《摩登伽女经(汉译藏)》
释迦牟尼佛 说 · 索达吉堪布(汉译藏) 译
第1课
སངས་རྒྱས་ཤཀྱཱ་ཐུབ་པ་ལ་ཕྱག་འཚལ་ལོ།།
༄༅། །བུ་མོ་མ་ཏཾ་གའི་མདོ་ཞེས་བྱ་བ་བཞུགས་སོ། །
མཁན་པོ་བསོད་དར་རྒྱས་ཀྱིས་བསྒྱུར།
༄༅། །བུ་མོ་མ་ཏཾ་གའི་མདོ་ཞེས་བྱ་བ་བཞུགས་སོ། །
འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །
དེའི་ཚེ ། དགེ་སློང་ཀུན་དགའ་བོས་ལྷུང་བཟེད་བསྣམས་ནས་བསོད་སྙོམས་ལ་གཤེགས་སོ། །བསོད་སྙོམས་ལ་བྱོན་ནས་ཀྱང་ཆུའི་འགྲམ་ཞིག་ཏུ་རྒྱུ་ནས་སོང་ངོ་། །ཆུ་འགྲམ་དུ་བུད་མེད་ཅིག་གིས་ཆུ་ཁྱེར་བ་མཐོང་ནས་དེ་ལ་ཆུ་བསླངས་སོ། །བུད་མེད་དེས་ཆུ་བྱིན་རྗེས་ཀུན་དགའ་བོའི་རྗེས་སུ་འབྲངས་ཤིང་ཁོང་གི་བཞུགས་གནས་མཐོང་སའི་བར་དུ་འོངས་སོ། །
དེ་ནས་བུ་མོ་དེ་རང་གི་ཁྱིམ་དུ་ལོག་ནས་མའི་དྲུང་དུ་འོངས་སོ། །བུ་མོའི་མའི་མིང་ལ་མ་ཏཾ་ཞེས་བྱའོ། །བུ་མོ་ཁྱིམ་དུ་ལོག་རྗེས་ས་ཐོག་ཏུ་ཉལ་ནས་ངུ་བཞིན་དུ་འདུག་གོ །མས་བུ་མོ་ལ་སྨྲས་པ། ཁྱོད་ཅིའི་ཕྱིར་འདི་ལྟར་མྱ་ངན་བྱེད་ཅིང་སྨྲེ་སྔགས་འདོན་པ་ཡིན། །བུ་མོས་མ་ལ་སྨྲས་པ། མ་ལགས། ཁྱེད་ཀྱིས་བདག་གཞན་སུ་ལ་ཡང་བག་མར་མ་སྟེར་ཅིག བདག་གིས་ཆུ་འགྲམ་ནས་ཆུ་འཁྱེར་བའི་སྐབས་སུ་དགེ་སྦྱོང་ཞིག་འོངས་ནས་བདག་ལ་ཆུ་བསླངས་སོ། །བདག་གིས་ཁོའི་མཚན་དྲིས་པས་ཀུན་དགའ་བོ་ཞེས་བྱའོ། །བདག་ནི་ཀུན་དགའ་བོའི་ཁྱོ་མོར་འདོད་དོ། །གལ་ཏེ་མ་ཡིས་མ་གནང་ན་བདག་གཞན་སུ་ལ་ཡང་བག་མར་འགྲོ་བར་མི་བྱེད་དོ་ཞེས་སྨྲས། དེ་ནས་མ་ཕྱི་རོལ་དུ་སོང་ནས་ཀུན་དགའ་བོ་སུ་ཡིན་དྲིས་པ་ན། དེ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཉེ་གནས་ཡིན་པར་ཤེས་སོ། །
མས་དེ་ཤེས་ནས་བུ་མོ་ལ་སྨྲས་པ། ཀུན་དགའ་བོ་ནི་སངས་རྒྱས་ཀྱི་ཉེ་གནས་ཡིན་ཞིང་ཆོས་ཉམས་སུ་ལེན་པ་པོ་ཡིན་པས་ཁྱོད་ཀྱི་ཁྱོ་ག་བྱེད་པར་མི་རིགས་སོ། །བུ་མོ་ངུ་ཞིང་བཟའ་བཏུང་ལ་ཡང་ལོངས་སུ་མི་སྤྱད་པར་མ་ལ་དྲིས་པ། མ་ལགས། ཁྱེད་ཀྱིས་སྔགས་ཀྱི་སྒྱུ་ཐབས་ཤེས་པ་མ་ཡིན་ནམ། དེ་ནས་མ་ཕྱི་རོལ་དུ་སོང་ནས་དགེ་སློང་ཀུན་དགའ་བོ་བསོད་སྙོམས་སུ་གདན་དྲངས་རྗེས་ཁྱིམ་དུ་ལོག་གོ །བུ་མོས་དེ་ལྟར་མཐོང་ནས་ཤིན་ཏུ་དགའ་བར་གྱུར།
མ་ཡིས་ཀུན་དགའ་བོ་ལ་སྨྲས་པ། བདག་གི་བུ་མོས་ཁྱེད་བཟའ་ཟླ་རུ་འདོད་དོ། །ཀུན་དགའ་བོས་སྨྲས་པ། བདག་ནི་ཚུལ་ཁྲིམས་སྲུང་བ་པོ་ཡིན་པས་བུད་མེད་གསོ་བར་མི་བྱའོ། །ཡང་མས་སྨྲས་པ། བདག་གི་བུ་མོས་ཁྱེད་ཉིད་བཟའ་ཟླ་རུ་མ་ཐོབ་ན་མོ་རང་ལྕེབས་ནས་འཆི་བར་གདའོ། །ཀུན་དགའ་བོས། བདག་ནི་སངས་རྒྱས་བཅོམ་ལྡན་འདས་ལ་བསྙེན་བཀུར་བྱེད་མཁན་ཡིན་པས་བུད་མེད་དང་མཉམ་དུ་ལོག་པར་སྤྱོད་པར་མི་འདོད་དོ་ཞེས་སྨྲས། དེ་ནས་མ་ནང་དུ་འོངས་ནས་བུ་མོ་ལ། ཀུན་དགའ་བོ་ཁྱོད་ཀྱི་བཟའ་ཟླ་རུ་མི་འདོད་དོ། །
ཁོང་ནི་ཆོས་ཀྱི་ལམ་ཉམས་སུ་ལེན་པ་པོ་ཡིན་པས་བུད་མེད་གསོ་བར་མི་འདོད་དོ་ཞེས་སྨྲས། བུ་མོ་ངུ་བཞིན་དུ་མ་ལ་སྨྲས་པ། ཁྱེད་ཀྱིས་སྔགས་ཀྱི་སྒྱུ་ཐབས་ཤེས་པ་མ་ཡིན་ནམ། མས་སྨྲས་པ། འཇིག་རྟེན་གྱི་ཁམས་སུ་སངས་རྒྱས་དང་དགྲ་བཅོམ་པ་དག་ལས་ལྷག་པའི་སྒྱུ་ཐབས་མེད་དོ། །བུ་མོས་སྨྲས་པ། མ་ལགས། ཁྱེད་ཀྱིས་ཁང་པའི་སྒོ་དང་སྐར་ཁུང་དག་ལེགས་པར་གཏན་ནས་ཀུན་དགའ་བོ་ཕྱི་རོལ་དུ་འགྲོར་མ་གཞུག་དང་། དགོང་མོའི་དུས་སུ་ཁོ་རང་རང་ཤུགས་ཀྱིས་ངའི་ཁྱོ་ག་རུ་འགྱུར་རོ། །
དེ་ནས་མས་སྒོ་དང་སྐར་ཁུང་སོགས་བརྒྱབ་ནས་སྔགས་ཀྱི་སྒྱུ་ཐབས་ལ་བསྟེན་ཏེ་ཀུན་དགའ་བོ་ཡོངས་སུ་བཅིངས་པར་བྱས་སོ། །ཉིན་དེའི་དགོང་མོར། མ་ཡིས་བུ་མོའི་མལ་ས་རྣམས་ལེགས་པར་བྱས། བུ་མོས་དེ་དག་མཐོང་ནས་ཧ་ཅང་དགའ་སྟེ་རང་ཉིད་ལ་ཡང་རྒྱན་ཆ་སྣ་ཚོགས་ཀྱིས་སྤྲས་པར་བྱས། དེ་ལྟར་ནའང་། ཀུན་དགའ་བོ་མལ་སའི་ཕྱོགས་སུ་འགྲོ་བར་མ་བཏུབ་བོ། །མ་ཡིས་ཀུན་དགའ་བོ་བཟུང་སྟེ་རང་གི་ཁང་པའི་བར་ཁྱམས་སུ་མེ་སྦར་ནས་སྨྲས་པ། ཀུན་དགའ་བོ། ཁྱེད་བདག་གི་བུ་མོའི་ཁྱོ་ག་མི་བྱེད་ན་མེ་འདི་ཡི་ནང་དུ་འཕེན་པ་ཡིན་ནོ། །
ཀུན་དགའ་བོས་རང་ཉིད་ནི་སངས་རྒྱས་ཀྱི་རྗེས་འཇུག་དགེ་སྦྱོང་ཡིན་ཡང་དེ་རིང་འདི་ནས་ཐར་ཐབས་མེད་པར་དགོངས་ནས་སེམས་སྐྱོ་ཞིང་ཡིད་ཆད་པར་གྱུར་ཏོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོའི་ཚུལ་མཁྱེན་ནས་བྱིན་གྱིས་བརླབས་པར་བྱས་པས་ཀུན་དགའ་བོ་གནས་དེ་ལས་ཐར་ཏེ་སླར་ཡང་སངས་རྒྱས་ཀྱི་དྲུང་དུ་སླེབས་པར་གྱུར་ཏོ། །
ཀུན་དགའ་བོས་སངས་རྒྱས་ལ་གསོལ་པ། བདག་ཁ་སང་བསོད་སྙོམས་སུ་ཕྱིན་སྐབས་ཆུའི་འགྲམ་དུ་བུ་མོ་ཞིག་མཐོང་ནས་དེར་ཆུ་བསླངས་རྗེས་སླར་སངས་རྒྱས་ཀྱི་བཞུགས་གནས་སུ་འོངས། དེའི་ཕྱི་ཉིན། མ་ཏཾ་ག་ཞེས་པའི་བུད་མེད་ཅིག་གིས་བདག་བསོད་སྙོམས་ལ་དྲངས། སྐབས་དེར། མ་ཏཾ་གས་བདག་བཟུང་ནས་ཁོང་གི་བུ་མོའི་ཁྱོ་ག་བྱ་དགོས་ཞེས་སྨྲས། བདག་གིས་མོ་ལ། བདག་ནི་སངས་རྒྱས་ཀྱི་འདུལ་བ་འཛིན་པ་ཡིན་པས་བུད་མེད་གསོ་བར་མི་འདོད་དོ་ཞེས་གསོལ་ཏོ། །དེ་ནས་མ་ཏཾ་གའི་བུ་མོས་ཀུན་དགའ་བོ་རང་གནས་སུ་ཕེབས་པར་ཤེས་ནས་སེམས་ཧ་ཅང་སྐྱོ་སྟེ་ཁྱིམ་དུ་ངུ་བཞིན་འདུག་གོ །
མ་ཡིས་བུ་མོ་ལ། ཁོང་ནི་སངས་རྒྱས་ཀྱི་ཉེ་གནས་ཡིན་པས་བདག་གི་སྔགས་ཀྱི་ནུས་པས་འདྲེན་མི་ནུས་ཅེས་ཁྱོད་ལ་སྔར་ནས་སྨྲས་པ་མ་ཡིན་ནམ་ཞེས་སྨྲས། བུ་མོ་ངུ་བཞིན་དུ་ཀུན་དགའ་བོ་སེམས་སུ་འཕྲེང་བར་བྱས། དེའི་ཕྱི་ཉིན། བུ་མོ་སླར་ཡང་ཀུན་དགའ་བོ་འཚོལ་དུ་ཕྱིན། ཀུན་དགའ་བོ་བསོད་སྙོམས་སུ་ཕྱིན་པར་མཐོང་བས་མོ་རང་ཡང་དེའི་རྗེས་སུ་བསྙེགས་སོ། །
ཐེངས་རེར་ཀུན་དགའ་བོའི་རྐང་པ་ལ་བལྟ་བར་བྱས། ཐེངས་རེར་ཀུན་དགའ་བོའི་ཞལ་ལ་བལྟ་བར་བྱས། སྐབས་དེར། ཀུན་དགའ་བོ་ཧ་ཅང་ངོ་ཚ་ནས་ཕྱོགས་གཅིག་ཏུ་ཡིབ་པར་བྱས། དེ་ལྟ་ནའང་། བུ་མོ་མུ་མཐུད་དུ་ཁོང་གི་རྗེས་སུ་འབྲངས། ཀུན་དགའ་བོ་སླར་སངས་རྒྱས་ཀྱི་བཞུགས་གནས་སུ་ཕྱིན་པ་ན་བུ་མོ་ཡང་དེའི་རྗེས་སུ་འོངས་ནས་སྒོ་རུ་སྲུང་བར་བྱས་སོ། །ཀུན་དགའ་བོ་ཡུན་རིང་ཁང་པའི་ནང་དུ་བཞུགས་ནས་ཕྱིར་མི་འོང་བས་མཐར་བུ་མོ་རང་ཉིད་ངུ་བཞིན་དུ་སོང་ངོ་། །
དེ་ནས་ཀུན་དགའ་བོས་སངས་རྒྱས་ལ་གསོལ་པ། མ་ཏཾ་གའི་བུ་མོ་དེ་རིང་ཡང་བདག་གི་རྗེས་སུ་བསྙེགས་སོ། །སངས་རྒྱས་ཀྱིས་མི་གཞན་ཞིག་མངགས་ཏེ་མ་ཏཾ་གའི་བུ་མོ་རང་ཉིད་ཀྱི་དྲུང་དུ་འོང་དུ་བཅུག་ཅིང་། བཅོམ་ལྡན་འདས་ཀྱིས་མ་ཏཾ་ལ་དྲིས་པ། མ་ཏཾ། ཁྱོད་ཀྱིས་དེ་ལྟར་ཀུན་དགའ་བོའི་རྗེས་སུ་བསྙེགས་པས་ཅི་འདོད་པ་ཡིན། བུ་མོས་སྨྲས་པ། བདག་གིས་ཐོས་པ་ལ་ཀུན་དགའ་བོ་ལ་ཁྱོ་མོ་མེད་པ་དང་། བདག་ལ་ཡང་ཁྱོ་ག་མེད་པས་བདག་ཀུན་དགའ་བོའི་བཟའ་ཟླ་རུ་བྱེད་འདོད་ཅེས་གསོལ་པས། བཅོམ་ལྡན་འདས་ཀྱིས་བུ་མོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ནི་དགེ་སྦྱོང་ཡིན་ལ་སྐྲ་ཡང་མེད། ཁྱོད་ཉིད་སྐྲ་དང་ལྡན་པས་ཁྱོད་ཀྱིས་སྐྲ་འབྲེག་པར་འདོད་དམ། གལ་ཏེ་སྐྲ་འབྲེག་པར་འདོད་ན་ཀུན་དགའ་བོ་ཁྱོད་ལ་སྟེར་བར་བྱེད། བུ་མོས་སྨྲས་པ། བདག་གིས་སྐྲ་འབྲེག་པར་འདོད་དོ། །
དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟར་ན་ཁྱོད་རང་མའི་དྲུང་དུ་སོང་ནས་སྐྲ་བྲེགས་རྗེས་ཕྱིར་ལྷགས་པར་གྱིས་ཤིག དེ་ནས་བུ་མོ་མའི་དྲུང་དུ་སོང་ནས་མ་ལ་སྨྲས་པ། མ་ཡིས་བདག་ལ་ཀུན་དགའ་བོ་རྙེད་པའི་ཐབས་མ་བྱུང་བས།
སངས་རྒྱས་ཀྱིས་བདག་ལ་སྐྲ་འབྲེག་པ་ན་ཀུན་དགའ་བོ་བདག་གི་ཁྱོ་བོ་རུ་སྟེར་ཞེས་གསུངས། མ་ཡིས་སྨྲས་པ། བུ་མོ་ནི་བདག་ལས་སྐྱེས་པ་ཡིན་པས་སྐྲ་དེ་བདག་གིས་སྲུང་བར་བྱེད་དགོས་སོ། །
ཁྱོད་ཅིའི་ཕྱིར་དགེ་སྦྱོང་ཞིག་གི་བཟའ་ཟླ་རུ་བྱེད་འདོད། རྒྱལ་ཁམས་འདི་ནས་ཆེས་འབྱོར་ཕྱུག་ལྡན་པ་ཞིག་བདག་གིས་ཁྱོད་ཀྱི་བཟའ་ཟླ་རུ་བྱེད་པའི་ཐབས་བྱེད་འོང་། བུ་མོས་སྨྲས་པ། བདག་ནི་འཆི་ཡང་རུང་གསོན་ཡང་རུང་ཀུན་དགའ་བོའི་ཁྱོ་མོ་ཁོ་ནར་བྱེད་པར་འདོད་དོ། །དེ་ནས་མས་སྨྲས་པ། ཁྱོད་ཀྱིས་ཅིའི་ཕྱིར་བདག་གི་རིགས་བརྙས་པར་བྱེད། ཡང་བུ་མོས་སྨྲས་པ། མ་ཡུམ་ལགས། གལ་ཏེ་ཁྱེད་བདག་ལ་བརྩེ་ན་བདག་གི་འདོད་པ་ལྟར་དུ་སྒྲུབ་པར་འཚལ། དེ་ནས་མ་ངུ་བཞིན་དུ་གྲི་ཐོགས་ཏེ་བུ་མོའི་སྐྲ་བྲེགས་སོ། །
བུ་མོ་སླར་ཡང་སངས་རྒྱས་ཀྱི་དྲུང་དུ་ལྷགས་ཏེ་སྨྲས་པ། བདག་གིས་འདི་ལྟར་སྐྲ་ཡོངས་སུ་བྲེགས་སོ། །དེ་ནས་སངས་རྒྱས་ཀྱིས་བཀའ་སྩལ་པ། ཁྱོད་ཀུན་དགའ་བོའི་ཅི་ཞིག་ལ་དགའ། བུ་མོས་སྨྲས་པ། བདག་ཀུན་དགའ་བོའི་མིག་ལ་དགའ། ཀུན་དགའ་བོའི་སྣ་ལ་དགའ། ཀུན་དགའ་བོའི་ཁ་ལ་དགའ། ཀུན་དགའ་བོའི་རྣ་བ་ལ་དགའ། ཀུན་དགའ་བོའི་སྒྲ་ལ་དགའ། ཀུན་དགའ་བོའི་བགྲོད་སྟངས་ལ་དགའ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མིག་ནང་དུ་མིག་ཆུ་ཡོད། སྣའི་ནང་དུ་སྣབས་ཡོད། ཁའི་ནང་དུ་མཆིལ་མ་ཡོད། རྣ་བའི་ནང་དུ་རྣ་སྤབས་ཡོད། ལུས་པོའི་ནང་ཐམས་ཅད་དུ་བཤང་གཅི་མི་གཙང་བས་གང་ཡོད། ཁྱོ་ཤུག་མཉམ་དུ་སྦྱོར་བས་མི་གཙང་བའི་ས་བོན་དང་ལྡན་པར་འགྱུར། མི་གཙང་བའི་ས་བོན་ལ་བརྟེན་ནས་བུ་སྐྱེས། བུ་ལ་འཆི་བ་དང་ལྡན། འཆི་བ་ལ་བརྟེན་ནས་ངུ་ཞིང་སྨྲེ་སྔགས་འབྱུང་བས་དེས་ཁྱོད་ལ་ཕན་པ་ཅི་ཡོད། བུ་མོས་དེ་ལྟར་ལུས་ཀྱི་ནང་ཐམས་ཅད་མི་གཙང་བའི་རང་བཞིན་དུ་ཡང་ཡང་ཡིད་ལ་བྱས་པས་སེམས་ཡོངས་སུ་དུལ་བར་གྱུར་ནས་དགྲ་བཅོམ་པའི་གོ་འཕང་ཐོབ་པར་གྱུར་ཏོ། །
དེ་ནས་སངས་རྒྱས་ཀྱིས་བུ་མོ་དགྲ་བཅོམ་པའི་གོ་འཕང་ཐོབ་པར་མཁྱེན་ནས་བུ་མོ་ལ་བཀའ་སྩལ་པ། ད་ཁྱོད་ཀུན་དགའ་བོའི་དྲུང་དུ་སོང་ཞིག བུ་མོ་ཤིན་ཏུ་ངོ་ཚ་ཞིང་མགོ་བོ་དུད་པར་བྱས་ནས་སངས་རྒྱས་ལ་ཕྱག་ཡང་ཡང་འཚལ་ནས་སྨྲས་པ། བདག་ནི་ཆེས་གཏི་མུག་པས་ཀུན་དགའ་བོའི་རྗེས་སུ་བསྙེགས་པར་བྱས། ད་ལྟ་སེམས་ཀྱི་རང་བཞིན་རྟོགས་ཏེ་མུན་པའི་ནང་གི་སྒྲོན་མེ་དང་། གྲུ་ཞིག་པ་ཆུ་ངོགས་སུ་ཐོན་པ་དང་།
ལོང་བས་ལག་སྐྱོར་རྙེད་པ་དང་། རྒན་པར་འཁར་བ་ཐོབ་པ་བཞིན་སངས་རྒྱས་ཀྱིས་བདག་ལ་ལམ་བསྟན་པས་བདག་གིས་སེམས་ཀྱི་དེ་ཉིད་མངོན་པར་རྟོགས་པར་གྱུར་ཏོ། །
དེ་ནས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ། བུ་མོ་འདིའི་མ་ཡིས་ངན་སྔགས་ཀྱིས་སྦྱོར་བ་བྱས་ཀྱང་ཅིའི་ཕྱིར་བུ་མོ་རང་ཉིད་དགྲ་བཅོམ་པའི་གོ་འཕང་ཐོབ་པར་གྱུར། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ།
བུ་མོའི་འདིའི་སྐྱེ་རབས་དེ་ཁྱོད་ཅག་གིས་ཉན་པར་འདོད་དམ། དགེ་སློང་རྣམས་ཀྱིས་གསོལ་པ། བཀའ་བཞིན་དུ་མཉན་པར་འདོད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་ཏཾ་གའི་བུ་མོ་ནི་སྔོན་སྐྱེ་བ་ལྔ་བརྒྱའི་བར་དུ་ཀུན་དགའ་བོ་དང་མཉམ་དུ་བཟའ་ཟླ་བྱས་སོ། །དེ་ལྟར་སྐྱེ་བ་ལྔ་བརྒྱའི་ནང་དུ་ཕན་ཚུན་བསྙེན་ཅིང་བཀུར་བ་དང་ཆགས་ཤིང་དགའ་བར་གྱུར་པ་ཡིན་ནོ། །
བདག་གི་བསྟན་པ་འདུལ་བ་ལས་ལམ་ཡང་དག་པ་མངོན་དུ་གྱུར་ནས་ཁྱོ་ཤུག་ཀྱང་ད་ལྟ་སྤུན་ཟླ་ལྟར་དུ་གྱུར། སངས་རྒྱས་ཀྱི་ལམ་ནི་དེ་ལྟར་དུ་ཡིན་ན་ཁྱེད་ཅག་གིས་ཅིའི་ཕྱིར་ཉམས་སུ་ལེན་པར་མི་བྱེད། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དགེ་སློང་རྣམས་ཀྱིས་ཐོས་ཏེ་བཅོམ་ལྡན་འདས་ཀྱི་གསུངས་པ་ལ་རྗེས་སུ་ཡི་རངས་ནས་མངོན་པར་བསྟོད་དོ། །བུ་མོ་མ་ཏཾ་གའི་མདོ་རྫོགས་སོ།། །།
བོད་ཀྱི་བན་དེ་བསོད་དར་རྒྱས་ཀྱིས་མ་ཧཱ་ཙི་ནའི་སྐད་ནས་བོད་སྐད་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༩ རྡོ་རྗེ་ཕ་ལམ་གྱི་ཕྲེང་རྡོག་༣༦༥
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡ བསླབ་བྱ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༢ འོད་དཔག་མེད་ཀྱི་ཞིང་ཡིད་ལ་བྱེད་པའི་མདོ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༣ ས་ཡི་སྙིང་པོའི་རྩ་བའི་སྨོན་ལམ་གྱི་མདོ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༤ བཀྲ་ཤིས་པའི་མདོ་ཞེས་བྱ་བ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༥ ཕ་མའི་དྲིན་ལན་གཞལ་དཀའ་བའི་མདོ་ཞེས་བྱ་བ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༦ ཕ་མ་སྐྱོབ་པའི་མདོ་ཞེས་བྱ་བ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༧ བུ་མོ་མ་ཏཾ་གའི་མདོ་ཞེས་བྱ་བ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༨ ལུང་དག་ལྡན་ཞེས་བྱ་བ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༩ སངས་རྒྱས་འདའ་ཁའི་ཞལ་ཆེམས་ཀྱི་མདོ་ཞེས་བྱ་བ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༠ རབ་བྱེད་ཞེ་གཉིས་པའི་མདོ་ཞེས་བྱ་བ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༡ རབ་ཏུ་བྱུང་བའི་ཕན་ཡོན་ལ་བསྟོད་པ་ཚིགས་སུ་བཅད་པའི་མདོ་ཞེས་བྱ་བ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༢ བདེ་ཆེན་ཞིང་སྦྱོང་གི་བསྟན་བཅོས་ཚིགས་བཅད་མའི་རྣམ་པར་བཤད་པ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༣ རྒྱ་ནག་རི་བོ་རྩེ་ལྔའི་གནས་བཤད་མཐོང་ལྡན།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༤ སྙིང་གཏམ་སྙིང་གི་ཐིག་ལེའི་འགྲེལ་བ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༥ དྲན་ངོགས་ཀྱི་ནུབ་བསྐྱོད།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༦ དྲན་ངོགས་ཀྱི་རྨི་སྣང་།
འབྲེལ་ཡོད་ཀློག་དེབ།
只有你自己能看到