纽约佛学会

第1课

༄༅། །ཞིང་སྦྱོང་གི་བསྟན་བཅོས་ཚིགས་བཅད་མ་ཞེས་བྱ་བ་བཞུགས་སོ། །

བདག་ནི་རྩེ་གཅིག་ཡིད་ཀྱིས་སུ། །ཕྱོགས་བཅུའི་སངས་རྒྱས་ལ་ཕྱག་འཚལ། །འོད་དཔག་མེད་ཀྱི་ཞིང་ཁམས་མཆོག །བདེ་བ་ཅན་དུ་སྐྱེ་བར་སྨོན། །བདག་གིས་མདོ་སྡེ་ལ་བརྟེན་ནས། །ཞིང་གི་ཡོན་ཏན་བཀོད་པ་རྣམས། །ཞིང་སྦྱོང་ཚིགས་བཅད་བསྡུས་པ་ཡིས། །སྟོན་པའི་ཆོས་དང་མཐུན་པར་བཤད། །བདེ་ཆེན་ཞིང་གི་བཀོད་པ་གསལ། །ཁམས་གསུམ་ལམ་ལས་འདས་པའོ། །རྒྱ་ཁྱོན་ནམ་མཁའ་ཇི་བཞིན་ཏེ། །རྒྱ་ཆེར་མུ་མཐའ་མེད་པའོ། །བྱམས་དང་སྙིང་རྗེ་ཡང་དག་ལམ། །འཇིག་རྟེན་ལས་འདས་དགེ་རྩ་བསྐྱེད། །གཙང་དང་འོད་གསལ་ཡོངས་སུ་རྫོགས། །མེ་ལོང་ཉི་ཟླ་ལྟ་བུའོ། །རིན་ཆེན་རང་བཞིན་སྣ་ཚོགས་པའི། །རྒྱན་གྱི་བཀོད་པ་ལྡན་པའོ། །དྲི་མེད་འོད་ཟེར་རབ་འབར་བ། །གསལ་དག་འཇིག་རྟེན་ཁྱབ་པའོ། །རིན་ཆེན་རང་བཞིན་ཡོན་ཏན་རྩྭ། །འཇམ་མཉེན་གཡས་གཡོན་རབ་ཏུ་འཁྱིལ། །རེག་ན་བདེ་ཆེན་སྐྱེད་བྱེད་པ། །ཀ་ལན་ད་ཀ་ལས་འཕགས་སོ། །རིན་ཆེན་མེ་ཏོག་འབུམ་ཕྲག་གིས། །ཆུ་ཀླང་རྫིང་བུ་ཆུ་མིག་ཁེབས། །མེ་ཏོག་ལོ་མ་རླུང་གིས་བསྐྱོད། །འོད་འཁྲིགས་ཕན་ཚུན་བསྒྱུར་བའོ། །ཕོ་བྲང་ཁང་བུ་ཁང་བརྩེགས་རྣམས། །ཕྱོགས་བཅུར་བལྟས་ཀྱང་ཐོགས་པ་མེད། །སྣ་ཚོགས་ཤིང་དང་འོད་ཟེར་གཟུགས། །རིན་ཆེན་ལན་ཀན་གྱིས་འཁྱུད་དོ། །དཔག་མེད་རིན་ཆེན་དྲ་བ་ཡིས། །ནམ་མཁའི་ཁྱོན་ཀུན་ཁྱབ་བརྡལ་བ། །སྣ་ཚོགས་སྤྲུལ་བའི་རོལ་མོ་ཡིས། །དམ་ཆོས་སྒྲ་དབྱངས་སྒྲོག་པའོ། །མེ་ཏོག་གོས་ཀྱིས་རབ་བརྒྱན་པའི། །དཔག་མེད་སྤོས་ཆར་འཇོ་བའོ། །གསལ་དག་སངས་རྒྱས་ཡེ་ཤེས་ཉིས། །འཇིག་རྟེན་རྨོངས་མུན་སེལ་བའོ། །ཟབ་ཅིང་རྟོགས་དཀའ་ཚངས་པའི་དབྱངས། །ངོ་མཚར་ཕྱོགས་བཅུ་ཀུན་ནས་ཐོས། །ཆོས་ཀྱི་རྒྱལ་པོ་རྫོགས་སངས་རྒྱས། །འོད་དཔག་མེད་ཀྱིས་ལེགས་པར་བཟུང་། །དེ་བཞིན་གཤེགས་པའི་འཁོར་དག་པ། །སངས་རྒྱས་པད་མ་རྫུས་ལས་སྐྱེས། །ཆོས་ཀྱི་རོལ་ལ་རབ་ཏུ་དགའ། །བསམ་གཏན་ཏིང་འཛིན་ཟས་སུ་རོལ། །ལུས་སེམས་གདུང་བ་གཏན་དུ་བྲལ། །བདེ་བ་རྟག་ཏུ་རྒྱུན་ཆད་མེད། །ཐེག་ཆེན་དགེ་བའི་ཁམས་ཉིད་ལ། །ཁྱད་པར་ཅན་མིང་མཉམ་དུ་བྲལ། །བུད་མེད་དབང་པོ་མི་ཚང་དང་། །ཉན་རང་རིགས་ཅན་འདིར་མི་སྐྱེ། །སེམས་ཅན་རེ་བ་གང་ཡོད་པ། །དེ་དག་ཐམས་ཅད་ཡིད་བཞིན་འགྲུབ། །བདག་ནི་འོད་དཔག་མེད་ཀྱི་ཞིང་། །བདེ་བ་ཅན་དེར་སྐྱེ་བར་སྨོན། །དཔག་མེད་རིན་ཆེན་རྒྱལ་པོ་ཡིས། །རྨད་བྱུང་རྣམ་དག་པད་མའི་སྟེགས། །མཚན་དཔེ་འོད་ཟེར་གཞི་འདོམ་གང་། །གཟུགས་བྱད་འགྲོ་བ་ཀུན་ལས་འཕགས། །སངས་རྒྱས་རྨད་བྱུང་ཆོས་ཀྱི་སྒྲ། །ཚངས་དབྱངས་ཕྱོགས་བཅུ་ཀུན་ནས་ཐོས། །ཇི་ལྟར་ས་ཆུ་མེ་རླུང་དང་། །ནམ་མཁའ་རྣམ་རྟོག་མེད་བཞིན་དུ། །ལྷ་དང་མི་དང་མི་གཡོའི་ཚོགས། །རྣམ་དག་ཡེ་ཤེས་མཚོ་ལས་སྐྱེས། །ཇི་ལྟར་རི་ཡི་རྒྱལ་པོ་བཞིན། །ཀུན་ལས་ཁྱད་འཕགས་འགྲན་དུ་མེད། །ལྷ་དང་མི་ཡི་སྐྱེ་དགུའི་ཚོགས། །གུས་པས་བལྟ་དང་བསྐོར་བའོ། །སངས་རྒྱས་སྨོན་ལམ་མཐུ་བཙན་པོས། །འབྲེལ་ཚད་དོན་དང་ལྡན་པར་བྱེད། །མྱུར་དུ་རེ་བ་ཀུན་བསྐང་བས། །ཡོན་ཏན་རིན་ཆེན་རྒྱ་མཚོ་འཁྱིལ། །བདེ་ལྡན་དག་པའི་ཞིང་ཁམས་སུ། །རྟག་ཏུ་དྲི་མེད་ཆོས་འཁོར་བསྐོར། །རི་བོ་བཞིན་དུ་བརྟན་པར་གནས། །ཉི་བཞིན་སངས་རྒྱས་བྱང་སེམས་སྤྲུལ། །དྲི་མེད་བརྒྱན་པའི་འོད་ཟེར་གྱིས། །རྟོག་པ་ཙམ་དང་སྐད་ཅིག་གིས། །སངས་རྒྱས་ཞིང་ཀུན་ཁྱབ་བྱེད་ཅིང་། །འགྲོ་བ་རྣམས་ལ་ཕན་པར་མཛད། །ལྷ་ཡི་རོལ་མོ་མེ་ཏོག་གོས། །སྤོས་མཆོག་ལ་སོགས་མཆོད་པ་དང་། །སངས་རྒྱས་ཡོན་ཏན་བསྟོད་ཅིང་བསྔགས། །དེ་ལྟ་ན་ཡང་རྣམ་རྟོག་དབེན། །བསྟན་པ་ཡོན་ཏན་རིན་ཆེན་མཆོག །འཇིག་རྟེན་གང་ན་མེད་པ་དེར། །བདག་ཉིད་ཞིང་དེར་སྐྱེས་ནས་སུ། །སངས་རྒྱས་བཞིན་དུ་དམ་ཆོས་སྤེལ། །བདག་གིས་ཚིགས་བཅད་བསྟན་བཅོས་ཀྱིས། །འོད་དཔག་མེད་ཀྱི་ཞལ་མཐོང་ནས། །སེམས་ཅན་ཐམས་ཅད་ཁྱབ་མཉམ་དུ། །བདེ་བ་ཅན་དུ་སྐྱེ་བར་ཤོག །ཞིང་སྦྱོང་གི་བསྟན་བཅོས་ཚིགས་བཅད་མ་ཞེས་བྱ་བ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་རྫོགས་སོ། །

༄༅། །བདེ་ཆེན་ཞིང་སྦྱོང་གི་བསྟན་བཅོས་ཚིགས་བཅད་མའི་རྣམ་པར་བཤད་པ་བཞུགས་སོ། །

ཚིག་བཅད་འདིའི་དོན་ཇི་ལྟར་འགྲེལ་ཞེ་ན། བདེ་བ་ཅན་གྱི་ཞིང་ཁམས་གསལ་བཏབ་ནས་སངས་རྒྱས་འོད་དཔག་མེད་ཀྱི་ཞལ་མཐོང་བའི་སླད་དུ་སྨོན་པར་བྱས་ན་ཞིང་དེ་རུ་སྐྱེ་བ་ཡིན་ནོ། །ཇི་ལྟར་གསལ་འདེབས་པ་དང་དད་པ་སྐྱེད་པར་བྱེད་ཅེ་ན། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཞིག་གིས་གསལ་བཏབ་པའི་སྒོ་ལྔས་སྒྲུབ་པར་བྱས་ན་བདེ་བ་ཅན་གྱི་ཞིང་དེར་སྐྱེས་ནས་སངས་རྒྱས་འོད་དཔག་མེད་ཀྱི་ཞལ་མཐོང་བ་ཡིན་ནོ། །

གསལ་འདེབས་པའི་སྒོ་ལྔ་གང་ཞེ་ན། ཕྱག་འཚལ་བའི་སྒོ། བསྟོད་པའི་སྒོ། སྨོན་ལམ་གདབ་པའི་སྒོ། བརྟག་པའི་སྒོ། བསྔོ་བའི་སྒོའོ། །ཕྱག་འཚལ་བའི་སྒོ་གང་ཞེ་ན། ལུས་ཀྱིས་སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་བའོ། །དེས་ཞིང་དེ་རུ་སྐྱེ་བར་འགྱུར་བའི་ཕྱིར་རོ། །

བསྟོད་པའི་སྒོ་གང་ཞེ་ན། ངག་གིས་སངས་རྒྱས་འོད་དཔག་མེད་ལ་བསྟོད་པ་དང་དེའི་མཚན་བརྗོད་པའོ། །སངས་རྒྱས་དེའི་འོད་གསལ་བའི་ཡེ་ཤེས་ཀྱི་མཚན་ཉིད་ནི་དེའི་མཚན་གྱི་དོན་ཡིན་ལ། དེ་ལྟར་སྒྲུབ་པར་འདོད་པས་དེ་ཡོངས་སུ་འགྲུབ་པའི་ཕྱིར་རོ། །

སྨོན་ལམ་གདབ་པའི་སྒོ་གང་ཞེ་ན། དུས་རྟག་ཏུ་སེམས་རྩེ་གཅིག་པས་བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་སྨོན་ལམ་གདབ་པའོ། །དེ་ལྟར་སྒྲུབ་པར་འདོད་པས་ཞི་གནས་ཡོངས་སུ་འགྲུབ་པའི་ཕྱིར་རོ། །བརྟག་པའི་སྒོ་གང་ཞེ་ན། དྲན་པ་དང་ཤེས་རབ་ཀྱི་སྒོ་ནས་བརྟག་པའོ། །དེ་ལྟར་སྒྲུབ་པར་འདོད་པས་ལྷག་མཐོང་ཡོངས་སུ་འགྲུབ་པའི་ཕྱིར་རོ། །

འདིར་བརྟག་པ་ལ་གསུམ་སྟེ། གསུམ་གང་ཞེ་ན། བདེ་བ་ཅན་གྱི་ཞིང་གི་ཡོན་ཏན་གྱི་བཀོད་པ་ལ་བརྟག་པ་དང་། སངས་རྒྱས་འོད་དཔག་མེད་ཀྱི་ཡོན་ཏན་གྱི་བཀོད་པ་ལ་བརྟག་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོན་ཏན་གྱི་བཀོད་པ་ལ་བརྟག་པའོ། །བསྔོ་བའི་སྒོ་གང་ཞེ་ན། དུས་རྟག་ཏུ་སྡུག་བསྔལ་གྱིས་གདུང་བའི་སེམས་ཅན་ཐམས་ཅད་མི་འདོར་བའི་བསྔོ་སྨོན་གཙོ་བོར་བཟུང་བའོ། །དེས་སྙིང་རྗེ་ཆེན་པོ་ཡོངས་སུ་འགྲུབ་པའི་ཕྱིར་རོ། །བདེ་བ་ཅན་གྱི་ཞིང་གི་ཡོན་ཏན་གྱི་བཀོད་པ་ལ་ཇི་ལྟར་བརྟག་པར་བྱ་ཞེ་ན། བདེ་བ་ཅན་གྱི་ཞིང་གི་ཡོན་ཏན་གྱི་བཀོད་པ་ནི་བསམ་གྱིས་མི་ཁྱབ་པའི་སྟོབས་ལས་གྲུབ་པའི་ཕྱིར། ཇི་ལྟར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་རང་བཞིན་དང་འདྲ་ཞིང་མཉམ་པའི་ཕྱིར་རོ། །

དེ་ལ་བདེ་བ་ཅན་གྱི་ཞིང་གི་ཡོན་ཏན་གྱི་བཀོད་པ་ནི་དོན་བཅུ་བདུན་གྱིས་ཤེས་པར་བྱ་སྟེ། དོན་བཅུ་བདུན་གང་ཞེ་ན། རྣམ་པར་དག་པའི་ཡོན་ཏན་ཡོངས་སུ་གྲུབ་པ་དང་། ཚད་ཀྱི་ཡོན་ཏན་ཡོངས་སུ་གྲུབ་པ་དང་། རང་བཞིན་གྱི་ཡོན་ཏན་ཡོངས་སུ་གྲུབ་པ་དང་། རྣམ་པའི་ཡོན་ཏན་ཡོངས་སུ་གྲུབ་པ་དང་། དོན་སྣ་ཚོགས་པའི་ཡོན་ཏན་ཡོངས་སུ་གྲུབ་པ་དང་། གཟུགས་ཕུན་སུམ་ཚོགས་པའི་ཡོན་ཏན་ཡོངས་སུ་གྲུབ་པ་དང་། རེག་པའི་ཡོན་ཏན་ཡོངས་སུ་གྲུབ་པ་དང་། བཀོད་པའི་ཡོན་ཏན་ཡོངས་སུ་གྲུབ་པ་དང་། ཆར་གྱི་ཡོན་ཏན་ཡོངས་སུ་གྲུབ་པ་དང་། འོད་གསལ་བའི་ཡོན་ཏན་ཡོངས་སུ་གྲུབ་པ་དང་། སྒྲའི་ཡོན་ཏན་ཡོངས་སུ་གྲུབ་པ་དང་། གཙོ་བོའི་ཡོན་ཏན་ཡོངས་སུ་གྲུབ་པ་དང་། འཁོར་གྱི་ཡོན་ཏན་ཡོངས་སུ་གྲུབ་པ་དང་། ལོངས་སྤྱོད་ཀྱི་ཡོན་ཏན་ཡོངས་སུ་གྲུབ་པ་དང་། ཉོན་མོངས་པ་མེད་པའི་ཡོན་ཏན་ཡོངས་སུ་གྲུབ་པ་དང་། དོན་ཆེན་པོའི་སྒོའི་ཡོན་ཏན་ཡོངས་སུ་གྲུབ་པ་དང་། འདོད་པའི་དོན་ཐམས་ཅད་ཀྱི་ཡོན་ཏན་ཡོངས་སུ་གྲུབ་པའོ། །

དེ་ལ་རྣམ་པར་དག་པའི་ཡོན་ཏན་ཡོངས་སུ་གྲུབ་པ་ནི། འདིར། བདེ་ཆེན་ཞིང་གི་བཀོད་པ་གསལ། །ཁམས་གསུམ་ལམ་ལས་འདས་པའོ། །ཞེས་སྨོས་པའི་ཕྱིར། ཚད་ཀྱི་ཡོན་ཏན་ཡོངས་སུ་གྲུབ་པ་ནི། འདིར། རྒྱ་ཁྱོན་ནམ་མཁའ་ཇི་བཞིན་ཏེ། །རྒྱ་ཆེར་མུ་མཐའ་མེད་པའོ། །ཞེས་སྨོས་པའི་ཕྱིར།

རང་བཞིན་གྱི་ཡོན་ཏན་ཡོངས་སུ་གྲུབ་པ་ནི། འདིར། བྱམས་དང་སྙིང་རྗེ་ཡང་དག་ལམ། །འཇིག་རྟེན་ལས་འདས་དགེ་རྩ་བསྐྱེད། །ཅེས་སྨོས་པའི་ཕྱིར། རྣམ་པའི་ཡོན་ཏན་ཡོངས་སུ་གྲུབ་པ་ནི། འདིར། གཙང་དང་འོད་གསལ་ཡོངས་སུ་རྫོགས། །མེ་ལོང་ཉི་ཟླ་ལྟ་བུའོ། །ཞེས་སྨོས་པའི་ཕྱིར། དོན་སྣ་ཚོགས་པའི་ཡོན་ཏན་ཡོངས་སུ་གྲུབ་པ་ནི། འདིར། རིན་ཆེན་རང་བཞིན་སྣ་ཚོགས་པའི། །རྒྱན་གྱི་བཀོད་པ་ལྡན་པའོ། །ཞེས་སྨོས་པའི་ཕྱིར།

གཟུགས་ཕུན་སུམ་ཚོགས་པའི་ཡོན་ཏན་ཡོངས་སུ་གྲུབ་པ་ནི། འདིར། དྲི་མེད་འོད་ཟེར་རབ་འབར་བ། །གསལ་དག་འཇིག་རྟེན་ཁྱབ་པའོ། །ཞེས་སྨོས་པའི་ཕྱིར། རེག་པའི་ཡོན་ཏན་ཡོངས་སུ་གྲུབ་པ་ནི། འདིར། རིན་ཆེན་རང་བཞིན་ཡོན་ཏན་རྩྭ། །འཇམ་མཉེན་གཡས་གཡོན་རབ་ཏུ་འཁྱིལ། །རེག་ན་བདེ་ཆེན་སྐྱེད་བྱེད་པ། །ཀ་ལན་ད་ཀ་ལས་འཕགས་སོ། །ཞེས་སྨོས་པའི་ཕྱིར།

བཀོད་པའི་ཡོན་ཏན་ཡོངས་སུ་གྲུབ་པ་ལ་དོན་གསུམ་གྱིས་ཤེས་པར་བྱ་སྟེ། གསུམ་གང་ཞེ་ན། ཆུའི་བཀོད་པ་དང་། ས་གཞིའི་བཀོད་པ་དང་། ནམ་མཁའིབཀོད་པའོ། །ཆུའི་བཀོད་པ་ནི། འདིར། རིན་ཆེན་མེ་ཏོག་འབུམ་ཕྲག་གིས། །ཆུ་ཀླུང་རྫིང་བུ་ཆུ་མིག་ཁེབས། །མེ་ཏོག་ལོ་མ་རླུང་གིས་བསྐྱོད། །འོད་འཁྲིགས་ཕན་ཚུན་བསྒྱུར་བའོ། །ཞེས་སྨོས་པའི་ཕྱིར། སའི་བཀོད་པ་ནི། འདིར། ཕོ་བྲང་ཁང་བུ་ཁང་བརྩེགས་རྣམས། །ཕྱོགས་བཅུར་བལྟས་ཀྱང་ཐོགས་པ་མེད། །སྣ་ཚོགས་ཤིང་དང་འོད་ཟེར་གཟུགས། །རིན་ཆེན་ལན་ཀན་གྱིས་འཁྱུད་དོ། །ཞེས་སྨོས་པའི་ཕྱིར།

ནམ་མཁའི་བཀོད་པ་ནི། འདིར། དཔག་མེད་རིན་ཆེན་དྲ་བ་ཡིས། །ནམ་མཁའི་ཁྱོན་ཀུན་ཁྱབ་བརྡལ་བ། །སྣ་ཚོགས་སྤྲུལ་བའི་རོལ་མོ་ཡིས། །དམ་ཆོས་སྒྲ་དབྱངས་སྒྲོག་པའོ། །ཞེས་སྨོས་པའི་ཕྱིར། །ཆར་གྱི་ཡོན་ཏན་ཡོངས་སུ་གྲུབ་པ་ནི། འདིར། མེ་ཏོག་གོས་ཀྱིས་རབ་བརྒྱན་པའི། །དཔག་མེད་སྤོས་ཆར་འཇོ་བའོ། །ཞེས་སྨོས་པའི་ཕྱིར། འོད་ཟེར་གྱི་ཡོན་ཏན་ཡོངས་སུ་གྲུབ་པ་ནི། འདིར། གསལ་དག་སངས་རྒྱས་ཡེ་ཤེས་ཉིས། །འཇིག་རྟེན་རྨོངས་མུན་སེལ་བའོ། །ཞེས་སྨོས་པའི་ཕྱིར།

སྒྲ་ཕུན་སུམ་ཚོགས་པའི་ཡོན་ཏན་ཡོངས་སུ་གྲུབ་པ་ནི། འདིར། ཟབ་ཅིང་རྟོགས་དཀའ་ཚངས་པའི་དབྱངས། །ངོ་མཚར་ཕྱོགས་བཅུ་ཀུན་ནས་ཐོས། །ཞེས་སྨོས་པའི་ཕྱིར། གཙོ་བོའི་ཡོན་ཏན་ཡོངས་སུ་གྲུབ་པ་ནི། འདིར། ཆོས་ཀྱི་རྒྱལ་པོ་རྫོགས་སངས་རྒྱས། །འོད་དཔག་མེད་ཀྱིས་ལེགས་པར་བཟུང་། །ཞེས་སྨོས་པའི་ཕྱིར། འཁོར་གྱི་ཡོན་ཏན་ཡོངས་སུ་གྲུབ་པ་ནི། འདིར། དེ་བཞིན་གཤེགས་པའི་འཁོར་དག་པ། །སངས་རྒྱས་པད་མ་རྫུས་ལས་སྐྱེས། །ཞེས་སྨོས་པའི་ཕྱིར།

ལོངས་སྤྱོད་ཀྱི་ཡོན་ཏན་ཡོངས་སུ་གྲུབ་པ་ནི། འདིར། ཆོས་ཀྱི་རོལ་ལ་རབ་ཏུ་དགའ། །བསམ་གཏན་ཏིང་འཛིན་ཟས་སུ་རོལ། །ཞེས་སྨོས་པའི་ཕྱིར། གདུང་བ་མེད་པའི་ཡོན་ཏན་ཡོངས་སུ་གྲུབ་པ་ནི། འདིར། ལུས་སེམས་གདུང་བ་གཏན་དུ་བྲལ། །བདེ་བ་རྟག་ཏུ་རྒྱུན་ཆད་མེད། །ཅེས་སྨོས་པའི་ཕྱིར། །

དོན་ཆེན་པོའི་སྒོའི་ཡོན་ཏན་ཡོངས་སུ་གྲུབ་པ་ནི། འདིར། ཐེག་ཆེན་དགེ་བའི་ཁམས་ཉིད་ལ། །ཁྱད་པར་ཅན་མིང་མཉམ་དུ་བྲལ། །བུད་མེད་དབང་པོ་མི་ཚང་དང་། །ཉན་རང་རིགས་ཅན་འདིར་མི་སྐྱེ། །ཞེས་སྨོས་པའི་ཕྱིར།

བདེ་བ་ཅན་གྱི་ཞིང་འདིར། འབྲས་བུ་ཁྱད་པར་ཅན་གཉིས་དང་བྲལ་བ་ཤེས་པར་བྱ་སྟེ། ངོ་བོ་ཁྱད་པར་ཅན་དང་། མིང་ཁྱད་པར་ཅན་ནོ། །ངོ་བོ་ཁྱད་པར་ཅན་ལ་གསུམ་སྟེ། ཉན་རང་དང་། བུད་མེད་དང་། དབང་པོ་མི་ཚང་བའོ། །དེ་ལ་སྐྱོན་གསུམ་མེད་པའི་ངོ་བོ་ཁྱད་པར་ཅན་དང་བྲལ་བ་ཞེས་བྱའོ། །མིང་ཁྱད་པར་ཅན་ལ་ཡང་གསུམ་སྟེ། ངོ་བོ་ཁྱད་པར་ཅན་དེ་གསུམ་མེད་པས་ཉན་རང་དང་། བུད་མེད་དང་། དབང་པོ་མི་ཚང་བའི་རིགས་ཅན་གྱི་སྒྲ་ཙམ་ཡང་ཐོས་པར་མི་འགྱུར་རོ། །དེ་ལ་མིང་ཁྱད་པར་ཅན་དང་བྲལ་བ་ཞེས་བྱའོ། །མཉམ་ཞེས་པ་ནི། མཚན་ཉིད་གཅིག་ཏུ་མཉམ་པའི་ཕྱིར་རོ། །

རེ་འདོད་ཀྱི་ཡོན་ཏན་ཡོངས་སུ་གྲུབ་པ་ནི། འདིར། སེམས་ཅན་རེ་བ་གང་ཡོད་པ། །དེ་དག་ཐམས་ཅད་ཡིད་བཞིན་འགྲུབ། །ཅེས་སྨོས་པའི་ཕྱིར། དེ་ལྟར་སངས་རྒྱས་འོད་དཔག་མེད་ཀྱི་ཞིང་གི་བཀོད་པའི་ཡོན་ཏན་བཅུ་བདུན་གྱི་སྒོ་ནས་བསྡུས་པར་བཤད་པས་དེ་བཞིན་གཤེགས་པའི་རང་དོན་གྱི་ཡོན་ཏན་ཕུན་སུམ་ཚོགས་པའི་སྟོབས་ཡོངས་སུ་གྲུབ་པས་གཞན་དོན་གྱི་ཡོན་ཏན་གྲུབ་པ་བསྟན་པའི་ཕྱིར་རོ། །སངས་རྒྱས་འོད་དཔག་མེད་ཀྱི་ཞིང་གི་བཀོད་པ་དེ་ནི་དོན་དམ་པའི་བདེན་པ་རྟོགས་པའི་ཡེ་ཤེས་ཀྱིས་སྤྱོད་ཡུལ་དུ་གྱུར་པ་ཡིན་ལ། དེ་ལྟར་ཚིགས་སུ་བཅད་པའི་རིགས་གཅིག་དང་བཅུ་དྲུག་གི་སྒོ་ནས་རིམ་གྱིས་བསྟན་པར་ཤེས་པར་བྱའོ། །

སངས་རྒྱས་འོད་དཔག་མེད་ཀྱི་ཞིང་གི་ཡོན་ཏན་གྱི་བཀོད་པ་ཡོངས་སུ་གྲུབ་པ་གང་ཞེ་ན། སངས་རྒྱས་འོད་དཔག་མེད་ཀྱི་ཞིང་གི་ཡོན་ཏན་གྱི་བཀོད་པ་ཡོངས་སུ་གྲུབ་པ་ནི་དོན་བརྒྱད་ཀྱིས་ཤེས་པར་བྱ་སྟེ། དོན་བརྒྱད་གང་ཞེ་ན། ཁྲིའི་བཀོད་པ་དང་། སྐུའི་བཀོད་པ་དང་། གསུང་གི་བཀོད་པ་དང་། ཐུགས་ཀྱི་བཀོད་པ་དང་། འགྲོ་བའི་བཀོད་པ་དང་། གནས་བརྟན་གྱི་བཀོད་པ་དང་། གཙོ་བོའི་བཀོད་པ་དང་། མི་བསླུ་ཞིང་ཡང་དག་པར་བཟུང་བའི་བཀོད་པའོ། །

ཁྲིའི་བཀོད་པ་གང་ཞེ་ན། འདིར། དཔག་མེད་རིན་ཆེན་རྒྱལ་པོ་ཡིས། །རྨད་བྱུང་རྣམ་དག་པད་མའི་སྟེགས། །ཞེས་སྨོས་པའི་ཕྱིར། སྐུའི་བཀོད་པ་གང་ཞེ་ན། འདིར། མཚན་དཔེ་འོད་ཟེར་གཞི་འདོམ་གང་། །གཟུགས་བྱད་འགྲོ་བ་ཀུན་ལས་འཕགས། །ཞེས་སྨོས་པའི་ཕྱིར།

གསུང་གི་བཀོད་པ་གང་ཞེ་ན། འདིར། སངས་རྒྱས་རྨད་བྱུང་ཆོས་ཀྱི་སྒྲ། །ཚངས་དབྱངས་ཕྱོགས་བཅུ་ཀུན་ནས་ཐོས། །ཞེས་སྨོས་པའི་ཕྱིར། ཐུགས་ཀྱི་བཀོད་པ་གང་ཞེ་ན། འདིར། ཇི་ལྟར་ས་ཆུ་མེ་རླུང་དང་། །ནམ་མཁའ་རྣམ་རྟོག་མེད་བཞིན་དུ། །ཞེས་སྨོས་པའི་ཕྱིར། འདིར། རྣམ་རྟོག་མེད་པ་ཞེས་པ་ནི། རྣམ་པར་རྟོག་པའི་སེམས་མེད་པའི་དོན་ནོ། །འགྲོ་བའི་བཀོད་པ་གང་ཞེ་ན། འདིར། ལྷ་དང་མི་དང་མི་གཡོའི་ཚོགས། །རྣམ་དག་ཡེ་ཤེས་མཚོ་ལས་སྐྱེས། །ཞེས་སྨོས་པའི་ཕྱིར།

གནས་བརྟན་གྱི་བཀོད་པ་གང་ཞེ་ན། འདིར། ཇི་ལྟར་རི་ཡི་རྒྱལ་པོ་བཞིན། །ཀུན་ལས་ཁྱད་འཕགས་འགྲན་དུ་མེད། །ཅེས་སྨོས་པའི་ཕྱིར། གཙོ་བོའི་བཀོད་པ་གང་ཞེ་ན། འདིར། ལྷ་དང་མི་ཡི་སྐྱེ་དགུའི་ཚོགས། །གུས་པས་བལྟ་དང་བསྐོར་བའོ། །ཞེས་སྨོས་པའི་ཕྱིར། མི་བསླུ་ཞིང་ཡང་དག་པར་བཟུང་བའི་བཀོད་པ་གང་ཞེ་ན། འདིར། སངས་རྒྱས་སྨོན་ལམ་མཐུ་བཙན་པོས། །འབྲེལ་ཚད་དོན་དང་ལྡན་པར་བྱེད། །མྱུར་དུ་རེ་བ་ཀུན་བསྐང་བས། །ཡོན་ཏན་རིན་ཆེན་རྒྱ་མཚོ་འཁྱིལ། །ཞེས་སྨོས་པའི་ཕྱིར།

དེ་ལ་སངས་རྒྱས་འོད་དཔག་མེད་ཀྱི་ཞལ་མཇལ་བས་མ་དག་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཉམ་པ་ཉིད་ཀྱི་ཆོས་སྐུ་ཐོབ་ནས་དག་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་གཉིས་སུ་མེད་པར་འགྱུར་རོ། །

དག་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་གོང་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་མཉམ་དུ་ཞི་བ་མཉམ་པ་ཉིད་ཀྱི་གོ་འཕང་ཐོབ་པའོ། །དེ་ལྟར་ཚིགས་སུ་བཅད་པའི་རིགས་བརྒྱད་ཀྱི་སྒོ་ནས་བསྡུས་པར་བཤད་པས་དེ་བཞིན་གཤེགས་པའི་རང་དོན་དང་གཞན་དོན་གྱི་ཡོན་ཏན་གྱི་བཀོད་པ་རྣམས་རིམ་བཞིན་དུ་བསྟན་པར་ཤེས་པར་བྱའོ། །

བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་བཀོད་པ་ཡོངས་སུ་གྲུབ་པར་བརྟག་པ་གང་ཞེ་ན། བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་བཀོད་པ་ཡོངས་སུ་གྲུབ་པར་བརྟག་པ་ནི། བྱང་ཆུབ་སེམས་དཔའ་དེ་ལ་ཡང་དག་པ་སྒྲུབ་པ་བཞིའི་སྒོ་ནས་ཡོན་ཏན་ཡོངས་སུ་གྲུབ་པར་ཤེས་པར་བྱ་སྟེ།

བཞི་གང་ཞེ་ན། སངས་རྒྱས་ཀྱི་ཞིང་དེ་ནས་སྐུ་མི་གཡོ་བཞིན་དུ་ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་བཀྱེས་ནས་ཡང་དག་པ་སྒྲུབ་པ་དང་རྟག་ཏུ་འགྲོ་དོན་མཛད་པ་ཡིན་ཏེ། འདིར། བདེ་ལྡན་དག་པའི་ཞིང་ཁམས་སུ། །རྟག་ཏུ་དྲི་མེད་ཆོས་འཁོར་བསྐོར། །རི་བོ་བཞིན་དུ་བརྟན་པར་གནས། །ཉི་བཞིན་སངས་རྒྱས་བྱང་སེམས་སྤྲུལ། །ཞེས་སྨོས་པའི་ཕྱིར་བྱང་ཆུབ་སེམས་དཔའ་དེ་དག་གིས་འདམ་གྱི་པདྨ་ལྟ་བུའི་འགྲོ་བ་རྣམས་སྨིན་པར་བྱེད་པའི་ཕྱིར་ཏེ་སྒྲུབ་པ་དང་པོའོ། །

སྤྲུལ་བའི་སྐུས་དུས་སྔ་ཕྱི་མ་ཡིན་པར་དུས་ཐམས་ཅད་དུ། རྣམ་རྟོག་གཅིག་དང་སྐད་ཅིག་གཅིག་ཙམ་གྱིས་འོད་ཟེར་ཆེན་པོ་ཡོངས་སུ་འཕྲོས་ཏེ་ཕྱོགས་བཅུ་རབ་འབྱམས་ཀུན་ཏུ་ཁྱབ་པར་བྱས་ནས་གདུལ་བར་བྱ་བའི་སེམས་ཅན་རྣམས་བཏུལ་བ་དང་། ཐབས་ཀྱི་སྤྱོད་པ་སྣ་ཚོགས་པས་འགྲོ་བ་རྣམས་ཀྱི་སྡུག་བསྔལ་སེལ་བ་ཡིན་ཏེ། འདིར། དྲི་མེད་བརྒྱན་པའི་འོད་ཟེར་གྱིས། །རྟོག་པ་ཙམ་དང་སྐད་གཅིག་གིས། །སངས་རྒྱས་ཞིང་ཀུན་ཁྱབ་བྱེད་ཅིང་། །འགྲོ་བ་རྣམས་ལ་ཕན་པར་མཛད། །ཅེས་སྨོས་པའི་ཕྱིར་ཏེ་སྒྲུབ་པ་གཉིས་པའོ། །

བྱང་ཆུབ་སེམས་དཔའ་དེས་འཇིག་རྟེན་གྱི་ཁམས་ཀུན་ཏུ་སངས་རྒྱས་ཀྱི་ཞིང་གི་འགྲོ་བ་མ་ལུས་པ་ལ་ཐུགས་རྗེས་གཟིགས་ནས་དེ་བཞིན་གཤེགས་པ་མ་ལུས་པ་རྒྱ་ཆེར་ཚད་མེད་པར་གུས་པས་བསྟོད་པ་དང་མཆོད་པར་བྱེད་པ་ཡིན་ཏེ། འདིར། ལྷ་ཡི་རོལ་མོ་མེ་ཏོག་གོས། །སྤོས་མཆོག་ལ་སོགས་མཆོད་པ་དང་། །སངས་རྒྱས་ཡོན་ཏན་བསྟོད་ཅིང་བསྔགས། །དེ་ལྟ་ན་ཡང་རྣམ་རྟོག་དབེན། །ཞེས་སྨོས་པའི་ཕྱིར་ཏེ་སྒྲུབ་པ་གསུམ་པའོ། །

ཡང་བྱང་ཆུབ་སེམས་དཔས་དཀོན་མཆོག་གསུམ་མེད་པའི་ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་དུ། སངས་རྒྱས་དང་། ཆོས་དང་། དགེ་འདུན་རིན་པོ་ཆེའི་ཡོན་ཏན་རྒྱ་མཚོའི་བཀོད་པ་རྣམས་ཡོངས་སུ་དར་བར་བྱས་པས་ཀུན་གྱིས་དེ་ལྟར་ལེགས་པར་ཤེས་ཏེ་ཡོངས་སུ་སྒྲུབ་པར་བྱེད་པ་ཡིན་ཏེ། འདིར། བསྟན་པ་ཡོན་ཏན་རིན་ཆེན་མཆོག ། འཇིག་རྟེན་གང་ན་མེད་པ་དེར། །བདག་ཉིད་ཞིང་དེར་སྐྱེས་ནས་སུ། །སངས་རྒྱས་བཞིན་དུ་དམ་ཆོས་སྤེལ། །ཞེས་སྨོས་པའི་ཕྱིར་ཏེ་སྒྲུབ་པ་བཞི་པའོ། །

དེ་ལྟར་སངས་རྒྱས་འོད་དཔག་མེད་ཀྱི་ཞིང་གི་ཡོན་ཏན་གྱི་བཀོད་པ་ཡོངས་སུ་གྲུབ་པ་དང་། སངས་རྒྱས་འོད་དཔག་མེད་ཀྱི་ཡོན་ཏན་གྱི་བཀོད་པ་ཡོངས་སུ་གྲུབ་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོན་ཏན་ཡོངས་སུ་གྲུབ་པ་གསུམ་ནི་དེ་བཞིན་གཤེགས་པའི་སྨོན་ལམ་གྱི་སྟོབས་ལས་གྲུབ་པ་ཡིན་ནོ། །དེ་ལ་ཆོས་ཚིག་གཅིག་བསྡུས་ཏེ་བསྟན་ནོ། །ཆོས་ཚིག་གཅིག་ནི་དག་པའི་ཚིག་ཅེས་བྱའོ། །དག་པའི་ཚིག་ནི་ཡང་དག་པའི་ཡེ་ཤེས་འདུས་མ་བྱས་ཆོས་ཀྱི་སྐུ་ལ་བྱའོ། །

དག་པ་ལ་གཉིས་ཡོད་པར་ཤེས་པར་བྱ་སྟེ། གཉིས་གང་ཞེ་ན། སྣོད་ཀྱི་འཇིག་རྟེན་དག་པ་དང་། བཅུད་ཀྱི་སེམས་ཅན་དག་པའོ། །སྣོད་ཀྱི་འཇིག་རྟེན་དག་པ་ནི་སངས་རྒྱས་འོད་དཔག་མེད་ཀྱི་ཞིང་གི་ཡོན་ཏན་གྱི་བཀོད་པ་བཅུ་བདུན་གྱི་སྒོ་ནས་བསྟན་ནོ། །དེ་ལ་སྣོད་ཀྱི་འཇིག་རྟེན་ཡོངས་སུ་དག་པ་ཞེས་བྱའོ། །

བཅུད་ཀྱི་འཇིག་རྟེན་ཡོངས་སུ་དག་པ་ནི། སངས་རྒྱས་འོད་དཔག་མེད་ཀྱི་ཞིང་གི་ཡོན་ཏན་གྱི་བཀོད་པ་ཡོངས་སུ་གྲུབ་པ་བརྒྱད་ཀྱི་སྒོ་ནས་བསྟན་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོན་ཏན་གྱི་བཀོད་པ་བཞིའི་སྒོ་ནས་བསྟན་པའོ། །དེ་ལ་བཅུད་ཀྱི་སེམས་ཅན་ཡོངས་སུ་དག་པ་ཞེས་བྱའོ། །དེ་ལྟར་དག་པ་གཉིས་ཀྱང་ཆོས་ཚིག་གཅིག་གིས་བསྡུས་པར་ཤེས་པར་བྱའོ། །

དེས་ན་བྱང་ཆུབ་སེམས་དཔས་བསྡུས་པའི་ཞི་གནས་དང་རྒྱས་པའི་ལྷག་མཐོང་བསྒྲུབས་པས་ཞི་ལྷག་ཟུང་འཇུག་གིས་མཉེན་པའི་སེམས་ལེགས་པར་གྲུབ་པ་ཡིན་ནོ། །དེ་ལྟར་ཆོས་རྣམས་བསྡུས་པ་དང་རྒྱས་པའི་སྒོ་ནས་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པས་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པའི་བསྔོ་བ་གྲུབ་པ་ཡིན་ནོ། །བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པའི་བསྔོ་བ་ནི། གོང་དུ་སྨོས་པའི་ཕྱག་འཚལ་བ་ལ་སོགས་པ་གསལ་འདེབས་སྒྲུབ་ཐབས་དངོས་བསྡུས་པའི་དགེ་རྩ་ཐམས་ཅད་རང་དོན་གྱི་བདེ་བ་དོན་གཉེར་གྱི་བློ་མ་ཡིན་པར་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བྲལ་ཏེ་མཉམ་དུ་བདེ་བ་ཅན་གྱི་ཞིང་དུ་སྐྱེ་བའི་སླད་དུ་སྨོན་ལམ་གྱིས་རྒྱས་གདབ་པ་བྱེད་པ་ལ་བྱང་ཆུབ་སེམས་དཔའི་ཐབས་མཁས་ཀྱི་བསྔོ་བ་ཡོངས་སུ་གྲུབ་པ་ཞེས་བྱའོ། །

བྱང་ཆུབ་སེམས་དཔའི་ཐབས་མཁས་གྱི་བསྔོ་བ་ཡོངས་སུ་གྲུབ་པ་ནི། བྱང་ཆུབ་ཀྱི་སྒོ་སྒྲུབ་པ་གསུམ་དང་བྲལ་བར་བྱའོ། །སྒྲུབ་པ་གསུམ་གང་ཞེ་ན། ཤེས་རབ་ཀྱི་སྒོ་ལ་བརྟེན་ནས་རང་འདོད་ཀྱི་བདེ་བ་ལ་དོན་དུ་མི་གཉེར་ཞིང་བདག་ལ་ཆགས་པའི་བདག་འཛིན་དང་བྲལ་བར་བྱེད་པ་ནི་དང་པོའོ། །བྱམས་པ་དང་སྙིང་རྗེའི་སྒོ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་ཏེ་སེམས་ཅན་རྣམས་ལ་བདེ་བ་མི་སྟེར་བའི་སེམས་དང་བྲལ་བར་བྱེད་པ་ནི་གཉིས་པའོ། །ཐབས་ལ་མཁས་པའི་སྒོ་ནས་སེམས་ཅན་ཐམས་ཅད་ལ་གཅིག་ཏུ་བརྩེ་བའི་སེམས་ཀྱིས་རང་ཉིད་ལ་མཆོད་པ་དང་བཀུར་སྟིའི་སྤྱོད་པ་རྣམས་བྲལ་བར་བྱེད་པ་ནི་གསུམ་པའོ། །དེ་ལ་བྱང་ཆུབ་སེམས་དཔའི་སྒོ་སྒྲུབ་པ་གསུམ་དང་བྲལ་བ་ཞེས་བྱའོ། །

དེ་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་ཀྱི་སྒོ་སྒྲུབ་པའི་ཆོས་གསུམ་དང་བྲལ་ནས་བྱང་ཆུབ་ཀྱི་སྒོ་མཐུན་པའི་ཆོས་གསུམ་དང་ལྡན་པར་བྱའོ། །མཐུན་པའི་ཆོས་གསུམ་གང་ཞེ་ན། རང་གི་བདེ་བ་དོན་དུ་མི་གཉེར་བའི་དྲི་མེད་དག་པའི་སེམས་དང་། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བྲལ་བར་འདོད་པའི་བདེ་བ་དག་པའི་སེམས་དང་། སེམས་ཅན་ཐམས་ཅད་བྱང་ཆུབ་ཆེན་པོ་ཐོབ་པར་འདོད་པའི་དགའ་བ་དག་པའི་སེམས་གསུམ་མོ། །སེམས་དེ་གསུམ་སྐྱེས་པའི་གང་ཟག་ནི་བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་འགྱུར་བའི་ཕྱིར། བྱང་ཆུབ་ཀྱི་སྒོ་དང་མཐུན་པའི་ཆོས་ལྡན་པ་ཞེས་ཤེས་པར་བྱའོ། །དེ་ལྟར་ཤེས་རབ་དང་། སྙིང་རྗེ་དང་། ཐབས་མཁས་ཀྱི་སྒོ་གསུམ་ཤེས་རབ་ཀྱིས་ཟིན་པ་བྱ་ལ། ཤེས་རབ་ཀྱང་ཐབས་ཀྱིས་ཟིན་དགོས་པར་ཤེས་པར་བྱའོ། །ཡང་བདག་ལ་ཆགས་པའི་རང་འདོད་ཀྱི་སེམས་དང་། སེམས་ཅན་ལ་བདེ་བ་མི་སྟེར་བའི་སེམས་དང་། རང་ཉིད་ལ་མཆོད་པ་དང་བཀུར་སྟིའི་སེམས་གསུམ་བྲལ་བར་བྱ་སྟེ། དེ་ལ་བྱང་ཆུབ་སེམས་དང་རིང་བའི་ཆོས་གསུམ་ཞེས་ཤེས་པར་བྱའོ། །

དྲི་མེད་དག་པའི་སེམས་དང་། བདེ་བ་དག་པའི་སེམས་དང་། དགའ་བ་དག་པའི་སེམས་གསུམ་ཕྱོགས་གཅིག་ཏུ་བསྡུས་ནས་བདེ་བ་དམ་པ་ཡང་དག་པའི་སེམས་གྲུབ་པ་ཞེས་ཤེས་པར་བྱའོ། །དེ་ལྟར་བྱང་ཆུབ་སེམས་དཔའི་ཤེས་རབ་དང་། ཐབས་ལ་མཁས་པ་དང་། སྒྲིབ་པ་མེད་པའི་སེམས་དང་། ཡང་དག་པའི་སེམས་ལ་བརྟེན་ནས་བདེ་བ་ཅན་གྱི་ཞིང་དེར་སྐྱེར་བར་འགྱུར་བར་ཤེས་པར་བྱ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་ཆེན་པོའི་ཆོས་དང་ཆོས་མཐུན་ལྔའི་སྒོ་ནས་འདོད་དོན་ཡིན་བཞིན་དུ་འགྲུབ་པ་ཞེས་བྱ་སྟེ། གོང་དུ་སྨོས་པའི་ལུས་ཀྱི་ལས་དང་། ངག་གི་ལས་དང་། ཡིད་ཀྱི་ལས་དང་། ཡེ་ཤེས་ཀྱི་ལས་དང་། ཐབས་མཁས་ཀྱི་ལས་རྣམས་ཆོས་ཀྱི་སྒོ་དང་མཐུན་པའི་ཕྱིར་རོ། །

ཡང་སྒོ་ལྔའི་སྒོ་ནས་ཡོན་ཏན་ལྔ་ཡོངས་སུ་གྲུབ་པར་འགྱུར་བར་ཤེས་པར་བྱ་སྟེ། སྒོ་ལྔ་གང་ཞེ་ན། ཉེ་བར་ཞུགས་པའི་སྒོ་དང་། ཚོགས་པ་ཆེན་པོའི་སྒོ་དང་། ཞི་གནས་ཀྱི་སྒོ་དང་། ལྷག་མཐོང་གི་སྒོ་དང་། ནགས་ཚལ་རོལ་བའི་སའི་སྒོ་རྣམས་སོ། །དེ་ལྟར་སྒོ་ལྔ་ལས་སྔ་མ་བཞིས་ཡོན་ཏན་ནང་དུ་སྡུད་པ་དང་། སྒོ་ལྔ་པས་ཡོན་ཏན་ཕྱིར་ཕྱུང་བ་ཡིན་ནོ། །དེ་ལ་སྒོ་དང་པོར་ཞུགས་པ་ནི། བདེ་བ་ཅན་གྱི་ཞིང་དེར་སྐྱེ་བའི་ཆེད་དུ་སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་བས་ཞིང་དེར་སྐྱེ་བར་འགྱུར་བ་ཡིན་ནོ། །དེ་ལ་སྒོ་དང་པོར་ཞུགས་པ་ཞེས་བྱའོ། །

སྒོ་གཉིས་པར་ཞུགས་པ་ནི། མཚན་དོན་མཐུན་པའི་སངས་རྒྱས་འོད་དཔག་མེད་ལ་བསྟོད་པ་དང་། དེ་བཞིན་གཤེགས་པའི་འོད་ཟེར་ལ་བརྟེན་ནས་སྒྲུབ་པ་བྱེད་པའི་ཕྱིར། ཚོགས་པ་ཆེན་པོ་དེར་ཞུགས་པར་འགྱུར་བ་ཡིན་ནོ། །དེ་ལ་སྒོ་གཉིས་པར་ཞུགས་པ་ཞེས་བྱའོ། །

སྒོ་གསུམ་པར་ཞུགས་པ་ནི། འདུན་པ་རྩེ་གཅིག་པུས་བདེ་བ་ཅན་གྱི་ཞིང་དེར་སྐྱེ་བའི་སྨོན་ལམ་གདབ་པའི་སྒོ་ནས་ཞི་གནས་ཀྱི་ཏིང་ངེ་འཛིན་སྒོམ་པར་བྱེད་པའི་ཕྱིར། པད་མའི་སྙིང་པོའི་འཇིག་རྟེན་དེར་ཞུགས་པར་འགྱུར་བ་ཡིན་ནོ། །དེ་ལ་སྒོ་གསུམ་པར་ཞུགས་པ་ཞེས་བྱའོ། །

སྒོ་བཞི་པར་ཞུགས་པ་ནི། སེམས་རྩེ་གཅིག་པུས་དེ་དག་གི་ཡོན་ཏན་གྱི་བཀོད་པ་ལ་ཡོངས་སུ་བརྟག་སྟེ་ལྷག་མཐོང་སྒྲུབ་པར་བྱེད་པས་ཆོས་ཀྱི་རོལ་སྣ་ཚོགས་པའི་བདེ་བ་ལོངས་སུ་སྤྱད་པར་འགྱུར་བ་ཡིན་ནོ། །དེ་ལ་སྒོ་བཞི་པར་ཞུགས་པ་ཞེས་བྱའོ། །སྒོ་ལྔ་པ་ནས་ཐོན་པ་ནི། བྱམས་པ་དང་སྙིང་རྗེ་ཆེན་པོའི་སྒོ་ནས་སྡུག་བསྔལ་དང་ཉོན་མོངས་པས་གཟིར་བའི་སེམས་ཅན་རྣམས་གཟིགས་ནས་སྐྱེ་འཆི་དང་ཉོན་མོངས་པའི་ནགས་ཚལ་སྟུག་པོར་ཞུགས་ཤིང་རྫུ་འཕྲུལ་གྱི་རོལ་གར་བསྟན་ནས་གདུལ་བྱ་རྣམས་འདུལ་བར་བྱེད་པ་ཡིན་ནོ། །དེ་དག་སྨོན་ལམ་གྱི་སྟོབས་ལས་ཡོངས་སུ་བསྔོ་བ་ཡིན་པའི་ཕྱིར་སྒོ་ལྔ་པ་ལས་བྱུང་བ་ཞེས་བྱའོ། །

བྱང་ཆུབ་སེམས་དཔའ་དེ་ལྟར་སྒོ་བཞིར་ཞུགས་པ་ནི། རང་དོན་ཡོངས་སུ་གྲུབ་པ་ཡིན་པར་ཤེས་པར་བྱའོ། །བྱང་ཆུབ་སེམས་དཔའ་སྒོ་ལྔ་པ་ལས་བྱུང་བ་ནི། བསྔོ་བའི་སྒོ་ནས་གཞན་དོན་ཡོངས་སུ་གྲུབ་པ་ཡིན་པར་ཤེས་པར་བྱའོ། །བྱང་ཆུབ་སེམས་དཔས་དེ་ལྟར་སྒོ་ལྔ་ལ་བརྟེན་ནས་རང་དོན་དང་གཞན་དོན་ཡོངས་སུ་གྲུབ་སྟེ་མྱུར་དུ་བླ་ན་མེད་པ་ཡང་དག་པ་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་ཐོབ་པ་ཡིན་ནོ། །བདེ་ཆེན་ཞིང་སྦྱོང་གི་བསྟན་བཅོས་ཚིགས་བཅད་མའི་རྣམ་པར་བཤད་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་རྫོགས་སོ།། །།

བསོད་དར་རྒྱས་ཀྱིས་མ་ཧཱ་ཙི་ནའི་སྐད་ནས་བོད་སྐད་དུ་བསྒྱུར་བ་དགེའོ། །

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༩ རྡོ་རྗེ་ཕ་ལམ་གྱི་ཕྲེང་རྡོག་༣༦༥

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡ བསླབ་བྱ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༢ འོད་དཔག་མེད་ཀྱི་ཞིང་ཡིད་ལ་བྱེད་པའི་མདོ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༣ ས་ཡི་སྙིང་པོའི་རྩ་བའི་སྨོན་ལམ་གྱི་མདོ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༤ བཀྲ་ཤིས་པའི་མདོ་ཞེས་བྱ་བ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༥ ཕ་མའི་དྲིན་ལན་གཞལ་དཀའ་བའི་མདོ་ཞེས་བྱ་བ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༦ ཕ་མ་སྐྱོབ་པའི་མདོ་ཞེས་བྱ་བ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༧ བུ་མོ་མ་ཏཾ་གའི་མདོ་ཞེས་བྱ་བ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༨ ལུང་དག་ལྡན་ཞེས་བྱ་བ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༩ སངས་རྒྱས་འདའ་ཁའི་ཞལ་ཆེམས་ཀྱི་མདོ་ཞེས་བྱ་བ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༠ རབ་བྱེད་ཞེ་གཉིས་པའི་མདོ་ཞེས་བྱ་བ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༡ རབ་ཏུ་བྱུང་བའི་ཕན་ཡོན་ལ་བསྟོད་པ་ཚིགས་སུ་བཅད་པའི་མདོ་ཞེས་བྱ་བ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༢ བདེ་ཆེན་ཞིང་སྦྱོང་གི་བསྟན་བཅོས་ཚིགས་བཅད་མའི་རྣམ་པར་བཤད་པ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༣ རྒྱ་ནག་རི་བོ་རྩེ་ལྔའི་གནས་བཤད་མཐོང་ལྡན།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༤ སྙིང་གཏམ་སྙིང་གི་ཐིག་ལེའི་འགྲེལ་བ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༥ དྲན་ངོགས་ཀྱི་ནུབ་བསྐྱོད།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༦ དྲན་ངོགས་ཀྱི་རྨི་སྣང་།

འབྲེལ་ཡོད་ཀློག་དེབ།

སངས་རྒྱས་ཤཀྱཱ་ཐུབ་པ་ལ་ཕྱག་འཚལ་ལོ།།

སངས་རྒྱས་ཤཀྱཱ་ཐུབ་པ་ལ་ཕྱག་འཚལ་ལོ།།

༄༅། །བདེ་ཆེན་ཞིང་སྦྱོང་གི་བསྟན་བཅོས་ཚིགས་བཅད་མའི་རྣམ་པར་བཤད་པ་བཞུགས་སོ། །

མཁན་པོ་བསོད་དར་རྒྱས་ཀྱིས་བསྒྱུར།

དཀར་ཆག

ཞིང་སྦྱོང་གི་བསྟན་བཅོས་ཚིགས་བཅད་མ་ཞེས་བྱ་བ་བཞུགས་སོ།

བདེ་ཆེན་ཞིང་སྦྱོང་གི་བསྟན་བཅོས་ཚིགས་བཅད་མའི་རྣམ་པར་བཤད་པ་བཞུགས་སོ།

记笔记

这段是(可多选,也可不选)

这段有错

你选中的(位置已自动记录)

哪里不对?(可多选)

称呼与邮箱都可以不填。只用于就这一条联系你,不做他用、不进任何名单,别人看不到你提的内容。