་ཏེ། མཁའ་དབུགས་གཙང་མ་རེ་རྔུབ་པའི་ཆེད་དུ་ཕྱི་རོལ་ལ་ཕེབས་ནས་བཞུགས། དེ་དུས་ཕྱི་རོལ་ཏུ་ཆར་ཤག་རྒྱག་གིན་འདུག་པས་ངས་རྗེ་ཉིད་ལ་ཆར་གདུགས་ཕུབ་ཀྱང་། ཆར་པའི་ནང་དུ་བསྡད་ན་ཅུང་ཟད་དྭངས་ཡོང་གིན་འདུག་པས། ཆར་གདུགས་མི་དགོས་གསུངས་ནས་བཀག་པར་མཛད་ཅིང་། ངས་རྗེ་ཉིད་ལ་བྲོ་ཐུག་ཕོར་གང་ཉོ་བསམས་ནས་སོང་བས། བློ་ཡུལ་ལས་འདས་པ་ཞིག་ལ། ནམ་རྒྱུན་བྲོ་ཐུག་ཕོར་གང་ལ་སྒོར་མོ་གཅིག་ཡིན་པ་ལ། གནམ་ཐང་ནས་སྒོར་མོ་བཅོ་ལྔ་བྱས་ཏེ་བཙོང་གི་འདུག་པས། གནམ་ཐང་ནས་བཙོང་བའི་ཅ་ལག་ཐམས་ཅད་རིན་གོང་ཤིན་ཏུ་ཆེན་པོ་ཡིན་པ་ཐེངས་དང་པོར་ཤེས་ནས། ངེད་ཚོ་ཧང་སངས་དགོས་པ་བྱུང་། ཡིན་ན་ཡང་རིན་གོང་ཆེན་མོ་སྤྲོད་དགོས་རུང་། ཕོར་གང་ཉོས་ནས་རྗེ་ཉིད་ལ་དྲངས་ཀྱང་ཞལ་ཁམ་རེ་གཉིས་ལས་མ་གསོལ།

ཆོས་ཀྱི་རྗེ་ཉིད་ཆར་པའི་ནང་ལ་ཡུན་རིང་མོར་བཞུགས་ཤིང་། རྒྱ་གར་འཕགས་ཡུལ་འདྲ་བའི་ཚ་བ་ཤིན་ཏུ་ཆེ་བའི་ས་ཆ་ནས་ཚུར་སླེབས་མ་ཐག་པ་ཡིན་པས། རྗེ་ཉིད་ཀྱིས་ན་བཟའ་སྲབ་མོ་ལས་མནབས་མེད་སྟབས། སྐུ་བསིལ་ནས་སྙུང་གཞེས་འགྲོ་རྒྱུ་རེད་བསམས་ཏེ། སླར་ཡང་བལ་ཕྱར་ཞིག་ཉོས་ནས་སྐུ་མདུན་ལ་ཕུལ་བ་ཡིན་ཞིང་། རྗེ་ཉིད་ཀྱིས་བལ་ཕྱར་དེ་མནབས་ནས་ཆར་ཞོད་ནང་ལ་ཅི་མི་སྙམ་པར་བཞུགས་རྐྱང་མཛད། རྣམ་པ་དེ་ངའི་ཡིད་ངོ་ལ་ཤིན་ཏུ་གསལ་བོར་བསྡད་འདུག་པས། ནམ་རྒྱུན་བཀང་ཀྲུས་གནམ་ཐང་དུ་འགྲོ་བའི་སྐབས་ཐམས་ཅད་ལ། རང་དབང་མེད་པར་དྲན་འོང་གི་འདུག

གནམ་གྲུ་ཤིན་ཏུ་འཕྱི་མོར་གྱུར་པའི་དུས་སུ་ད་གདོད་འཕུར་ཐུབ་པ་བྱུང་ཞིང་། ནམ་ཕྱེད་ཆུ་ཚོད་བཅུ་གཉིས་ལྷག་གི་སྟེང་། ཁྲིང་ཏུའུ་གྲོང་ཁྱེར་ལ་ཞབས་སོར་བཀོད་ཐུབ་པ་བྱུང་བས། ཁྱོན་ཆུ་ཚོད་གཉིས་ལྷག་ལ་འཕུར།

དེ་སྔོན་ཧོང་ཀོང་ལ་བཞུགས་པའི་དུས་སུ། ངས་གསེར་རྟ་རྫོང་གི་མི་རྣམས་ལ་གློག་ཡིག་ཐེངས་གཉིས་པ་བསྐུར་ནས། ཆོས་ཀྱི་རྗེ་ཉིད་ཕྱིར་ཕེབས་རྒྱུ་ཡིན་སྐོར་སྒར་ལ་ཆ་རྒྱག་རོགས་ཞུས་ཤིང་། གཏམ་དེ་གོ་རྗེས་སློབ་ཚོགས་མང་པོ་ཁྲིང་ཏུའུ་ལ་ཕེབས་བསུ་རུ་སླེབས་འདུག ཡིན་ན་ཡང་དེ་དུས་བརྡ་འཕྲིན་ལ་ཡར་རྒྱས་ཆེན་པོ་ཕྱིན་མེད་སྟབས། ཁོ་ཚོས་རྗེ་ཉིད་ཕྱིར་ཕེབས་པའི་དུས་ཚོད་རགས་རིམ་ཙམ་ལས། ཡང་སྙིང་ཟླ་ཚེས་གང་ཞིག་ཏུ་ཕེབས་རྒྱུ་ཡིན་པ་ངེས་ཏིག་རང་མ་གོ་བའི་རྐྱེན་གྱིས། ཁྲིང་ཏུའུ་ནས་ཉི་མ་མང་པོ་ལ་སྒུག་དགོས་ཐུག་འདུག

ཉིན་དེར་ཆོས་ཀྱི་རྗེ་ཉིད་ཕེབས་རྒྱུ་ཡིན་པར་ཤེས་མ་ཐག ཁོང་རྣམ་པ་དགའ་མགུ་ཡི་རང་ངང་ཡིད་ཤིན་ཏུ་གཡོས་པར་གྱུར་འདུག་པ་དང་། དེ་དུས་ཁྲིང་ཏུའུ་གནམ་ཐང་ལ་ཆ་རྐྱེན་ཡག་པོ་མེད་པར་མ་ཟད། ཕྱོགས་མང་པོ་ནས་ཚད་དང་ལྡན་པ་ཡང་མེད་པས་སློབ་མ་འགའ་རེས་འབྲེལ་བ་བརྒྱུད་དེ། གནམ་གྲུ་འབབ་ས་རང་དུ་ཕེབས་བསུ་ལ་སླེབས་འདུག སློབ་མ་ལ་ལས་གནམ་ཐང་གི་ལས་སྒྲུབ་མི་སྣ་དག་ལ་ནང་དུ་གཏོང་བའི་རེ་བ་ཞུས་ཀྱང་བཏང་མི་འདུག་པ་ལ། ཟུར་གྱི་ལྕགས་ཀྱི་དྲྭ་བ་བཙན་ཤེད་ཀྱིས་གཏོར་ནས་ནང་དུ་ཤོར་སོང་བས། གནམ་ཐང་གི་ལས་སྒྲུབ་མི་སྣ་དག་གིས་ཀྱང་འགོག་མ་ཐུབ་པར་མངགས་དགོས་བྱུང་འདུག་པའི་རྐྱེན་གྱིས། ཆོས་ཀྱི་རྗེ་ཉིད་གནམ་གྲུ་ལས་བབས་མ་ཐག གནམ་གྲུའི་འོག་ནས་སློབ་ཚོགས་ཤིན་ཏུ་མང་པོས་ལག་ལ་དར་ཁ་བཟུང་ཞིང་མིག་ནས་མཆི་མ་འཐོར་བཞིན་བསྒུགས་འདུག་པ་མཐོང་ཞིང་། སློབ་ཚོགས་ཀུན་གྱི་བློ་ཁ་ལྷོད་ལ་འབབ་ཐུབ་པའི་ཕྱིར་དུ། ཆོས་ཀྱི་རྗེ་ཉིད་ཀྱིས་ཁོང་ཚོ་གཟིགས་མ་ཐག་བགྱི་བ་ཀུན་གྱི་ཐོག་མ་ལ། རུམ་ནང་གི་ཁྱི་གུ་ཕྱིར་བླངས་ནས་ཞལ་འཛུམ་པ་དང་བཅས་ཏེ། འདི་ང་ལ་རྒྱ་གར་ནས་བྱིན་པ་ཡིན་ཞིང་། མིང་ལ་པོའུ་ཁཱོ་ཟེར། སྙིང་རྗེ་མོ་ཞིག་ཨེ་རེད། ཅེས་གསུངས།

བཀང་ཀྲུས་གནམ་ཐང་ནས་ངེད་ཅག་གི་ལམ་ཆས་ལྗིད་ཚད་ལས་བརྒལ་ཏེ་མཉམ་དུ་འཁྱེར་རྒྱུ་མ་བྱུང་བས། ཁྲིང་ཏུའུ་རུ་སླེབས་རྗེས་ངས་ལམ་ཆས་ཕྱིར་ལོན་པ་ལ་ཐབས་ཅི་ཞིག་དགོས་མིན་བསམ་བློ་གཏོང་གིན་ཡོད་པའི་སྐབས་སུ། ཚོང་པ་ཞིག་ལ་འཕྲད་ཅིང་། ཁོས་ང་ལ་རོགས་པ་འདྲ་དགོས་སམ་ཞེས་དྲིས་སོང་བ་དང་། ངས་ཁོ་ལ་གནས་ཚུལ་ཇི་བཞིན་བཤད་པས། ཁོ་མཚན་ཐོགས་ཐག་ལ་གནམ་གྲུར་བསྡད་ནས། བཀང་ཀྲུས་ལ་འཕུར་ཏེ་ལམ་ཆས་ཚང་མ་ཕྱིར་ཁྱེར་ནས་སླེབས་འདུག་ཅིང་། ངས་དྲན་སོས་པ་ཞིག་ལ། མི་དེས་ཁུག་མ་ནག་པོ་ཞིག་མཆན་ཁུང་དུ་བཅུག་ནས། ལག་ཏུ་ཏྭ་ཀོ་ཏྭ་ཞེས་པའི་ལག་ཁྱེར་ཁ་པར་ནག་པོ་ཆེན་པོ་ཞིག་བཟུང་འདུག་པ་དང་། དེ་ནི་ངས་ལག་ཁྱེར་ཁ་པར་དེ་འདྲ་མཐོང་བའི་ཐོག་མ་ཡིན།

༡༩༩༠ ལོའི་ཟླ་༡༡ ཚེས་༢༢ །

ཆོས་ཀྱི་རྗེ་ཉིད་ཁྲིང་ཏུའུ་གྲོང་ཁྱེར་ནས་ཉི་མ་གཅིག་ལ་སྐུ་ངལ་གསོས་ནས་བཞུགས།

རྗེ་ཉིད་ཡུལ་གྲུ་གཞན་ལ་ཕེབས་སྐབས། ས་ཚུགས་རེ་རེ་ལ་ཕེབས་ཙ་ན་རྒྱུན་དུ་ཞབས་འབྲིང་སྐུ་འཁོར་རྣམས་བསྡུས་ནས་ཚོགས་འདུ་ཆུང་ཆུང་ཞིག་འཚོགས་ཏེ། དོན་དག་ཅི་ཞིག་སྒྲུབ་དགོས་པ་རྣམས་བཀའ་སྩོལ་སྲོལ་ཡོད་པས། ཉིན་དེར་མཇུག་སྡོམ་པའི་ཚོགས་འདུ་ཞིག་འཚོགས་པར་མཛད་དེ་ཞལ་ནས། ད་རེས་བལ་ཡུལ་དང་། རྒྱ་གར་འཕགས་ཡུལ། འབྲུག་ཡུལ་བཅས་ཀྱི་གནས་ཆེན་ཁག་མང་པོ་ལ་སོང་ནས། དོན་དག་ཡག་པོ་གྲུབ་ནས་ཕུན་སུམ་ཚོགས་པོ་རེད་སོང་། སྒར་ལ་ཕྱིར་མ་སོང་བའི་སྔ་རོལ་ཏུ་ང་ད་དུང་ཁྲིང་ཏུའུ་ཡི་ཉེ་འཁོར་ནས་ཡར་མར་ཅུང་ཟད་འགྲོ་བའི་འཆར་གཞི་ཡོད། ལོ་འགའ་ཞིག་གི་གོང་དུ། ང་རི་བོ་རྩེ་ལྔ་ལ་འགྲོ་སྐབས་ཞོར་དུ་ཁྲིང་ཏུའུ་ཡི་ཉེ་འཁོར་ལ་ཡོད་པའི་གནས་ཆེན་འགའ་རེ་ལ་སོང་ཡང་། མཁན་པོ་རྣམ་གྲོལ་དང་བླ་མ་དངོས་གྲུབ་རྣམ་པ་གཉིས་དེ་དུས་མེད་པས་འགྲོ་མ་མྱོང་བ་རེད། ཐེངས་འདིར་ཕྱི་རྒྱལ་ལ་འགྲོ་བའི་དུས་སུ། ཁོང་རྣམ་པ་གཉིས་ཀྱིས་དཀའ་ཚེགས་འོ་བརྒྱལ་མང་པོ་མྱངས་སོང་། དེའི་ཁར་རྒྱ་ཡུལ་གྱི་དགོན་པ་འགའ་རེས་རྒྱུན་དུ་ཆོས་གསུང་བར་ཡོང་དགོས་ཞེས་གདན་འདྲེན་བྱེད་བཞིན་ཡོད་པས། ཉི་མ་ཁ་ཤས་ལ་ང་ལ་ཡང་དུས་ཚོད་ཀྱི་ཁོམ་ལོང་ཡོད་སྟབས། ཉེ་འཁོར་གྱི་དགོན་པ་དང་། གནས་ཆེན་དག་ལ་སླར་ཡང་མཇལ་སྐོར་རེ་བྱེད་བསམ་གི་ཡོད་པས། འདི་ལྟར་འགྲོ་རྒྱུ་བྱུང་ན་གནས་སྐོར་ཕུན་སུམ་ཇེ་ཚོགས་སུ་འོང་རྒྱུ་རེད་ཅེས་དེར་འདུས་ཡོངས་ལ་བཀའ་ཕེབས།

དེའི་ཕྱིར། ངེད་དཔོན་སློབ་རྣམས་ཀྱིས། གནས་སྐོར་གྱི་འགྲུལ་བཞུད་གསར་པ་ཞིག་གི་དབུ་འཛིན་རྒྱུའི་བཀོད་སྒྲིག་བྱས་པ་ཡིན།

༡༩༩༠ ལོའི་ཟླ་༡༡ ཚེས་༢༣ །

དགུང་ལོ་བརྒྱད་ཅུ་ལྷག་ལ་ཕེབས་པའི་བཙུན་པ་ཝེ་ཡིང་གིས་གདན་འདྲེན་ཞུས་པ་ལྟར། རྗེ་ཉིད་ཀྱིས་ཐུགས་བརྩེ་བ་ཆེན་པོས་བཀས་གནང་སྟེ། ཁྲིང་ཏུའུ་ཏཱ་ཡེ་རྫོང་ཁོངས་སུ་ཡོད་པའི་རྒྱ་ཡི་དགོན་པ་པེ་ཡན་ཟི་སྟེ་བྲག་དཀར་དགོན་བྱ་བ་དེར་ཞབས་སོར་བཀོད། བཙུན་པ་ཝེ་ཡིང་ནི་ནོར་ལ་སྤྲུལ་སྐུ་དང་གངས་དཀར་སྤྲུལ་སྐུ་གཉིས་ཀྱི་སློབ་མ་ཡིན་ཞིང་། ཕྱིས་དགུང་ལོ་བརྒྱ་དང་གཅིག་ལ་ཕེབས་རྗེས་སྐུ་གཤེགས་པ་རེད། བྲག་དཀར་དགོན་ནི་བོད་བརྒྱུད་ནང་བསྟན་ལ་འཆད་ཉན་སྒོམ་སྒྲུབ་བྱེད་སའི་རྒྱ་ཡི་དགོན་པ་ཞིག་ཡིན་པར་མ་ཟད། ལོ་རྒྱུས་ཤིན་ཏུ་རིང་མོ་ཡོད་པ་རེད། ཧན་ཤར་མའི་དུས་སྐབས་སུ། རྒྱ་ཡུལ་ལ་ཕེབས་པའི་རྒྱ་གར་གྱི་སློབ་དཔོན་ཀཱཤྱཔཿམཏཾགཱ་དང་སློབ་དཔོན་དྷརྨ་རཏྣ་གཉིས་ཀྱིས་ཕྱག་བཏབ་པར་གྲགས་ཤིང་། དགོན་པ་དེ་རི་ཞིག་གི་སྟེང་ལ་ཆགས་འདུག་པ་དང་། གཞུང་ལམ་ཡང་བརྒྱབས་མི་འདུག་པས། ཆོས་ཀྱི་རྗེ་ཉིད་ཕེབས་བྱམས་ལ་བཞུགས་ནས་གདན་འདྲེན་ཞུས་པ་རེད།

བྲག་དཀར་དགོན་ལ་ཞབས་སོར་བཀོད་རྗེས། ཆོས་ཀྱི་རྗེ་ཉིད་ཀྱིས་དགོན་པ་དེའི་འདུས་པ་བྱིངས་དང་། ཞབས་འབྲིང་སྐུ་འཁོར་དང་བཅས་པ་རྣམས་ལ་འཇམ་དཔལ་རྫོགས་པ་ཆེན་པོའི་བཀའ་དབང་བསྩལ་པར་མ་ཟད། ས་གནས་དེ་གའི་མང་ཚོགས་རྣམས་ལ་ཆོས་འབྲེལ་གནང། དེ་རྗེས་བཙུན་པ་ཝེ་ཡིང་གིས་དགོན་པ་དེ་ཉིད་བསྟན་པ་རྨ་མེད་པ་ལ་འཆད་ཉན་སྒོམ་སྒྲུབ་བྱ་སའི་གདན་ས་ཁྱད་པར་ཅན་དུ་འགྱུར་བའི་ཕྱིར། ཆོས་ཀྱི་རྗེ་ཉིད་ལ་ཕུལ་བར་བྱས།

བྲག་དཀར་དགོན་ལ་བཀའ་ཆོས་གསུང་བར་ཕེབས་པ་ལ་འགྲིམ་འགྲུལ་སྟབས་བདེ་མེད་པས། རླངས་འཁོར་གཅིག་ལ་ཞུགས་ནས་སོང་རྗེས་སླར་ཡང་རླང་ས་འཁོར་གཞན་ལ་བརྗེ་དགོས་པ་དང་། རི་ལ་འཛེག་པ་སོགས་ཕར་ཚུར་དཀའ་ཚེགས་མང་པོ་རྒྱག་དགོས་འདུག་པར་བརྟེན། ཉི་མ་གཅིག་གི་རིང་ལ་འགོར་རྒྱུ་བྱུང་ནས། རྗེ་ཉིད་ཀྱིས་འོ་བརྒྱལ་མང་པོ་བསྐྱོན་དགོས་ཐུག་ཀྱང་། ནང་པའི་ཆོས་ཀྱི་བདུད་རྩི་ལ་བརྟེན་ནས། སེམས་ཅན་མང་པོ་ལ་ཕན་པ་དང་བདེ་བ་སྩོལ་ཐུབ་པ་བྱུང་ན། རྗེ་ཉིད་ཀྱི་ཐུགས་ལ་བརྣགས་པའི་དོན་པོ་ཆེ་རྣམས་དེ་ཉིད་ཀྱིས་འགྲུབ་པར་འགྱུར་བས། དཀའ་ཚེགས་དེ་དག་རྒྱུན་ལྡན་ལྟ་བུ་ཞིག་ཏུ་བརྩི་བ་ལས་དཀའ་སྣང་ཅི་ཡང་མི་མཛད་པ་རེད།

༡༩༩༠ ལོའི་ཟླ་༡༡ ཚེས་༢༤ །

དགུང་ལོ་བརྒྱད་ཅུ་གྱ་བརྒྱད་ལ་ཕེབས་པའི་བཙུན་པ་ཆིན་ཏེན་གྱིས་གདན་ཞུས་བྱས་པ་ལྟར། ཆོས་ཀྱི་རྗེ་ཉིད་ཐུགས་བརྩེ་བ་ཆེན་པོས་ཀྲོའོ་ཅོའོ་ཟི་སྟེ་མཁྱེན་གསལ་དགོན་དུ་ཞབས་སོར་བཀོད། མཁྱེན་གསལ་དགོན་ནི་བོད་བརྒྱུད་ནང་བསྟན་ལ་འཆད་ཉན་བྱེད་པའི་དགོན་པ་ཞིག་ཡིན་ཞིང་། བཙུན་པ་ཆིན་ཏེན་ནི་རྒྱའི་ཡུལ་དུ་མཚན་སྙན་ཤིན་ཏུ་ཆེ་བའི་བླ་མ་ཞིག་ཡིན་པར་མ་ཟད། ཆོས་ཀྱི་རྗེ་དང་ཐུགས་ནང་ཤིན་ཏུ་མཐུན་པའི་གྲོགས་པོ་བཟང་པོ་དང་སློབ་མ་བཟང་པོ་ཡང་ཡིན་པ་རེད། ཁོང་གིས་རྒྱུན་དུ་ཁོང་གི་སློབ་མ་རྣམས་ལ། ཆོས་ཀྱི་རྗེ་ཉིད་བླ་མར་བསྟེན་རྒྱུ་བྱུང་ན་སྐལ་བ་ཤིན་ཏུ་བཟང་པོ་རེད་ཅེས་ངོ་སྤྲོད་གནང་བར་གདའ།

ཆོས་ཀྱི་རྗེ་དང་བཙུན་པ་ཆིན་ཏེན་རྣམ་པ་གཉིས་ཀྱིས་ཆོས་ཀྱི་གཏམ་གླེང་མདོར་བསྡུས་པ་ཁ་ཤས་མཛད་པ་དང་། དེ་རྗེས་དགོན་པ་དེའི་ནང་དུ་བཞུགས་པའི་རྟེན་གསུམ་ལ་མཇལ་གཟིགས་གནང་ཞིང་། དགེ་འདུན་པ་རྣམས་ལ་ཕྱག་དབང་བསྩལ་ནས་བྱིན་རླབས་མཛད།

ཉིན་དེར་ཆོས་ཀྱི་རྗེའི་མཚན་སྙན་གོ་ནས་དད་ལྡན་མང་ཚོགས་ཤིན་ཏུ་མང་པོ་འདུ་འཛོམས་བྱུང་འདུག་པ་རྣམས་ལ། རྗེ་ཉིད་ཀྱིས་ཆོས་ཀྱི་སྐྱེས་ལྷུག་པོར་བསྩལ་ནས། དགེ་བའི་ལས་ལམ་ལ་རྒྱ་ཆེར་བཀོད་པར་བྱས།

ཆོས་ཀྱི་རྗེ་ཉིད་དང་བཙུན་པ་ཆིན་ཏེན་རྣམ་གཉིས།

༡༩༩༠ ལོའི་ཟླ་༡༡ ཚེས་༢༥ །

ཆོས་ཀྱི་རྗེ་ཉིད་པོ་ཀང་ཟི་སྟེ་རིན་ཆེན་འོད་ཟེར་དགོན་ལ་ཆིབས་ཀྱི་ཁ་ལོ་བསྒྱུར་ཅིང་། དགོན་པ་དེའི་མཆོད་རྟེན་དང་དགྲ་བཅོམ་ལྔ་བརྒྱའི་སྐུ་བརྙན་རྣམས་ལ་མཇལ་གཟིགས་མཛད།

༡༩༩༠ ལོའི་ཟླ་༡༡ ཚེས་༢༦ །

སྔ་དྲོར། ཆོས་ཀྱི་རྗེ་ཉིད་ཁྲིང་ཏུའུ་ཝོན་ཧྲོན་ཡོན་ཏེ་འཇམ་དཔལ་གླིང་བྱ་བའི་དགོན་པར་ཞབས་སོར་བཀོད།

དེ་རྗེས། དགུང་ལོ་བརྒྱ་ལ་ཉེ་ཞིང་མིང་ལ་ཡོན་ཏན་རྒྱ་མཚོ་ཟེར་བའི་རྒྱ་ཡི་བཙུན་པ་བགྲེས་པོ། བོད་བརྒྱུད་ནང་བསྟན་ལ་འཆད་ཉན་ཤ་སྟག་བྱེད་མཁན་ཞིག་ཡོད་པ་དེས། ཁོང་གི་གཟིམ་སྤྱིལ་ཆུང་ཆུང་དུ་ཅིས་ཀྱང་ཕེབས་དགོས་ཞེས་གསོལ་བ་ཡང་ཡང་བཏབ་པའི་ངོར། རྗེ་ཉིད་ཀྱིས་ཐུགས་བརྩེ་བ་ཆེན་པོས་གནང་སྟེ། དུས་ཡུན་ཐུང་ཐུང་ཙམ་ལ་བཞུགས་ནས་བྱིན་རླབས་མཛད་ཅིང་ཆོས་འབྲེལ་མདོར་བསྡུས་གནང།

༡༩༩༠ ལོའི་ཟླ་༡༡ ཚེས་༢༧ ནས་ཟླ་༡༡ ཚེས་༢༨ །

ཆོས་ཀྱི་རྗེ་ཉིད་སི་ཁྲོན་ཞིང་ཆེན་རྒྱུན་ལས་ལྷན་ཚོགས་དང་། ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་བཞུགས་མོལ་ཚོགས་འདུ་ཁ་ཤས་ལ་ཚོགས་ཞུགས་མཛད།

ཁོ་ཚོས་ཕྱི་རྒྱལ་ལ་འགྲོ་སྐབས་ངེད་ཅག་གི་ལག་ལ་ཡོད་པའི་ཡིག་ཆ་དང་མཛད་རིམ། འདྲ་པར་སོགས་རྒྱུ་ཆ་ཡོད་ཚད་མཁོ་སྤྲོད་བྱེད་དགོས་པ་དང་། འབྲེལ་ཡོད་ལས་ཁུངས་དག་ལ་ཡིག་ཐོག་ནས་སྙན་ཞུ་བྱེད་དགོས་ཟེར་བ་དང་མཉམ་དུ། བལ་པོ་དང་རྒྱ་གར། འབྲུག་ཡུལ་སོགས་ཀྱི་དོན་དག་འགའ་རེའི་སྐོར་ནས་རྗེ་ཉིད་ལ་དྲི་བ་ཁ་ཤས་ཞུས།

༡༩༩༠ ལོའི་ཟླ་༡༡ ཚེས་༢༩ །

ཆོས་ཀྱི་རྗེ་ཉིད་ལི་ཧྲན་བྱམས་ཆེན་ལ་མཇལ་གཟིགས་མཛད་པར་ཕེབས་ཀྱང་། ངེད་ཅག་རི་མགོ་ལ་མ་འཛེག་པར་ཆུ་བོའི་ཕ་རོལ་ནས་གསོལ་འདེབས་སྨོན་ལམ་བྱས།

ལི་ཧྲན་གྲོང་ཁྱེར་དུ་ཞབས་སོར་བཀོད་རྗེས། ས་གནས་དེ་གའི་ནང་བསྟན་མཐུན་ཚོགས་ཀྱིས་གདན་ཞུས་བྱས་པ་ལྟར། རྗེ་ཉིད་ཕེབས་ཏེ་མཉམ་གཅིག་ཏུ་གུང་ཟས་བཞེས་ཤིང་། ཉིན་དེར་གནས་དེ་ག་རང་དུ་ཞལ་བཞུགས་མཛད།

༡༩༩༠ ལོའི་ཟླ་༡༡ ཚེས་༣༠ །

ཆོས་ཀྱི་རྗེ་ཉིད་གླང་ཆེན་འགྱིང་རི་ལ་ཞབས་སོར་བཀོད། རྗེ་ཉིད་དང་མཉམ་དུ་ད་དུང་སྒར་ནས་ཕེབས་བསུ་ལ་སླེབས་པའི་སློབ་ཚོགས་ཉི་ཤུ་ལྷག་ཙམ་ཡོད་ཅིང་། ཁྲིང་ཏུའུ་ལ་བཞུགས་པའི་སྐབས་ཐམས་ཅད་དུ་ཁོང་རྣམ་པ་རྗེ་ཉིད་ཀྱི་ཕྱི་བཞིན་དུ་འབྲངས་ནས་གནས་སྐོར་ལ་ཕེབས་པ་རེད།

ཆོས་ཀྱི་རྗེ་ཉིད་རི་རྩེ་ལ་མ་ཕེབས་པར། རི་སྐེད་ཀྱི་མཚམས་ལ་ཡོད་པའི་ཝན་ཉན་ཟི་སྟེ་ལོ་ཁྲི་དགོན་ཟེར་བ་དེར་མཇལ་གཟིགས་ལ་བྱོན་པ་དང་། དགོན་པ་དེའི་ནང་དུ་འཕགས་པ་ཀུན་ཏུ་བཟང་པོའི་སྐུ་ཤིན་ཏུ་ཆེན་པོ་ཞིག་དང་། ད་དུང་སངས་རྒྱས་འོད་སྲུང་གི་ཚེམས་གདུང་སོགས་རྟེན་ཁྱད་པར་ཅན་མང་པོ་བཞུགས། རྗེ་ཉིད་ཀྱིས་འདོན་པའི་དབུ་བཟུང་སྟེ་བཟང་པོ་སྤྱོད་པའི་སྨོན་ལམ་གསུངས་ནས། ཐུགས་བསྐྱེད་སྨོན་ལམ་ཟབ་རྒྱས་སུ་མཛད།

རྗེ་ཉིད་སྐུ་འཁོར་དང་བཅས་གླང་ཆེན་འགྱིང་རིར་བཞུགས་པ།

༡༩༩༠ ལོའི་ཟླ་༡༢ ཚེས་༡ །

མཁན་པོ་རྣམ་གྲོལ་དང་བླ་མ་དངོས་གྲུབ་རྣམ་པ་གཉིས། ཁྲིང་ཏུའུ་ནས་ཞལ་གྱེས་ཏེ་རྒྱ་གར་འཕགས་པའི་ཡུལ་ལ་ཕྱིར་ཕེབས།

ཆོས་ཀྱི་རྗེ་ཉིད་བོད་གངས་ཅན་གྱི་ལྗོངས་ལ་ཆིབས་ཀྱི་ཁ་ལོ་བསྒྱུར་ཅིང་། གཡག་རྔ་དང་ཨར་ཇག་རི་བོ་བརྒྱུད། ཤིན་ཏུ་འཕྱི་མོར་གྱུར་པའི་དུས་སུ། དར་རྩེ་མདོ་རུ་ཞབས་ཀྱི་པདྨོ་བཀོད།

༡༩༩༠ ལོའི་ཟླ་༡༢ ཚེས་༢ ནས་ཟླ་༡༢ ཚེས་༣ །

དར་རྩེ་མདོ་ནས་དཀར་མཛེས་རང་སྐྱོང་ཁུལ་གྱི་ཆོས་ལུགས་ལས་ཁུངས་དང་། འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་བཅས་ཀྱི་འབྲེལ་ཡོད་ཚོགས་འདུར་ཚོགས་ཞུགས་མཛད།

༡༩༩༠ ལོའི་ཟླ་༡༢ ཚེས་༤ །

དར་རྩེ་མདོ་ནས་ཆིབས་ཀྱི་ཁ་ལོ་བསྒྱུར་ཏེ། མཚན་མོ་རང་ལ་རྟའུ་རྫོང་ཁོངས་སུ་ཡོད་པའི་རབ་སྒང་དགོན་དུ་ཞབས་སོར་བཀོད་ཅིང་། ས་གནས་དེ་གའི་སྐྱ་སེར་དད་ལྡན་ཤིན་ཏུ་མང་པོ་འདུ་འཛོམས་བྱུང་བ་ལ། ཆོས་ཀྱི་རྗེ་ཉིད་ཀྱིས་ཐུགས་བརྩེ་བ་ཆེན་པོས་ཆོས་འབྲེལ་གནང།

༡༩༩༠ ལོའི་ཟླ་༡༢ ཚེས་༥ །

རབ་སྒང་དགོན་ནས་ཆིབས་ཁ་བསྒྱུར་ཏེ། གདན་ས་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་ཞབས་ཀྱི་པདྨོ་གཟི་བརྗིད་ལྷམ་མེར་བཀོད། སྒར་ནས་ཕེབས་བསུ་ལ་ཡོང་བའི་སློབ་ཚོགས་མང་པོས། རྟའུ་དང་བྲག་འགོ་སོགས་ས་ཚུགས་མང་པོར་བསྒུགས་འདུག་པས། ཁོང་རྣམ་པས་ས་ཚུགས་རེ་རེ་ནས་རེ་རེ་བྱས་ཏེ་ཆོས་ཀྱི་རྗེ་ཉིད་ལ་ཕེབས་བསུ་རྒྱ་ཆེན་པོ་ཞུས་སོང་།

ཞབས་ཀྱི་པདྨོ་གདན་ས་བླ་རུང་སྒར་ལ་རྣམ་པར་བཀོད་ཟིན་རྗེས། མཁན་པོ་སྒེག་རྡོར་གྱིས་གཙོར་མཛད་པའི་སློབ་ཚོགས་མཐའ་དག་གདོང་མཆི་མས་གང་སྟེ། ཤིན་ཏུ་ཡུན་རིང་མོ་ཞིག་ནས་བསྒུགས་བསྒུགས་པའི་ཆོས་ཀྱི་རྗེ་ཉིད་ཕྱིར་ཕེབས་རྒྱུ་བྱུང་བས། དགའ་གུས་ཚད་ལས་འདས་པ་ཞིག་གི་ངང་ཁོང་རྣམ་པའི་རེ་འབྲས་དོན་ཐོག་ཏུ་སྨིན་ཐུབ་པར་བྱུང་བ་རེད།

ཆོས་ཀྱི་རྗེ་ཉིད་ཕྱི་ལོགས་སུ་ཕེབས་ནས་ཚུར་ཞབས་སོར་བཀོད་པའི་སྐབས་ཐམས་ཅད་དུ། སློབ་ཚོགས་ཡོངས་ལ་སྤྱི་སྡོམ་གནང་བའི་ཚུལ་གྱིས་གསུང་བཤད་མཛད་སྲོལ་ཡོད། སྐབས་དེ་དུས་སྒར་ལ་གནྡྷོ་ལའི་གཙུག་ལག་ཁང་གཅིག་པུ་ལས་མེད་པས། ཆོས་ཀྱི་རྗེ་ཉིད་ཐོག་མར་གཙུག་ལག་ཁང་དེའི་ནང་དུ་ཕྱགས་ཕེབས་ནས། ཟླ་བ་དྲུག་དང་ཞག་མ་གསུམ་རིང་གི་ཕེབས་ལུགས་ཕེབས་སྟངས་ཀྱི་གནས་ཚུལ་སྐོར་ནས། སློབ་ཚོགས་འདུས་པ་སྤྱི་ལ་གསུང་བཤད་མདོར་བསྡུས་ཤིག་གནང་ཞིང་། ཞལ་སྔ་ནས། སྒར་ནས་ཁ་གྱེས་ཏེ་དང་པོ་ཁྲིང་ཏུའུ་དང་ལྷ་ས་ལ་སོང་། དེ་ནས་བལ་ཡུལ་དང་རྒྱ་གར་འཕགས་པའི་ཡུལ། འབྲུག་ཡུལ་ལ་སོང་ཞིང་། སླར་ཡང་རྒྱ་གར་འཕགས་པའི་ཡུལ་དང་བལ་ཡུལ་ལ་ཕྱིར་ལོག་པ་དང་། དེ་རྗེས་ཧོང་ཀོང་བརྒྱུད་ཁྲིང་ཏུའུ་གྲོང་ཁྱེར་ལ་ཐོན་ནས། ཁྲིང་ཏུའུ་གྲོང་ཁྱེར་གྱི་ཉེ་འཁོར་ལ་ཡོད་པའི་གནས་ཆེན་རྣམས་ལ་མཇལ་སྐོར་ཚར་རྗེས། དེ་རིང་སྒར་ལ་བདེ་འབྱོར་བྱུང་སོང་བ་རེད་ཅེས་པ་སོགས་ཀྱི་གསུང་བཤད་གནང།

དེ་དུས་དགུན་ཁ་གྲང་ངར་ཤིན་ཏུ་ཆེ་བའི་སྒང་ཡིན་ཡང་། སློབ་ཚོགས་རྣམས་ཀྱིས་ཡུན་རིང་མོར་མ་མཇལ་བའི་ཆོས་ཀྱི་རྗེ་ཉིད་མཇལ་ཙ་ན། འཇིག་རྟེན་གྱི་དྲོད་ཁོལ་ཐམས་ཅད་རང་ཉིད་ཀྱི་ཉེ་འཁྲིས་སུ་སླར་ཡང་འཁོར་སོང་བ་ལྟ་བུར་གྱུར་ནས། དགའ་ཞིང་མགུ་བའི་ཚད་ནི་སྨྲ་བསམ་གྱི་ཡུལ་ལས་འདས་པ་སྟེ་ཚིག་གི་ལམ་ནས་བརྗོད་ཐབས་ག་ལ་ཡོད།

སླར་ཡང་སྒར་ལ་ཕྱིར་སླེབས་ཐུབ་པ་བྱུང་བས། ང་ལ་ཡང་ཕ་ཡུལ་དུ་འཁོར་སོང་བ་ལྟར་ཤིན་ཏུ་ནས་ཀྱང་དགའ་མོ་བྱུང་བ་དང་། ང་རྒྱ་གར་འཕགས་པའི་ཡུལ་ལ་མ་བསྡད་པར་ཕྱིར་སླེབས་ནས་ཡོད་པས། རྒྱ་རིགས་ཀྱི་འཁོར་རྣམ་པ་བཞིའི་སློབ་ཚོགས་རྣམས་ལ། ནན་ཏན་གྱིས་ཆོས་ཆེ་ཤེས་ཆུང་ཤེས་རེ་བཤད་དགོས་པ་རེད། དེ་དུས་ངས་རྒྱ་ཡིག་རྒྱ་སྐད་ལེགས་པོ་རང་ཤེས་ཀྱི་མེད་པར་མ་ཟད། ཡིག་སྒྱུར་གྱི་ཆུ་ཚད་ཀྱང་འདང་ངེས་མེད་པས། ཧོང་ཀོང་ནས་ཀུན་བཟང་བླ་མའི་ཞལ་ལུང་གི་རྒྱ་འགྱུར་མ་ཞིག་དང་། བདུད་འཇོམས་ཆོས་འབྱུང་གི་རྒྱ་འགྱུར་མ་སོགས་འགྱུར་ཡིག་འགའ་རེ་བླུས་ནས་ཕྱིར་ཁྱེར་ཡོང་བ་ཡིན་ཞིང་། དེ་ནས་རྒྱ་ཡིག་གི་ཆུ་ཚད་གང་འཚམ་ཡར་རྒྱས་ལ་སོང་རྗེས། ད་གདོད་ཆོས་ཀྱི་གླེགས་བམ་འགའ་རེ་སྒྱུར་བའི་མགོ་ཚུགས་པར་མ་ཟད། རྒྱ་སྐད་ཀྱི་སྟེང་ནས་ཆོས་འཆད་ཉན་བར་མ་ཆད་དུ་བྱས་པ་ཡིན།

དེ་དུས་རྒྱ་རིགས་ཀྱི་སློབ་མ་རྣམས་ཆ་རྐྱེན་ཤིན་ཏུ་ཞན་ཞིང་། དཔེ་ཆ་དང་། གཙུག་ལག་ཁང་། བཞུགས་ཤག་སོགས་ཅི་ཡང་མེད་སྟབས། ཁོང་རྣམ་པས་ཐོས་བསམ་སློབ་གཉེར་བྱེད་པའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བའི་ཕྱིར་དུ། ངས་འབད་པ་ཆེ་ཐང་དུ་བྱས་པས་མི་ཚད། ཐ་ན་དངོས་སུ་ཁོང་རྣམ་པའི་དབུ་ཁྲིད་ནས་སྤོ་ཁང་བཟོ་བའི་རོགས་ཀྱང་ཁ་ཤས་བྱེད་མྱོང་བ་དང་། དེ་རྗེས་རྒྱ་རིགས་སློབ་མའི་འདུ་ཚོགས་ཉི་མ་རེ་རེ་ནས་རེ་རེ་བཞིན་ཇེ་མང་ནས་ཇེ་མང་དུ་སོང་ཞིང་། ༡༩༩༡ ལོར་རྒྱ་རིགས་ཀྱི་མཁན་པོ་མཁན་མོ་ཐོག་མ་བདམས་ཐོན་བྱུང་བ་དང་། ཆོས་ཀྱི་རྗེ་ཉིད་སྐུ་དངོས་ཀྱིས་མཁན་པོའི་ཕྱག་རྟགས་བསྩལ་བ་དང་ཆབས་གཅིག བླ་རུང་སྒར་གྱི་རྒྱ་རིགས་འཁོར་རྣམ་པ་བཞིའི་སློབ་ཚོགས་ཡོངས་ལ། བདུད་ལས་རྣམ་རྒྱལ་གླིང་ཞེས་པའི་མཚན་གནས་ཆེད་དུ་གསོལ་བར་མཛད།

༡༩༩༠ ལོའི་ཟླ་༡༢ ཚེས་༦ །

ཆོས་ཀྱི་རྗེ་ཉིད་གསེར་རྟ་རྫོང་དུ་ཕེབས་ཤིང་། འབྲེལ་ཡོད་ལས་ཁུངས་དག་གིས་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། རྗེ་ཉིད་བདེ་འབྱོར་ངང་ཕྱིར་ཕེབས་པ་ལ་དགའ་བསུ་ཞུས། ཚོགས་འདུའི་སྟེང་ནས་རྗེ་ཉིད་ཅུང་ཟད་ཐུགས་མ་རངས་པའི་ཚུལ་གྱིས། ང་མར་འགྲོ་སྐབས་ཕྱིར་མ་ལོག་པའི་སྔོན་ནས་སྒར་ལ་གློག་ཁྲིད་འོང་ཞེས་ཁྱོད་ཚོས་ཁས་ལེན་དམ་བཅའ་བྱས་ཡོད་ཀྱང་། ད་དུང་དོན་ཐོག་ཏུ་ཁེལ་མི་འདུག་གསུངས་པས། མགོ་ཁྲིད་མང་པོས་རྗེ་ཉིད་ཀྱི་གསུང་ཐོས་རྗེས། ངོ་ཅུང་ཟད་གནོང་དགོས་པ་བྱུང་ནས་གནད་དོན་དེ་ཐག་གཅོད་ལེགས་པོ་འོང་བའི་ཕྱིར་དུ། གང་མྱུར་མི་སྣ་མངགས་གཏོང་བྱེད་འོང་ཞེས་འཕྲལ་དུ་ཁས་ལེན་བྱས་ནས་ཞུ་བ་ཕུལ།

དེ་དུས་དགུན་ཁ་གྲང་ངར་ཆེ་སྒང་ཡིན་པས། ལས་གཞི་མང་པོ་འཛུགས་དགོས་ན་ཤིན་ཏུ་དཀའ་བར་གྱུར་ཡོད་པ་དང་། ཁྱད་པར་དུ་གློག་གི་ཀ་བ་འཛུགས་པའི་དུས་སུ་ཐང་དུ་ལྕི་བ་ལ་མེ་སྦར་ནས་ས་འཁེངས་ཐམས་ཅད་ཞུ་རུ་བཅུག་རྗེས། ད་གདོད་ས་ཅུང་ཟད་རྐོ་ཐུབ་པ་འོང་ཞིང་། ཁོ་ཚོས་གློག་གི་ཀ་བ་འགའ་རེ་ལས་མང་པོ་འཛུགས་མ་ཐུབ་རུང་། སྐབས་ཤིག་གི་རྗེས་སུ་བླ་རུང་སྒར་ལ་གློག་ཁྲིད་ཐུབ་པ་བྱུང་བ་རེད།

འདས་པའི་ལོ་བཅུ་ཙམ་གྱི་རིང་། བླ་རུང་སྒར་ལ་གློག་མེད་ཅིང་། ང་སྒར་ལ་ཐོན་ནས་ལོ་ལྔའི་ནང་དུ། སྣུམ་སྒྲོན་དང་མར་མེའི་འོད་ངོགས་སུ་དཔེ་ཆ་ལྟ་དགོས་པ་རེད་ལ། གློག་ཐོན་པའི་ཉིན་དང་པོར། སློབ་གཉེར་བ་ཚང་མ་དགའ་ཐག་ཆོད་པར་མ་ཟད། གློག་འོད་ཀྱི་ངོགས་སུ་ཐོས་བསམ་སློབ་གཉེར་བྱེད་པ་ནི་ཆེས་བདེ་སྐྱིད་དང་ལྡན་པའི་བྱ་བ་ཞིག་ཡིན་པའི་ཚོར་སྣང་སྐྱེས།

དེ་རྗེས་སྒར་ལ་སླར་ཡང་ཁ་པར་གྱི་སྐུད་པ་ཁྲིད་ཅིང་། ཆོས་ཀྱི་རྗེ་ཉིད་ཀྱིས་སྒར་ལ་གདན་གཞག་ཁ་པར་གསུམ་འཇོག་ཆོག་གསུངས་ནས་གཅིག་རྗེ་ཉིད་ཀྱི་གཟིམ་ཁང་ནང་དུ་བཞག་པ་དང་། གཞན་གཉིས་ལས་གཅིག་ཇོ་མོ་ཚང་དང་གཅིག་ཤོས་བླ་སེར་ཚང་ལ་བཞག་པ་རེད། ཇོ་མོའི་ཚང་གི་གདན་གཞག་ཁ་པར་དེ་མཁན་མོ་རིགས་བྱེད་ཀྱི་གཟིམ་ཤག་ཏུ་བཞག་ཅིང་། བླ་སེར་ཚང་གི་ཁ་པར་དེ། ཆོས་ཀྱི་རྗེ་ཉིད་རྒྱ་གར་ལ་འབྱོན་དུས་ངས་གང་ས་ཅི་ཐད་ནས་ཞབས་ཕྱི་ཡག་པོ་འབྱོར་ནས་ཐུགས་དགྱེས་མོ་རང་བྱུང་ཡོད་པ་འདྲ་བས། ངའི་སར་བཞག་ན་ཆོག་གསུངས་སོང་།

ངའི་སར་གདན་གཞག་ཁ་པར་དམར་པོ་ཞིག་བཞག་སོང་བ་ངས་དྲན་སོས་ཀྱི་འདུག་ལ། ཁ་པར་དེ་བཞག་ཚར་རྗེས་ང་ཉིན་གང་བོར་བློ་བག་ཏུ་མི་ཕེབ་པར། བློང་བློང་པོའི་ངང་སྡོད་དགོས་པ་བྱུང་། ཅི་ཡིན་ཞེ་ན། ཆོས་ཀྱི་རྗེ་ཉིད་ཀྱིས་ང་ལ་དུས་དང་དུས་མ་ཡིན་པར་ཞལ་པར་བཏང་ནས། གསུང་ཆ་བསྐུར་བའམ་ཡང་ན་མི་ཆེ་གེ་མོ་འཚོལ་ཤོག་གསུང་འོང་བར་མ་ཟད། ཞལ་པར་ནང་གི་རྗེ་ཉིད་ཀྱི་གསུང་ནི། ནམ་རྒྱུན་ལས་ཀྱང་ཟིལ་ཤིན་ཏུ་ཆེ་བའི་སྣང་བ་འདྲ་ཞིག་སྐྱེས་ནས་བློ་འཚུབ་འཚུབ་པོར་འགྱུར་འགྲོ་ཞིང་། ཁ་པར་གྱི་སྒྲ་གྲགས་ནས་ངས་ཡར་ལེན་པའི་དུས་སུ། ཆོས་ཀྱི་རྗེ་ཉིད་ཀྱིས་ཐུགས་གོམས་སུ་གྱུར་པའི་ཚིག་གཅིག་སྟེ། ཨ་ལེ། ཁྱོད་ཀྱིས་ཅི་བྱེད་ཀི་ཡོད། ཅེས་གསུང་འོང་བ་དང་། ངས་རྗེ་ཉིད་ཀྱི་གསུང་ཡིན་པར་ཤེས་མ་ཐག་བློ་འཚུབ་སེ་བར་སོང་ཞིང་། ལུས་ཀྱང་འདར་ཕྲི་ལི་ལིར་གྱུར་ཏེ། ནམ་རྒྱུན་གསུང་ལན་ལ་ཅི་ཞིག་ཞུ་དགོས་པ་ཡང་མི་ཤེས་པ་ཞིག་ཏུ་འགྱུར་འགྲོ་བཞིན་ཡོད།

༡༩༩༠ ལོའི་ཟླ་༡༢ ཚེས་༧ ནས་ཟླ་༡༢ ཚེས་༩ །

ངས་ཉི་མ་རེ་གཉིས་ཙམ་ལ་དགོངས་སྐོར་ཞུས་ནས། ཕ་མ་ལ་ལྟ་ཕྱིར་ཕ་ཡུལ་བྲག་འགོ་ལ་ཕྱིར་ལོག

ངའི་ཕ་མ་གཉིས་ཀ་འབྲོག་པ་ཡིན་ཞིང་། བླ་རྒྱལ་ལུང་པའི་ནང་ལ་སྦྲ་ཕུབ་ནས་བསྡད་ཡོད། འདས་པའི་ཟླ་བ་དྲུག་གི་ནང་། ང་ཚོའི་བར་ལ་འབྲེལ་བ་ཅི་ཡང་བྱེད་རྒྱུ་མ་བྱུང་ལ། ཁོང་ཚོས་ང་ཕྱིར་ལོག་ཡོད་པ་ཡང་མ་གོ་བས་གློ་བུར་དུ་ང་ཐོན་འོང་བ་མཐོང་དུས། ཤི་གསོན་འཕྲད་པ་ལྟར་ཤིན་ཏུ་དགའ་བར་གྱུར་པར་མ་ཟད། ཨ་མ་ཐ་ན་དགའ་ཆེས་ཏེ་མིག་ནས་མཆི་མ་ཐ་ར་ར་བྱས་ནས་ཡུན་རིང་ངུས་སོང་།

ང་ཕྱི་རྒྱལ་ལ་མ་སོང་བའི་སྔོན་དུ། རྒྱ་གར་ལ་འགྲོ་རྒྱུ་ཡིན་པའི་སྐོར་བཤད་པ་དང་མཉམ་དུ། དུས་ཚོད་ཀྱང་ཡུན་རིང་པོ་འདྲ་ལ་འགོར་འགྲོ་རྒྱུ་རེད་ཅེས་ཚིག་འཇམ་པོའི་སྒོ་ནས་ཟུར་ཙམ་བཤད་པ་ལས། ང་རྒྱ་གར་ལ་ལོ་གསུམ་དུ་འདུག་ཆག་བྱས་པ་རྣམས་ཅི་ཡང་མ་གླེང་ཞིང་། ང་གང་ལ་འགྲོ་རྒྱུ་ཡིན་པ་ཡང་ཁོང་གཉིས་ཀྱིས་མི་ཤེས་པ་རེད།

ཐེངས་དེར་ཕ་མ་ལ་ཐུག་པས་ང་ལ་ཡང་སེམས་ཤིན་ཏུ་དགའ་མོ་བྱུང་ཞིང་། ཁྱིམ་དུ་ཉི་མ་གཉིས་ཙམ་ལ་བསྡད་པ་ཡིན།

༡༩༩༠ ལོའི་ཟླ་༡༢ ཚེས་༡༠ ནས་ཟླ་༡༢ ཚེས་༡༡ །

ང་སྤྲུལ་སྐུ་ཏིཥྛ་དང་། མཁན་པོ་ཏེ་པ་རྣམ་གཉིས་མཇལ་དུ་མདོ་མང་དགོན་ལ་སོང་ཞིང་། གནས་སྐོར་ལ་སོང་བའི་ལོ་རྒྱུས་གནས་ཚུལ་རྣམས་ཁོང་རྣམ་པ་གཉིས་ལ་ཞུས་ཏེ། བྱིན་རླབས་ཀྱི་རྟེན་འགའ་རེ་ཕྱག་ཏུ་ཕུལ་བ་ཡིན། སྤྲུལ་སྐུ་ཏིཥྛ་ཐུགས་ཤིན་ཏུ་དགྱེས་ནས། ང་ཚོ་མདོ་མང་དགོན་གྱི་གྲྭ་པ་ཆོས་ཀྱི་རྗེ་ཉིད་དང་མཉམ་དུ་རྒྱ་གར་འཕགས་པའི་ཡུལ་ལ་འགྲོ་ཐུབ་པར་བྱུང་བ་འདི། དགོན་པའི་གཟི་བརྗིད་ཆེན་པོ་ཞིག་རེད། ཁྱོད་ཕྱི་རྒྱལ་ལ་འགྲོ་སྐབས་ངེད་ཚོས་ཅི་ཡང་སྦྱིན་རྒྱུ་མ་བྱུང་ཡང་། ཁྱོད་ཕྱིར་ཡོང་དུས་ནི་ངེད་ཚོ་བརྗེད་མི་འདུག་གསུངས།

དེ་སྔོན་ང་མདོ་མང་དགོན་པའི་གྲྭ་པ་དཀྱུས་མ་ཙམ་ལས་མིན་ཡང་། དེ་ནས་བཟུང་ཁོང་རྣམ་པས་ང་ལ་རེ་བ་ཆེན་པོ་བཞག་ཅིང་། སྤྲུལ་སྐུ་ཏིཥྛས་ད་ལྟ་ཁྱོད་ཀྱིས་ཆོས་ཀྱི་རྗེ་ཉིད་ཀྱི་སྐུ་མདུན་ནས་ཐོས་བསམ་སྒོམ་གསུམ་བྱེད་བཞིན་ཡོད་པས། རྗེས་སུ་མདོ་མང་དགོན་ལ་ཡང་ལྟ་རྟོག་ཡག་པོ་བྱེད་རྒྱུ་འཆུག་མི་རུང་། ང་ཚོ་ད་ནི་རྒས་ཚར་བས་ཅི་ཙམ་ཞིག་ལ་འདུག་རྒྱུ་འོང་བ་སུ་ཞིག་གིས་ཤེས། དགོན་པ་འདི་འདྲའི་ཆེན་པོ་ཞིག་དང་། ཚོ་བ་འདི་འདྲའི་མང་པོ་ཞིག་ལ་ཆོས་གསུང་བའི་འགན་ཐམས་ཅད་མཁན་པོ་ཏེ་པ་གཅིག་པུའི་ཕྲག་སྟེང་དུ་ལྷུང་འདུག་པས། ཕྱིན་ཆོད་ཁྱོད་ཀྱིས་ཁོང་ལ་རོགས་ཅི་ཐུབ་གང་ཐུབ་བྱེད་དགོས། ཞེས་ཡང་ཡང་གསུངས་སོང་བར། ངས་ཀྱང་ཁོང་ལ་དེ་ལྟར་བྱེད་རྒྱུའི་ཁས་ལེན་ཞུས་པ་ཡིན། དེར་བརྟེན་བླ་མ་ཁོང་རྣམ་པ་སྐུ་ཞི་བར་གཤེགས་རྗེས། ངས་མདོ་མང་དགོན་ལ་ད་བར་དུ་ཅི་ནུས་ཅི་ལྕོགས་ཀྱིས་ཞབས་ཕྱི་ཞུ་བའི་རྒྱུ་མཚན་གཅིག་ཀྱང་དེ་ལ་ཐུག་ཡོད།

དེ་དུས་མཁན་པོ་ཏེ་པས་མདོ་མང་དགོན་པའི་བཤད་གྲྭའི་དགེ་འདུན་པ་ཉི་ཤུ་ལྷག་ལ། དབུ་མ་འཆད་བཞིན་བཞུགས་འདུག་ཅིང་། དགོན་པའི་ཆ་རྐྱེན་ཤིན་ཏུ་ཞན་པས། སྐྱོར་སྦྱོང་བྱེད་སའི་འཛིན་གྲྭ་ལ་སློབ་ཁང་ཡང་མེད་པས། གྱང་ཁུགས་ལ་ས་ཕུང་འགའ་རེ་སྤུངས་ཡོད་པའི་ཟུར་ཞིག་ནས་སྐྱོར་ཁྲིད་མཛད་ཀྱིན་གདའ། འོན་ཀྱང་ཁོང་རྣམ་པས་ཐོས་བསམ་སློབ་གཉེར་ལ་བརྩོན་འགྲུས་ཆེན་པོ་མཛད་ཀྱིན་འདུག་པར་མ་ཟད། སྤྲུལ་སྐུ་ཏིཥྛས་ཀྱང་གྲྭ་རྐྱང་དཀྱུས་མ་རྣམས་ཀྱི་མདུན་ནས་སྐྱོར་ཁྲིད་ཞུ་བཞིན་འདུག བགྲོ་གླེང་གི་སྐབས་སུ་ཐུགས་ལ་དོགས་པ་རེ་ཤར་དུས། སྤྲུལ་སྐུ་ཁོང་གིས་མཁན་པོ་ཏེ་པ་ལ་འདྲི་ཕོད་པར་མི་འདུག་གསུངས་ནས། དོགས་པ་གང་ཡོད་བཀའ་འདྲི་ཞུ་རུ་འཇུག་པར། གྲྭ་ཆུང་དཀྱུས་མ་རྣམས་མངགས་གཏོང་མཛད་ཀྱིན་གདའ།

དོན་དངོས་སུ་སྤྲུལ་སྐུ་ཏིཥྛ་ནི་མདོ་མང་དགོན་གྱི་དགོན་བདག་སྤྲུལ་སྐུ་ཆེ་ཤོས་ཤིག་ཡིན་པར་མ་ཟད། བླ་མ་རླབས་ཆེན་ཞིག་ཀྱང་རེད། ༡༩༨༦ ལོར་ཆོས་ཀྱི་རྗེ་ཉིད་ཀྱིས་སྒར་ལ་ཁོང་གདན་འདྲེན་ཞུས་ཏེ། འདུས་པ་སྤྱི་ལ་ཟླ་བ་ལྔ་ལྷག་གི་རིང་བཀའ་འགྱུར་རོ་ཅོག་གི་བཀླགས་ལུང་སྩོལ་དུ་བཅུག་ཀྱང་། ཁོང་ལ་ང་རྒྱལ་དང་ཁེངས་དྲེགས་ཀྱི་རྣམ་པ་སྤུ་ཙམ་ཡང་མེད་པས། གྲྭ་རྐྱང་དཀྱུས་མ་དག་གི་མདུན་ནས་ཀྱང་ཆོས་ཉན་པ་རེད། ཁོང་གི་མཛད་པ་དེས་ང་ལ་བག་ཆགས་ཤིན་ཏུ་ཟབ་མོ་བཞག་ཅིང་། སྤྲུལ་སྐུ་ང་རྒྱལ་ཤིན་ཏུ་ཆེ་བ་འགའ་རེ་ལ་ཐུག་འོང་བའི་དུས་སུ། ངས་ཁོང་གི་མཛད་སྤྱོད་དེ་དག་རྟག་ཏུ་ཡིད་ལ་དྲན་འོང་གི་འདུག

༡༩༩༠ ལོའི་ཟླ་༡༢ ཚེས་༡༢ ་ནས་ཟླ་༡༢ ཚེས་༢༥ །

ང་བླ་རུང་སྒར་ལ་ཕྱིར་སླེབས་ཤིང་། འདས་པའི་ཉི་མ་རེ་གཉིས་ཀྱི་ནང་དུ། ཆོས་ཀྱི་རྗེ་ཉིད་གནས་སྐོར་ལ་བྱོན་སྐབས་གཏེར་ནས་སྤྱན་དྲངས་པའི་གཏེར་ཆོས་ཕུར་པ་མགུལ་ཁུག་མ་སོགས་གསུང་ཆོས་ཚང་མའི་ཁྲིད་ལུང་། སློབ་ཚོགས་འདུས་པ་སྤྱི་ལ་ཐུགས་བརྩེ་བ་ཆེན་པོས་བསྩལ་གནང་འདུག

རྗེ་ཉིད་ཀྱིས་ང་ཕྱིར་སླེབས་འདུག་པ་གཟིགས་ཏེ། ཕྱི་རྒྱལ་ནས་ཉོས་པའི་ཤིང་གི་ཁྱིམ་ཆས་ཐམས་ཅད་ཧོང་ཀོང་ནས་ཁྲིང་ཏུའུ་ལ་ཐོན་འདུག་ཟེར་བས། ཁྱོད་ལེན་དུ་སོང་ན་ཨེ་ཆོག་གསུངས་པར། ངས་འཕྲལ་དུ་དང་ལེན་ཞུས་ནས་ལེན་དུ་སོང་བ་ཡིན།

ཐེངས་འདིར་རྗེ་ཉིད་དང་མཉམ་དུ་འགྲོ་བ་མ་ཡིན་པས། ཆེད་སྤྱོད་རླངས་འཁོར་མེད་པ་དང་། མཁན་པོ་ནོར་པ་ངའི་རོགས་སུ་ཁྲིད་དེ་བླ་རུང་སྒར་ནས་གསེར་རྟ་རྫོང་ལ་རྐང་འགྲོས་སུ་སོང་ཞིང་། ཁྲིང་ཏུའུ་ལ་འགྲོ་བའི་རླངས་འཁོར་ཉི་མ་གཅིག་ལ་བསྒུགས་ཀྱང་བཙལ་རྒྱུ་རྙེད་མ་བྱུང་། ཕྱིར་ཉིན་ཉིན་གུང་སྦྲགས་འཁོར་ཞིག་ལོན་པས་དེའི་ནང་དུ་བསྡད་ནས་སོང་བ་ཡིན། ཡིན་ཡང་ངེད་གཉིས་འཕྲིན་ཡིག་མང་པོའི་གསེབ་ཏུ་བཙངས་ནས། རྒྱབ་ཕྱོགས་ཀྱི་འཁོར་སྒམ་ནང་དུ་དབུགས་འཐིབས་འཐིབས་པའི་ངང་སྡོད་དགོས་བྱུང་བ་དང་། དེའི་ཁར་ལམ་ནས་ཤིན་ཏུ་འགྲོ་མི་བདེ་བའི་རྐྱེན་གྱིས། ཕར་གཡོ་ཚུར་སྐྱོམ་མང་པོ་བྱུང་བས། འཁོར་དུག་ཚབས་ཆེན་ཕོགས་ཏེ་བར་མ་ཆད་དུ་སྐྱུག་དགོས་ཐུག་ཅིང་། བར་སྨད་ལ་སླེབས་རྗེས་སྐྱུག་དྲགས་ནས་ལུས་པོའི་ཤུགས་ཀྱང་ཟད་ཟད་ལ་ཐུག་པས། རླངས་འཁོར་ལས་མི་འབབ་ཀ་མེད་དུ་གྱུར་ཏེ། འདྲུད་འཐེན་ཞིག་གི་ནང་ལ་བསྡད་ནས་སོང་བ་དང་། ཅུང་ཟད་འགོར་རྗེས་སླར་ཡང་རླངས་འཁོར་གཞན་ཞིག་ལོན་ནས། རིམ་གྱིས་དར་རྩེ་མདོར་སླེབས་སོང་།

དར་མདོ་ལ་དགེ་བསྙེན་རྒས་པ་ངོ་ཤེས་འགའ་རེ་ཡོད་པ་དེ་དག་གིས། ངེད་གཉིས་ལ་ཁྲིང་ཏུའུ་ལ་འགྲོ་བའི་སྤྱི་སྤྱོད་འཁོར་ཆེན་གྱི་འཛིན་ཡིག་ཉོ་བའི་རོགས་བྱས་པ་དང་། ཁྲིང་ཏུའུ་ལ་སླེབས་རྗེས་ཆོས་ཀྱི་རྗེ་ཉིད་ཀྱི་ཁྱིམ་ཆས་ཐོན་འདུག་པ་རྣམས་བླངས་ཤིང་། ཅ་ལག་མང་པོ་རང་ནི་མེད་པས་ཕལ་ཆེར་རྒྱ་མ་བཅུ་ཉི་ཤུ་ལྷག་ལས་མི་འདུག ཕྱིར་ལོག་དུས་ཀྱང་རླངས་འཁོར་ལན་ཁ་ཡར་ལ་བརྗེ་དགོས་བྱུང་ནས་སོང་བས། མཐར་སྒར་ལ་སླེབས་ཤིང་། སྔ་ཕྱིར་ཉི་མ་བཅུ་ལྷག་འགོར་སོང་། ད་ལྟ་ནི་དེ་དུས་ནང་བཞིན་དཀའ་ཚེགས་ཆེན་པོ་ཅི་ཡང་རྒྱག་མི་དགོས་པར། ཁ་པར་ཞིག་བརྒྱབས་ཚར་རྗེས། ཉི་མ་རེ་གཉིས་ལས་མི་འགོར་བར། མགྱོགས་སྐྱེལ་གྱིས་ཅ་ལག་ཡོད་ཚད་སྒར་ལ་སྐྱེལ་ཐུབ་པར་བྱེད་འོང་གི་འདུག

རྒྱ་གར་གྱི་ཁྱིམ་ཆས་དེ་དག་ལོན་འདུག་པ་གཟིགས་རྗེས། ཆོས་ཀྱི་རྗེ་ཉིད་ཐུགས་ཤིན་ཏུ་དགྱེས་པའི་ཚུལ་མཛད་ཅིང་། སྐྱེས་ཆེན་དམ་པ་རྣམས་དངོས་པོ་ལ་ཆགས་ཞེན་སྤུ་ཙམ་མེད་ཀྱང་། སྣང་ཚུལ་ལ་རང་རང་ལ་མཁོ་བའི་རྟེན་འབྲེལ་མཚོན་བྱེད་ཙམ་གྱི་དངོས་རྫས་ནི་ཅིས་ཀྱང་དགོས་རྒྱུར་འདུག་པ་འདྲ་ལ། ང་ལ་མཚོན་ནས་བཤད་ན་ཆོས་ཀྱི་རྗེ་ཉིད་ཀྱིས་ཅི་ཞིག་མཁོ་བར་འདུག་གསུངས་པའམ། ཡང་ན་ཅི་ཞིག་སྒྲུབ་དགོས་པར་འདུག་གསུངས་པ་སོགས་གསུང་ཅི་ལྟ་བུ་ཞིག་བྱོན་ཡང་། ངས་དེ་དག་རྣམ་པར་རྟོག་པའི་འཇུར་བུའི་ནང་དུ་དྲངས་ནས། དེ་ལ་དགོས་པ་ཡོད་མེད་སོགས་མི་ལྟ་བར། རྗེ་བླ་མ་ཉིད་ལ་མཁོ་བའི་དངོས་པོ་ཞིག་ཡིན་ནས་བཟུང་། དེ་ལ་དགོས་པ་དང་དགོངས་གཞི་བསམ་གྱིས་མི་ཁྱབ་པ་ངེས་པར་དུ་ཡོད་རྒྱུ་རེད་བསམས་ནས། བཀའ་ཇི་ལྟར་བསྩལ་པ་བཞིན་ཁུར་དུ་བླངས་པར་བྱས་ནས། ངས་ཐབས་བརྒྱ་ཇུས་སྟོང་གིས་ལེགས་པོ་རང་ཞིག་ཨེ་འོང་བལྟས་ནས་སྒྲུབ་ཅི་ཐུབ་བྱེད་བཞིན་ཡོད།

༡༩༩༠ ལོའི་ཟླ་༡༢ ཚེས་༢༦ །

སྒར་ལ་ཕྱིར་ལོག་རྗེས། ཆོས་ཀྱི་རྗེ་ཉིད་ཀྱིས་ང་སྐུ་མདུན་དུ་བོས་ཏེ་ཞལ་སྔ་ནས། ད་ལན་ངེད་ཚོ་ཕྱི་རྒྱལ་ལ་འགྲོ་སྐབས་ཁྱོད་ཀྱིས་གོ་ཆེན་པོ་བཅད་སོང་བས་ང་ཧ་ཅང་དགའ་བཞིན་ཡོད། ཁྱོད་ཀྱིས་བྱ་བ་གང་ཡིན་ལ་འབད་འབུངས་ཧུར་ཐག་བྱེད་པར་མ་ཟད། ཉེ་འཁོར་གྱི་མི་རྣམས་ལ་ཡང་འགྲིག་མོ་མཐུན་མོ་བྱེད་ཤེས་ཤིང་། ཡི་གེ་པའི་ལས་ཀ་ཡང་ཤིན་ཏུ་ལེགས་པོ་རང་བསྒྲུབས་སོང་། ཁྱད་པར་དུ་གསང་བ་སྲུང་དགོས་པ་རྣམས་ཁྱོད་ཀྱིས་གཞན་སུ་ལ་ཡང་མི་བཤད་པར། ཅི་ཞིག་བཤད་རུང་བ་དང་ཅི་ཞིག་བཤད་མི་རུང་བ་རྣམས་སྤུ་རིས་ཕྲ་མོའི་སྒོ་ནས་ལེགས་པར་ཕྱེད་ཀྱི་འདུག་ཅིང་། ངེད་ཚོར་གཞན་ལ་བཤད་མི་རུང་བའི་བྱ་བ་ངན་པ་ཅི་ཡང་མེད་ཀྱང་། གསང་བ་སྲུང་ཐུབ་པ་ནི་རྩ་དོན་གལ་ཆེན་ཞིག་རེད། ད་ལོ་གསུམ་གྱི་རྗེས་ལ་ང་ཨ་རི་དང་ཁེ་ན་ཏ་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་འགྲོ་འཆར་ཡོད་པས། ཁྱོད་ལ་མོས་པ་ཡོད་ན་ངས་ཁྱོད་ཁྲིད་བསམ་གི་ཡོད། འོན་ཀྱང་ད་དུང་ལམ་ལྷོང་ཡག་པོ་འོང་མིན་མི་ཤེས་པས། ཁྱོད་ཀྱིས་གཞན་སུ་ལ་ཡང་སྐད་ཅ་དེ་བཤད་མི་དགོས། དེས་མི་ཚད་ད་དུང་ཨ་རི་ལ་འགྲོ་བའི་ལམ་ཡིག་བཟོ་བ་སོགས་ཁོངས་སུ་གཏོགས་པའི་བྱ་བ་འགའ་རེ་ལ། མངོན་ཆུང་ངང་གྲ་སྒྲིག་བྱེད་དགོས་པ་ཡོད་ཅེས་བཀའ་ཕེབས་སོང་བར། ངས་ཀྱང་དེ་མ་ཐག་ལེགས་སོ་རང་ཞུས་ནས། བྱ་བ་སྣ་ཚོགས་པ་ལ་ཉེར་བསྡོགས་འདྲ་མིན་རྩོམ་པའི་མགོ་ཚུགས་ཤིང་། དེའི་སྐབས་ཐམས་ཅད་དུ་ང་མངོན་ཆུང་ངང་བསྡད་ནས་གསང་བ་སྲུང་ཐུབ་པར་བྱས་པ་ཡིན། དེ་ནས་ཨ་རི་ལ་འགྲོ་རན་པའི་དུས་ལ་ཁེལ་ནས། ལམ་ཡིག་ཐོག་ཏུ་ཐོངས་མཆན་འགོད་པ་སོགས་ཁོངས་སུ་གཏོགས་པའི་འགྲོ་ལུགས་ཐམས་ཅད་ཚགས་སུ་ལེགས་པར་ཚུད་ཚར་རྗེས། ཆོས་ཀྱི་རྗེ་ཉིད་ཀྱིས་ད་གདོད་སློབ་ཚོགས་དགེ་འདུན་འདུས་པ་སྤྱི་ལ། ཨ་རི་སོགས་སུ་ཕེབས་རྒྱུ་ཡིན་སྐོར་ཡོངས་ཁྱབ་ཀྱི་ཚུལ་དུ་བསྒྲགས་པ་རེད།

སྐབས་དེར་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་ཤིན་ཏུ་ཧ་ལས་པའི་ངང་། ཁྱེད་ཚོས་འགྲོ་ལུགས་ཐམས་ཅད་ལེགས་པར་བསྒྲུབས་ཚར་རྗེས། ངས་ད་གདོད་གོ་སོང་། ང་ལ་སྔ་ཙམ་ནས་མི་བཤད་པ་ཅི་ཡིན་ཟེར་བ་ལ། ངས་ཆོས་ཀྱི་རྗེ་ཉིད་ཀྱིས་གཞན་སུ་གཅིག་ལ་ཡང་མི་བཤད་པར་གསང་བ་བྱེད་དགོས་གསུངས་སོང་སྨྲས་པས། ཁོང་གིས་ཁྱོད་ཀྱིས་གསང་བ་ནན་མོ་བྱས་འདུག་ཟེར་ཡང་། ཁོང་གི་ཐུགས་དཀྱེལ་ཤིན་ཏུ་ཡངས་པས། འདི་ཙམ་ལ་ཐུགས་སྣང་ཅི་ཡང་མི་མཛད་པ་རེད།

ཆོས་ཀྱི་རྗེ་ཉིད་ཨ་རི་ལ་ཕེབས་སྐབས། ཞབས་འབྲིང་ལ་སློབ་མ་ང་གཅིག་པུ་ལས་མ་ཁྲིད་ཅིང་། དུས་རབས་དེའི་ནང་ཨ་རི་དང་རྒྱ་གར་སོགས་ལ་འགྲོ་ཐུབ་པ་ནི་རྒྱུན་ལྡན་གྱི་བྱ་བ་ཞིག་མིན་ལ། ལྷག་པར་དུ་ཆོས་ཀྱི་རྗེ་ཉིད་དང་མཉམ་དུ་འགྲོ་ཐུབ་པ་ནི་ཆེས་ཤིན་ཏུ་ཡིད་སྨོན་བྱེད་དགོས་ས་ཞིག་རེད། ང་ལ་མཚོན་ནས་བཤད་ན། ཕྱོགས་གཅིག་ནས་ཤིན་ཏུ་སྐལ་བ་རེ་ལྡན་བྱུང་སྙམ་པ་དང་མཉམ་དུ། ཕྱོགས་གཞན་ནས་གནོན་ཤུགས་ཀྱང་ཆེན་མོ་འདུག གདན་འདྲེན་ཞུ་མཁན་རྣམས་ལ་གྲོན་དངུལ་གྱི་དབང་གིས། ཞབས་ཕྱི་ལ་སློབ་མ་ཉུང་ཟད་ལས་ཁྲིད་མི་གཏུབ་པར་འདུག་གཤིས། རྒྱ་གར་ལ་འབྱོན་སྐབས་གསོལ་བ་འདྲེན་མཁན་དང་། སྐུ་སྒེར་སྨན་པ་སོགས་ཁྲིད་ཡོད་པ་དང་མི་འདྲ་བར། ཨ་རི་ལ་འགྲོ་དུས་ནི་ལས་ཀ་དེ་དག་ཚང་མ་ང་གཅིག་པུའི་ཕྲག་ཏུ་བབས་སོང་བས། བྱ་བ་མང་པོ་ལ་སྔ་ཙམ་ནས་བསམ་བློ་ཡག་པོ་གཏོང་དགོས་ཤིང་། གནས་དུས་ཐམས་ཅད་དུ་བློ་ཕེབས་པོའི་ངང་བག་བརྐྱངས་ནས་སྡོད་ཁོམ་ལར་ནས་མེད།

ཆོས་ཀྱི་རྗེ་ཉིད་ཀྱིས་ང་རང་རྒྱལ་ཁབ་འགའ་ལ་ཁྲིད་ནས་ཕེབས་མྱོང་བས། རྗེ་ཉིད་ཀྱིས་བདག་ལ་གཙིགས་ཆེན་བྱས་པའི་སྐད་ཅ་འདྲ་མིན་བཤད་ཀྱིན་འདུག་ཀྱང་། དེ་དག་ལས་འགའ་རེ་བདེན་པ་མ་རེད། རྗེ་ཉིད་སྐུ་མ་གཤེགས་པའི་སྔ་རོལ་ཅིག་ཏུ། ཚོགས་མང་སྤྱིའི་དབུས་སུ་ཞལ་ནས། མཁན་པོ་བསོད་དར་རྒྱས་ཀྱིས་ངའི་བྱ་བ་ཐམས་ཅད་ཀྱི་ནང་ནས་རྟེན་འབྲེལ་གྱི་སྣ་ཁ་གཅིག་ཀྱང་འཆུག་མ་མྱོང་བས། མ་འོངས་པར་བྱ་བ་འགའ་རེ་སྒྲུབ་དགོས་བྱུང་ཚེ། ཁོང་དང་ཁ་ཐུག་གྲོས་བསྡུར་བྱས་ནས་བསྒྲུབས་ན་བདེ་ལེགས་ངང་འགྲུབ་རྒྱུ་རེད། བླ་སློབ་བར་གྱི་རྟེན་འབྲེལ་ཟེར་བ་འདི་ཤིན་ཏུ་གལ་ཆེ་བ་ཡིན་པས། འདི་འཕྲིན་ལས་འགྲུབ་པ་ལ་ཕན་ཐོགས་ཤིན་ཏུ་ཆེན་མོ་ཡོད། ཅེས་པ་འདི་ཙམ་གསུངས་པ་དྲན་གྱི་འདུག་ལ། ངའི་བསམ་པར་གསུང་དེ་ནི་ང་ལ་གཟེངས་བསྟོད་ཀྱི་ཚུལ་དུ་ངོས་ལེན་གནང་བར་མཛད་པ་ཙམ་ལས། དེ་ལས་གཞན་དུ་གྱུར་པའི་དགོས་པ་རྒྱུ་མཚན་སོགས་ཅི་ཡང་ཡོད་རྒྱུ་མ་རེད་སྙམ།

༡༩༩༠ ལོའི་ཟླ་༡༢ ཚེས་༢༧ །

གཡང་ར་དགོན་ནས་བསྐུར་བའི་འཕྲིན་ཡིག་ཅིག་འབྱོར་བྱུང་བས། ང་ལ་འཇམ་མགོན་བླ་མ་མི་ཕམ་རིན་པོ་ཆེའི་གསུང་འབུམ་གང་མགྱོགས་སྒོས་བླུ་རོགས་གྱིས་ཞེས་གསུང་འདུག་པ་དང་། ངས་དགེ་འོས་སློབ་གྲྭ་ནས་སློབ་སྦྱོང་བྱེད་སྐབས། ཅོག་ཙེ་གཅིག་གི་ཐོག་ལ་འདུག་པའི་སློབ་གྲོགས་ཤིག་སྡེ་དགེའི་པར་ཁང་ལ་ཡོད་པས། ངས་ཁོ་ལ་བླུ་ཡོན་བསྐུར་ནས། སྒར་ལ་འཇམ་མགོན་བླ་མ་མི་ཕམ་རིན་པོ་ཆེའི་གསུང་འབུམ་ཚར་གཅིག་སྦྲགས་སྲིད་བརྒྱུད་སྐུར་ཡོང་རོགས་གྱིས་ཞེས་སྨྲས་ཤིང་། དེ་ནས་ཕར་གཡང་ར་དགོན་ལ་འཕྲོད་ཐབས་བྱས་པ་ཡིན།

ཐེངས་དེར་ཕྱི་རྒྱལ་ལ་འགྲོ་སྐབས། ངས་སྒོར་མོ་མང་པོ་རང་ནི་གཏོང་དགོས་མ་ཐུག་ལ། དེ་ཡང་གཙོ་བོ་གྲུབ་དབང་པདྨ་ནོར་བུས་རོགས་སྐྱོར་གནང་སོང་བར་མ་ཟད། དད་ལྡན་སྦྱིན་བདག་འགའ་རེས་ཀྱང་འབུལ་བ་བྱས་སོང་། སྒར་ལ་ཕྱིར་སླེབས་རྗེས། སྒོར་མོ་ད་དུང་འབེལ་པོ་ལྷག་སོང་བ་དག་གི་ནང་ནས། སྒོར་གཅིག་སྟོང་བཞི་བརྒྱ་ལྷག་གིས་ཤིང་ཁང་ཆུང་ངུ་ཞིག་ལས་པ་ཡིན་ཞིང་། དེ་ཡང་སྒར་ནས་བང་ཁང་སྔ་ཤོས་ཀྱི་གྲས་རེད་ལ། ད་ལྟའི་བར་དུ་མི་ལོ་སུམ་ཅུའི་ལྷག་གི་རིང་ལ་ང་ད་དུང་ཁང་པ་དེའི་ནང་དུ་བསྡད་ཡོད།

༡༩༩༠ ལོའི་ཟླ་༡༢ ཚེས་༢༨ ཀྱི་རྗེས་སུ།

ཆོས་ཀྱི་རྗེ་ཉིད་ཀྱིས་རིམ་པ་བཞིན་དུ། བླ་མ་ཡང་ཏིག་གི་སྔོན་འགྲོ་སེམས་སྦྱོང་བདུན་གྱི་དོན་ཁྲིད་དང་། དངོས་གཞི་འོད་གསལ་སྙིང་པོའི་དོན་ཁྲིད། ཁྲེགས་ཆོད་ཡེ་བབས་སོར་བཞག་གི་དོན་ཁྲིད་སོགས་ཀྱི་ཁྲིད་གནང།

དེ་རྗེས་ཆོས་ཀྱི་རྗེ་ཉིད་ཀྱིས་མཁན་པོ་དྲུག་ཅུ་རེ་གསུམ་ལ་མཁན་པོའི་ལག་ཁྱེར་གནང་སྟེ་མཛད་སྒོ་ཉམས་དགའ་བ་ཞིག་བྱས་ཤིང་། འདི་ནི་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་བཙུགས་ནས། རྗེ་ཉིད་ཀྱི་གསུང་ལས་སྐྱེས་པའི་སློབ་མ་རྣམས་ལ་ལག་ཁྱེར་གནང་བའི་ཐོག་མ་ཡིན་ལ། དེའི་སྔོན་དུ་ངེད་ཚོ་ལ་མཁན་པོའི་མིང་ཙམ་ཡོད་པ་ལས་ལག་ཁྱེར་ངོ་མ་རང་ནི་མེད་པ་རེད། མཚམས་འདི་ནས་བཟུང་སྒར་ལ་གཞུང་ཆེན་བཀའ་པོད་ལྔའི་འཛིན་གྲྭ་སོ་སོར་བཙུགས་ཏེ། འཆད་ཉན་སྔར་བཞིན་རྒྱ་ཆེར་མཛད་པ་རེད།

དེ་རྗེས་སྒར་ལ་རྒྱུན་ལས་བཙུགས་ནས་སློབ་སྟོན་དང་། དཔལ་འབྱོར། གཞུང་ལས་སོགས་ཀྱི་ལས་ཁུངས་སོ་སོར་ཕྱེས་ཏེ། བདག་གཉེར་སོ་སོར་བྱས།

དེ་རྗེས་ཆོས་ཀྱི་རྗེ་ཉིད་ཀྱིས་སློབ་ཚོགས་འདུས་པ་བྱིངས་ལ་འཇམ་དཔལ་ཞི་སྒྲུབ་ཀྱི་བཀའ་དབང་བསྩལ།

དེ་རྗེས་ཆོས་ཀྱི་རྗེ་ཉིད་ཀྱིས་ཉིད་ཀྱི་གསུང་འབུམ་ཁྲོད་དུ་བཞུགས་པའི་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་སྐོར་འགའ་རེའི་ཁྲིད་གསུངས།

དེ་རྗེས་ཆོས་ཀྱི་རྗེ་ཉིད་ཀྱིས་སྒར་ལ་ཁྲི་ཤོང་ཀུན་དགའ་ར་བ་ཞིག་བཞེངས་དགོས་གསུངས་ཤིང་། དེ་དུས་གཙུག་ལག་ཁང་བཞེངས་སའི་ས་མིག་དེར་ལྕགས་དྲྭས་བསྐོར་བའི་རྩྭ་ར་ས་སྟོང་ཆེན་པོ་ཞིག་ཡོད་པ་དེར། དུས་ཚེས་ཤིན་ཏུ་དགེ་བ་ཞིག་ལ་གཏུགས་ནས། སྐུ་དངོས་ཀྱིས་ས་འདུལ་མཛད་པ་དང་། གསེར་བའི་ལས་བཟོ་བ་འགའ་རེས་ཐག་པས་རིང་ཚད་འཇལ་ཞིང་། ངེད་ཚོ་གསར་དུ་བཙུགས་པའི་རྒྱུན་ལས་རྣམས་ཀྱང་། གདན་འཛོམས་ཏེ་ཚང་མ་དེར་ཕེབས་པ་རེད།

ཆོས་ཀྱི་རྗེ་ཉིད་ཀྱིས་འདོན་པའི་དབུ་བཟུང་ནས་བཀྲ་ཤིས་བརྒྱད་པ་དང་དབང་སྡུད་གསོལ་འདེབས་སོགས་གསུངས་པའི་ཚེ། བླ་རུང་ལུང་པའི་སྟེང་གི་ནམ་མཁའ་ལ། སྤྲིན་དཀར་པོ་ཕྲ་ལ་རིང་བ་ཡིད་དུ་འོང་བ་མང་པོ་ནུབ་ནས་ཤར་དུ་དྲང་ཤར་རེ་དཔྱངས་པ་དང་། ཆོས་ཀྱི་རྗེ་ཉིད་ཐུགས་ཤིན་ཏུ་དགྱེས་བཞིན་པའི་ངང་། ཞལ་སྔ་ནས། འོ་ཡ་ཐམས་ཅད་ཀྱིས་མདུན་གྱི་ནམ་མཁའ་ལ་ལྟོས་དང་། སྤྲིན་འཇའ་དཀར་པོ་ལེགས་པོ་གཅིག་འདུག ང་རང་དཔོན་གཡོག་རྣམས་ཝཱ་ར་ཎཱ་སིར་ཐོན་དུས་ཀྱང་ནམ་མཁའ་ལ་འདི་དང་ཆ་འདྲ་བ་ཞིག་ཤར། འདི་ནི་རྟེན་འབྲེལ་ཧ་ཅང་བཟང་པོ་ཞིག་རེད། ད་རུང་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། དེ་འཛིན་པའི་སྐྱེས་བུ་དམ་པ་རྣམས་སྐུ་ཚེ་བརྟན། དགེ་འདུན་པའི་སྡེ་འཕེལ། ང་རང་གི་ཚེ་ཚད་ཀྱང་དྲུག་ཅུ་རེ་དྲུག་ཡིན་ཀྱང་དམ་པའི་སྐྱེས་ཆེན་གང་གིས་ལུང་དུ་བསྟན་པ་ལྟར་ཡུན་རིང་བར་དུ་འདུག་ན་ཐང་། མིན་ཀྱང་རེ་དྲུག་གི་གེགས་འཕྲང་ལས་ཐར་སྲིད་རྒྱུ་རེད། དེས་ན་ང་རང་དཔོན་སློབ་རྣམས་ཁ་མ་བྲལ་བར། སྟོན་འཁོར་ཕུན་སུམ་ཚོགས་པ་འདི་ལྟ་བུ་ལོ་རིས་ཆ་ཤས་ལ་གནས་བསྡད་ན། ཁྱེད་རྣམ་པས་ཀྱང་གཞི་ཚུལ་ཁྲིམས་རྣམ་པར་དག་པ་སྲུང་། སྤོང་ཀློག་གི་ལས་ལ་བརྩོན། འདོད་ཆུང་ཆོག་ཤེས་རེ་གྱིས་དང་། ཁྲིམས་ལྡན་སྡེ་སྣོད་འཛིན་པ་མང་པོ་འོངས་ནས་སེམས་ཅན་ལ་ཕན་ཐོགས་རྒྱུ་རེད། ད་ལྟ་ངའི་མིག་གིས་ཡི་གེ་གསལ་བོར་མཐོང་གི་མེད་ཀྱང་། ང་བླ་མར་བཟུང་ནས་ཐམས་ཅད་ཀྱིས་ང་ལ་བརྟེན་ནས་དཀའ་བ་ཁྱད་དུ་བསད་ངལ་བ་དང་དུ་བླངས། དཀའ་ལས་དཀའ་ཚེགས་གང་ལའང་མ་འཛེམ་པར་འདིར་བསྡད་ཡོད་ནི་རེད། ངས་ཀྱང་ཁྱེད་རྣམ་པ་ལ་ཕན་ཅི་ཐོགས་གང་ཐོགས་བྱེད་ཆོག ཁྱད་པར་དུ་ལྟ་བ་ཟབ་མོ་སྤྱོད་པ་བརླིང་པོ་རྫོགས་པ་ཆེན་པོའི་མན་ངག་དམར་ཁྲིད་ཟབ་མོ་རྣམས། རང་གིས་ཆེ་ཤེས་ཆུང་ཤེས་བྱས་ནས་ད་སྐབས་ཀྱང་བཤད་དང་འཆད་བཞིན་པ་རེད། མ་འོངས་པ་ནའང་ཁྱེད་རྣམས་གང་དགའ་དགའ་བཤད་ཆོག ཆེན་པོ་ངས་བཤད་མི་ཤེས་མོད། བརྒྱུད་གསུམ་རིག་འཛིན་བླ་མ་ལ་གསོལ་བ་རེ་བཏབ་ན། ཁྱེད་རྣམས་མགོ་མི་སྐོར་བ་ཙམ་རེ་ཡོང་རྒྱུ་རེད། གནས་འདི་ཡང་འཇའ་ལུས་པ་བཅུ་གསུམ་བྱོན་ས། བྱང་ཆུབ་སེམས་དཔའ་ཉེ་བའི་སྲས་བརྒྱད་འཁྲུངས་ས། དམ་སེལ་ངན་པའི་བཙོག་གྲིབ་བྱུང་མ་མྱོང་བའི་ས་ཆ་གཙང་མ་རེད། ཕྱིན་ཆོད་གནས་འདིར་མུ་མཐུད་ནས། གྲུབ་པ་ཐོབ་པའི་སྐྱེས་བུ་མང་པོ་འབྱོན་རྒྱུ་རེད། ང་རང་མེད་པའི་རྗེས་སུ། བླ་རུང་གི་བསྟན་པ་འདི་དུས་སྐབས་ཤིག་གི་ནང་། འཛམ་བུ་གླིང་གི་ཡུལ་གྲུ་ཐམས་ཅད་ལ་སྔར་ལས་ཀྱང་ཇེ་དར་ཇེ་རྒྱས་སུ་འགྲོ་རྒྱུ་རེད། དེ་དུས་གནས་འདི་དང་ཕ་རྒན་ང་རང་བརྗེད་མི་ཉན་ཞེས་པ་སོགས། ཐུགས་བརྩེ་བ་ཆེན་པོས་བཀའ་སློབ་མང་པོ་ཕེབས།

དེ་ནས་ཆོས་ཀྱི་རྗེ་ཉིད་ཀྱིས་མ་འོངས་འབྱུང་འགྱུར་གྱི་བྱ་བ་རྣམས་ལ་ལུང་བསྟན་འགའ་རེ་གསུངས་ཤིང་། དུས་དེ་ནས་བཟུང་བསྟན་འགྲོའི་དོན་ཆེན་གྱི་བགྱི་བ་རླབས་པོ་ཆེ་རྣམས་སྒྲུབ་པའི་སྒོ་འཕར་ཆེས་ཤིན་ཏུ་ཡངས་པོར་འབྱེད་པའི་དབུ་དངོས་སུ་ཚུགས་པ་ལ་ཉེ་བར་ཕྱོགས་པ་རེད། དྲན་ངོགས་ཀྱི་རྨི་སྣང་ཞེས་བྱ་བ་རེ་ཞིག་རྫོགས་སོ། །

ཞེས་བཀའ་དྲིན་གསུམ་ལྡན་གྱི་བླ་མ་རིན་པོ་ཆེ་གང་གི་བཀའ་ཡི་མེ་ཏོག་སྤྱི་བོར་ལེན་པའི་སྐལ་བ་ཅུང་ཟད་ལྡན་པའི་གུས་སློབ་ཐ་ཤལ་གྱི་ན་བ་དེས། སྒོ་གསུམ་གུས་པ་ཆེན་པོའི་ངང་སྒྱུར་བའི་མཇུག་གྲུབ་པའི་དགེ་བའི་རྩ་བ་འདིས། བརྒྱུད་གསུམ་རིག་འཛིན་བླ་མའི་ཞལ་སྐྱིན་དཔལ་ལྡན་རྩ་བའི་བླ་མ་ཡབ་སྲས་རྣམས་ཀྱིས། སྐྱེ་བ་ནས་སྐྱེ་བ་ཚེ་རབས་ནས་ཚེ་རབས་ཐམས་ཅད་དུ་ཐུགས་བརྩེ་བ་ཆེན་པོས་དགྱེས་བཞིན་རྗེས་སུ་བཟུང་ཞིང་། སྐུ་གསུང་ཐུགས་གསུམ་གྱི་བྱིན་རླབས་མཐའ་དག་རྒྱུད་ལ་པར་བཏབ་པ་བཞིན་འཕོས་ནས། བྱང་ཆུབ་ཀྱི་སྤྱོད་པ་རྒྱ་མཚོ་ལ་རྗེས་སུ་སློབ་བཞིན། གང་གི་ཐུགས་བཞེད་མཐའ་དག་ཡོངས་སུ་སྒྲུབ་པའི་འཕྲིན་ལས་ཀྱི་བྱེད་པོ་ཆེན་པོར་དུས་ནམ་ཡང་སྨོན་པ་བཞིན་དུ། བརྒྱུད་གསུམ་རིག་འཛིན་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་དམ་ཅན་ཆོས་སྐྱོང་རྒྱ་མཚོ་རྒྱལ་བ་སྲས་དང་བཅས་རྣམས་ཀྱིས་མཐུན་འགྱུར་མཛད་པའི་འོག་དེ་དེ་བཞིན་དུ་ཡོངས་སུ་འགྲུབ་པའི་རྒྱུ་རུ་གྱུར་ཅིག རབ་རྒྱན་ལྕགས་གླང་ལོ་ཟླ་དགུ་པའི་ཚེས་༣༠ ། ༢༠༢༡ ལོའི་ཟླ་༡༢ ཚེས་༤ ལའོ། །དགེའོ། །དགེའོ། །དགེའོ། །མངྒ་ལཾ།

ཟུར་བཀོད་དང་པོ། ཆོ་ག

ཟླ་༧ ཚེས་༣ ། ཕུར་པ་མགུལ་ཁུག་མའི་བརྡ་སྒོ་འབྱེད་པའི་གསུང་མགུར་རྒྱལ་ཀུན་ཕྲིན་ལས་གཅིག་བསྡུས་འཇམ་དཔལ་ནི་དཔའ་བོ༴ སོགས། 075

ཟླ་༧ ཚེས་༡༣ ། ཁྱབ་བདག་འཇམ་པའི་རྡོ་རྗེ༴ སོགས། 100

ཟླ་༧ ཚེས་༢༧ ། བཀའ་ཐང་བསྡུས་པར་འབོད་པ་ཨེ་མ་ཧོ། དགོངས་ཤིག་ཐུགས་རྗེ༴ སོགས། 132

ཟླ་༩ ཚེས་༡༡ ། འབྲུག་ཆོས་རྒྱལ་ཆེན་པོ་ལ་གཏམ་དུ་བྱ་བ་གསར་བྱུང་མགྲོན་པོའི་རྒྱང་གླུ། 205

ཟླ་༩ ཚེས་༡༢ ། དཔལ་ཆེན་རྡོ་རྗེ་གྲོ་ལོད་ཀྱི་རྒྱུན་འཁྱེར་ཕྲིན་ལས་ཀུན་འགྲུབ། 216

ཟླ་༩ ཚེས་༢༡ ། གནོད་སྦྱིན་ཙིའུ་དམར་པོའི་གསོལ་མཆོད་དབང་དྲག་འཁྱུག་པའི་གློག་ཞགས། 263

ཟླ་༡༠ ཚེས་༢༩ ། སྨོན་ལམ་རྒྱ་མཚོའི་ཡང་སྙིང་ཀུན་བཟང་ཞིང་གི་ཉི་མ། 305

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༩ རྡོ་རྗེ་ཕ་ལམ་གྱི་ཕྲེང་རྡོག་༣༦༥

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡ བསླབ་བྱ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༢ འོད་དཔག་མེད་ཀྱི་ཞིང་ཡིད་ལ་བྱེད་པའི་མདོ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༣ ས་ཡི་སྙིང་པོའི་རྩ་བའི་སྨོན་ལམ་གྱི་མདོ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༤ བཀྲ་ཤིས་པའི་མདོ་ཞེས་བྱ་བ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༥ ཕ་མའི་དྲིན་ལན་གཞལ་དཀའ་བའི་མདོ་ཞེས་བྱ་བ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༦ ཕ་མ་སྐྱོབ་པའི་མདོ་ཞེས་བྱ་བ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༧ བུ་མོ་མ་ཏཾ་གའི་མདོ་ཞེས་བྱ་བ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༨ ལུང་དག་ལྡན་ཞེས་བྱ་བ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༩ སངས་རྒྱས་འདའ་ཁའི་ཞལ་ཆེམས་ཀྱི་མདོ་ཞེས་བྱ་བ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༠ རབ་བྱེད་ཞེ་གཉིས་པའི་མདོ་ཞེས་བྱ་བ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༡ རབ་ཏུ་བྱུང་བའི་ཕན་ཡོན་ལ་བསྟོད་པ་ཚིགས་སུ་བཅད་པའི་མདོ་ཞེས་བྱ་བ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༢ བདེ་ཆེན་ཞིང་སྦྱོང་གི་བསྟན་བཅོས་ཚིགས་བཅད་མའི་རྣམ་པར་བཤད་པ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༣ རྒྱ་ནག་རི་བོ་རྩེ་ལྔའི་གནས་བཤད་མཐོང་ལྡན།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༤ སྙིང་གཏམ་སྙིང་གི་ཐིག་ལེའི་འགྲེལ་བ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༥ དྲན་ངོགས་ཀྱི་ནུབ་བསྐྱོད།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༦ དྲན་ངོགས་ཀྱི་རྨི་སྣང་།

འབྲེལ་ཡོད་ཀློག་དེབ།

གནོད་སྦྱིན་ཙིའུ་དམར་པོ།

མི་ལོ་སུམ་ཅུའི་གོང་ཆོས་རྗེ་བླ་མ་དང་མཉམ་དུ་གནས་སྐོར་ལ་སོང་བ།

དྲན་ངོགས་ཀྱི་རྨི་སྣང་།

མཁན་པོ་བསོད་དར་རྒྱས་ཀྱིས་བརྩམས།

ཤེས་རབ་ཉི་མས་བསྒྱུར།

དཔལ་ལྡན་བླ་མ་དམ་པ་ལ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་རྒྱུད་བྱིན་གྱིས་བརླབ་པར་མཛད་དུ་གསོལ།

སྔོན་དུ་གླེང་བའི་གཏམ།

ང་རང་བཀའ་དྲིན་མཚུངས་ཟླ་མ་མཆིས་པ་ཆོས་རྗེ་བླ་མ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོ་དང་མཉམ་དུ་འགྲོགས་ནས་ས་ཆ་མང་པོ་ལ་འགྲོ་མྱོང་།

༡༩༨༦ལོར། མདོ་ཁམས་ཕྱོགས་ཀྱི་གནས་ཆེན་ལྔ་དང་དགོན་སྡེ་བདུན་ཅུ་དོན་གཉིས་ལ་སོང་ནས། ཟླ་བ་བཞི་ལྷག་འགོར།

༡༩༨༧ལོར། གནས་ཆེན་རི་བོ་རྩེ་ལྔ་ལ་སོང་ནས་ཞག་མ་བརྒྱ་ཐམ་པ་ལ་ཁྲིགས་སེ་བསྡད།

༡༩༩༠ལོར། རྒྱ་གར་དང་བལ་པོ། འབྲུག་ཡུལ་བཅས་ལ་སོང་ནས།ཟླ་བ་དྲུག་ལྷག་འགོར།

༡༩༩༣ལོར། ཡོ་རོབ་དང་མེ་གླིང་རྒྱལ་ཁབ་ཁག་ལ་སོང་ནས་ཟླ་བ་གསུམ་ལྷག་སོང་།

༡༩༩༥ལོར། སིང་གྷ་ཕོར་དང་མ་ལེ་ཞི་ཡ་ལ་སོང་ནས་ཟླ་བ་གཅིག་ལྷག་འགོར། ལོ་མཇུག་ཁྲིང་ཏུའུ་ལ་རྗེ་ཉིད་ཀྱི་ཞབས་དྲུང་དུ་བསྡད་ནས་ཟླ་བ་ལྔ་འགོར།

༡༩༩༧ལོར། རི་བོ་བྱ་རྐང་དང་རྒྱ་ནག་རི་བོ་གྲུ་འཛིན་བཅས་ལ་སོང་ནས་ཟླ་བ་གཉིས་ལྷག་འགོར།

ཡིན་ན་ཡང་ཆོས་ཀྱི་རྗེ་ཉིད་དང་རྒྱ་གར། བལ་པོ། འབྲུག་ཡུལ་བཅས་ལ་གནས་སྐོར་ལ་སོང་བ་ཡིས། ང་ལ་བག་ཆགས་ཤིན་ཏུ་ཟབ་མོ་བཞག་ཅིང་། དེ་ནི་ཆོས་ཀྱི་རྗེ་ཉིད་ཞིང་བརྗེས་ཟིན་རྗེས་ངས་ཆེས་དྲན་མི་ཕོད་ལ་དྲན་ཡང་མི་བཟོད་པའི་ཕྱིར་དྲན་ཞིག་ཏུ་གྱུར།

ལོ་དེའི་ལོ་རྒྱུས་ཉམས་མྱོང་རྣམས་ངས་བརྗེད་ཚར་ཡོད་རྒྱུ་རེད་བསམས་ཀྱང་། ༢༠༡༨ལོའི་ཉིན་ཞིག་ལ། ངས་ཁང་པའི་ནང་ནས་གཙང་སྦྲ་བྱེད་སྐབས་སྟབས་ལེགས་པར་བོད་ཀྱི་ལོ་ཐོ་རྙིང་བ་ཞིག་མཐོང་སོང་། ཁ་ཕྱེས་ནས་བལྟས་པས་དེ་ནི་༡༩༩༠ལོར་ང་ཕྱི་རྒྱལ་ལ་འགྲོ་སྐབས་ལུས་ལ་འབྲལ་མེད་དུ་བཅངས་ནས་ཁྱེར་བའི་ལོ་ཐོ་དེ་ཡིན་པར་ཤེས་ཤིང་། ཉིན་རེའི་ཚེས་གྲངས་ཀྱི་རེའུ་མིག་གི་ནང་དུ་ཚིག་ཐུང་ཐུང་ཁ་ཤས་ཀྱིས། ཉིན་དེར་དོན་དག་ཅི་བྱུང་རྣམས་མཆན་དུ་བཏབ་འདུག གློ་བུར་དུ་འདས་སོང་ལོ་རྒྱུས་ཀྱི་རི་མོ་རྣམས་ཅུང་གསལ་བོར་དྲན་བྱུང་ཞིང་། ཆོས་ཀྱི་རྗེ་ཉིད་དང་མཉམ་དུ་འགྲོགས་པའི་ཉིན་མཚན་དེ་དག་གི་རྣམ་པ་ཐམས་ཅད་ལག་གིས་ཟིན་ཟིན་དུ་ཡོད་པ་ལྟ་བུར་གྱུར།

དུས་དེ་ནས་བཟུང་། ལོ་རྒྱུས་དེ་དག་ཡི་གེའི་རིས་སུ་འབྲི་བར་བྱེད་པའི་བསམ་བློ་ངའི་སེམས་ནང་ལ་བར་མ་ཆད་དུ་འཁོར། ཅིའི་ཕྱིར་ཞེ་ན། ངས་ནམ་ཡང་བརྗེད་རྒྱུ་མ་རེད་བསམས་པའི་དོན་དག་འགའ་ཞིག ད་ནི་ལོ་ཟླའི་འཁོར་འགྲོས་དང་བསྟུན་ནས་ཕྱིར་དྲན་དེ་དག་གི་དུམ་བུ་མང་པོ། དུས་ཚོད་ཀྱི་ཆར་ཆུས་བསུབ་ནས་མེད་པར་བྱས་འདུག སྔོན་ཆད་ཆོས་ཀྱི་རྗེ་ཉིད་དང་མཉམ་དུ་གནས་སྐོར་ལ་སོང་བའི་མི་ཁ་ཤས་ལས། ལ་ལ་ཚེ་ལས་འདས་ཟིན་ཞིང་། ལ་ལ་ནི་ལོ་ན་མཐོན་པོར་སླེབས་འདུག་པས། གལ་ཏེ་ཐམས་ཅད་ཚེ་ལས་འདས་ནས་མེད་པར་གྱུར་སོང་ན། སུ་གཅིག་གིས་ཀྱང་དེ་དུས་ཅི་ཞིག་བྱུང་ཡོད་མེད་ཤེས་སུ་མེད་པར་འགྱུར་འགྲོ་བས། བསམ་བློ་མང་པོ་ཡང་ནས་བསྐྱར་དུ་བཏང་རྗེས། ད་རུང་ངའི་དྲན་ངོགས་ལ་གསལ་བོར་བསྡད་འདུག་པའི་ལོ་རྒྱུས་རྣམས་ཡི་གེའི་རིས་སུ་འབྲི་བའི་བློ་ཐག་བཅད་པ་ཡིན།

དེབ་འདིའི་ནང་དུ། གནས་ཆེན་སོ་སོའི་ལོ་རྒྱུས་དང་ཆོས་ཀྱི་རྗེ་ཉིད་ཀྱི་བསམ་གྱིས་མི་ཁྱབ་པའི་རྟོགས་པའི་ཡོན་ཏན་རྣམས་མང་པོ་བྲིས་མེད་པར། ཆོས་ཀྱི་རྗེ་ཉིད་ཀྱིས་དུས་གང་གནས་གང་དུ་ཅི་ཞིག་སྒྲུབ་པར་མཛད་པ་དང་། སུ་ཞིག་ལ་མཇལ་འཕྲད་མཛད་པ་སོགས་རྩིས་ཐོ་འགོད་པ་ལྟར་སྟབས་བདེ་བོའི་ལུགས་སུ་ཟིན་བྲིས་ལ་བཀོད་ཡོད། ཡི་གེར་འབྲི་བའི་དུས་སུ་ལོ་རྒྱུས་རྣམས་ལ་མཚར་གཏམ་འུད་བརྗོད་དང་གཞི་མེད་སྒྲོ་འདོགས་སོགས་གང་ཡང་བྱས་མེད་ཅིང་། སྔ་ཕྱིར་བསྐྱར་ཟློས་ཡོད་མེད་ལ་ཡང་མ་ལྟོས་པར། གང་ནས་དྲན་ན་དེ་ནས་བྲིས་ཏེ་ནུས་པ་གང་ཡོད་ཀྱིས་བདེན་པ་བདེན་ཐུབ་ཀྱི་ལུགས་སུ་བྱས་ནས་ཟིན་བྲིས་ལ་བཀོད་ཡོད། གལ་ཏེ་དོན་དག་ཁ་ཤས་དྲན་ངོ་རུ་གསལ་བོར་མེད་ན། དེ་དུས་མཉམ་དུ་སོང་བའི་མི་རྣམས་ལ་སྐད་ཅ་འདྲི་བའམ། ཡང་ན་ས་གནས་དེ་གའི་མི་བཙལ་ནས་ཞིབ་མོའི་སྒོ་ནས་གཏན་ལ་ཕབ། དེ་དང་མཉམ་དུ་དེབ་འདིའི་ནང་ལ་འདྲ་པར་ཁ་ཤས་ཟུར་དུ་བཀོད་ཡོད་ཅིང་། ཕལ་མོ་ཆེ་ནི་དེ་ལོར་ངས་དངོས་སུ་པར་བླངས་པ་རྐྱང་རྐྱང་ཡིན། འདྲ་པར་དེ་ཚོ་ལ་གསལ་པོ་རང་མེད་པ་དང་པར་ལེན་སྒྱུ་རྩལ་ཡག་པོ་མེད་ན་ཐང་ཡང་། གང་ལྟར་དེ་ཚོ་ནི་ལོ་རྒྱུས་གང་ཞིག་གི་བདེན་པ་ར་སྤྲོད་བྱེད་ཀྱི་བདེན་དཔང་དངོས་སུ་སོང་བ་ལྟ་བུ་ཡིན་པས་འདིར་བཀོད་ཡོད།

དུས་རབས་འདིའི་ནང་དུ་འཚར་ལོང་བྱུང་བའི་མི་རྣམས་ཀྱིས། ལོ་རབས་དགུ་བཅུ་པའི་ནང་གི་བྱུང་བ་ཁ་ཤས་བྲིས་པ་མཐོང་ཚེ། རང་ཉིད་ནང་དུ་ཞུགས་སོང་བ་ལྟ་བུའི་ཚོར་བ་ངོ་མ་རང་མི་སྐྱེ་ན་ཡང་ཐང་། ཅིའི་ཕྱིར་ཞེ་ན། མི་ལོ་སུམ་ཅུའི་གོང་ལ། མཉམ་སྦྲེལ་དྲྭ་བ་དང་ཤེས་ནུས་ཁ་པར་སོགས་མེད་པ་སྨོས་མ་དགོས་པར། ཐ་ན་གློག་ཀྱང་མེད། ཡིན་ན་ཡང་ཁོར་ཡུག་དེ་འདྲ་བ་ཞིག་གི་ནང་ནས་ཆོས་ཀྱི་རྗེ་ཉིད་ཀྱིས་བསྟན་པ་དང་སེམས་ཅན་གྱི་དོན་དུ། སྐུ་ངལ་དང་དཀའ་སྡུག་གང་ལ་ཡང་མ་འཛེམ་པར་མ་ཟད། དེ་དུས་སྐུ་ངལ་སྣ་ཚོགས་པ་ཐུགས་ཉམས་སུ་བཞེས་པ་རྣམས་ནི། ད་སྐབས་རང་རེ་ཚོས་རྩ་བ་ནས་བསམ་ཐབས་མེད་པ་ཞིག་རེད།

དྲན་ངོགས་ཀྱི་རྨི་སྣང་ཞེས་བྱ་བའི་དེབ་འདི་ནི། ཆོས་ཀྱི་རྗེ་ཉིད་གནས་སྐོར་ལ་ཕེབས་པའི་ལོ་རྒྱུས་རྣམས་ཟིན་ཐོར་བཀོད་ཡོད་པ་ཞིག་ཡིན་པར་མ་ཟད། ངས་བླ་མ་བསྟེན་པའི་རང་ཉིད་ཀྱི་བྱུང་བ་བརྗོད་པའི་ལོ་རྒྱུས་ཤིག་ཀྱང་ཡིན་པར་བརྩི་ཆོག མི་ལོ་སུམ་ཅུ་འདས་ཟིན་པའི་རྗེས་སུ་ད་དུང་རིན་ཐང་གཞལ་དུ་མེད་པའི་ཕྱིར་དྲན་དེ་དག་ཡི་གེའི་རིས་སུ་འབྲི་བའི་གོ་སྐབས་བསྩལ་སོང་བས། ངས་ལོ་ཐོ་དེ་ལ་བཀའ་དྲིན་བླ་ན་མེད་པ་ཞུ་རྒྱུ་ཡིན།

གལ་སྲིད་ཉི་མ་ཞིག་ལ། ཁྱོད་ཀྱང་གནས་ཆེན་དེ་དག་ལ་གནས་སྐོར་ལ་འགྲོ་བའི་བསམ་པ་ཡོད་ན། དེབ་འདི་ཁྱེར་ཏེ་ཆོས་ཀྱི་རྗེ་ཉིད་ཀྱི་ཞབས་རྗེས་དེད་ནས། ཁོང་བྱོན་མྱོང་སའི་ཡུལ་གྲུ་དེ་དག་ལ་ཡང་བསྐྱར་ཐེངས་གཅིག་སོང་ན་མི་ལེགས་སམ།

ཆོས་ཀྱི་རྗེ་ཉིད་སྐུ་ཞི་བར་གཤེགས་ནས་ལོ་འཁོར་བཅུ་བདུན་ལོན་པའི་རྗེས་དྲན་གྱི་ཉིན་མོ་སྟེ་ལྕགས་བྱི་ལོ་ཟླ་༡༡ཚེས་༡༥ ༼ ༢༠༢༠ཟླ་༡༢ཚེས་༢༩ ༽ ཉིན་བསོད་དར་རྒྱས་ཀྱིས་བྲིས།

མི་ལོ་སུམ་ཅུའི་གོང་གི་ལོ་ཐོ།

དཀར་ཆག

གླེང་སློང་བ།

ས་ཚུགས་དང་པོ། བལ་པོ།

ས་ཚུགས་གཉིས་པ། རྒྱ་གར།

ས་ཚུགས་གསུམ་པ། འབྲུག་ཡུལ།

ས་ཚུགས་བཞི་པ། རྒྱ་གར།

ས་ཚུགས་ལྔ་པ། བལ་པོ།

ས་ཚུགས་དྲུག་པ། ཕྱིར་ཕེབས་པ།

记笔记

这段是(可多选,也可不选)

这段有错

你选中的(位置已自动记录)

哪里不对?(可多选)

称呼与邮箱都可以不填。只用于就这一条联系你,不做他用、不进任何名单,别人看不到你提的内容。