纽约佛学会

《四十二章经(汉译藏)》

释迦牟尼佛 说 · 索达吉堪布(汉译藏) 译

第1课

སངས་རྒྱས་ཤཀྱཱ་ཐུབ་པ་ལ་ཕྱག་འཚལ་ལོ།།

༄༅། །རབ་བྱེད་ཞེ་གཉིས་པའི་མདོ་ཞེས་བྱ་བ་བཞུགས་སོ། །

མཁན་པོ་བསོད་དར་རྒྱས་ཀྱིས་བསྒྱུར།

༄༅། །རབ་བྱེད་ཞེ་གཉིས་པའི་མདོ་ཞེས་བྱ་བ་བཞུགས་སོ། །

དེ་བཞིན་གཤེགས་པ་སངས་རྒྱས་ནས་འདི་ལྟར་དགོངས་ཏེ། འདོད་པ་དང་བྲལ་བ་ནི་ཞི་བ་སྟེ། མཆོག་ཏུ་གྱུར་པའོ། །བསམ་གཏན་ཆེན་པོ་ལ་གནས་ན། བདུད་ཀྱི་ལམ་ཐམས་ཅད་ཆོམ་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་ཡུལ་ཝ་ར་ཎ་སི་རུ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་ནས་ཀུན་ཤེས་ཀཽཎྜི་ནྱ་སོགས་ལྔ་སྡེ་བཟང་པོས་ལམ་དང་འབྲས་བུ་མངོན་དུ་བྱས།

དེའི་ཚེ། དགེ་སློང་འགའ་ཞིག་གིས་སངས་རྒྱས་ཀྱི་གསུང་ལ་ཐེ་ཚོམ་སྐྱེས་ནས་དྲི་བ་བགྱིས་པ་རྣམས་ལ་སངས་རྒྱས་ཀྱིས་ཀྱང་དེ་ལྟར་བཀའ་སྩལ་པས། དེ་དག་རེ་རེ་བཞིན་རྟོགས་པ་བརྙེས་ཤིང་ཐམས་ཅད་ཀྱིས་གུས་པས་ཐལ་མོ་སྦྱར་ནས་བཀའ་ལྟར་སྒྲུབ་པར་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཞིག་ཁྱིམ་མེད་པ་རབ་ཏུ་བྱུང་སྟེ་སེམས་ཀྱི་ངོ་བོ་ཤེས་ནས་འདུས་མ་བྱས་ཀྱི་ཆོས་མཁྱེན་པ་ལ་དགེ་སྦྱོང་ཞེས་བྱའོ། །

རྟག་ཏུ་འདུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་སྲུང་བ་དང་། ཀུན་སྤྱོད་རྣམ་པར་དག་པ་ལ་གནས་ཤིང་བདེན་པ་བཞི་པོ་བསྒྲུབས་ནས་དགྲ་བཅོམ་པའི་འབྲས་བུ་ཐོབ་བོ། །དགྲ་བཅོམ་པ་ནི་རྫུ་འཕྲུལ་གྱི་མཁའ་ལ་རྒྱུ་ཞིང་ཚེ་བསྐལ་པའི་བར་དུ་ཐུབ། ས་དང་གནམ་ཡང་འགུལ་བར་བྱེད་པའི་དོན་ལ་གནས་པའོ། །དེ་ནས་ཕྱིར་མི་འོང་བ་ཞེས་བྱ་སྟེ། ཕྱིར་མི་འོང་བ་ནི་ཚེའི་འདུ་བྱེད་རྫོགས་ཏེ་གནས་རིས་བཅུ་དགུ་པའི་ལྷ་རུ་སྐྱེས་ནས་སླར་དགྲ་བཅོམ་པའི་གོ་འཕང་ཐོབ་པའོ། །དེ་ནས་ཕྱིར་འོང་བ་ཞེས་བྱ་སྟེ། ཕྱིར་འོང་བ་ནི། ཁམས་གོང་མར་ལན་གཅིག་སོང་སྟེ་སླར་ཕྱིར་འོངས་ནས་དགྲ་བཅོམ་པ་ཐོབ་པའོ། །དེ་ནས་རྒྱུན་ཞུགས་ཞེས་བྱ་སྟེ། རྒྱུན་ཞུགས་ནི། སྐྱེ་འཆི་བདུན་བདུན་གྱི་མཐར་སླར་དགྲ་བཅོམ་པའི་གོ་འཕང་མངོན་པར་བྱས་པའོ། །འདིས་ནི་འདོད་སྲེད་ཐམས་ཅད་ཡོངས་སུ་བཅད་དེ་དཔེར་ན། ཡན་ལག་བཞི་རྣམ་པར་བཅད་པས་སླར་མི་སྐྱེ་བ་བཞིན་ཏེ། རབ་བྱེད་དང་པོ འོ། །

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་ཏུ་བྱུང་བའི་དགེ་སྦྱོང་ནི། འདོད་སྲེད་སྤོང་བ། རང་གི་སེམས་ཀྱི་འབྱུང་ཁུངས་ཤེས་པ། སངས་རྒྱས་ཀྱི་གནས་ལུགས་ཟབ་མོ་རྟོགས་པ། འདུས་མ་བྱས་ཀྱི་ཆོས་རྟོགས་པ། ནང་ལ་ཐོབ་པ་མེད་པ། ཕྱི་ལ་རེ་བ་མེད་པ། སེམས་ལམ་དང་མ་འབྲེལ་བ། ལས་མི་གསོག་པ། རྟོག་པ་མེད་པ། བྱ་བ་མེད་པ། སྒོམ་པ་མེད་པ། རྟོགས་པ་མེད་པ། རིམ་པ་མ་བགྲོད་པར་མཐར་ཕྱིན་པ་བཅས་ལ་ལམ་ཞེས་བྱ་བ་སྟེ། རབ་བྱེད་གཉིས་པའོ། །

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྲ་དང་ཁ་སྤུ་བྲེགས་པའི་དགེ་སྦྱོང་ནི་ལམ་གྱི་ཆོས་ཉམས་སུ་ལེན་པ། འཇིག་རྟེན་གྱི་ནོར་རྫས་རྣམས་སྤོང་བ། འཚོ་བ་བསོད་སྙོམས་པས་ཆོག་ཤེས་པ། ཉིན་གཅིག་ཟས་གཅིག་པ། གནས་གཅིག་ཤིང་དྲུང་བ། རྟག་ཏུ་བག་ཡོད་པའོ། །འཇིག་རྟེན་པ་རྨོངས་ཤིང་སྒྲིབ་པར་བྱེད་པ་ནི་འདོད་པ་དང་སྲེད་པ་ཡིན་ཏེ། རབ་བྱེད་གསུམ་པའོ། །

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་ལས་ལ་དགེ་བ་བཅུ་དང་མི་དགེ་བ་བཅུའོ། །བཅུ་གང་ཞེ་ན། ལུས་ཀྱི་གསུམ། ངག་གི་བཞི། ཡིད་ཀྱི་གསུམ་མོ། །ལུས་ཀྱི་གསུམ་ནི། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། མི་ཚངས་སྤྱོད་པའོ། །ངག་གི་བཞི་ནི། རྫུན་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་དང་། ངག་འཁྱལ་ལོ། །ཡིད་ཀྱི་གསུམ་ནི། ཕྲག་དོག་དང་། ཞེ་སྡང་དང་། གཏི་མུག་གོ །ལས་བཅུ་པོ་དེ་དག་ནི་འཕགས་པའི་ལམ་དང་མི་མཐུན་པས་མི་དགེ་བ་བཅུ་ཞེས་བྱ་ཞིང་། མི་དགེ་བ་རྣམས་སྤོང་བ་ནི་དགེ་བ་བཅུ་ཞེས་བྱ་བ་སྟེ། །རབ་བྱེད་བཞི་པའོ། །

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཟག་གང་ཞིག་ཉེས་པ་བྱུང་བ་ལ་འགྱོད་བཤགས་མི་བྱེད་པ་དང་། རང་གི་སེམས་ཀྱང་འདུལ་བར་མི་བྱེད་ན། ཉེས་པ་གཞན་དག་ཀྱང་བརྒྱུད་མར་འབྱུང་སྟེ། དཔེར་ན་ཆུ་བོ་རྣམས་རྒྱ་མཚོར་གཞོལ་བས་ཇེ་ཆེ་ཇེ་ཟབ་ཏུ་འགྲོ་བར་བཞིན་ནོ། །གང་ཞིག་ཉེས་པ་རྣམས་ལ་སྐྱོན་ཏུ་ཤེས་ཏེ་མི་དགེ་བ་སྤོང་ཞིང་དགེ་བར་སྤྱད་པ་ན། དཔེར་ན་ནད་ལ་གཉེན་པོ་བསྟེན་ཏེ་ནད་དྲུང་ནས་ཕྱུང་བར་གྱུར་པར་བཞིན་ཏེ། རབ་བྱེད་ལྔ་པའོ། །

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཟག་མ་རུངས་པ་གང་ཞིག་གིས་གཞན་གྱིས་དགེ་བ་བྱེད་པ་ཐོས་ཚེ། ཆེད་དུ་ལྷགས་ཏེ་ཐོ་བརྩམས་པ་ན། རང་ཉིད་ཅིས་ཀྱང་བཟོད་པའི་བརྟུལ་ཞུགས་ལ་གནས་ནས་ཁོང་ཁྲོ་བར་མི་བྱའོ། །དེ་ལྟར་བགྱིས་པས། གང་ཟག་མ་རུངས་པ་དེས་རང་གིས་བྱས་པ་དག་རང་ཉིད་ཀྱིས་ལེན་པར་འགྱུར་ཏེ། རབ་བྱེད་དྲུག་པའོ། །

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འགའ་ཞིག་བདག་སློབ་པ་ལམ་ལ་གནས་ཤིང་བྱམས་པ་ཆེན་པོ་སྒོམ་པའི་ཚེ་ནའང་འཕྱ་བ་དང་སྨོད་པར་བྱས། བདག་གིས་དེ་ལ་ལན་ཅི་ཡང་མ་ལྡོན་པར་བཞག་པས། ནམ་ཞིག་སྤྱོ་བའི་བྱ་བ་དག་མཚམས་ཆད་པ་ན། བདག་གིས་འདི་ལྟར་སྨྲས་པ། ཅི་ཁྱེད་ཀྱིས་ཅ་དངོས་གང་རུང་ཞིག་གཞན་ལ་སྦྱིན་ཚེ། དེ་ཕ་རོལ་པོས་བདག་གིར་མ་བཞེས་ན་ཅ་དངོས་དེ་ཁྱེད་ཀྱི་ཡིན་ནམ། དེས་སྨྲས་པ། དེ་ནི་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་ན། ཁྱེད་ཀྱིས་དེང་འདིར་བདག་ལ་འཕྱ་བ་དང་སྨོད་པ་བྱས་པའང་བདག་གིར་མ་བཞེས་པས། ད་ལྟ་ཁྱེད་རང་ཉིད་ཀྱིས་བཞེས་པར་འོས་སོ། །དཔེར་ན་སྒྲ་བརྙན་བཞིན་ནོ། །དེས་ན་ལུས་དང་གྲིབ་མ་བཞིན་ནམ་ཡང་འབྲལ་བར་མེད་པས། མི་དགེ་བའི་ལས་ལ་བག་ཡོད་པར་བྱ་བ་སྟེ། རབ་བྱེད་བདུན་པའོ། །

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེ་བོ་ངན་པས་དམ་པ་དག་ལ་གནོད་པར་བྱེད་པ་ནི། དཔེར་ན། གང་ཟག་གང་ཞིག་གན་རྐྱལ་དུ་ཉལ་ནས་གནམ་ལ་མཆིལ་མ་འདོར་བ་ན། མཆིལ་མ་གནམ་དུ་མི་འགྲོ་བར་སླར་རང་ཉིད་ཀྱི་སྟེང་དུ་ལྷུང་བའམ། ཡང་ན་རླུང་རྒྱུ་བའི་ལྡོག་ཕྱོགས་སུ་ཐལ་རྡུལ་གཏོར་བ་ན། ཐལ་རྡུལ་དེར་མི་འགྲོ་བར་སླར་རང་ཉིད་ཀྱི་ལུས་ལ་གོས་པ་བཞིན། དམ་པ་རྣམས་ལ་གནོད་མི་ནུས་པར་རང་ཉིད་ངེས་པར་དུ་བརླག་པར་འགྱུར་ཏེ། རབ་བྱེད་བརྒྱད་པའོ། །

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མང་དུ་ཐོས་ཤིང་ལམ་ལ་སྤྲོ་བ་ཙམ་གྱིས་ལམ་ཉིད་ཉམས་སུ་ལོན་པར་དཀའ་འོ། །རྟག་ཏུ་སེམས་ཉིད་སྲུང་ཞིང་ཚུལ་བཞིན་སྒོམ་པར་བྱས་ན་ལམ་གྱི་འབྲས་བུ་ཆེན་པོ་འཐོབ་པར་འགྱུར་ཏེ། རབ་བྱེད་དགུ་པའོ། །

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཞན་གྱིས་སྦྱིན་པ་བྱེད་པ་མཐོང་བའི་ཚེ། དེ་ལ་དགའ་བས་རྗེས་སུ་ཡི་རང་བར་བྱས་པས། བསོད་ནམས་ཆེན་པོ་འཐོབ་པར་འགྱུར་རོ། །དེ་ལ་དགེ་སྦྱོང་ཞིག་གིས་དྲིས་པ། དེ་ལྟ་ན་སྦྱིན་པ་པོའི་བསོད་ནམས་ཟད་པར་འགྱུར་རམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དཔེར་ན་སྒྲོན་མེ་གཅིག་གིས་མི་བརྒྱ་སྟོང་མང་པོས་རང་རང་གིས་ཐོགས་པའི་སྒྲོན་མེ་རྣམས་སྦར་ནས་མུན་པ་བསལ་བར་བྱས་ཀྱང་། སྔར་གྱི་སྒྲོན་མེ་ནི་སོ་ན་གནས་པ་བཞིན་བསོད་ནམས་ཀྱང་དེ་དང་འདྲ་སྟེ། རབ་བྱེད་བཅུ་པའོ། །

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེ་བུ་ངན་པ་བརྒྱ་ལ་གདུགས་ཚོད་དྲང་བ་བས་སྐྱེ་བུ་དམ་པ་གཅིག་ལ་དྲང་བས་བཟང་། དེ་བཞིན་དུ་སྐྱེ་བུ་དམ་པ་སྟོང་བས་ཚུལ་ཁྲིམས་ཡན་ལག་ལྔ་སྲུང་བ་གཅིག་གིས་བཟང་། ཚུལ་ཁྲིམས་ཡན་ལག་ལྔ་སྲུང་བ་ཁྲི་བས་རྒྱུན་ཞུགས་གཅིག་གིས་བཟང་། རྒྱུན་ཞུགས་ཁྲི་བརྒྱ་བས་ཕྱིར་འོང་གཅིག་གིས་བཟང་། ཕྱིར་འོང་ཁྲི་སྟོང་བས་ཕྱིར་མི་འོང་གཅིག་གིས་བཟང་། ཕྱིར་མི་འོང་བྱེ་བ་ཕྲག་བཅུ་བས་ཀྱང་དགྲ་བཅོམ་གཅིག་གིས་བཟང་། དགྲ་བཅོམ་བྱེ་བ་ཕྲག་བརྒྱ་བས་རང་རྒྱལ་གཅིག་གིས་བཟང་། རང་རྒྱལ་བྱེ་བ་ཕྲག་སྟོང་བས་དུས་གསུམ་སངས་རྒྱས་གཅིག་གིས་བཟང་། དུས་གསུམ་སངས་རྒྱས་བྱེ་བ་ཕྲག་འབུམ་ལས་ཀྱང་རྟོག་པ་མེད་པ། གནས་པ་མེད་པ། སྒོམ་པ་མེད་པ། རྟོགས་པ་མེད་པའི་གང་ཟག་གཅིག་གིས་བཟང་བ་སྟེ། རབ་བྱེད་བཅུ་གཅིག་པའོ། །

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཟག་རྣམས་ལ་ཆེས་དཀའ་བ་ཉི་ཤུ་ཡོད་དེ། དབུལ་པོས་སྦྱིན་པ་གཏོང་བ་ནི་ཆེས་དཀའོ། །ཕྱུག་པོས་ལམ་ཉམས་སུ་ལེན་པ་ནི་ཆེས་དཀའོ། །སྲོག་དོར་ནས་འཆི་བར་བྱེད་པ་ནི་ཆེས་དཀའོ། །སངས་རྒྱས་ཀྱི་མདོ་སྡེ་མཐོང་བ་ནི་ཆེས་དཀའོ། །སངས་རྒྱས་འབྱུང་བ་དང་འཕྲད་པ་ནི་ཆེས་དཀའོ། །མཛེས་པའི་གཟུགས་དང་འདོད་ཡོན་ལ་མི་ཆགས་པ་ནི་ཆེས་དཀའོ། །ཡིད་དུ་འོང་བ་མཐོང་ནས་དོན་དུ་མི་གཉེར་བ་ནི་ཆེས་དཀའོ། །གཞན་གྱིས་བརྙས་པ་ལ་ཞེ་སྡང་མི་སྐྱེ་བ་ནི་ཆེས་དཀའོ། །དབང་ཐང་ཆེ་ཡང་རང་མཐོང་མི་ཆེ་བ་ནི་ཆེས་དཀའོ། །བྱ་བ་དང་འཕྲད་དུས་སེམས་མི་གཡོ་བ་ནི་ཆེས་དཀའོ། །མཐོང་རྒྱ་ཆེ་ཡང་གཏིང་ཟབ་མོར་དཔོག་པ་ནི་ཆེས་དཀའོ། །རང་ལྟ་དང་ང་རྒྱལ་གཞོམ་ཐུབ་པ་ནི་ཆེས་དཀའོ། །གསར་བུ་དག་ལ་བརྙས་བཅོས་མི་བྱེད་པ་ནི་ཆེས་དཀའོ། །སེམས་དང་སྤྱོད་པ་འདྲ་མཉམ་འོང་བ་ནི་ཆེས་དཀའོ། །གཞན་གྱི་སྐྱོན་མི་བརྗོད་པ་ནི་ཆེས་དཀའོ། །དགེ་བའི་བཤེས་གཉེན་དང་འཕྲད་པ་ནི་ཆེས་དཀའོ། །སེམས་ཉིད་མཐོང་ནས་ལམ་ཉམས་སུ་ལེན་པ་ནི་ཆེས་དཀའོ། །སེམས་ཅན་གྱི་ཁམས་དབང་མོས་པ་དང་བསྟུན་ནས་སྒྲོལ་བར་བྱེད་པ་ནི་ཆེས་དཀའོ། །ཡུལ་རྣམས་མཐོང་ནས་དེ་ལ་སེམས་མི་གཡོ་བ་ནི་ཆེས་དཀའོ། །ཐབས་ལ་མཁས་པའི་ཚུལ་ལེགས་པར་ཤེས་པ་ནི་ཆེས་དཀའ་བ་སྟེ། རབ་བྱེད་བཅུ་གཉིས་པའོ། །

དགེ་སྦྱོང་ཞིག་གིས་སངས་རྒྱས་ལ་འདི་སྐད་དུ་གསོལ་པ། སྔོན་གནས་རྗེས་དྲན་གྱི་མངོན་ཤེས་ཀྱི་ལམ་ཇི་ལྟར་ཐོབ་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་དྭངས་པའི་བསམ་གཏན་བསྒོམས་ན་ལམ་མངོན་དུ་འགྱུར་ཏེ། དཔེར་ན་མེ་ལོང་ཕྱི་བདར་བྱས་ནས་དྲི་མ་དག་པ་ན་འོད་གསལ་བ་བཞིན་དུ། འདོད་པ་སྤང་ཞིང་དོན་དུ་མི་གཉེར་བ་ན་སྔོན་གནས་རྗེས་དྲན་གྱི་མངོན་ཤེས་འཐོབ་པར་འགྱུར་ཏེ། རབ་བྱེད་བཅུ་གསུམ་པའོ། །

དགེ་སྦྱོང་ཞིག་གིས་བཅོམ་ལྡན་འདས་ལ་གསོལ་པ། དགེ་བ་ཞེས་པ་དང་། ཤིན་ཏུ་ཆེ་བ་ཞེས་པ་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལམ་ཡང་དག་པ་ཉམས་སུ་ལེན་པ་ལ་དགེ་བ་ཞེས་བྱའོ། །རང་གི་རྒྱུད་དང་ལམ་གཉིས་ཡོངས་སུ་འདྲེས་པར་བྱེད་པ་ལ་ཤིན་ཏུ་ཆེ་བ་ཞེས་བྱ་སྟེ། རབ་བྱེད་བཅུ་བཞི་པའོ། །

དགེ་སྦྱོང་ཞིག་གིས་བཅོམ་ལྡན་འདས་ལ་གསོལ་པ། ནུས་སྟོབས་ཞེས་པ་དང་ཤིན་ཏུ་གསལ་བ་ཞེས་པ་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཞིག་བཟོད་པ་བསྒོམས་པས་སྟོབས་ཆེ་བ་ལགས་ཏེ། སེམས་ལ་ཁོང་ཁྲོ་བ་མེད་པས་བདེ་བར་གནས་སོ། །བཟོད་པ་ཅན་ལ་གླགས་མི་རྙེད་ཅིང་གཞན་གྱིས་བཀུར་བར་བྱེད་ཏོ། །སེམས་ཀྱི་དྲི་མ་དང་ནག་ནོག་ཐམས་ཅད་སྤངས་ནས་ཡོངས་སུ་དག་པར་གྱུར་པ་ལ་ཤིན་ཏུ་གསལ་བ་ཞེས་བྱ་སྟེ། སྔོན་ནས་ད་ལྟའི་བར་གྱི་ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་མ་མཐོང་བ་མེད་པ་དང་། མ་ཤེས་པ་མེད་པ་དང་། མ་ཐོས་པ་མེད་པ་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པ་ཡིན་ནོ། །དེ་ལ་ཤིན་ཏུ་གསལ་བ་ཞེས་ཀྱང་བྱ་སྟེ། རབ་བྱེད་བཅོ་ལྔ་པའོ། །

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདོད་སྲེད་དང་ལྡན་པའི་གང་ཟག་གིས་ལམ་མཐོང་བར་མི་འགྱུར་ཏེ། དཔེར་ན་ལག་པས་དཀྲུགས་པའི་ཆུ་དྭངས་མའི་ཁར། མི་རྣམས་འཛོམས་ནས་བལྟས་ཀྱང་སོ་སོའི་གཟུགས་བརྙན་མི་མཐོང་བ་བཞིན་ནོ། །དེས་ན་འདོད་སྲེད་ཀྱིས་ཡོངས་སུ་དཀྲུགས་པའི་གང་ཟག་རྣམས་ཀྱི་སེམས་ནི། སྙིགས་མ་ཅན་ཡིན་པས་ལམ་ཡང་དག་པ་མཐོང་བར་མི་འགྱུར་རོ། །དགེ་སྦྱོང་དག ཁྱེད་ཅག་གིས་འདོད་སྲེད་སྤང་བར་བྱའོ། །འདོད་སྲེད་འཛད་པར་བྱའོ། །ད་གཟོད་ལམ་མཐོང་བར་འགྱུར་ཏེ། རབ་བྱེད་བཅུ་དྲུག་པའོ། །

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཐོང་ལམ་ཞེས་པ་ནི་དཔེར་ན་སྒྲོན་མེ་ཐོགས་པའི་གང་ཟག་མུན་ཁང་དུ་ཞུགས་པ་ན། མུན་པ་སྐད་ཅིག་གིས་བསལ་ནས་འོད་གསལ་བ་ཁོ་ནར་གནས་པ་བཞིན། ལམ་ལ་བསླབ་ཏེ་བདེན་པ་མཐོང་བས་ཀྱང་མ་རིག་པ་སྐད་ཅིག་གིས་འགག་ནས་འོད་གསལ་བའི་ཡེ་ཤེས་རྟག་ཏུ་གནས་པ་ཡིན་ཏེ། རབ་བྱེད་བཅུ་བདུན་པའོ། །

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བདག་གི་ཆོས་ནི་རྟོག་པ་མི་རྟོག་པ་རྟོག་གོ །སྤྱོད་པ་མི་སྤྱོད་པ་སྤྱོད་དོ། །བརྗོད་པ་མི་བརྗོད་པ་བརྗོད་དོ། །སྒོམ་པ་མི་སྒོམ་པ་སྒོམ་མོ། །རྟོགས་ན་ཉེའོ། །འཁྲུལ་ན་རིང་ངོ་། །སྒྲ་ཚིག་ངག་གི་ལམ་ལས་འདས། དངོས་པོའི་འཆིང་བ་ཀུན་ལས་གྲོལ། ཅུང་ཙམ་ནོར་བས་རིང་དུ་ལྟུང་བ་སྟེ། རབ་བྱེད་བཅོ་བརྒྱད་པའོ། །

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ས་གནམ་ཀུན་ལ་བརྟགས་ཏེ་མི་རྟག་པ་སྒོམ། འཇིག་རྟེན་ཀུན་ལ་བརྟགས་ཏེ་མི་རྟག་པ་སྒོམ། ཤེས་པ་ཉིད་ལ་བརྟགས་ཏེ་བྱང་ཆུབ་ཏུ་ཤེས། དེ་ལྟ་བུའི་གང་ཟག་གིས་མྱུར་དུ་ལམ་འཐོབ་པར་འགྱུར་ཏེ། རབ་བྱེད་བཅུ་དགུ་པའོ། །

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འབྱུང་བ་བཞི་འདུས་ཀྱི་ལུས་པོ་ལ་རྣམ་པར་བརྟགས་ན། སོ་སོའི་མིང་ཙམ་ལས་བདག་ནི་རྣམ་པ་ཀུན་ཏུ་མ་མཆིས་སོ། །བདག་རྣམ་པ་ཀུན་ཏུ་མ་མཆིས་པས། སྒྱུ་མའི་སྣང་བ་ཙམ་དུ་འདྲ་བ་སྟེ། རབ་བྱེད་ཉི་ཤུ་པའོ། །

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་རྣམས་འདོད་པའི་དབང་གིས་སྙན་གྲགས་འཚོལ་བར་བྱེད། ནམ་ཞིག་སྙན་གྲགས་རྒྱས་དུས་རང་ཉིད་ཀྱང་འཆི་བར་འགྱུར་བས་རྟག་ཏུ་འཇིག་རྟེན་གྱི་སྙན་གྲགས་ཁོ་ནར་ཞེན་ནས་ལམ་མི་སྒྲུབ་པ་ནི་ངལ་བ་འབྲས་མེད་དོ། །དཔེར་ན་མི་རྣམས་ཀྱིས་སྤོས་ཀྱི་དྲི་ཚོར་བ་ན་སྤོས་རང་ཉིད་བསྲེགས་ནས་མེད་འགྲོ་བ་ལྟར། རང་ཉིད་སྲེག་པའི་མེ་དེའང་རྗེས་སུ་སྙེག་པ་སྟེ། རབ་བྱེད་ཉེར་གཅིག་པའོ། །

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཟག་གང་ཞིག་ནོར་དང་གཟུགས་སྤོང་བར་མི་བྱེད་པ་ནི། དཔེར་ན་སྤུ་གྲིའི་སོར་ཆགས་པའི་སྦྲང་རྩིས་ཐེངས་གཅིག་གི་ཟས་བཟང་པོ་ཙམ་མི་འོང་ཡང་། བྱིས་པ་རྣམས་ཀྱིས་དེ་བལྡགས་ནས་ལྕེ་གཅད་པའི་ཉེས་པ་འབྱུང་བ་བཞིན་ཏེ། རབ་བྱེད་ཉེར་གཉིས་པའོ། །

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཟག་གང་ཞིག་བཟའ་ཟླ་དང་། བུ་ཕྲུག་དང་། ཁང་ཁྱིམ་བཅས་ཀྱིས་བཅིངས་པར་གྱུར་པ་ནི་བཙོན་ཁང་དུ་ཆུད་པ་ལས་ཀྱང་དཀའ་སྟེ། བཙོན་ཁང་དུ་ཚུད་པས་ཐར་བའི་སྐབས་ཡོད་ཀྱི། བུ་དང་བཟའ་ཟླས་བཅིངས་པས་ནི་ནམ་ཡང་ཐར་བའི་སྐབས་མ་མཆིས་སོ། །དེ་བས་ན། གཟུགས་ལ་ཆགས་པའི་འཇིགས་སྐྲག་གི་དབང་དུ་སོང་བ་ནི། དཔེར་ན་སྟག་གི་ཁར་ཚུད་ཀྱང་ད་དུང་སེམས་བདེ་བར་གནས་པ་དང་། ཡང་ན་རང་ཉིད་འདམ་དོང་དུ་མཆོངས་ནས་ཐར་མི་ཐུབ་པ་ལྟ་བུ་ལ་སོ་སོ་སྐྱེ་བོ་ཞེས་བྱའོ། །སྒོ་འདི་ཉིད་ལས་ཡོངས་སུ་ཐར་བ་ནི་རྡུལ་བྲལ་དགྲ་བཅོམ་པ་སྟེ། རབ་བྱེད་ཉེར་གསུམ་པའོ། །

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་ལ་ཆགས་པའི་སྲེད་པ་ནི་ཆེས་ལྡོག་པར་དཀའ་སྟེ། གཟུགས་ཀྱི་འདོད་སྲེད་ལས་ཆེ་བ་གཞན་གང་ཡང་མ་མཆིས་སོ། །དེ་ཉིད་གཅིག་ལས་མེད་པས་ལེགས་ཀྱི། གལ་སྲིད་དེ་འདྲ་གཉིས་ཡོད་ན་འཇིག་རྟེན་འདིའི་སྐྱེ་བོ་རྣམས་ལམ་སྒོམ་པར་ནུས་པ་མ་ཡིན་ཏེ། རབ་བྱེད་ཉེར་བཞི་པའོ། །

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདོད་སྲེད་ཅན་གྱི་གང་ཟག་ནི། དཔེར་ན་མི་ཞིག་གིས་ལག་ཏུ་སྒྲོན་མེ་ཐོགས་ཏེ་རླུང་རྒྱུ་བའི་ལྡོག་ཕྱོགས་སུ་འགྲོ་བར་བྱེད་པ་ན། ངེས་པར་དུ་ལག་པ་སྲེག་པའི་གནོད་པ་འབྱུང་བ་བཞིན་ཏེ། རབ་བྱེད་ཉེར་ལྔ་པའོ། །

ལྷ་ཞིག་གིས་དེ་བཞིན་གཤེགས་པའི་ཐུགས་ལ་གནོད་པར་བྱེད་འདོད་ནས། བུད་མེད་རིན་པོ་ཆེ་ཞིག་དེ་བཞིན་གཤེགས་པའི་དྲུང་དུ་ཕུལ་བ་ན། དེ་བཞིན་གཤེགས་པས་སྨྲས་པ། མི་གཙང་བས་རབ་ཏུ་བཀང་བའི་པགས་པའི་རྐྱལ་པ་འདིས་ཅི་བྱེད། ཕྱིར་དེངས་ཤིག བདག་ལ་དགོས་པ་མེད་དོ། །དེ་ནས་ལྷ་དེ་ཉིད་ཤིན་ཏུ་དད་དེ་སངས་རྒྱས་ལ་ལམ་གྱི་དོན་རྣམས་དྲིས་སོ། །སངས་རྒྱས་ཀྱིས་ཀྱང་དེ་བཞིན་དུ་ལེགས་པར་གསུང་སྟེ། མཐར་ལྷ་དེ་ཉིད་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པ་སྟེ། རབ་བྱེད་ཉེར་དྲུག་པའོ། །

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལམ་ཉམས་སུ་ལེན་པ་ནི་འདི་ལྟ་སྟེ། དཔེར་ན་ཆེས་ཆེ་བའི་སྡོང་དུམ་ཞིག་ཆུའི་འགྲམ་གཉིས་ལ་མ་ཐོགས། མི་གཞན་གྱིས་མ་བླངས། ལྷ་འདྲེ་རྣམས་ཀྱིས་མ་བཀག ཆུ་འཁྱིལ་དུ་མ་གནས། རུལ་ཞིག་ཏུ་མ་གྱུར་པ་ན། ཤིང་སྡོང་དེ་ཉིད་ངེས་པར་དུ་རྒྱ་མཚོར་གཞོལ་བ་ཡིན་ནོ་ཞེས་བདག་སྨྲའོ། །དེ་བཞིན་དུ་ལམ་ཉམས་སུ་ལེན་པའི་གང་ཟག་ཀྱང་། འདོད་སྲེད་ཀྱི་དབང་དུ་མ་སོང་། ལོག་པར་ལྟ་བའི་ཚོགས་ཀྱིས་གནོད་པར་མ་བྱས། བརྩོན་འགྲུས་རྒྱུན་ཆད་པར་མ་གྱུར་ན། ངེས་པར་དུ་དེ་ཉིད་ཀྱི་ལམ་མཐར་ཕྱིན་པར་འགྱུར་རོ་ཞེས་བདག་སྨྲ་བ་སྟེ། རབ་བྱེད་ཉེར་བདུན་པའོ། །

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བག་ཡོད་པར་བྱའོ། །ཁྱེད་ཀྱི་སེམས་ལ་ཡིད་རྟོན་པར་མི་བྱའོ། །ཁྱེད་ཀྱི་སེམས་ལ་ཡིད་རྟོན་པར་མི་རིགས་སོ། །བག་ཡོད་པར་བྱའོ། །ཁྱེད་གཟུགས་དང་འཕྲད་པར་མི་བྱའོ། །གཟུགས་དང་འཕྲད་པས་སྡུག་བསྔལ་བར་སྐྱེད་དོ། །ནམ་ཞིག་དགྲ་བཅོམ་པ་ཐོབ་པ་དང་། གཟོད་ཁྱེད་ཀྱི་སེམས་ལ་ཡིད་རྟོན་པར་རིགས་ཏེ། རབ་བྱེད་ཉེར་བརྒྱད་པའོ། །

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བག་ཡོད་པར་བྱའོ། །བུད་མེད་ཀྱི་གཟུགས་ལ་བལྟ་བར་མི་བྱའོ། །དེ་དང་མཉམ་དུ་གཏམ་འདྲེས་པར་མི་སྨྲའོ། །ཅིས་ཀྱང་སྨྲ་དགོས་ན། དྲན་ཤེས་བསྟེན་ནས་བདག་དགེ་སྦྱོང་ལགས་པས། སྙིགས་མའི་དུས་འདིར་ཡང་པདྨ་འདམ་གྱིས་མ་གོས་པ་ལྟར་བྱའོ། །ལོ་ན་རྒས་པའི་བུད་མེད་ལ་མ་དང་། ལོ་ན་ཅུང་ཆེ་བ་ལ་ཨ་ཅེ་དང་། ལོ་ན་ཅུང་ཆུང་བ་ལ་སྲིང་མོ་དང་། ནར་མ་སོན་པ་ལ་རང་གི་བུ་མོའི་འདུ་ཤེས་ཀྱིས་སེམས་རྣམ་པར་གྲོལ་བར་བྱས་ཏེ་རྣམ་རྟོག་ངན་པ་དགག་པར་བྱ་བ་སྟེ། རབ་བྱེད་ཉེར་དགུ་པའོ། །

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལམ་ཉམས་སུ་ལེན་པ་ནི་འདི་ལྟ་སྟེ། དཔེར་ན་རྩ་སྐམ་པོ་མེ་ལ་གཡོལ་དགོས་པ་བཞིན། ལམ་ཉམས་སུ་ལེན་པ་དག་གིས་ཀྱང་། འདོད་པའི་ཡུལ་མཐོང་ན་རྒྱང་རིང་དུ་སྤང་བར་བྱ་བ་སྟེ། རབ་བྱེད་སུམ་ཅུ་པའོ། །

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེ་བུ་ཞིག་གིས་འདོད་ལོག་སྤོང་མ་ནུས་པས་ཕོའི་དབང་པོ་གཅོད་པར་བརྩམ་པ་ན། བཅོམ་ལྡན་འདས་ཀྱིས་འདི་ལྟར་གསུངས་ཏེ། དབང་པོ་གཅོད་པ་བས་སེམས་འདུལ་བར་བྱས་ན་ལེགས་ཀྱི། སེམས་ནི་རྗེ་དཔོན་ལྟ་བུ་སྟེ། རྗེ་དཔོན་བཏུལ་བས་འཁོར་རྣམས་ཀྱང་དབང་དུ་འགྱུར་བ་ཡིན་ནོ། །དེ་བས་ལོག་པའི་སེམས་མི་གདུལ་བར་དབང་པོ་བཅད་པས་ཅི་ལ་ཕན། དེ་ནས་བཅོམ་ལྡན་འདས་ཀྱིས་སངས་རྒྱས་འོད་སྲུང་གིས་གསུངས་པའི་ཚིགས་སུ་བཅད་པ་དེ་འདི་སྐད་དུ་བཀའ་སྩལ་པ། འདོད་པས་ཁྱེད་ཀྱི་ཡིད་འབྱུང་ཞིང་། །ཡིད་ལས་རྣམ་པར་རྟོག་པ་སྐྱེས། །གཉིས་འཛིན་སོ་སོར་ཞི་གྱུར་ན། །གཉིས་མེད་སྤྱོད་པ་ཡོད་མ་ཡིན། །ཞེས་པ་སྟེ། རབ་བྱེད་སོ་གཅིག་པའོ། །

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདོད་སྲེད་ལས་ནི་མྱ་ངན་འབྱུང་། །མྱ་ངན་ལས་ཀྱང་འཇིགས་སྐྲག་སྐྱེ། །སྲེད་པ་ཡོངས་སུ་སྤངས་གྱུར་ན། །མྱ་ངན་འཇིགས་སྐྲག་ཇི་ལྟར་སྐྱེ། །ཞེས་པ་སྟེ། རབ་བྱེད་སོ་གཉིས་པའོ། །

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལམ་ཉམས་སུ་ལེན་པ་ནི་འདི་ལྟ་སྟེ། དཔེར་ན་གང་ཟག་གང་ཞིག་མི་ཁྲི་ཕྲག་དང་འཐབ་དགོས་ན། ཁོས་གོ་ཁྲབ་བགོས་ནས་ཕྱི་སྒོར་ཐོན་ཏེ་སོང་བ་ལ། ཡང་ན་སེམས་ཞུམ་ནས་སྐྱོ་བ་དང་། ཡང་ན་ལམ་དཀྱིལ་ནས་ཕྱིར་ལོག་པ་དང་། ཡང་ན་གཡུལ་ངོ་ནས་གྲིར་ཤི་བ་དང་། ཡང་ན་རྣམ་པར་རྒྱལ་ནས་ཕྱིར་འོང་བ་གང་རུང་ཞིག་འགྱུར་བ་བཞིན་དུ་ལམ་ལ་སློབ་པའི་དགེ་སྦྱོང་རྣམས་ཀྱིས་ཀྱང་སེམས་རྒྱུད་བརྟན་པས་བརྩོན་འགྲུས་དྲག་པོ་སྐྱེད་ཅིང་མདུན་གྱི་ཡུལ་ལ་མི་འཇུག་པར་བྱས་ན། བདུད་ཀྱི་ཚོགས་རྣམས་ཡོངས་སུ་བཅོམ་ནས་ལམ་གྱི་འབྲས་བུ་ཡང་དག་འཐོབ་པར་འགྱུར་ཏེ། རབ་བྱེད་སོ་གསུམ་པའོ། །

དགེ་སྦྱོང་ཞིག་གིས་མཚན་མོར་སངས་རྒྱས་འོད་སྲུང་གི་འདའ་ཁའི་ཞལ་ཆེམས་ཀྱི་མདོ་ཀློག་པའི་ཚེ། དེའི་སྒྲ་ནི་སྐྱོ་ཞིང་སྒྲིམ་པའི་རྣམ་པ་བྱུང་བས། ཁོང་འགྱོད་པ་སྐྱེས་ནས་ལམ་ལས་ཕྱིར་ལྡོག་པར་འདོད་པ་ན། སངས་རྒྱས་ཀྱིས་དྲིས་པ། ཁྱེད་ཁྱིམ་ན་གནས་དུས་ལས་ཅི་བགྱི་བ་ལགས། དགེ་སྦྱོང་གིས་སྨྲས་པ། བདག་རོལ་མོ་དཀྲོལ་བ་ལ་དགའོ། །སངས་རྒྱས་ཀྱིས་སྨྲས་པ། རོལ་མོའི་སྒྲ་རྒྱུད་དེ་ཤིན་ཏུ་ལྷོད་པ་ཡིན་ནམ། དགེ་སྦྱོང་གིས་སྨྲས་པ། དེ་ནི་མ་ལགས་ཏེ་སྒྲ་མི་འབྱིན་པས་སོ། །འོ་ན་ཤིན་ཏུ་དམ་པ་ལགས་སམ། དེ་ཡང་མ་ལགས་ཏེ། དེ་ལྟ་ན་སྒྲ་རྒྱུད་ཆད་པས་སོ། །འོ་ན་སྒྲ་རྒྱུད་དེ་སྒྲིམ་ལྷོད་རན་པ་ལགས་སམ། དེ་ཡིན་ནོ། །དེས་སྒྲ་ཐམས་ཅད་ལེགས་པར་ཆ་མཉམ་དུ་འབྱུང་བས་སོ། །དེ་ནས་སངས་རྒྱས་ཀྱིས་སྨྲས་པ། དགེ་སྦྱོང་གིས་ལམ་ཉམས་སུ་ལེན་པ་ཡང་དེ་བཞིན་ནོ། །སེམས་གྲིམ་ལྷོད་རན་པས་ལེགས་པར་བཏུལ་ན་གཟོད་ལམ་གྱི་འབྲས་བུ་འཐོབ་པར་འགྱུར་རོ། །སེམས་ཧ་ཅང་རྩུབ་པའམ་སྒྲིམ་སྟེ་ལམ་ཉམས་སུ་བླངས་ན། ལུས་ངལ་ཞིང་དུབ་པར་འགྱུར་རོ། །ལུས་ངལ་དུབ་ཏུ་གྱུར་ན་ཡིད་ཉོན་མོངས་པར་འགྱུར་རོ། །ཡིད་ཉོན་མོངས་པར་གྱུར་ན་སྤྱོད་པ་ཉམས་པར་འགྱུར་རོ། །སྤྱོད་པ་ཉམས་པར་གྱུར་ན་ཉེས་པ་ཐམས་ཅད་ལྷག་ཏུ་འབྱུང་བར་འགྱུར་རོ། །དེ་བས་ན་ཡང་དག་པའི་བདེ་བའི་ལམ་ཡོངས་སུ་ཉམས་པར་མི་བྱ་བ་སྟེ། རབ་བྱེད་སོ་བཞི་པའོ། །

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དཔེར་ན་གང་ཟག་གང་ཞིག་ལྕགས་བཙོ་སྦྱང་བྱས་ཏེ་ལྷད་རྣམས་བསལ་ནས་སྣོད་ཆས་བྱས་པ་ན་སྣོད་ཆས་ཡང་དག་པ་ཞིག་ཏུ་འགྱུར་བ་བཞིན། སེམས་ཀྱི་དྲི་མ་རྣམས་ཡོངས་སུ་སྤངས་ན་སྤྱོད་པ་རྣམ་པར་དག་པར་འགྱུར་ཏེ། རབ་བྱེད་སོ་ལྔ་པའོ། །

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངན་སོང་དང་བྲལ་བའི་མིའི་ལུས་རྟེན་ཐོབ་པ་ནི་དཀའོ། །མིའི་ལུས་རྟེན་ཐོབ་པ་བས་ཀྱང་སྐྱེས་པའི་ལུས་རྟེན་ཐོབ་པ་ནི་དཀའོ། །སྐྱེས་པའི་ལུས་རྟེན་ཐོབ་པ་བས་ཀྱང་དབང་པོ་དྲུག་ཚང་བ་ནི་དཀའོ། དབང་པོ་དྲུག་ཚང་བ་བས་ཀྱང་ཡུལ་དབུས་སུ་སྐྱེ་བ་ནི་དཀའོ། །ཡུལ་དབུས་སུ་སྐྱེ་བ་བས་ཀྱང་སངས་རྒྱས་འབྱུང་བ་དང་འཕྲད་པ་ནི་དཀའོ། །སངས་རྒྱས་འབྱུང་བ་དང་འཕྲད་པ་བས་ཀྱང་སངས་རྒྱས་ཀྱི་བསྟན་པ་དང་འཕྲད་པ་ནི་དཀའོ། །སངས་རྒྱས་ཀྱི་བསྟན་པ་དང་འཕྲད་པ་བས་ཀྱང་བསྟན་པ་ལ་དད་པར་བྱེད་པ་ནི་དཀའོ། །བསྟན་པ་ལ་དད་པར་བྱེད་པ་བས་ཀྱང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི་དཀའོ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་བས་ཀྱང་སྒོམ་མེད་རྟོགས་མེད་ཀྱི་དོན་གཉེར་པ་ནི་དཀའ་སྟེ། རབ་བྱེད་སོ་དྲུག་པའོ། །

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བདག་གི་སློབ་མ་གང་ཞིག་བདག་དང་བྲལ་ནས་དཔག་ཚད་སྟོང་ཕྲག་མང་པོར་བརྒལ་ཡང་། བདག་གི་ཚུལ་ཁྲིམས་རྗེས་སུ་དྲན་པར་བགྱིས་ན། ལམ་གྱི་འབྲས་བུ་ངེས་པར་འཐོབ་པར་འགྱུར་རོ། །སློབ་མ་གང་ཞིག་བདག་གི་དྲུང་དུ་གནས་ཏེ་རྟག་ཏུ་བདག་མཐོང་བར་གྱུར་ན་ཡང་། བདག་གི་ཚུལ་ཁྲིམས་དང་རྗེས་སུ་མཐུན་པར་མ་བགྱིས་ན། མཐར་འབྲས་བུ་ཡང་དག་འཐོབ་པར་མི་འགྱུར་ཏེ། རབ་བྱེད་སོ་བདུན་པའོ། །

བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་ཞིག་ལ་དྲིས་པ། མི་ཚེའི་ཡུན་རིང་ཐུང་ཅི་ཙམ་ལགས། དགེ་སྦྱོང་གིས་སྨྲས་པ། ཉིན་ཞག་འགའ་ཞིག་གི་ཡུན་ཙམ་ལགས། བཅོམ་ལྡན་འདས་ཀྱིས་སྨྲས་པ། ཁྱེད་ཀྱིས་ལམ་ཇི་བཞིན་མ་རྟོགས་སོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གཞན་ཞིག་ལ་དྲིས་པ། མི་ཚེའི་ཡུན་རིང་ཐུང་ཅི་ཙམ་ལགས། དགེ་སྦྱོང་གིས་སྨྲས་པ། ཇ་ཡུན་ཙམ་ཞིག་ལགས། བཅོམ་ལྡན་འདས་ཀྱིས་སྨྲས་པ། ཁྱེད་ཀྱིས་ཀྱང་ལམ་ཇི་བཞིན་མ་རྟོགས་སོ། །ཡང་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་ཞིག་ལ་སྨྲས་པ། མི་ཚེའི་ཡུན་རིང་ཐུང་ཅི་ཙམ་ལགས། དགེ་སྦྱོང་གིས་སྨྲས་པ། དབུགས་འབྱིན་རྔུབ་ཀྱི་བར་ཙམ་མོ། །བཅོམ་ལྡན་འདས་ཀྱིས་སྨྲས་པ། ལེགས་སོ། །ཁྱེད་ཀྱིས་ལམ་ཇི་བཞིན་རྟོགས་པར་འདུག་སྟེ། རབ་བྱེད་སོ་བརྒྱད་པའོ། །

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སངས་རྒྱས་ཀྱི་ལམ་ལ་སློབ་པ་དག་གིས་སངས་རྒྱས་ཀྱི་བསྟན་པའི་ཆོས་ཐམས་ཅད་ལ་དད་པས་འཇུག་སྟེ། དཔེར་ན་སྦྲང་རྩི་ཟོས་པ་ན། སྦྲང་རྩིའི་དབུས་དང་མཐའ་ཐམས་ཅད་མངར་བ་བཞིན་དུ། བདག་གི་བསྟན་པའི་ཆོས་རྣམས་ཀྱང་དེ་དང་འདྲ་བ་སྟེ། རབ་བྱེད་སོ་དགུ་པའོ། །

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སྦྱོང་གང་ཞིག་ལམ་སྒྲུབ་པ་ན། མཆིག་འཐེན་པའི་བ་གླང་ལྟར་ལུས་ལམ་དུ་འགྲོ་ལ་སེམས་ལམ་དུ་མི་འགྲོ་བ་ལྟ་བུ་མི་བྱའོ། །གང་ཞིག་སེམས་ལམ་དུ་སོང་ན། གཞན་ལམ་དུ་མ་སོང་ཡང་དེས་འཐུས་པ་ཡིན་ཏེ། རབ་བྱེད་བཞི་བཅུ་པའོ། །

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཟག་གང་ཞིག་ལམ་ཉམས་སུ་ལེན་པ་ནི། དཔེར་ན་ཁུར་ལྗིད་པོས་མནན་པའི་བ་གླང་ཆེས་ཟབ་པའི་འདམ་ནང་དུ་བགྲོད་པ་ན། ཤིན་ཏུ་དཀའ་ཞིང་ངལ་དུབ་ཏུ་གྱུར་ནས་གཡས་གཡོན་ཙམ་དུ་ཡང་བལྟ་མི་སྤོབས་པར་འདམ་ནང་ནས་ཐར་བར་བརྩོན་ན། གཟོད་ངལ་གསོ་ཐོབ་པ་བཞིན་དུ། དགེ་སྦྱོང་རྣམས་ཀྱང་འདོད་སྲེད་ཀྱི་འདམ་ཟབ་ལས་དབྱུང་བའི་ཕྱིར། ཡིད་རྩེ་གཅིག་པས་ལམ་ལ་སེམས་ན་གཟོད་སྡུག་བསྔལ་ལས་ཐར་བར་འགྱུར་ཏེ། རབ་བྱེད་ཞེ་གཅིག་པའོ། །

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བདག་གིས་རྒྱལ་སྲིད་ནི་ཐལ་རྡུལ་བཞིན་དུ་བལྟའོ། །གསེར་དང་གཡུའི་རིན་པོ་ཆེ་ནི་རྫ་ལྷེབ་ཆག་གྲུམ་བཞིན་དུ་བལྟའོ། །པན་ཙ་ལི་ཀའི་གོས་ནི་གོས་ཧྲུལ་བཞིན་དུ་བལྟའོ། །སྟོང་ཆེན་པོའི་འཇིག་རྟེན་ནི་ཨ་རུ་ར་བཞིན་དུ་བལྟའོ། །མཚོ་མ་དྲོས་པའི་ཆུ་ནི་རྐང་སྣུམ་བཞིན་དུ་བལྟའོ། །ཐབས་ལ་མཁས་པའི་སྒོ་ནི་སྤྲུལ་པའི་རིན་པོ་ཆེ་བཞིན་དུ་བལྟའོ། །བླ་ན་མེད་པའི་ཐེག་པ་ནི་རྨི་ལམ་ནང་གི་གསེར་གོས་བཞིན་དུ་བལྟའོ། །སངས་རྒྱས་ཀྱི་ལམ་ནི་ནམ་མཁའི་མེ་ཏོག་བཞིན་དུ་བལྟའོ། །བསམ་གཏན་ནི་རི་རྒྱལ་གྱི་ཀ་བ་བཞིན་དུ་བལྟའོ། །མྱ་ངན་ལས་འདས་པ་ནི་ཉིན་མཚན་གཉིད་ལས་སད་པ་བཞིན་དུ་བལྟའོ། །ཡང་དག་པ་དང་ཕྱིན་ཅི་ལོག་པ་ནི་གཡུ་འབྲུག་དྲུག་གིས་གར་ལ་རྩེན་པ་བཞིན་དུ་བལྟའོ། །མཉམ་པ་ཉིད་ནི་ས་གཞི་བཞིན་དུ་བལྟའོ། །ཆོས་དང་གདུལ་བྱ་ནི་དུས་བཞིའི་ཤིང་བཞིན་དུ་བལྟ་བ་སྟེ། རབ་བྱེད་ཞེ་གཉིས་པའོ། །རབ་བྱེད་ཞེ་གཉིས་པའི་མདོ་ཞེས་བྱ་བ་རྫོགས་སོ།། །།

སངས་རྒྱས་ཀྱི་བསྟན་པ་རྒྱ་ནག་ཏུ་དར་བའི་ཆེས་ཐོག་མའི་མདོ་འདི་ཉིད་སློབ་དཔོན་ཨོ་ཡུས་ཀྱི་འགྲེལ་བར་གཏུགས་ནས་ལོ་ཙཱ་བ་སུ་མོ་ཐ་དང་ཙི་མོ་ཐ་གཉིས་ཀྱིས་བསྒྱུར་གནང་མཛད་པ་དེ་ཉིད། བོད་ཀྱི་བན་དེ་བསོད་དར་རྒྱས་ཀྱིས་རྒྱ་ནག་གི་དཔེ་ལས་བོད་སྐད་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༩ རྡོ་རྗེ་ཕ་ལམ་གྱི་ཕྲེང་རྡོག་༣༦༥

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡ བསླབ་བྱ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༢ འོད་དཔག་མེད་ཀྱི་ཞིང་ཡིད་ལ་བྱེད་པའི་མདོ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༣ ས་ཡི་སྙིང་པོའི་རྩ་བའི་སྨོན་ལམ་གྱི་མདོ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༤ བཀྲ་ཤིས་པའི་མདོ་ཞེས་བྱ་བ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༥ ཕ་མའི་དྲིན་ལན་གཞལ་དཀའ་བའི་མདོ་ཞེས་བྱ་བ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༦ ཕ་མ་སྐྱོབ་པའི་མདོ་ཞེས་བྱ་བ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༧ བུ་མོ་མ་ཏཾ་གའི་མདོ་ཞེས་བྱ་བ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༨ ལུང་དག་ལྡན་ཞེས་བྱ་བ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༩ སངས་རྒྱས་འདའ་ཁའི་ཞལ་ཆེམས་ཀྱི་མདོ་ཞེས་བྱ་བ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༠ རབ་བྱེད་ཞེ་གཉིས་པའི་མདོ་ཞེས་བྱ་བ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༡ རབ་ཏུ་བྱུང་བའི་ཕན་ཡོན་ལ་བསྟོད་པ་ཚིགས་སུ་བཅད་པའི་མདོ་ཞེས་བྱ་བ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༢ བདེ་ཆེན་ཞིང་སྦྱོང་གི་བསྟན་བཅོས་ཚིགས་བཅད་མའི་རྣམ་པར་བཤད་པ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༣ རྒྱ་ནག་རི་བོ་རྩེ་ལྔའི་གནས་བཤད་མཐོང་ལྡན།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༤ སྙིང་གཏམ་སྙིང་གི་ཐིག་ལེའི་འགྲེལ་བ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༥ དྲན་ངོགས་ཀྱི་ནུབ་བསྐྱོད།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༦ དྲན་ངོགས་ཀྱི་རྨི་སྣང་།

འབྲེལ་ཡོད་ཀློག་དེབ།

记笔记

这段是(可多选,也可不选)

这段有错

你选中的(位置已自动记录)

哪里不对?(可多选)

称呼与邮箱都可以不填。只用于就这一条联系你,不做他用、不进任何名单,别人看不到你提的内容。