第1课
༄༅། །རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞིང་ཁམས་རྒྱ་ནག་རི་བོ་རྩེ་ལྔའི་གནས་བཤད་མཐོང་བ་དོན་ལྡན་ཞེས་བྱ་བ་བཞུགས་སོ། །
མཁན་པོ་བསོད་དར་རྒྱས་ཀྱིས་མཛད།
སྔོན་དུ་འགྲོ་བའི་གཏམ།
མི་ལོ་སོ་བརྒྱད་ཀྱི་ཡར་སྔོན་དེ་ལ། ཆོས་རྗེ་བླ་མ་ཡིད་བཞིན་ནོར་བུ་སྐུ་འཁོར་དང་ལྷན་དུ་གནས་ཆེན་རི་བོ་རྩེ་ལྔ་ནས་བརྗེད་ཐབས་བྲལ་བའི་ཞག་བརྒྱའི་འཚོ་བ་ཁྱད་པར་བ་ཞིག་རོལ་མྱོང་བ་ཡིན། སྐབས་དེར་མཁན་ཏེ་པ་རིན་པོ་ཆེས། བོད་ཡིག་གི་ལམ་ནས་རི་བོ་རྩེ་ལྔའི་གནས་ཡིག་ཅིག་བྲི་དགོས་པའི་བཀའ་གསུང་སྤྱི་བོར་ཕེབས་པས་གནས་མཇལ་བྱེད་ཞོར་ལ་གནས་བཤད་འདི་འབྲི་འགོ་བརྩམས་པ་ཡིན།
དེ་དུས་རང་ལོ་ཉེར་ལྔར་སོན་པ་དང་རབ་ཏུ་བྱུང་ནས་ལོ་གཉིས་ཙམ་མ་གཏོགས་མིན་ལ། རྒྱ་ཡིག་གི་ཆུ་ཚད་ཞན་ཅིང་ནང་ཆོས་ལ་ཐོས་བསམ་གྱི་སྦྱོང་བ་ཡང་དམན་པར་མ་ཟད། དྲྭ་རྒྱ་དང་ཁ་པར་སོགས་ཡིག་ཆ་བཤེར་ཀློག་གི་ཡོ་བྱད་དེང་སྐབས་ལྟར་སྟབས་བདེ་མིན་ཡང་། ཁོ་བོ་དཔེ་ཀློག་ལ་ཅུང་ཟད་དགའ་པོ་ཡོད་ཅིང་ལག་ཡོང་གི་ཡིག་ཆ་དག་གཞིར་བཟུང་ནས་བྲིས་པ་ཡིན། དེའང་གཙོ་བོ་རྒྱ་ཡིག་གི་རི་བོ་རྩེ་ལྔའི་གནས་ཡིག་ཁུངས་ལྡན་དག་ལས་བཏུས་ནས་བོད་ཡིག་ཏུ་བསྒྱུར་བ་དང་། བོད་ཡིག་གི་འབྲེལ་ཡོད་ལོ་རྒྱུས་རྣམས་ལ་ལྟ་ཀློག་ཞིབ་ཏུ་བགྱིས་ནས་རི་བོ་རྩེ་ལྔའི་གནས་བཤད་འདི་ཉིད་འབྲི་ཁུལ་བྱས་ཏེ་གྲུབ་པ་ཞིག་ཡིན།
རི་བོ་རྩེ་ལྔ་ནི་སྟོན་པ་ཐུགས་རྗེ་ཅན་སྐུ་དངོས་ཀྱིས་ཆེས་ཆེར་བསྔགས་པའི་མི་ཡུལ་གྱི་དག་ཞིང་འཁྲུལ་མེད་ཅིག་ཡིན་ལ། གནས་འདིར་འབྱོར་བའི་དད་ལྡན་ཞིག་ཡིན་ཕྱིན། ཐོབ་དང་དབང་ཐང་ག་ལའང་མི་ལྟོས་པར་འཇམ་དཔལ་སྐུ་དངོས་ཀྱིས་རྒྱང་མ་ནས་བསུ་བར་བྱེད་ཅེས་གསུངས་པ་དང་། དམ་པ་དག་གི་ཞལ་ནས་ཀྱང་། རི་བོ་རྩེ་ལྔ་ནི་འཇལ་དཔལ་དབྱངས་ཀྱི་བཞུགས་གནས་ཡིན་ལ། བསམ་པ་རྣམ་དག་གིས་གནས་མཇལ་བྱས་ན་འཇམ་དཔལ་དབྱངས་ཀྱིས་རྗེས་སུ་འཛིན་ཅིང་བྱིན་གྱིས་བརླབས་ཏེ་ཤེས་རབ་ཀྱི་སྣང་བ་སྩོལ་བར་གསུངས།
མི་ལོ་སོ་བརྒྱད་འདས་པའི་དེ་རིང་གི་སྐབས་སུ། བདག་གིས་རི་བོ་རྩེ་ལྔའི་གནས་བཤད་འདི་སླར་རྒྱ་ཡིག་ལ་བསྒྱུར་བ་ཡིན། ད་ཆར་རང་ཉིད་ཀྱི་མི་ཚེ་ལ་ཕྱིར་ལྟ་ཞིག་བྱས་ཚེ། སྐབས་དེར་རྩོམ་འབྲིའི་ཉམས་མྱོང་ཆེར་མེད་ཀྱང་ཚིག་དོན་ལ་འགལ་བ་ཆེན་པོ་མེད་པས་དེ་གཞིར་བཞག་སྟེ། ཀློག་པ་པོ་དག་གིས་རི་བོ་རྩེ་ལྔའི་ཁྱད་འཕགས་ཀྱི་རྟེན་བརྟེན་པའི་བཀོད་པ་རྣམས་ཇི་བཞིན་དུ་མཐོང་ཐུབ་པའི་ཆེད་དུ། འདྲ་པར་དང་འབྲེལ་ཡོད་རི་མོ་འགའ་རེའང་བསྣན་པ་ཡིན།
དེང་སང་རི་བོ་རྩེ་ལྔར་འབྱོར་བའི་གང་ཟག་མང་པོ་ཞིག དགོན་པའི་ཕྱིའི་འཛུགས་སྐྲུན་དང་ལོ་རྒྱུས་ཅུང་ཟད་ཙམ་ལ་རྒྱུས་ལོན་བྱ་བ་ལས། འཇམ་དཔལ་དབྱངས་ཀྱི་ངོ་མཚར་བའི་སྒྱུར་འཕྲུལ་གྱི་བཀོད་པ་རྣམས་ཤེས་མཁན་ཤིན་ཏུ་ཉུང་བར་འདུག འདི་དག་སྔོན་ཆད་ཀྱི་ལོ་རྒྱུས་རྣམས་སུ་ཞིབ་ཚགས་ཀྱིས་བཀོད་ཡོད་ནའང་། དུས་འགྱུར་གྱི་དབང་གིས་ད་ལྟ་འབྲེལ་ཡོད་ཀྱི་ཡིག་ཆ་རྣམས་ཤིན་ཏུ་རྙེད་དཀའ་བའི་གནས་སུ་གྱུར་པས། གནས་ཚུལ་འདི་དག་ཡོངས་སུ་རྟོགས་མཁན་ཡང་ཧ་ཅང་དཀོན་པར་སྣང་།
འདིར་བརྗོད་པའི་འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་ངོ་མཚར་ཅན་རྣམས་ནི། སྟོང་ལབ་ཙམ་མིན་པར་སྐབས་དེར་དངོས་སུ་བྱུང་བའི་ཡུལ་དང་དུས། མི་སྣ་སོགས་ལ་ལོ་རྒྱུས་ཀྱི་བདེན་དཔང་སྟོབས་ལྡན་ཡོད། དེང་སང་གི་མི་མང་པོ་ཞིག་གིས་རང་ཉིད་ཀྱི་བློ་ཡུལ་དུ་མི་ཤོང་བའམ་ཁྱད་མཚར་བའི་བྱ་དངོས་དག་མཐོང་ཚེ། ནམ་རྒྱུན་ལྷ་སྒྲུང་དུ་ངོས་འཛིན་པར་བྱེད་པ་ནི་ཆེས་མཐོང་རྒྱ་ཆུང་བའི་ངང་ཚུལ་ཞིག་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་འཕྲུལ་ནི་བསམ་བརྗོད་ལས་འདས་པ་ཞིག་ཡིན། དེང་རབས་རྩེར་སོན་གྱི་ཚན་རྩལ་ལ་བརྟེན་ནས་གཟུགས་མོལ་དང་ཟླ་བའི་གོ་ལར་བགྲོད་པ་ལྟ་བུ་དག་ཀྱང་། གནའ་རབས་ཀྱི་དུས་སུ་གླེང་ཡོང་ན། སྐབས་དེར་དེ་ལ་ཡིད་ཆེས་མི་བྱེད་པར་མ་ཟད་ལྷ་སྒྲུང་ཞིག་ཏུ་མི་བརྩི་བའི་ངེས་པའང་མེད། སྣང་ཚུལ་འགའ་རེའི་ཟབ་དོན་རྣམས་གང་བྱུང་སྣང་མེད་དུ་བཏང་ནས་མཐོང་ཆུང་བྱ་མི་རིགས། གནས་སྐབས་སུ་བརྗོད་དོན་ཟབ་མོ་རྣམས་མ་རྟོགས་ནའང་ཡིད་ཆེས་དང་བརྩི་མཐོང་གི་སྒོ་ནས་དང་ལེན་བྱས་ན་ནམ་ཞིག་དེའི་དགོངས་དོན་རྟོགས་འོང་རྒྱུའང་ཡོད།
ཕྱིར་དྲན་ཞིག་བྱས་ཚེ། སྐབས་དེ་དུས་ཆོས་རྗེ་ཉིད་དད་ལྡན་ཁྲི་ཕྲག་གིས་བསྐོར་ནས་རི་བོ་རྩེ་ལྔར་གནས་མཇལ་དུ་བྱོན་ཅིང་། དགོན་སྡེ་མང་པོར་འཇམ་དཔལ་དང་གུ་རུ་སོགས་ཀྱི་སྐུ་རྟེན་བྱིན་ཅན་མང་པོ་བཞེངས་པར་མ་ཟད། རྒྱ་ནག་པོའི་ཡུལ་གྱི་སེམས་ཅན་རྣམས་ཚེ་འདིར་ལུས་སེམས་བདེ་ཞིང་ཚེ་བསོད་རྒྱས་པ་དང་། ཕྱི་མར་བདེ་ནས་བདེ་བར་འགྲོ་བའི་ཐུགས་སྨོན་ཟབ་རྒྱས་གནང་པ་ནས་བཟུང་། བདག་གིས་ཀྱང་ནང་ཆོས་སྐོར་ཞིག་རྒྱ་ཡིག་ཏུ་བསྒྱུར་བའི་འགོ་བརྩམས་ཤིང་མུ་མཐུད་དུ་འཆད་ཉན་བགྱི་ཁུལ་བྱས་པ་དང་། རིམ་གྱིས་རྒྱ་ཡུལ་གྱི་དད་ལྡན་རྣམས་ལ་ཆོས་ཕྱོགས་ཀྱི་འབྲེལ་བ་ཟབ་མོ་ཞིག་ཆགས་སོང་བ་ཡིན། དུས་ཚོད་ཀྱི་འགྲོས་དང་བསྟུན་ནས་གནས་ཚུལ་མང་པོ་ཞིག་ལ་འགྱུར་ལྡོག་འབྱུང་གིན་ཡོད་ན་ཡང་། དད་འདུན་དྲགས་པོས་འཇམ་དཔལ་དབྱངས་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་ན། མ་འོངས་འབྱུང་འགྱུར་གྱི་ཡོད་ཚད་ལེགས་པར་འོང་བའི་ཡིད་ཆེས་བརྟན་པོ་ཡོད།
ད་ལན་བཀའ་དྲིན་འཁོར་མེད་མཁན་ཏེ་པ་རིན་པོ་ཆེའི་སྐུ་ཞི་བར་གཤེགས་ནས་ལོ་འཁོར་བཅུ་ལོན་པའི་དུས་ཚེས་དམིགས་བསལ་བ་ལ། བདག་གིས་ཀྱང་རྒྱ་ཡིག་ཏུ་བསྒྱུར་གྲུབ་པའི་དེབ་གཟུགས་འདི་ཉིད་ཆོས་ཀྱི་མཆོད་པ་ཞིག་དང་། བླ་མའི་ཐུགས་དགོངས་རྫོགས་པའི་ལེགས་སྐྱེས་ཤིག་གི་ཚུལ་དུ་ཕུལ་བའང་ཡིན། ཁྱེད་རང་ནང་ཆོས་ལ་དད་མིན་གང་ལྟར་ཡང་། དཔེ་དེབ་འདི་ཀློག་བཞིན་རི་བོ་རྩེ་ལྔར་མཇལ་སྐོར་དུ་ཕྱིན་ན། ངེས་ཤེས་གསར་པ་རེ་རྙེད་ཐུབ་ནའང་ཐང།
དཀར་ཆག
དང་པོ། གནས་ཆེན་སྤྱིར་བཤད་པ།
གཉིས་པ། སྐབས་དོན་རི་བོ་རྩེ་ལྔའི་གནས་ཀྱི་བཀོད་པ་རྒྱས་པར་བཤད་པ།
གསུམ་པ། ཕན་ཡོན་ཆེ་ཚུལ་གྱི་སྒོ་ནས་མཇུག་བསྡུ་བ།
བཀའ་དྲིན་མཚུངས་པ་མེད་པའི་འཇམ་མགོན་བླ་མ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་ལ་མཆོད་པའི་གསོལ་འདེབས་མེ་ཏོག་ཆུན་པོ་ཞེས་བྱ་བ་བཞུགས་སོ། །
༄༅། །རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞིང་ཁམས་རྒྱ་ནག་རི་བོ་རྩེ་ལྔའི་གནས་བཤད་མཐོང་བ་དོན་ལྡན་ཞེས་བྱ་བ་བཞུགས་སོ། །
ན་མོ་མཉྫུ་གྷོ་ཥཱ་ཡ།
དམར་སེར་ཉི་མ་གཞོན་ནུའི་ལང་ཚོ་ལ། །
མཚན་དཔེ་འོད་སྟོང་འཛུམ་པའི་འཇོ་སྒེག་ཅན། །
རྒྱལ་ཀུན་ཡེ་ཤེས་ཕུང་པོ་མི་ཡི་གར། །
མི་ཕམ་འཇམ་པའི་དབྱངས་ཀྱིས་ཤིས་པ་སྩོལ། །
ཁྱད་པར་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི། །
གསང་གསུམ་ཡོན་ཏན་གཅིག་ཏུ་སྤུངས་བའི་དཔྱིད། །
བཀའ་དྲིན་མཚུངས་མེད་འཇམ་མགོན་བླ་མ་ཡི། །
ཞབས་རྡུལ་དྲི་མེད་སྤྱི་གཙུག་རྒྱན་དུ་ལེན། །
ལན་གཅིག་ཐོས་དང་དྲན་པ་ཙམ་གྱིས་ཀྱང༌། །
སྲིད་པའི་གདུང་འཕྲོག་སྤྲུལ་བའི་ཞིང་མཆོག་གི །
ཡ་མཚན་བཀོད་པ་བདུད་རྩིའི་ཆུ་མཚོ་ལས། །
རྩྭ་རྩེའི་ཟེགས་མ་ཙམ་ཞིག་འདི་རུ་དགོད། །
ཅེས་ཚིགས་སུ་བཅད་པའི་མེ་ཏོག་གིས་མདུན་བསུས་ཏེ་འདིར་སྤྲུལ་བའི་ཞིང་ཁམས་རྒྱ་ནག་རི་བོ་རྩེ་ལྔའི་བཀོད་པ་ཅུང་ཟད་གླེང་བ་ལ། གནས་ཆེན་སོགས་སྤྱིར་བཤད་པ་དང་། སྐབས་དོན་རི་བོ་རྩེ་ལྔའི་གནས་ཀྱི་བཀོད་པ་རྒྱས་པར་བཤད་པ། དེར་འབྲེལ་བའི་ཕན་ཡོན་གྱི་སྒོ་ནས་བརྩམས་ཚུལ་མཇུག་བསྡུ་བ་དང་གསུམ་ལས།
དང་པོ། གནས་ཆེན་སྤྱིར་བཤད་པ།
སྤྱིར་ས་སྤྱོད་ཀྱི་ཞིང་ཁམས་ཞེས་ཡོངས་སུ་གྲགས་པ་ནི་ཤར་དུ་རྒྱ་ནག་རི་བོ་རྩེ་ལྔ་དང༌། ལྷོ་རུ་རི་བོ་པོ་ཏ་ལ། ནུབ་ཏུ་ཟངས་མདོག་དཔལ་གྱི་རི་བོ། བྱང་ན་ཤམ་བྷ་ལ། དབུས་སུ་རྒྱ་གར་རྡོ་རྗེ་གདན་རྣམས་ཡིན་ཞེས་ལྕང་སྐྱ་རོལ་བའི་རྡོ་རྗེ་སོགས་མཁས་གྲུབ་རྣམས་ཀྱིས་གསུངས་ཤིང༌། དེ་ལའང་གནས་རི་ཕལ་ཆེར་ངོས་འཛིན་ཚུལ་མི་འདྲ་བ་མང་ཡང་རི་བོ་རྩེ་ལྔ་ནི་རྩོད་མེད་དུ་གྲགས་སོ། །
བྱེ་བྲག་ཏུ་མ་ཧཱ་ཙི་ནའི་ཡུལ་གྲུ་འདི་ལའང་བྱིན་རླབས་ཆེ་ཞིང་བྱང་ཆུབ་སེམས་དཔའ་རྣམས་རྟག་ཏུ་བཞུགས་པའི་རི་བོ་ཆེན་པོ་བཞི་ཡོད་དེ། རི་བོ་རྩེ་ལྔ་དང༌། གླང་ཆེན་འགྱིང་རི། རི་བོ་གྲུ་འཛིན། དཔལ་རི་རྩེ་དགུ་རྣམས་ལས་དང་པོ་རི་བོ་རྩེ་ལྔ་ནི་འོག་ཏུ་འཆད་པར་འགྱུར།
གླིང་ཆེན་འགྱིང་རི།
གཉིས་པ་གླིང་ཆེན་འགྱིང་རིའམ་ཨུ་མེ་ཧྲན་(峨眉山)ཞེས་པ་ནི་བྱང་ཆུབ་སེམས་དཔའ་འཕགས་པ་ཀུན་ཏུ་བཟང་པོ་རྟག་ཏུ་བཞུགས་པའི་གནས་ཡིན་ཞིང༌། གནས་འདི་ནི་ད་ལྟའི་ཁྲེང་ཏུའུ་གྲོང་ཁྱེར་གྱི་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ་བརྒྱ་ཕྲག་ལྷག་གི་མཚམས་སུ་ཡོད། སྔོན་མིང་དང་ཆིང་རྒྱལ་རབས་ཀྱི་སྐབས་སུ་འདིར་དགོན་པ་བརྒྱ་དང་བཅུ་གཅིག་ལྷག་ཡོད་པར་གསུངས་ཀྱང་ད་ལྟ་དགོན་སྡེ་ཉི་ཤུ་ལྷག་ཙམ་ལས་མེད། དགོན་པ་ཤིན་ཏུ་གྲགས་ཆེ་བ་ནི་རི་འདབས་ཀྱི་པའོ་ཀུའོ་སི་(报国寺)དང༌། རི་རྐེད་ཀྱི་ཝན་ཉན་སི་(万年寺)ཞེས་པའི་དགོན་པ་དེ་གཉིས་ཡིན།
ཕྱི་མ་དེར་འཕགས་པ་ཀུན་ཏུ་བཟང་པོ་གླང་ཆེན་ལ་ཆིབས་པ། ཤིན་ཏུ་ངོ་མཚར་དང་བྱིན་རླབས་ཆེ་བའི་ཟངས་སྐུ་མཐོ་དམན་ལ་ཁྲུ་ཉི་ཤུ་ལྷག་ཡོད་པ་ཞིག་སངས་རྒྱས་སྟོང་སྐུའི་ལྷ་ཁང་ཞེས་གྲགས་པ་དེར་ཡོད། འདི་དག་རྣམས་སུ་སྐྱབས་མགོན་ཆོས་རྗེ་བླ་མ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོ་མཆོག་ཉིད་འཁོར་དང་བཅས་པ་བྱོན་ནས་བསྟན་འགྲོའི་དོན་དུ་འཕགས་པ་ཀུན་ཏུ་བཟང་པོའི་སྨོན་ལམ་རྒྱ་ཆེར་གསུངས་སོ། །
འདིའི་རི་རྩེ་ན་སངས་རྒྱས་ཁྲིའི་རི་རྩེ་དང༌། སངས་རྒྱས་སྟོང་གི་རི་རྩེ། གསེར་གྱི་རི་རྩེ་ཞེས་པ་གསུམ་ལས་ཕྱི་མ་ན་དགོན་པའང་ཡོད། འདི་ནས་གནམ་གཤིས་དྭངས་སྐབས་བལྟས་ན། རི་འདབས་ཐམས་ཅད་དཀར་གསལ་འོ་མའི་རྒྱ་མཚོ་ཆེན་པོའི་སྟེང་དུ་ཕྱིན་པའམ་སྲིན་བལ་དཀར་པོས་ཕྱོགས་ཀུན་ཁེབ་པ་ལྟ་བུའི་སྣང་བ་འཆར་ཞིང༌། བོད་ཡུལ་གྱི་གངས་དཀར་རི་བོ་ཡང་རབ་དཀར་མར་གྱི་ལྷ་བཤོས་བཤམས་པ་བཞིན་དུ་མཐོང་ལ། ཤར་ཕྱོགས་ཀྱི་སྤྲིན་མཚོའི་ནང་དུ་རང་གི་གྲིབ་མ་ཕོག་ཚེ་འོད་རིས་ཟླུམ་པོ་ངོ་མཚར་ཅན་ཞིག་སྐྱེ་འགྲོ་མཆོག་དམན་ཀུན་གྱིས་རྟག་ཏུ་མཇལ་རྒྱུ་ཡོད་པ་ནི། ཀུན་ཏུ་བཟང་པོའི་འོད་ཟེར་ཁ་དོག་རྣམ་ལྔའི་འོད་རིས་ཟླུམ་པོ་ཡིན་ཞེས་གནས་བཤད་དག་ལས་གསུང་པ་བཞིན། སྔ་མོ་རི་རྩེ་ནས་ཐུར་དུ་བལྟས་ན་སྤྲིན་མཚོའི་འགྲམ་ནས་ཉི་མ་ཤར་མ་ཐག་ཉི་མའི་དཀྱིལ་འཁོར་ལའང་འོད་མེད་པར་དམར་སེར་གྱི་གོང་བུ་ཞིག་ཏུ་སྣང༌། དེ་ནས་རིམ་གྱིས་ཇེ་གསལ་དུ་འཆར།
བྱམས་པ་ཆུ་གཟིགས་མ།
འདབས་ཀྱི་པའོ་ཀུའོ་སི་ཞེས་པའི་དགོན་པ་ནས་རླངས་འཁོར་དུ་ཞུགས་ནས་ལེ་ཧྲན་གྲོང་ཁྱེར་དུ་སོང་ཞིང༌། དེ་ནས་གྲུ་གཟིངས་ཀྱི་ནང་ནས་ཤར་ལྷོའི་ཕྱོགས་སུ་སོང་ན། སྙན་གྲགས་ཆེ་བའི་རྒྱ་ནག་གི་བྱམས་པ་ཆུ་གཟིགས་མའམ་ལེ་ཧྲན་ཏ་ཧྥོ་(乐山大佛)ཞེས་པ་དེ་ཡོད། འདི་ནི་བྲག་རི་ཞིག་བརྐོས་ཏེ་རྒྱལ་ཚབས་བྱམས་པའི་འདྲ་སྐུ་བཞེངས་པ་ཞིག་ཡིན་ལ། དེའང་སྔོན་ཆད་གནས་འདིར་ཆུ་རླབས་ཀྱིས་རྟག་ཏུ་གྲུ་ལ་གནོད་པ་བྱུང་བས་ཐང་རྒྱལ་རབས་ཀྱི་དུས་སུ་ད་ལྟའི་ཧའེ་ཧྲི་ཕུག་(海师洞)ཅེས་པར་རྒྱུན་དུ་བཞུགས་པར་གྲགས་པའི་ཧའེ་ཐུང་(海通)ཞེས་པའི་བླ་མ་ཞིག་གིས་འདིར་བྱམས་པའི་སྐུ་ཞིག་འགྲུབ་ན་གནོད་པ་ཐམས་ཅད་ཞི་ཞིང་བསྟན་འགྲོའི་དོན་ཆེན་པོ་འབྱུང་བར་དགོངས་ཏེ། སྐུ་ཚེ་ཧྲིལ་བོར་སྐུ་འདི་ཉིད་བརྐོས་ཤིང༌། ཕྱིས་སུ་ཁོང་ཞི་བར་གཤེགས་སྐབས་བརྐོས་འཕྲོ་ཅུང་ཟད་ལུས་པ་རང་གི་སློབ་བུ་ལ་གཏད་ནས་སྔ་ཕྱིར་ཁྱོན་ལོ་དགུ་བཅུའི་རིང་ལ་ལེགས་པར་གྲུབ་པ་ཞིག་ཡིན། སྐུ་འདིའི་མཐོ་དམན་ལ་སྨི་དོན་གཅིག་ཡོད་པས་འཛམ་གླིང་སྟེང་གི་རྡོ་བརྐོས་ཀྱི་སྐུ་ཆེ་ཤོས་ཡིན་པར་གནས་འདིའི་དཀར་ཆག་ལས་གསུངས་ལ། སྐུ་འདི་ཆེས་བྱིན་རླབས་ཆེ་བས་ཕྱིས་སུ་གནོད་པ་ཞི་བར་གསུངས་སོ། །འདིའི་དྲུང་དུའང་ཆོས་རྗེ་བླ་མ་ཡིད་བཞིན་ནོར་བུ་འཁོར་བཅས་བྱོན་ནས་བྱམས་སྨོན་བསྡུས་པ་སོགས་གསུངས་ཤིང་ཐུགས་སྨོན་རྒྱ་ཆེར་གནང་ངོ༌། །
རི་བོ་གྲུ་འཛིན།
གསུམ་པ་རི་བོ་གྲུ་འཛིན་ནམ་ཕུའུ་ཐུའོ་ཧྲན་(普陀山)ཞེས་པ་ནི། འཕགས་མཆོག་སྤྱན་རས་གཟིགས་རྟག་ཏུ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་བཞིན་པའི་གནས་ཡིན་ཏེ། མདོ་ཕལ་བོ་ཆེའི་ལེའུ་རེ་བརྒྱད་པའི་སྐབས་སུ། འདི་ནས་ལྷོ་ཕྱོགས་སུ་རི་བོ་པོ་ཏ་ལ་ཞེས་བྱ་བར་འཕགས་པ་སྤྱན་རས་གཟིགས་དངོས་སུ་བཞུགས་ཞེས་གསུངས་ལ། འདི་ཉིད་ད་ལྟ་ཀྲེ་ཅང་ཞིང་ཆེན་(浙江省)གྱི་མཚོ་པདྨ་ཅན་དུ་གླིང་ཚོམ་ཞིག་གི་ཚུལ་དུ་ཡོད། གནས་དེར་འགྲོ་སྐབས་པེ་ཅིང་ནས་ཧྲང་ཧའེ་གྲོང་ཁྱེར་བར་སྤྱི་ལེ་ཆིག་སྟོང་བཞི་བརྒྱ་རེ་གཉིས་ལ་མེ་འཁོར་ནས་འགྲོ་དགོས་པ་དང་། དེ་ནས་མཚོ་གྲུའི་ནང་བསྡད་དེ་ཉིན་གཅིག་ལྷག་འགྲོ་དགོས། གནས་འདིར་སྔོན་ཆིང་རྒྱལ་རབས་ཀྱི་དུས་སུ་དགོན་པ་བརྒྱད་ཅུ་ལྷག་ཡོད་པར་གསུངས་ཀྱང་ད་ལྟ་ཉི་ཤུ་ལྷག་ལས་མེད། སྔོན་ཕྱི་ལོ་༨༥༨་ཀྱི་དུས་སུ་ཉི་ཧོང་རྒྱལ་ཁབ་ཀྱི་བཙུན་པ་ཞིག་གིས་རི་བོ་རྩེ་ལྔ་ནས་སྤྱན་རས་གཟིགས་ཀྱི་འདྲ་སྐུ་ཞིག་གདན་དྲངས་ཏེ་རང་རྒྱལ་དུ་ཕྱིར་ལོག་པའི་ལམ་བར་ནས་གནས་འདིའི་མདུན་གྱི་མཚོ་ནང་དུ་ཐོན་སྐབས། ལྕགས་ཀྱི་པདྨ་དཀར་པོ་བརྒྱ་ཕྲག་མང་པོས་མཚོ་གྲུ་བཀག་ནས་འགྲོ་མ་བཏུབ་པས་རི་འདབས་སུ་སྤྱན་རས་གཟིགས་མི་འགྲོ་གླིང་བཏབ་སྟེ་སྐུ་དེ་ཡང་དེར་བཞུགས་སུ་གསོལ། རི་རྩེ་བར་རྡོ་ཡི་སྐས་ཐེམ་སྟོང་གཅིག་དང་བརྒྱད་ཅུ་གྱ་གཅིག་ཡོད། བྱིན་རླབས་ཆེ་བ་སྤྱན་རས་གཟིགས་ཀྱི་ཞབས་རྗེས་དང༌། སྙན་གྲགས་ཆེ་བ་རྡོ་སྙིང་དང་གསེར་བྱེའི་ཐང་སོགས་ཡ་མཚན་ཅན་མང་ངོ༌། །
དཔལ་རི་རྩེ་དགུ།
བཞི་པ་དཔལ་རི་རྩེ་དགུའམ་ཅིའུ་ཧྭ་ཧྲན་(九华山)ཞེས་པ་ནི་འཕགས་པ་ས་ཡི་སྙིང་པོ་རྟག་ཏུ་བཞུགས་པའི་གནས་ཡིན། ད་ལྟ་ཨན་ཧུའེ་ཞིང་ཆེན་(安徽省)གྱི་ཆིང་དབྱང་རྫོང་དུ་ཡོད། གནས་དེར་འགྲོ་སྐབས་ཁྲེང་ཏུའུ་ནས་ནན་ཅིང་འབྲུ་ཆུའི་ཟམ་ཆེན་(南京长江大桥)བར་དུ་མེ་འཁོར་ལ་ཞུགས་ཏེ་སོང་ན་སྤྱི་ལེ་ཆིག་སྟོང་བདུན་བརྒྱ་ལྷག་ཡོད་ལ། དེ་ནས་རླངས་འཁོར་དུ་བསྡད་ནས་ཉིན་གཅིག་ལྷག་ལ་འགྲོ་དགོས། དེར་སྔོན་མིང་དང་ཆིང་རྒྱལ་རབས་ཀྱི་སྐབས་སུ་དགོན་པ་སུམ་བརྒྱ་ལྷག་དང་དགེ་འདུན་པ་ཡང་སྟོང་ཕྲག་ལྔ་དྲུག་ཏུ་ལོངས་བར་གསུངས། དེང་སྐབས་དགོན་པ་དགུ་བཅུ་ལྷག་ཡོད་ཅིང་། དེ་དག་ལས་གྲགས་ཆེ་བ་ནི་དཔལ་རི་རྩེ་དགུའི་གནས་བཤད་ལས། ལོ་བརྒྱའི་ཕོ་བྲང་(百岁宫)ཞེས་པ་འདི་ཡིན་པར་གསུངས་ཏེ། དེའང་ཝུའུ་ཞ་(无瑕)ཞེས་པའི་བཙུན་པ་ཞིག་གིས་རི་བོ་རྩེ་ལྔ་ནས་རབ་བྱུང་གི་བསླབ་པ་རིན་པོ་ཆེ་མནོས། དེ་ནས་དཔལ་རི་རྩེ་དགུའི་གནས་འདིར་ཤིང་ཏོག་ཁོ་ན་གསོལ་ཏེ་བཞུགས་ཤིང༌། དེ་ལྟར་ལོ་ཉེར་བརྒྱད་ཀྱི་ཡུན་ལ་རང་གི་ལྗགས་ཁྲག་གཏར་ནས། ཤིན་ཏུ་རྒྱས་པ་སངས་རྒྱས་ཕལ་པོ་ཆེའི་པོ་ཏི་བརྒྱད་ཅུ་གྱ་གཅིག་བྲིས། ཁོང་དགུང་ལོ་བརྒྱ་ལ་ལོན་སྐབས་འཁོར་སློབ་སྤངས་ཏེ་མིའི་རྒྱུ་འགྲུལ་མེད་པའི་ཕུག་པ་ཞིག་ཏུ་བཞུགས། དགུང་གྲངས་བརྒྱ་དང་ཉེར་དྲུག་ཏུ་སོན་སྐབས་ཟླ་༩ཚེས་༡༤ཡི་སྔ་དྲོར་སྐུ་སྐྱིལ་ཀྲུང་བཅས་པའི་དྲུང་དུ་སྐུ་ཚེ་ཧྲིལ་བོའི་རྣམ་ཐར་ཞིག་བཞག་སྟེ་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་གཤེགས།
དེ་ནས་ལོ་གསུམ་ལྷག་གི་རྗེས་སུ་གནས་དེར་ཡུལ་མི་རྣམས་ཀྱིས་མཚན་མོ་མེ་འོད་སྣ་ཚོགས་འཁྲིགས་པ་མཐོང་བས་བལྟར་ཕྱིན་ཚེ། ཁོང་གི་རྣམ་ཐར་དང༌། ཁྲག་གིས་བྲིས་པའི་ཕལ་པོ་ཆེ། སྐུ་གདུང་ཡང་མ་ཉམས་པར་ཡོད། དེས་ན་ཕལ་པོ་ཆེ་ནི་གནས་འདིའི་ལོ་རྒྱུས་འགྲེམ་སྟོན་ཁང་དུ་ཡོད་པ་དེ་ཡིན་ལ། སྐུ་གདུང་ཡང་ད་ལྟའི་བར་ལོ་སུམ་བརྒྱ་དྲུག་ཅུ་ལྷག་སོང་ཡང་མ་རུལ་བར་མཇལ་རྒྱུ་ཡོད། དེ་བཞིན་ལོ་༡༤༠༠ལྷག་སོང་བའི་རྨ་བྱའི་ལྗོན་ཤིང་ངོ་མཚར་ཅན་དང༌། ས་སྙིང་དྲིལ་བུ་བྱིན་རླབས་ཅན་སོགས་ཡོད། གོང་གི་གནས་རྣམས་ཀྱི་དགོན་པ་རེ་རེ་ལའང་ངོ་མཚར་བའི་ལོ་རྒྱུས་དང་རྟེན་ཁྱད་པར་ཅན་སོགས་མང་ཡང་ཞིབ་ཏུ་འབྲིར་མ་ལོངས།
རི་བོ་བྱ་རྐང་།
གཞན་ཡང་འཕགས་པ་ཐོགས་མེད་ཀྱིས་ལོ་བཅུ་གཉིས་ལ་རྗེ་བཙུན་བྱམས་པ་བསྒྲུབས་ནས་མཐར་ཞལ་གཟིགས་སའམ། ཉན་ཐོས་འོད་སྲུང་ཆེན་པོའི་སྐུ་གདུང་བྱིན་གྱིས་བརླབས་ནས་ཡོད་པའི་གནས་ཆེན་རི་བོ་བྱ་རྐང་ཅན་ནི་ད་ལྟ་རྒྱ་གར་ཡུལ་དབུས་སུ་ཡོད། འདི་ལའང་མཁས་པ་རྣམས་ཀྱི་བཞེད་ཚུལ་མི་འདྲ་བ་མང་དུ་ཡོད་ཀྱང་། པའེ་རིགས་སྤྱི་བཤད་སོགས་ལོ་རྒྱུས་དཔྱད་ཡིག་ཏུ་བཀོད་པ་ལྟར་ན། མི་མང་པོ་ཞིག་གིས་ཡུན་ནན་ཞིང་ཆེན་(云南省)དུ་ཡོད་པའི་ཅི་ཙུའུ་ཧྲན་(鸡足山)ཞེས་པའི་གནས་རི་དེ་ཡིན་པར་འདོད། ཀུན་མཁྱེན་བླ་མའི་ངལ་གསོ་སྐོར་གསུམ་གྱི་སྤྱི་དོན་ལེགས་བཤད་རྒྱ་མཚོ་ལས། གནས་བརྟན་འོད་སྲུང་ཆེན་པོ་མྱ་ངན་ལས་འདའ་བར་བཞེད་ཅིང་བསྟན་པ་ཀུན་དགའ་བོ་ལ་གཏད་ནས། ལྷ་དང་ཀླུའི་གནས་ནས་སངས་རྒྱས་ཀྱི་མཆེ་བ་གཡས་དང་གཡོན་དུ་བཞག་ལ་ཕྱག་འཚལ་བ་དང་། སླར་བྱོན་ནས་རི་བོ་བྱ་རྐང་ཅན་གྱི་ནང་དུ་སྐུ་གདུང་མི་འཇིག་པར་བྱིན་གྱིས་བརླབས་ཏེ་མྱ་ངན་ལས་འདས་སོ། །དེའི་དགོས་པ་ནི། མ་འོངས་པར་བྱམས་པ་འཁོར་དུང་ཕྱུར་དང་བཅས་པ་ཚེ་ལོ་བརྒྱད་ཁྲིའི་དུས་སུ་དེར་བྱོན་དུས། རི་ཁ་ཕྱེས་པ་ན་པུར་དེ་གཟིགས་ནས་འཁོར་རྣམས་ཀྱིས་དྲིས་པར། བྱམས་པས་དེའི་དོན་རྒྱ་ཆེར་གསུང་དུས་ཐམས་ཅད་སྦྱངས་བའི་ཡོན་ཏན་དང་ལྡན་པར་འགྱུར་བ་ལ་དགོངས་སོ། །ཞེས་སོ། །
ཉན་ཐོས་འོད་སྲུང་གི་སྐུ་གདུང་བཞུགས་སའི་བྲག་རི་དེ། རི་རྩེ་ནས་མར་ཅུང་ཟད་འོང་སའི་ཧྭ་ཧྲོའུ་མོན་(华首门)ཟེར་བ་དེ་ཡིན་པར་གྲགས། རི་ཁ་ཟུམ་པའི་ཤུལ་ད་ལྟའང་གསལ་པོར་ཡོད། འདིའི་རི་རྩེ་ན་འཕགས་པ་ཀུན་དགའ་བོ་དང་རྒྱལ་པོ་མ་སྐྱེས་དགྲས་ཐོག་མར་བཞེངས་པར་གྲགས་པའི་མཆོད་རྟེན་ཀྱང་ཡོད། དེ་ཡང་བདུད་འཇོམས་ཆོས་འབྱུང་ལས། དེ་ནས་འོད་སྲུང་གི་སྐུ་གདུང་མཆོད་རྟེན་དང་ཚེམས་མཆེ་བ་རྣམས་མཆོད་དེ། ལྷོ་ཕྱོགས་ཀྱི་རི་བྱ་རྐང་ལ་འཛེགས་ཏེ་ཁ་ཕྱེ་བའི་དབུས་སུ་རྩྭ་བཏིང༌། བཅོམ་ལྡན་འདས་ཀྱིས་ཕྱག་དར་ཁྲོད་ཀྱི་སྣམ་སྦྱར་གྱོན་ནས། བྱམས་པ་འཚང་རྒྱ་ཡི་བར་དུ་སྐུ་གདུང་མི་ཉམས་པར་བྱིན་གྱིས་བརླབས་ཏེ་ཆོ་འཕྲུལ་དུ་མ་བསྟན་ནས་མྱ་ངན་ལས་འདས་སོ། །དེ་ནས་ལྷ་རྣམས་ཀྱིས་མཆོད། རི་འབྱར་ཏེ་མ་སྐྱེས་དགྲས་མཐོང་བའི་སྐབས་ཕྱེ་བས། དེའི་ཚེ་མ་སྐྱེས་དགྲས་རྒྱལ་རིགས་ཀྱི་ཞང་པོ་རྒྱུན་འཆད་པ་རྨིས་ནས་སད་པ་དང་འོད་སྲུང་འདས་པ་ཐོས་ཏེ། ཀུན་དགའ་བོ་དང་ལྷན་ཅིག་རི་བྱ་རྐང་ལ་ཕྱིན། གནོད་སྦྱིན་གྱིས་རི་ཁ་ཕྱེ་བ་དེ་ལ་རྒྱལ་པོས་ཕྱག་མཆོད་བྱས་ཏེ་བསྲེག་པར་བརྩམས་པ་དང༌། ཀུན་དགའ་བོས་འདི་ནི་བྱམས་པའི་གསུང་མ་འབྱོན་གྱི་བར་བྱིན་གྱིས་བརླབས་ཏེ། བྱམས་པའི་འདུས་པ་དང་པོ་ལ་ཉན་ཐོས་བྱེ་བ་དགུ་བཅུ་རྩ་དགུ་དང་བཅས་པས་འདིར་བྱོན་ནས། འདིའི་སྐུ་གདུང་ཕྱག་མཐིལ་དུ་བསྣམས་ནས་བསྟན་ཏེ། འདི་ནི་ཤཱཀྱ་ཐུབ་པའི་ཉན་ཐོས་སྦྱངས་པའི་ཡོན་ཏན་ལ་གནས་པའི་མཆོག་ཡིན་ལ། འདིས་བགོས་པའི་སྣམ་སྦྱར་ཀྱང་སྟོན་པ་དེའི་ཡིན་ནོ། །འདི་ན་ནི་དེ་ལྟ་བུ་དགེ་སྦྱོང་སྦྱངས་པའི་ཡོན་ཏན་ལ་གནས་པ་ཅི་ཡང་མེད་དོ་ཞེས་གསུངས་ཏེ། འོད་སྲུང་གི་སྤུར་དེ་ཆོ་འཕྲུལ་ཆེན་པོ་བསྟན་ནས་ལྷག་མ་མེད་པར་དབྱིངས་སུ་ཐིམ་པས་དེ་དག་གིས་སྦྱངས་པའི་ཡོན་ཏན་བླངས་ཏེ་དགྲ་བཅོམ་པ་ཐོབ་པར་འགྱུར་བས་བསྲེག་པར་མི་ནུས་སོ། །ཞེས་གདམས་ཏེ་ཕྱིར་ལོག་པ་ན་རི་ཁ་འབྱར། དེའི་རྩེར་སྐུ་གདུང་གི་མཆོད་རྟེན་བརྩིགས་སོ། །ཞེས་པ་ལྟར་རོ། །
རྟ་དཀར་དགོན།
དེ་ལྟར་གནས་ཆེན་དེ་རྣམས་ཀྱི་གཙོས་རྒྱ་ནག་ཏུ་བསྟན་པ་དར་ཚུལ་ཡང་རྒྱལ་པོ་ཧན་མིང་ཏི་(汉明帝)ཡི་རིང་ལ་རྒྱ་གར་གྱི་བདེན་པ་མཐོང་བའི་དགྲ་བཅོམ་པ་ཧྲེ་མོ་ཐེང་(摄摩腾)དང་པཎྜི་ཏ་ཀྲུའུ་ཧྥ་ལན་(竺法兰)གཉིས་ཀྱིས་རྟ་དཀར་པོ་ཞིག་ལ་ཆོས་ཀྱི་སྡེ་སྣོད་དང་སངས་རྒྱས་ཀྱི་སྐུ་རྟེན་བཀལ་ནས་རྒྱ་ནག་གི་ཡུལ་དུ་སླེབས་ཏེ། ལུའོ་དབྱང་(洛阳)གི་རྟ་དཀར་དགོན་དང་རི་བོ་རྩེ་ལྔའི་ཞན་ཐུང་སི་(显通寺)ཞེས་པའི་དགོན་པ་གཉིས་བཞེངས་ཤིང་ཆོས་ལེའུ་ཞེ་གཉིས་པའི་མདོ་སོགས་བསྒྱུར། དེབ་དམར་དང་ཆོས་འབྱུང་མཁས་པའི་དགའ་སྟོན་ལས། པཎྜི་ཏ་དེ་གཉིས་ཀྱིས་དགྲ་བཅོམ་ཐོབ་སྟེ། གཅིག་རྟ་དཀར་དགོན་པའི་ལྷ་ཁང་གི་འོག་ཏུ་འགོག་པ་ལ་སྙོམས་པར་ཞུགས་ནས་མ་འོངས་བྱམས་པ་བྱོན་པའི་ཚེ་གཟོད་མྱ་ངན་ལས་འདའ་བར་གསུངས་ལ། གཅིག་ནི་རྫུ་འཕྲུལ་གྱིས་ནམ་མཁའ་ལ་འཕུར་ཏེ་རྒྱ་མཚོའི་གླིང་ཀའུ་ལི་དཀར་པོ་ཞེས་བྱ་བའི་རྒྱལ་ཁམས་སུ་སོང་སྟེ་མྱ་ངན་ལས་འདས་སོ། །
འདིར་ཀའུ་ལི་དཀར་པོ་ཞེས་པ་ནི་དེང་སང་གི་བྱང་ཁོ་རེ་ཡའམ་ཁྲའོ་ཞོན་(朝鲜)རྒྱལ་ཁབ་ལ་ངོས་འཛིན་པར་སྣང༌། དེ་ལྟར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་རྒྱ་ནག་གི་ཡུལ་དུ་དར་བ་ན་དེར་གནས་པའི་ཟིན་ཤིང་པའམ་ཏའོ་ལུགས་(道教)དང་རྩོད་པར་གྱུར་ཏེ་གོང་མ་ཧན་མིང་ཏི་ལ་ཞུས་ཤིང༌། དེ་ནས་ཡུང་ཕིང་(永平)ལོ་བཅུ་བཞི་པ་ཟླ་བ་དང་པོའི་ཚེས་བཅོ་ལྔ་ལ་རྒྱལ་པོའི་བཀའ་བཞིན་ཕན་ཚུན་བསྟན་པ་རྒྱལ་བཞག་སྟེ། ཕྱོགས་གཅིག་གི་ཐབ་ཁར་ཏའོ་ལུགས་ཀྱི་ཆོས་བམ་པོ་ལྔ་བརྒྱ་སོགས་བརྩིགས། ཕྱོགས་གཅིག་གི་ཐབ་ཁར་སངས་རྒྱས་པའི་སྐུ་གདུང་རིང་བསྲེལ་དང་གསུང་རབ་བཅས་པ་བཞག ལྷོ་ཕྱོགས་སུ་གདན་ཁྲི་ཆེན་པོ་བཤམས་ནས་རྒྱལ་བློན་འཁོར་དང་བཅས་པ་དེར་འཁོད་ཅིང༌། གཞན་ཡང་སྐྱེ་བོ་གྲངས་མེད་པ་ལྟད་མོར་འཚོགས་སོ། །
དེ་ནས་མཉམ་དུ་མེ་སྦར་ཏེ་བསྲེགས་པ་ན་ཏའོ་ལུགས་ཀྱི་རྟེན་རྣམས་ལྷག་མེད་དུ་ཚིག་ནས་ཐལ་བར་གྱུར། དེ་ཚེ་ཕྱི་རོལ་པ་རྣམས་བཞིན་གྱི་མདོག་འགྱུར་ཏེ་འཇིགས་ཤིང་སྡུག་བསྔལ་གྱིས་གནས་པ་ལས་རྫུ་འཕྲུལ་སོགས་ཀྱང་ཉམས་པར་གྱུར། སངས་རྒྱས་ཀྱི་གསུང་རབ་དང་བཅས་པ་མ་ཚིག་པར་ཤོག་བུའི་མདོག་ཀྱང་གསེར་བཙོས་མ་ལྟར་འོད་སྣང་འབར་ཞིང་མ་ཉམས་པར་ཡོད་དོ། །
དེ་ནས་སྐུ་གདུང་རིང་བསྲེལ་ལས་འོད་ཟེར་སྣ་ལྔ་འཕྲོས་ཏེ་ནམ་མཁའ་ལ་འཁོར་ཞིང་མཐར་གདུགས་བཞིན་དུ་གྱུར་ནས་སྐྱེ་བོའི་ཚོགས་རྣམས་ལེགས་པར་བཀབ་ནས་ཉི་མའི་འོད་ཀྱང་བསྒྲིབས་ཏེ་གནས་སོ། །དེའི་ཚེ་པཎྜི་ཏ་གཉིས་ནམ་མཁའ་ལ་འཕུར་ཏེ་རྫུ་འཕྲུལ་སྣ་ཚོགས་བསྟན་པས། སྐབས་དེར་ནམ་མཁའ་ནས་ལྷའི་མེ་ཏོག་གི་ཆར་བབ་ཅིང་ལྷ་ཡིས་རོལ་མོ་སྣ་ཚོགས་བར་མེད་དུ་བསྒྲགས་པས་དེར་འཁོད་སྐྱེ་བོའི་ཚོགས་ཀུན་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་དད་པར་གྱུར་ཏེ་བཀུར་བར་བྱས་སོ། །དེ་ལྟར་མཛད་པའི་གནས་བྱིན་རླབས་ཅན་དེ་ནི་དེང་སང་གི་རྟ་དཀར་དགོན་པའི་ཉེ་ཟུར་ན་ཡོད་པའི་ཧྥུན་ཅིང་ཐའེ་(焚经台)ཞེས་པ་དེ་ཡིན་པར་བཤད།
སངས་རྒྱས་ང་འདྲ་མ།
གཞན་ཡང་ང་ཚོའི་འཇིག་རྟེན་འདིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱིན་གྱིས་བརླབས་ཤིང་རང་བྱུང་དང་ཡ་མཚན་གྱི་བཀོད་པ་ཚད་མེད་པའི་གནས་མཆོག་ཆེས་མང་པོ་དང༌། ངོ་མཚར་བའི་གནས། རྫུ་འཕྲུལ་ལས་བསྐྲུན་པའི་རིན་པོ་ཆེའི་ཁང་བཟང་ཡིད་དབང་འཕྲོག་པ་སོགས་བསམ་གྱིས་མི་ཁྱབ་པ་དག་ཀྱང་མཆིས།
ཡང་སངས་རྒྱས་དངོས་དང་བྱིན་རླབས་མཉམ་པའི་རྟེན་ཁྱད་པར་ཅན་ཡང༌། སྤྱིར་སྔོན་བྱོན་སྤྲུལ་བའི་བཟོ་རྒྱལ་བི་ཤྭ་ཀརྨས་ཤར་རྡོ་རྗེ་གདན་དང༌། བྱང་ཤམ་བྷ་ལ་སོགས་ཀྱི་ས་སྣ་ཆུ་སྣ་དང༌། ཡིད་བཞིན་ནོར་བུ་རིན་པོ་ཆེ་སྣ་ཚོགས་རྫུ་འཕྲུལ་གྱིས་གཅིག་ཏུ་བསྡུས་ཏེ་བཞེངས་པའི་དེ་བཞིན་གཤེགས་པ་དགུང་ལོ་ཉེར་ལྔ་བའི་ཚད་ད་ལྟ་རྡོ་རྗེ་གདན་དུ་བཞུགས་པ་དང༌། ལོ་བཅུ་གཉིས་པའི་ཚད་ཇོ་བོ་ཤཱཀྱ་མུ་ནེ་དང༌། བརྒྱད་པའི་ཚད་ཇོ་བོ་མི་བསྐྱོད་རྡོ་རྗེ་གཉིས་ད་ལྟ་ལྷ་ས་ན་བཞུགས་པ་སོགས་ཀྱང་སངས་རྒྱས་དངོས་ཀྱིས་རབ་གནས་མཛད་ཅིང་མ་འོངས་པར་འགྲོ་དོན་མཛད་པར་ལུང་བསྟན་པའོ། །
དེ་བཞིན་དུ་ད་ལྟ་དཔལ་ལྷ་དགའ་འམ་ལྷ་སྒང་གི་ཇོ་བོ་མཐོང་བ་དོན་ལྡན་ཡང་དེ་བཞིན་གཤེགས་པ་དངོས་ཀྱིས་རབ་གནས་དང་བྱིན་རླབས་མཛད་ཅིང་བཟོ་བོ་བི་ཤྭ་ཀརྨས་ཕྱག་བཟོ་གནང་བའི་རྟེན་ཡིན་པར་ཨོ་རྒྱན་ཆེན་པོའི་གནས་ཡིག་གཏེར་མ་ལས་གསལ་བར་གསུངས་སོ། །
ཙནྡན་ཇོ་བོ།
ཁྱད་པར་དུ་རྒྱ་ནག་གི་ཙནྡན་ཇོ་བོ་ནི། ཙནྡན་ལས་བཞེངས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་སྐུ་བརྙན་ཞིག་སྟེ། སངས་རྒྱས་སྐུ་གཟུགས་ཀྱི་ཚད་བསྟན་པ་ཐེག་པ་ཆེན་པོའི་མདོ་ལས། སངས་རྒྱས་ཀྱིས་ཟླ་གསུམ་རིང་ལྷ་ཡུལ་དུ་ཡུམ་ལ་ཆོས་གསུངས། དེའི་བར་རྒྱལ་པོ་ཨུ་ཏྲ་ཡ་ནས་སངས་རྒྱས་ཤིན་ཏུ་དྲན་ཏེ་ཡིད་སྐྱོ་བར་གྱུར་ནས་ས་ལ་འགྱེལ་ཞིང་ཙནྡན་གླང་མགོ་ལས་སངས་རྒྱས་ཀྱི་སྐུ་བཞེངས། ཞེས་སངས་རྒྱས་ཀྱི་སྐུ་ཐོག་མ་ཡིན་པར་གསུངས་པ་དང་། ཆོས་འབྱུང་མཁས་པའི་དགའ་སྟོན་ལས། བཅོམ་ལྡན་འདས་དགུང་ལོ་སོ་དྲུག་པ་ལ་སངས་རྒྱས་ནས་ཞེ་གཅིག་གི་སྐབས་སུ་ཡུམ་ལ་ཆོས་འཆད་པའི་དོན་དུ་ལྷ་ཡུལ་དུ་བྱོན། དེའི་ཤུལ་དུ་རྒྱལ་པོ་ཨུ་ཏྲ་ཡ་ན་བཅོམ་ལྡན་འདས་ལ་བལྟར་འདོད་ཅིང་འཕགས་པ་མོའུ་འགལ་གྱི་བུ་སྤྱན་འདྲེན་དུ་བཏང་པས། དེས་བཟོ་བོ་ཁྲིད་དེ་ལྷ་ཡུལ་དུ་བཅོམ་ལྡན་འདས་ཀྱི་སྐུ་ཙནྡན་གྱིས་བཞེངས་ནས་མི་ཡུལ་དུ་སྤྱན་དྲངས་ཞེས་གསུངས་པ་ལྟར། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་འདི་ཉིད་འཁྲུངས་ནས་ཞག་བདུན་ན་ཡུམ་སྒྱུ་མ་ལྷ་མཛེས་འདས་ནས་ལྷ་ཡུལ་དུ་སྐྱེས། ཕྱིས་སུ་སྟོན་པ་སངས་རྒྱས་ནས་ཡུམ་ལ་དྲིན་ལན་བསབ་པའི་ཕྱིར་དུ་ཆོས་གསུང་པར་ཕེབས་ཏེ། ཟླ་བ་གསུམ་ལ་བཞུགས་པས་རྒྱལ་པོ་ཨུ་ཏྲ་ཡ་ནས་ཤིང་ཙནྡན་ལས་བཟོ་རྒྱལ་ལ་སངས་རྒྱས་ཀྱི་སྐུ་བཞེངས་སུ་བཅུག སངས་རྒྱས་ལྷ་ཡུལ་ནས་སླར་མི་ཡུལ་དུ་བྱོན་སྐབས་སུ་ཙནྡན་ཇོ་བོའི་སྐུ་དེ་ནམ་མཁའ་ལ་འཕུར་ནས་སངས་རྒྱས་ལ་བསྟོད་པ་བྱས་ཤིང་བསུ་བར་བྱས། དེ་ཚེ་སངས་རྒྱས་ཀྱིས་ཕྱག་གཡས་པ་ཙནྡན་ཇོ་བོའི་དབུ་ལ་བཞག་ནས། ང་མྱ་ངན་ལས་འདས་ནས་ལོ་སྟོང་ལོན་པའི་ཚེ། སྐུ་ཁྱོད་ཀྱིས་རྒྱ་ནག་གི་ཡུལ་དུ་སེམས་ཅན་གྱི་དོན་བྱེད་པར་འགྱུར་རོ། །ཞེས་ལུང་བསྟན་གནང་བ་ལྟར་ཕྱིས་སངས་རྒྱས་མྱ་ངན་ལས་འདས་རྗེས་རྒྱ་ནག་གི་ཡུལ་དུ་གདན་དྲངས་ཚུལ་རྒྱས་པ་ནི་ཙནྡན་ཇོ་བོའི་བྱུང་བ་བརྗོད་པ་དང༌། མཁན་ཆེན་ཤེས་རབ་ཡེ་ཤེས་ཀྱིས་རྒྱ་ཡིག་བོད་དུ་བསྒྱུར་བའི་ཡིག་ཆ་སོགས་ལས་གསུངས་ཤིང༌། རྒྱ་ནག་གི་རྒྱལ་རབས་ཧོའུ་ཆིན་ཧུང་ཧྲིའི་(后秦弘始)ལོ་གསུམ་པ་ཕྱི་ལོ་༤༠༡ལ་སྐུ་འདི་ཀུ་མ་ར་ཛ་དང་མཉམ་དུ་རྒྱལ་ས་ཁྲང་ཨན་(长安)དུ་གདན་དྲངས། དེ་ནས་ཧོའེ་ནན་(淮南)དང་ཅང་ནན་(江南)སོགས་བརྒྱུད་ནས་མན་ཇུའི་ཅིན་རྒྱལ་རབས་ཀྱི་དུས་དཀྱིལ་དུ་པེ་ཅིང་(北京)དུ་གདན་དྲངས་ཤིང་། པེ་ཅིང་ཧུང་རེན་སི་(弘仁寺)ཞེས་པའི་དགོན་པར་ལོ་༢༣༥ལ་བཞུགས་སུ་གསོལ། དེ་རྗེས་རྒྱལ་ཁབ་བརྒྱད་ཀྱི་དམག་དཔུང་གིས་པེ་ཅིང་དབང་དུ་སྡུད་སྐབས་གཏོར་བརླག་ཐེབས་པར་བཤད་ལ། དེབ་དམར་གྱི་འགྲེལ་བར་སྐུ་འདི་པེ་ཅིང་གི་ཕོ་བྲང་དུ་ད་ལྟ་ཡོད་པར་བཤད་པའང་། མིང་རྒྱལ་རབས་ཀྱི་སྐབབས་སུ་འདྲ་བཟོ་བྱས་པའི་སྐུ་དེ་ཡིན་པ་འདྲ་སྙམ། འདིའི་ལོ་རྒྱུས་རྒྱས་པ་ལྕང་སྐྱ་རོལ་བའི་རྡོ་རྗེའི་ཙནྡན་ཇོ་བོའི་ལོ་རྒྱུས་དང་རྒྱའི་ཡིག་ཚང་རྣམས་ལས་ཤེས་པར་བྱའོ། །
ཚེམས་གདུང་མཆོད་རྟེན།
དེ་བཞིན་སངས་རྒྱས་ཀྱི་ཚེམས་གདུང་(佛牙舍利)ཞེས་པ་ནི། བདག་ཅག་གི་འདྲེན་པ་བླ་ན་མེད་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དངོས་ཀྱི་ཚེམས་མཆེ་བ་དངོས་མི་ཡུལ་དུ་འགྲོ་དོན་མཛད་པ་དེ་ཡིན་ལ། དེང་སང་པེ་ཅིང་གྲོང་ཁྱེར་གྱི་ནུབ་རིའི་མཚམས་སུ་ལིང་ཀོང་སི་(灵光寺)ཞེས་གྲགས་པའི་དགོན་པ་དེར་མཆོད་རྟེན་བང་རིམ་བཅུ་གསུམ་པའི་ནང་དུ་བཞུགས་སུ་གསོལ་ཡོད། དེ་ཡང་ཇི་སྐད་དུ། ལུང་ལས། སྐྱེས་མཆོག་དེ་ཡི་མཆེ་བ་བཞི་དག་ལས། །གཅིག་ནི་རྩ་གསུམ་ལྷ་ཡུལ་འཇིག་རྟེན་མཆོད། །གཉིས་པ་ཚིག་འཛིན་ཡིད་འོང་གྲོང་ཁྱེར་ན། །གསུམ་པ་ཀ་ལིང་རྒྱལ་པོའི་ཡུལ་ན་སྟེ། །སྐྱེས་མཆོག་དེ་ཡི་མཆེ་བ་བཞི་པ་ནི། །གྲོང་ཁྱེར་སྒྲ་སྒྲོག་ཀླུ་ཡི་རྒྱལ་པོས་མཆོད། །ཅེས་དང༌། མྱང་འདས་ཆེན་པོ་ལས། དེའི་ཚེ་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོའི་ཤུགས་ཀྱིས་རྡོ་རྗེ་ལྟ་བུའི་སྐུ་རིང་བསྲེལ་ཕྲ་མོར་བསིལ་ཏེ། ཚེམས་མཆེ་བ་བཞི་ནི་སོ་བཞིན་དུ་བཞག་གོ། །ཞེས་གསུངས་པ་ལྟར། དེ་བཞིན་གཤེགས་པའི་མཆེ་བ་དང་པོ་སུམ་ཅུ་རྩ་གསུམ་དུ་ཁྱབ་འཇུག་སོགས་ལྷ་རྣམས་ཀྱིས་གདན་དྲངས་བ་དང༌། གཉིས་པ་གྲོང་ཁྱེར་ཚིག་འཛིན་གྱི་རྒྱལ་པོ་སོགས་མི་རྣམས་ཀྱིས་གདན་དྲངས་ཤིང༌། གསུམ་པ་ཀ་ལིང་ཀའི་ཡུལ་གྱི་རྒྱལ་པོ་སོགས་སྲིན་པོ་རྣམས་ཀྱིས་གདན་དྲངས་བ་སྟེ། འདི་དེང་སང་གི་ཡ་གླིང་ལྷོ་མའི་རྒྱུད་ཧིན་དྷུ་རྒྱ་མཚོ་ཆེན་པོ་(印度洋)ཡི་ནང་དུ་ཡོད་པའི་གླིང་ཕྲན་རྒྱལ་ཁབ་ཆུང་ངུ་ཞིག་སྟེ་སིང་གྷ་ལའི་གླིང་(斯里兰卡)དུའོ། །ཚེམས་འདི་དེང་སང་ཡང་དེར་ཡོད་པར་དགེ་འདུན་ཆོས་འཕེལ་གྱི་རྒྱ་གར་ལམ་ཡིག་ལས་གསུངས། སངས་རྒྱས་ཀྱི་ཚེམས་བཞི་པ་ནི་གྲོང་ཁྱེར་སྒྲ་སྒྲོག་གི་ཀླུའི་རྒྱལ་པོས་གདན་དྲངས་ནས་མཆོད་པར་བྱེད་ལ། དེ་བཞིན་དུ་སངས་རྒྱས་ཀྱི་རིང་བསྲེལ་ཡུལ་མ་གྷ་དྷའི་བྲེ་བོ་ཆེ་བརྒྱད་དུ་བགོས་ནས་རྒྱལ་པོ་བརྒྱད་ཀྱིས་རང་རང་གི་གནས་སུ་མཆོད་རྟེན་ཆ་བརྒྱད་བཞེངས་པ་དང༌། ལོ་མང་པོ་འདས་རྗེས་ཆོས་རྒྱལ་མྱ་ངན་མེད་ཀྱིས་གནོད་སྦྱིན་ཁོལ་བོ་བསྒྲུབས་ནས་འཛམ་གླིང་གི་ས་གནས་བྱེ་བར་དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་བྱེ་བ་བཞེངས་པ་སོགས་ལོ་རྒྱུས་མང༌ལ། འདི་ལ་རྒྱ་བོད་ཀྱི་ཆོས་འབྱུང་འགར་མཆོད་རྟེན་བརྒྱད་ཁྲི་བཞི་སྟོང་ཡང་གསུངས་སོ། །
དེས་ན་འདིར་བཞུགས་པའི་ཚེམས་གདུང་དེ་ནི་གྲོང་ཁྱེར་ཚིག་འཛིན་གྱི་རྒྱལ་པོས་གདན་དྲངས་པ་དེ་ཕྱིས་སུ་ཕ་ཀི་སི་ཐན་(巴基斯坦) ཞེས་རྒྱ་གར་ནུབ་ཕྱོགས་ཀྱི་རྒྱལ་ཁབ་དེ་བརྒྱུད་ནས་དེང་སང་གི་ཤིན་ཅང་(新疆)དུ་གདན་དྲངས། དེ་ནས་དུས་རབས་ལྔ་པའི་ནང་དུ་སྔོན་གྱི་རྒྱ་ནག་གི་རྒྱལ་ས་ནན་ཅིང་དང་ཁྲང་ཨན་སོགས་བརྒྱུད་ནས་པེ་ཅིང་དུ་གདན་དྲངས་པ་ད་ལྟའི་བར་དུ་བཞུགས་པའོ། །དེའི་རིང་ལའང་འབར་མ་(缅甸)དང་སིང་གྷ་ལ་སོགས་ཀྱིས་གདན་དྲངས་ཤིང་ཞག་ཤས་རིང་ལ་མཆོད་པར་བྱས་ཏེ་སླར་རྒྱ་ནག་རང་དུ་སྐྱེལ་གནང་མཛད་ཚུལ་སོགས་གསུངས་ལ། མདོར་ན་ཚེམས་འདི་རྒྱ་ནག་ཏུ་གདན་དྲངས་ནས་ལོ་སྟོང་ཕྲག་གཅིག་དང་ལྔ་བརྒྱ་ལྷག་ཡིན་ནོ། །
ཡང་སངས་རྒྱས་ཚེམས་གདུང་གི་ངོ་སྤྲོད་བསྡུས་པ་རྒྱ་ཡིག་དང་དབྱིན་ཡིག་ཏུ་བྱས་པ་ལས་ནི། སངས་རྒྱས་མྱ་ངན་ལས་འདས་རྗེས་མི་ཡུལ་དུ་ཚེམས་མཆེ་བ་གཉིས་དད་པའི་རྟེན་ལ་བཞག་སྟེ། གཅིག་ནི་སིང་གྷ་ལའི་རྒྱལ་ཁབ་ན་བཞུགས། ཅིག་ཤོས་ནི་ཕ་ཀི་སི་ཐན་སོགས་རྒྱལ་ཁབ་གཞན་བརྒྱུད་ནས་ད་ལྟའི་ཚེམས་འདི་ཡིན་པར་བཤད་ལ། མདོར་ན་ཚེམས་འདི་ད་ལྟ་གོང་དུ་བཤད་པའི་མཆོད་རྟེན་ཟུར་བརྒྱད་བང་རིམ་བཅུ་གསུམ་པ་ཅན་མཐོ་དམན་ལ་ཁྲུ་བརྒྱ་དང་ལྔ་བཅུ་ལྷག་ཡོད་པའི་ནང་ན། ཙནྡན་དམར་པོའི་ཁྲི་སྟེང་དུ་གསེར་ཁོ་ན་ལས་གྲུབ་པའི་མཆོད་རྟེན་ཆུང་ངུ་མི་འབྲིང་པོའི་ཁྲུ་གསུམ་ལྷག་ཡོད་པའི་བུམ་སྒོའི་ནང་དུ་གསེར་གྱི་མེ་ཏོག་གི་འདབ་འཕྲེང་འཛུམ་པའི་དབུས་ན་བཞུགས་སུ་གསོལ་ཡོད། འདིའི་མདུན་ཕྱོགས་ནས་བལྟས་ན་སངས་རྒྱས་ཀྱི་ཚེམས་རིན་པོ་ཆེ་དེ་གསལ་བོར་མཇལ་ཐུབ། གསེར་གྱི་མཆོད་རྟེན་འདི་ལྷད་མེད་ཀྱི་འཛམ་བུའི་ཆུ་གསེར་སྤྱི་རྒྱ་བརྒྱ་དང་སུམ་ཅུ་སོ་ལྔ་ལྷག་གིས་བཞེངས་པར་བཤད།
གསེར་གདུང་འདིའི་འདབས་སུ་གསེར་གྱི་སེང་གེ་དང་རྡོ་རྗེ་དང་པདྨ་སོགས་མཛེས་པའི་རི་མོ་སྣ་ཚོགས་ལ་ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲ་ཡིས་བརྒྱན་ཏེ་ཆེས་ཆེར་ཡིད་དབང་འཕྲོག་པ་ཞིག་འདུག་ཅིང༌། ཁྱད་པར་དུ་འདིའི་རྩེ་ན་རིན་པོ་ཆེ་ངོ་མཚར་ཅན་ཞིག་ཡོད་པ་དེ་ནི་རྒྱ་ནག་རྒྱལ་པོ་ཞིག་གི་མ་ཡུམ་གྱི་རྟེན་བཞག་ཡིན་པས་གསེར་གྱི་མཆོད་རྟེན་ཆ་ཚང་གི་རིན་ཐང་ལས་ཀྱང་ཆེ་བར་བཤད་དོ། །
མཆོད་རྟེན་འདིའི་ཕྱོགས་བཞི་ན་གསེར་གྱི་མཆོད་རྟེན་དེ་ལས་ཅུང་ཆུང་བ་བཞི་ཡང་ཡོད། དེས་ན་སྙིགས་མ་ལྔ་ཆེས་ཆེར་བདོ་བའི་སྐབས་འདིར་བདག་ཅག་ལ་སངས་རྒྱས་དངོས་ཀྱི་ཞལ་མཇལ་བའི་སྐལ་བ་དམན་ཡང༌། སངས་རྒྱས་དངོས་ཀྱི་ཚེམས་གདུང་རིན་པོ་ཆེ་འདི་ཉིད་བཞུགས་པ་དང་མཇལ་བ་ཡང་ཆེས་སྐལ་བ་བཟང་པོ་ཡིན་ལ། རབ་བྱུང་བཅུ་བདུན་པའི་ཐོག་མར་འབྱུང་བ་སུམ་ལྡན་མེ་མོ་ཡོས་ཀྱི་ལོའི་ནག་པ་ཟླ་བའི་ཚེས་བཅོ་ལྔ་དུས་ཆེན་སུམ་འཛོམས་ཀྱི་ཉིན་དེར། རྟེན་མཆོག་འདིའི་དྲུང་དུ་པཎ་ཆེན་སྐུ་ཕྲེང་བཅུ་པ་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་མཚན་དང་བསྟན་པའི་མངའ་བདག་ཆོས་རྗེ་ཡིད་བཞིན་ནོར་བུ་གཉིས་མཉམ་དུ་བྱོན་ནས་ཁྲིམས་ལྡན་འདུས་པའི་ཚོགས་དང་བཅས་ཏེ། རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཐུགས་རྒྱུད་བསྐུལ་བ་དང༌། རྒྱལ་བའི་བསྟན་པ་རིན་པོ་ཆེ་རྒྱས་པའི་སྨོན་ལམ་སོགས་གསུངས་ཏེ་རབ་གནས་དང་རྟེན་བཞུགས་མཛད་དོ། །
དེ་ལྟར་ཚེམས་གདུང་རིན་པོ་ཆེ་བཞུགས་པའི་རྒྱ་ནག་པེ་ཅིང་ལ་ནི་ཁྲེང་ཏུའུ་ནས་སྤྱི་ལེ་ཆིག་སྟོང་བརྒྱད་བརྒྱ་ལྷག་ཡོད་པས་མེ་འཁོར་དུ་བསྡད་ན་ཉིན་ཞག་བཞི་འགོར་ལ། གནམ་གྲུའི་ནང་ནས་སོང་ན་ཆུ་ཚོད་གཉིས་ཙམ་གྱིས་འབྱོར་ཐུབ་པ་སྟེ། དེ་དག་ནི་ཞར་ལ་འཕྲོས་པའོ། །
གཉིས་པ། སྐབས་དོན་རི་བོ་རྩེ་ལྔའི་གནས་ཀྱི་བཀོད་པ་རྒྱས་པར་བཤད་པ།
ཞིང་མཆོག་རི་བོ་རྩེ་ལྔ་འདིར་རྗེ་བཙུན་འཇམ་པའི་དབྱངས་དང་པཎ་ཆེན་བི་མ་མི་ཏྲ་དངོས་སུ་བཞུགས་ཚུལ་ལུང་གིས་བསྒྲུབས་པ་དང༌། གནས་འདིར་ལྷགས་ན་འཇམ་དཔལ་དབྱངས་ཇི་ལྟར་མཇལ་ཚུལ་དང༌། གནས་འདིའི་རྟེན་བརྟེན་པའི་བཀོད་པ་གླེང་བའོ། །
དང་པོ་ལའང་གཉིས་ཏེ། དང་པོ་གནས་མཆོག་རི་བོ་རྩེ་ལྔའི་ཞིང་ཁམས་འདིར་འཕགས་བོད་མཁས་གྲུབ་ཡོངས་ཀྱི་ལྷག་པའི་ལྷ་མཆོག་རྒྱལ་སྲས་འཇམ་དཔལ་གཞོན་ནུ་ད་ལྟའང་དངོས་སུ་བཞུགས་ཚུལ་ནི།
རྒྱལ་བའི་ལུང་གིས་བསྔགས་པའི་འཇམ་དཔལ་དབྱངས་ཀྱི་ཞིང་ཁམས་རི་བོ་རྩེ་ལྔ།
གཟུངས་རིན་པོ་ཆེའི་གཏེར་མཛོད་དམ་མཚན་གཞན་འཇམ་པའི་དབྱངས་ཀྱི་གཟུངས་སྔགས་དཔའ་བོ་ཡི་གེ་བརྒྱ་པའི་ཆོ་ག་ཞིབ་མོ་ཞེས་བྱ་བ་ལས། དེ་ནས་བཅོམ་ལྡན་འདས་ཀྱིས་གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། ང་ཉིད་མྱ་ངན་འདས་པའི་འོག་ཏུ། བྱང་ཤར་གྱི་མཚམས་སུ་མ་ཧཱ་ཙི་ན་ཞེས་བྱ་བའི་ཡུལ་ཆེན་པོ་ཡོད་པ་དེར་ལྷུན་པོ་རྩེ་མོ་ལྔ་པ་ཞེས་བྱ་བའི་རི་བོ་ཡོད་ལ། དེ་ན་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་སྤྱོད་ལམ་ཅི་བདེ་བའི་ཚུལ་གྱིས་གནས་ཏེ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར། དམ་པའི་ཆོས་རབ་ཏུ་སྟོན་ཅིང་རྒྱ་ཆེར་འཆད་པར་འགྱུར་རོ། །ལྷ་དང་ཀླུ་ལ་སོགས་པ་སྣང་སྲིད་དྲེགས་པ་སྡེ་བརྒྱད་དཔག་ཏུ་མེད་པའི་འཁོར་གྱིས་ཡོངས་སུ་བསྐོར་ཞིང་མཆོད་པ་དང་བཀུར་སྟི་དང་རིམ་གྲོ་བྱེད་པར་འགྱུར་རོ། །ཞེས་དང༌། ཤིན་ཏུ་རྒྱས་པའི་སྡེ་སྣོད་སངས་རྒྱས་ཕལ་པོ་ཆེ་རྒྱ་ནག་མའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཞུགས་གནས་ལུང་བསྟན་པའི་ལེའུ་ལས། བྱང་ཤར་གྱི་མཚམས་ན་རི་བོ་དྭངས་བསིལ་ལམ་ཆིན་ལིའང་ཧྲན་(清凉山)ཞེས་བྱ་བ། བསྐལ་པ་དང་པོའི་དུས་ནས་བྱང་ཆུབ་སེམས་དཔའི་ཚོགས་ཡང་དག་པར་འདུ་བའི་གནས་ཡིན་ཏེ། ད་ལྟ་ཡང་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་རང་གི་འཁོར་བྱང་ཆུབ་སེམས་དཔའ་སྟོང་ཕྲག་བཅུའི་ཚོགས་དང་བཅས་ཏེ། གནས་དེར་རྟག་ཏུ་དམ་པའི་ཆོས་རྒྱ་ཆེར་སྟོན་བཞིན་བཞུགས་སོ། །ཞེས་གསུངས་པའི་རི་བོ་དྭངས་བསིལ་ཞེས་པ་འདི་རི་བོ་རྩེ་ལྔའི་མིང་གི་རྣམ་གྲངས་ཡིན་པའི་རྒྱུ་མཚན་འོག་ཏུ་འཆད་དོ། །
ཆོས་འབྱུང་མཁས་པའི་དགའ་སྟོན་དུ་འཇམ་དཔལ་རྩ་རྒྱུད་ཀྱི་ལུང་དྲངས་ཏེ། འཇམ་པའི་དབྱངས་ནི་འོད་ཆེན་པོ། །མངོན་སུམ་དེ་ཡི་ཡུལ་དག་ན། །བྱིས་པའི་གཟུགས་ཀྱིས་བཞུགས་པ་ཡིན། །ཞེས་རི་བོ་རྩེ་ལྔ་ལ་འཇམ་དཔལ་དངོས་སུ་བཞུགས་པ་དང༌། གླང་ཆེན་འགྱིང་རི་ལ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་རིན་པོ་ཆེ་སྨུག་པོ་ལས་རང་བྱུང་དུ་བཞུགས་ཤིང་ལོངས་སྤྱོད་རྣམ་ཐོས་སྲས་ལྟ་བུའི་ཡུལ་ལོ། །ཞེས་དང༌། ལྕང་སྐྱའི་དཀར་ཆག་ལས་ཀྱང་དེ་ལྟར་གསུངས་ཤིང༌། ཡང་པདྨ་བཀའ་ཡི་ཐང་ཡིག་ལས། ཨོ་རྒྱན་སློབ་དཔོན་པདྨའི་ཞལ་སྔ་ནས༔ རྒྱ་ནག་ཡུལ་བྱོན་པཎྜི་ཏ་རྣམས་ལ༔ རྒྱ་ནག་རི་བོ་རྩེ་ལྔ་ཞེས་བྱ་དེའི༔ རི་རེར་མིང་རེ་ཡོད་པས་ཤོད་ཅེས་གསུངས༔ སློབ་དཔོན་ཧ་ར་ནག་པོའི་ཞལ་ན་རེ༔ རྒྱ་ནག་ཝིའུ་དེ་ཤན་(五台山)བྱ་བ་ལ༔ རི་བོ་རྩེ་མོ་ལྔ་རུ་ཡོད་པ་ལས༔ དབུས་ཀྱི་རི་བོ་རྩེ་ལ་བེ་ཏ་ཙེ་ཞེས་ཟེར༔ དེ་ན་འཇམ་དཔལ་གཞོན་ནུར་གྱུར་པ་བཞུགས༔ ཤར་ཕྱོགས་ཨ་ཁྲ་དྷུ་རིའི་རྩེ་ཞེས་ཟེར༔ དེ་ན་འཇམ་དཔལ་ཡེ་ཤེས་སེམས་དཔའ་བཞུགས༔ ལྷོ་ཕྱོགས་དྷ་ན་རི་ཡི་རྩེ་ཞེས་ཟེར༔ དེ་ཡི་རྩེ་ལ་འཇམ་དཔལ་རྣོན་པོ་བཞུགས༔ ནུབ་ཕྱོགས་ཨ་པ་རི་ཡི་རྩེ་ཞེས་ཟེར༔ དེ་ན་འཇམ་དཔལ་སྨྲ་བའི་སེང་གེ་བཞུགས༔ བྱང་ཕྱོགས་སུག་ཏ་ཨ་ཁྲོ་རི་ཡི་རྩེ༔ དེ་ན་འཇམ་དཔལ་དྲི་མ་མེད་པ་བཞུགས༔ ཞེས་པ་ལྟར་རི་བོ་དྭངས་བསིལ་གྱི་རྣམ་བཤད་ལས་ཀྱང་འཇམ་དཔལ་རིགས་ལྔའི་ཞིང་ཁམས་སུ་གསུངས།
ཡང་གསོལ་འདེབས་ལེའུ་བདུན་པ་ལས་ཀྱང་། རྒྱ་ནག་རི་བོ་རྩེ་ལྔའི་ཕོ་བྲང་ནས༔ སངས་རྒྱས་སྐུ་ཡི་སྤྲུལ་པ་འཇམ་པའི་དབྱངས༔ སྟེང་འོག་ཕྱོགས་བཞིར་སྐུ་ཡིས་འགྲོ་དོན་མཛད༔ སྐུ་ཡི་བྱང་ཆུབ་སེམས་དཔའི་འཁོར་གྱིས་བསྐོར༔ འཕགས་པ་འཇམ་དཔལ་གྱི་ལྷ་ཚོགས་ལ་གསོལ་བ་འདེབས༔ ཞེས་སོགས་གསུངས་པ་དང༌། དེ་བཞིན་དུ་འཇམ་དཔལ་སྒྲུབ་ཐབས་བྱིན་རླབས་ཆར་འབེབས་ལས་ཀྱང༌། གནས་ཆེན་རི་བོ་རྩེ་ལྔ་ནས། །ཁྲི་ཕྲག་འཁོར་གྱིས་བསྐོར་བ་ཡི། །འཇམ་དཔལ་ཡེ་ཤེས་སེམས་དཔའི་ཚོགས། །འདིར་བྱོན་སྐལ་ལྡན་བྱིན་གྱིས་རློབས། །ཞེས་དང༌། རྙིང་རྒྱུད་ཀྱི་ལོ་རྒྱུས་ལས། འཇམ་དཔལ་བཤེས་གཉེན་གྱི་སློབ་མ་སངས་རྒྱས་ཡེ་ཤེས་ལ་དེ་ཁོ་ན་ཉིད་རྟོགས་པར་འདོད་ན་འཕགས་པ་འཇམ་དཔལ་ལ་དྲིས་ཤིག་ཅེས་ལུང་བསྟན་པས། འོ་ན་འཇམ་དཔལ་རི་བོ་རྩེ་ལྔར་བཞུགས་པས་དེར་འགྲོ་དགོས་དགོངས་ཏེ་སོང་བ་ན་ཞེས་སོགས་ཆེས་མང་ངོ༌། །
རྒྱ་བོད་མཁས་གྲུབ་རྣམས་ཞིང་འདིར་བཞུགས་ཤིང་བསྟན་འགྲོའི་དོན་མཛད་ཚུལ།
དེ་བཞིན་རྙིང་མ་དང༌། དགེ་ལྡན། ས་སྐྱ་སོགས་ཀྱི་བསྟན་པའི་བདག་པོ་རྣམས་ཀྱང་གནས་འདིར་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞལ་མཇལ་བའམ་དེའི་ངོ་བོར་བཞུགས་ཏེ་བསྟན་པ་སྐྱོང་བར་གསུངས་པའང་རིམ་བཞིན་དུ། སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྟོགས་པ་བརྗོད་པ་ལྷའི་རྔ་བོ་ཆེ་ལྟ་བུའི་གཏམ་ལས། སློབ་དཔོན་དགའ་རབ་རྡོ་རྗེ། སྤྲུལ་པའི་དགེ་སློང་ཨ་དཀར་མ་ཏི། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། རྒྱལ་སྲས་ལྷ་རྗེ། ཡར་རྗེ་ཨོ་རྒྱན་གླིང་པ། ཀུན་མཁྱེན་དྲི་མེད་འོད་ཟེར། མངའ་རིས་པཎ་ཆེན་སོགས་དང༌། ཁྱད་པར་དུ་ལྔ་བརྒྱ་པ་རྣམས་ཀྱི་གཙུག་གི་ནོར་བུ་སློབ་དཔོན་དྲི་མེད་བཤེས་གཉེན་པཎ་ཆེན་བི་མ་མི་ཏྲ་ཟག་པ་དང་བྲལ་བའི་སྐུ་དེ་ཉིད་ཀྱིས་འཁོར་བ་མ་སྟོང་བར་འཕགས་པ་འཇམ་དཔལ་བྱིས་པ་གཞོན་ནུའི་ཚུལ་གྱིས་ཆོས་སྟོན་པའི་གནས་རི་བོ་ཆེན་པོ་འུ་ཐའི་ཤན་(五台山)དུ་བཞུགས་པ་ལས་ལོ་བརྒྱ་བརྒྱ་རེ་ན་བོད་ཀྱི་ལྗོངས་སུ་ཉིད་ཀྱི་སྤྲུལ་པ་རེ་བྱོན་ནས་སྙིང་ཐིག་གི་བསྟན་པ་ཉམས་པ་གསོ་ཞིང༌། འཁྲུལ་བའི་དྲི་མ་རྣམས་དག་པར་མཛད་པ་ཞལ་གྱིས་བཞེས་པ་བཞིན་ཡུལ་དབུས་འགྱུར་ལྷོ་ཕྱོགས་ཀྱི་རྒྱུད་དུ་རང་བྱུང་རྡོ་རྗེ་འཇིགས་མེད་གླིང་པ་ཞེས་མཚན་གྱི་ཡི་གེ་རྣམ་པར་གསལ་བ་ཞིག་བྱུང་བར་གྱུར་ཏོ། །ཞེས་པའི་དོན་འོག་ཏུའང་སྟོན་པ་ལྟར་དང༌། རྗེ་ཙོང་ཁ་བའི་རྣམ་ཐར་ནོར་བུའི་ཕྲེང་བ་ལས། རྗེ་བླ་མ་འདས་རྗེས་མཁས་གྲུབ་རྗེས་གསོལ་བ་བཏབ་པས། རྗེ་བླ་མ་སྤྲིན་དཀར་ཕང་ཕུང་བ་ཞིག་གི་དབུས་སུ་སྔར་གྱི་རབ་ཏུ་བྱུང་བའི་ཆ་ལུགས་སུ་བྱོན་ནས། བུ་ད་ནི་མྱུར་དུ་འོང་བའི་གྲབས་གྱིས། བདག་གིས་བསུ་མཁན་གཏོང་གསུངས་པ་ལ། རྗེ་བླ་མ་ད་ལྟ་གང་དུ་བཞུགས་པ་ལགས། བདག་ཀྱང་དེར་འོང་བ་ཡིན་ཞུས་པས། སྤྱིར་ངའི་སྤྲུལ་པ་མཁའ་སྤྱོད་དགའ་ལྡན། འཛམ་བུ་གླིང་ལ་སོགས་པར་མང་པོ་ཡོད་པ་ཡིན། ད་ལྟ་རྒྱ་ནག་རི་བོ་རྩེ་ལྔར་དགེ་སློང་རྡོ་རྗེ་འཛིན་པ་སྟོང་བརྒྱད་བརྒྱ་ཙམ་རེ་ལ་སྔ་དྲོ་དབུ་མ་དང་ལམ་རིམ། ཕྱི་དྲོ་གསང་བདེ་འཇིགས་གསུམ་གྱི་བསྐྱེད་རྫོགས་འཆད་བཞིན་ཡོད། ཁྱོད་རང་ཡང་དེར་འོང་བའི་སྨོན་ལམ་ཤུགས་དྲག་ལ་རྒྱུན་རིང་བ་ཐོབ་དང༌། རིང་པོར་མི་ཐོགས་པར་འཕྲད་པ་ཡིན་ནོ་གསུངས། གདུལ་བྱ་གཞན་ཡང་ཞིང་དེར་སྐྱེ་བའི་རྒྱུ་ཚོགས་ཇི་ལྟར་ལ་འབད་དགོས་སོགས་བཀའ་འདྲི་ཞུས་པར་ཞལ་གདམས་ཀྱང་དུ་མ་ཞིག་གསུངས། ཞེས་དང༌། གཙང་ནག་པ་འཇམ་དབྱངས་ཤེས་རབ་འོད་ཟེར་གྱི་རྣམ་ཐར་ལས། ཁོང་གི་རྨི་ལམ་ཟིན་ནས་ནམ་མཁར་འཕུར་ནས་ཤར་ཕྱོགས་སུ་ཕྱིན་པ་ན། རྒྱ་ཡི་རི་བོ་རྩེ་ལྔ་ཡིན་ཟེར་བའི་སྤང་རི་བཟང་པོ་ཤིན་ཏུ་ཡིད་དུ་འོང་བ་ཞིག་གི་སྟེང་ན་གནས་གཞི་བཟང་པོ་ལྟ་བུའི་ལྷ་ཁང་ཞིག་སྣང༌། རྗེ་བཙུན་འཇམ་དབྱངས་ཀྱི་ཕོ་བྲང་ཡིན་སྙམ་ནས་མཐའ་བསྐོར་ཞིང་གསོལ་བ་བཏབ་པས་ཡུན་རིང་དུ་སྒོ་མ་རྙེད། མཐར་ཤར་ཕྱོགས་ནས་སྒོ་གཅིག་ཕྱེ་ནས་ནང་དུ་ཕྱིན་པར་གཙུག་ལག་ཁང་ཤིན་ཏུ་བཟང་པོ་ཞིག་འདུག དེའི་དབུས་ན་རིན་པོ་ཆེའི་ཁྲི་ཆེན་པོ་གཅིག་གི་སྟེང་ན་བླ་མ་ཆོས་རྗེ་ས་སྐྱ་པ་ཞལ་བྱང་དུ་བསྟན་ནས་བཞུགས་འདུག འདི་ཉིད་རྗེ་བཙུན་འཇམ་པའི་དབྱངས་ཉིད་ཡིན་སྙམ་ནས་ཕྱག་དང་སྐོར་བ་མང་དུ་བྱས་ཤིང་གསོལ་བ་བཏབ་པས་གསུང་ནི་མ་འབྱོན། དར་གྱི་ན་བཟའ་མང་པོ་ཞིག་གིས་དྲིལ་བའི་གླེགས་བམ་གཅིག་གནང་ནས་བལྟས་པས་གསེར་གྱི་མཚན་བརྗོད་ཅིག་འདུག་པ་རྨིས། དེ་ནས་ཡུན་རིང་དུ་ཉིན་པར་སྟོང་ཉིད་ཀྱི་དོན་ལ་བློ་གྲོས་འཇུག་པ་དང་མཚན་མོ་རྨི་ལམ་བཟང་པོ་མང་དུ་བྱུང༌། ཞེས་གསུངས་སོ། །
གཞན་ཡང་ས་པཎ་གྱི་རྣམ་ཐར་ལས། ས་སྐྱ་པཎ་ཆེན་ལིང་ཆུ་རྩེ་ཁབ་ཏུ་བཞུགས་ཏེ། ཆོས་གསུངས་པའི་ཚེ་མི་མང་པོ་ཞིག་རི་བོ་རྩེ་ལྔ་ལ་མཆོད་པ་ལ་ཕྱིན་པས་ཐམས་ཅད་ཀྱི་རྨི་ལམ་དུ། ད་ལྟ་རི་བོ་རྩེ་ལྔ་ན་འཇམ་དཔལ་མི་བཞུགས། ལིང་ཆུ་རྩེ་ཁབ་ན་ཆོས་གསུང་གིན་ཡོད་ཟེར་བ་མཐུན་པར་རྨིས་ཏེ། སད་པ་ན་མི་རྣམས་ཐེ་ཚོམ་མེད་པར་འོངས་པས། ཆོས་རྗེ་ཉིད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གསུངས་པ་དང་མཇལ་ཏེ་ཆོས་ཐོབ་བོ། །ཞེས་སོ། །
སྤྱིར་རྗེ་བཙུན་འཇམ་པའི་དབྱངས་ནི་འཕགས་བོད་མཁས་གྲུབ་ཐམས་ཅད་ཀྱི་ལྷག་པའི་ལྷ་ཡིན་ཞིང་ཁྱད་པར་དུ་རིག་འཛིན་གོང་མ་བགྲང་ལས་འདས་པ་ཞིག་གནས་ཆེན་འདི་ལ་འབྲེལ་ཏེ་དངོས་གྲུབ་ཐོབ་ཅིང་བསྟན་འགྲོའི་དོན་བསྒྲུབས་པ་ཡིན་ཏེ། སློབ་དཔོན་ཤྲཱི་སེང་ཧ་ནི། སྙིང་ཐིག་ལོ་རྒྱུས་ཆེན་མོའི་སྨད་ཆ་ལས། སློབ་དཔོན་ཤྲཱི་སེང་ཧ་རི་བོ་རྩེ་ལྔར་ཕྱིན་ནས་སློབ་དཔོན་བྷེ་ལ་ཀ་ཏི་ཞེས་བྱ་བར་ལོ་བདུན་གྱི་རིང་ལ་གསང་སྔགས་ཕྱི་ནང་དུ་གྲགས་པའི་རྒྱུད་ལུང་མན་ངག་རྣམས་བསླབས་པ་དང༌། རི་བོ་རྩེ་ལྔའི་ཤར་ན་ཁྲུས་ཀྱི་རྫིང་བུ་དལ་ཞིང་འཇམ་པའི་ནང་དུ་ཁྲུས་བྱེད་ཚེ། ཐུགས་རྗེ་ཆེན་པོས་ལུང་བསྟན་པ་བཞིན་རྒྱ་གར་དུ་ཕྱིན་ནས་ལོ་ཉེར་ལྔར་འཇམ་དཔལ་བཤེས་གཉེན་བསྟེན། ཞེས་དང༌། རྒྱུད་འབུམ་དཀར་ཆག་ལས་ཀྱང་ད་དུང་འབྲས་བུ་བླ་མེད་ཉིད་གོ་སླ་བའི་ཕྱིར་གསང་སྔགས་ཀྱི་རྒྱུད་གཞན་ལའང་མཁས་པར་བྱ་སྙམ་དུ་དགོངས་ཏེ། རི་བོ་རྩེ་ལྔར་གདོལ་བའི་རིགས་ཀྱི་སློབ་དཔོན་བྷེ་ལ་ཀིརྟིར་གསང་སྔགས་ཕྱི་ནང་གི་ཆོས་མ་ལུས་པ་གསན་ཅིང་ཉམས་འོག་ཏུ་ཆུད་པར་མཛད། ཅེས་སོ། །
དེ་བཞིན་སློབ་དཔོན་ཡེ་ཤེས་མདོ་དང་བི་མ་མི་ཏྲ་ནི། རྒྱུད་འབུམ་རིན་པོ་ཆེའི་རྟོགས་པ་བརྗོད་པ་ལྷའི་རྔ་བོ་ཆེ་ལྟ་བུའི་གཏམ་ལས། བི་མ་མི་ཏྲ་དང་ཡེ་ཤེས་མདོ་གཉིས་ལ་རྡོ་རྗེ་སེམས་དཔའ་མངོན་སུམ་དུ་བྱོན་ནས། ཀྱེ་རིགས་ཀྱི་བུ་གཉིས་སྐྱེ་བ་ལྔ་བརྒྱར་པཎྜི་ཏའི་ལུས་བླངས་ཤིང་དམ་པའི་ཆོས་སྤྱད་ཀྱང་འབྲས་བུ་སྔར་ཡང་མ་ཐོབ། ད་ཡང་མི་ཐོབ་པས་ཚེ་འདི་ཉིད་ཀྱིས་ཟག་བཅས་ཀྱི་ཕུང་པོ་མི་སྣང་བར་འཚང་རྒྱ་བར་འདོད་ན་རྒྱ་ནག་པོའི་བྱང་ཆུབ་ཤིང་དྲུང་གི་ལྷ་ཁང་དུ་སོང་ཞིག ཅེས་ལུང་བསྟན་པས་བི་མ་མི་ཏྲ་དེ་ཉིད་དུ་ལྷུང་བཟེད་བླངས་ཏེ་བྱོན་པས་སློབ་དཔོན་ཤྲཱི་སེང་ཧ་དང་མཇལ་ཞིང་ལོ་ཉི་ཤུའི་རིང་ལ་སྙན་བརྒྱུད་ཕྱི་ནང་གསང་གསུམ་གྱི་གདམས་པ་མ་ལུས་པ་བསྩལ་མོད་ཀྱི། དེ་དག་གི་དཔེ་ནི་མ་གནང༌། དེ་ནས་བི་མ་ལ་ཐུགས་ཚིམས་ཏེ་སླར་རྒྱ་གར་དུ་བྱོན་ནས་ཛྙཱ་ན་སུ་ཏྲ་ལ་ལོ་རྒྱུས་དེ་ལྟར་བསྙད་པས། ཁོང་ཉིད་ཀྱང་འབད་རྩོལ་ཆེན་པོས་རྒྱ་ནག་ཏུ་བྱོན་ནས་མཁའ་འགྲོས་ལུང་བསྟན་པ་བཞིན་དུར་ཁྲོད་ཆེན་པོ་བསིལ་སྦྱིན་དུ་སློབ་དཔོན་དང་མཇལ། ལོ་གསུམ་ལ་བླ་མའི་བྱ་བ་ཅི་རིགས་པས་མཉེས་པར་མཛད་ཅིང་མཐར་གསེར་གྱི་མཎྜལ་ཕུལ་ནས་གདམས་པ་གནང་བར་ཞུས་པས། ལོ་དགུའི་བར་སྙན་བརྒྱུད་ཀྱི་གདམས་པ་དཔེ་དང་བཅས་པ་གནང༌། ཞེས་གསུངས་ཤིང་། དེ་ལྟར་བསྟན་པའི་རྒྱ་ནག་པོའི་དུར་ཁྲོད་བསིལ་སྦྱིན་ཞེས་པ་དེ་ནི། ད་ལྟ་རི་བོ་རྩེ་ལྔའི་ནོར་བཟང་ཕུག་གི་ཉེ་ཟུར་ན་ས་འོག་ཐམས་ཅད་ཀེང་རུས་ཀྱིས་ཁྱབ་ཅིང་རྒྱ་དང་སོག་པོའི་དུར་སྒམ་བགྲང་ལས་འདས་པ་ཡོད་པ་དེ་ལ་རྒྱ་བོད་མཁས་གྲུབ་རྣམས་ཀྱིས་ངོས་འཛིན་པར་འདུག འདི་ལ་རྒྱ་ནག་གི་སྐད་དོད་ལྟར་དུ་ཆིང་ལིའང་ཧྲི་ལིན་(清凉尸林)ཞེས་གྲགས།
དེ་ཉིད་ལས། མཐར་སློབ་དཔོན་ཤྲཱི་སེང་ཧ་མྱ་ངན་ལས་འདས་ནས་ཡེ་ཤེས་མདོའི་ནམ་མཁར་བཞུགས་ཏེ་གཟེར་བུ་བདུན་གྱི་ཞལ་ཆེམས་ཕྱག་ཏུ་དབབ་པ་དང༌། སྙིང་ཐིག་གསང་བའི་མན་ངག་གི་དཔེ་རྣམས་བཀྲ་ཤིས་ཁྲི་སྒོའི་ཀ་བའི་ནང་དུ་ཡོད་པས་དེ་ལོངས་ལ་དུར་ཁྲོད་བྷ་སིང་དུ་སོང་ཞེས་ལུང་བསྟན་པ་བཞིན་དུ་བྱས། དེ་ལྟར་གསུངས་པའི་བཀྲ་ཤིས་ཁྲི་སྒོ་ནི་དེང་སང་གི་ཞི་ཨན་(西安)གྲོང་ཁྱེར་ཏེ་ཉེ་ཆར་སངས་རྒྱས་ཀྱི་རིང་བསྲེལ་མང་པོ་གསར་དུ་བྱུང་བའི་ཕྱོགས་དེ་ཡིན་ནོ། །
ཡང་གཏེར་ཁ་འོག་མར་གྲགས་པའི་བདག་ཉིད་ཆེན་པོ་གུ་རུ་ཆོས་ཀྱི་དབང་ཕྱུག་གི་གཏེར་མའི་ལོ་རྒྱུས་ལས། གུ་རུ་ཆོས་ཀྱི་དབང་ཕྱུག་དགུང་ལོ་བཅོ་བརྒྱད་ཀྱི་སྐབས་ནུབ་ཅིག་རྨི་ལམ་དུ་རྒྱ་ནག་རི་བོ་རྩེ་ལྔར་མེ་ཏོག་ཨུཏྤལ་འཚོལ་དུ་ཕྱིན་པས་ཨུཏྤལ་སྔོན་པོའི་སྟེང་ནས་འཕགས་པ་འཇམ་པའི་དབྱངས་ཀྱིས། ཛྙཱ་ན་ཀ་ཡ་དྷརྨ་དྷཱ་ཏུ། ཆོས་ཀྱི་དབང་ཕྱུག་ང་ཡིན་ནོ། །ང་ནི་ཁྱོད་ཀྱི་སེམས་རྟོག་གོ །སེམས་རྟོག་པ་ནི་ཆོས་ཀྱི་སྒོ་བསམ་གྱིས་མི་ཁྱབ་བོ། །ཆོས་ཀྱི་སྒོ་བསམ་གྱིས་མི་ཁྱབ་པའི་དོན་ནི་རང་བྱུང་གི་ཡེ་ཤེས་ཐིག་ལེ་ཉག་གཅིག་གོ །ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་གི་དོན་ཁྱོད་ལ་བཤད་ཟིན་གྱིས། དེའི་དོན་ལ་དཔྱོད་ཅིག ཅེས་གསུངས་པའི་མོད་ལ་མནལ་སད་པས་ཆོས་ཐམས་ཅད་ཐོབ་པའི་ངེས་ཤེས་རྙེད།
དེ་བཞིན་དུ་ཁྲག་འཐུང་བདུད་འདུལ་རྡོ་རྗེའི་རྟོགས་བརྗོད་གསལ་བའི་མེ་ལོང་ལས། ཁོང་ལོ་ཉེར་གཅིག་གི་སྐབས་སུ་ཧོར་ཟླ་བདུན་པའི་ཚེས་བཅོ་བརྒྱད་ཀྱི་ནུབ་མོ་རྨི་ལམ་དུ། ཐམས་ཅད་རྣམ་དག་མཁའ་སྤྱོད་བདེ་བ་ཆེན་པོའི་ཞིང་དུ་སྣང་ཚེ། མི་དཀར་ལྟ་བས་ཆོག་མི་ཤེས་པ་ཤྭ་བ་ཞོན་པ་ཞིག་འོངས་ནས། རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་ཞིང་ཁམས་རྒྱ་ནག་རི་བོ་རྩེ་ལྔའམ་བོ་ཐེ་ཧྲན་དུ་འགྲོ་ཟེར་བས་དེ་དང་བསྡེབས་ནས་སོང་བ་ན། རི་བོ་གཅིག་ལ་རྩེ་མོ་ལྔ་ཡོད་པ་ལས་ཤིན་ཏུ་མཐོ་བའི་དབུས་རིའི་རྩེ་མོར་སླེབས་བྱུང༌། དེ་ནས་མི་དཀར་པོ་དུང་གི་མདོག་ཅན་དེས། ཁྱོད་ཀྱིས་ལྟོས་དང་ཞེས་ཤར་ཕྱོགས་དང་ནུབ་ཕྱོགས། ལྷོ་དང་བྱང་ཕྱོགས་ཀྱི་མཐོང་སྣང་སྣ་ཚོགས་བསྟན་ཏོ། །དེ་ཚེ་ལྷ་ཕྲུག་གཉིས་དང་མཇལ་ཏེ། ཀྱཻ། ཉོན་དང་གཞོན་ནུ་རིག་པ་ཅན། །ང་ངོ་ཁྱོད་ཀྱིས་མ་ཤེས་ན། །ང་ལྷ་ཕྲུག་དུང་གི་ཟུར་ཕུད་ཡིན། །སྲིང་མོ་མི་མིན་ཟི་ལེ་ཡིན། །ཞེས་སོགས་ནས། ངེད་མིང་སྲིང་ནམ་མཁའི་དབྱིངས་སུ་འགྲོ། །མི་ཁྱོད་ཀྱང་སྲིད་པའི་ཡུལ་དུ་སོང༌། །ཁྱོད་བདེ་ཆེན་པདྨ་བཀོད་ཞིང་དུ། །ངེད་མིང་སྲིང་བསུ་མར་སླེབ་ངེས་ཡིན། །ཞེས་ཟེར་བས་གཉིད་སད་པར་གསུངས།
གཞན་ཡང་ཆོས་རྗེ་ཡིད་བཞིན་ནོར་བུ་ཡང་གསེར་ལྗོངས་བླ་མ་རུང་ན་བཞུགས་སྐབས་རྨི་ལམ་སྤྲུལ་བསྒྱུར་ལ་བརྟེན་ནས། རི་བོ་རྩེའི་ལྔའི་གནས་འདིར་ལན་གསུམ་ཐོན་པར་གསུངས་ཏེ། ཐེངས་གཅིག་དབུས་རིའི་འདབས་ཀྱི་རྡོ་རྗེ་གླིང་གི་རི་ཞོལ་དུ་ཤིང་རྩ་ཞིག་ནས་འདྲ་སྐུ་སོགས་དང་མཇལ། ཐེངས་གཅིག་ཉིན་ཕྱོགས་སུ་རབ་བྱུང་པ་མང་པོ་ཡོད་སར་ཐོན། ཡང་ཐེངས་གཅིག་གྲོང་མཐའི་སྤང་ལྗོངས་ཤིག་ཏུ་ཐོན་ཏེ། ཕྱིས་དངོས་སུ་བྱོན་སྐབས་རྗེ་ཉིད་ཀྱིས་འདིར་ཐོན་མྱོང་ཞེས་ས་གནས་དེར་དབང་སྡུད་གསོལ་འདེབས་སོགས་གསུངས།
གཞན་གནས་འདིར་སློབ་དཔོན་ཆེན་པོ་ཛ་ཡ་ཨཱནནྟ་བྱོན་ཚུལ་ནི། དཔའ་བོ་གཙུག་ལག་ཕྲེང་བས། ཛ་ཡ་ཨཱནནྟ་འདི་བོད་དུ་བྱོན། པ་ཚབ་ཀྱིས་ལོ་ཙཱ་བ་བྱས་ཏེ་ཕྱ་བ་དང་དབུ་མ་ཐལ་རང་གྲུབ་མཐའ་བརྩད་པས་པཎྜི་ཏས་མ་ཐུབ། སླར་རྒྱ་ནག་རི་བོ་རྩེ་ལྔར་བྱོན་ནས་འཇམ་དཔལ་བསྒྲུབས། རི་བོ་རྩེ་ལྔའི་འདབས་སུ་འཇུག་པའི་རྒྱས་འགྲེལ་རྟོག་གེ་ཐོ་བ་མཛད་ནས་སླར་རྩོད་པ་ལ་བྱོན་དུས་ཕྱ་བ་གཤེགས། པ་ཚབ་ཀྱི་བུ་བཞི་སོགས་ནས་དབུ་མ་ཐལ་འགྱུར་བ་བོད་དུ་དར་བར་མཛད་དོ། །ཞེས་སོ། །
འཇམ་མགོན་ས་པཎ་གནས་འདིར་བྱོན་ཚུལ་ཡང༌། གདུང་རབས་ངོ་མཚར་བང་མཛོད་ལས། ས་སྐྱ་པཎ་ཆེན་རྒྱ་ནག་རི་བོ་རྩེ་ལྔར་བྱོན་ནས་དེ་ན་གནས་པའི་རྟོགས་ལྡན་རྒྱན་པོ་ཞེས་བྱ་བ་ལ། བཅོམ་ལྡན་འདས་ཀྱེ་རྡོ་རྗེ་ཌོམྦྷིའི་ལུགས་ཀྱི་དཀྱིལ་འཁོར་དུ་མངོན་པར་དབང་བསྐུར་བ་སྔོན་དུ་འགྲོ་བ་ཅན་གྱི་རྗེ་བཙུན་བདག་མེད་མའི་སིན་དྷུ་རའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་པ་དང༌། དེའི་རྗེས་སུ་རྫོགས་རིམ་ཟབ་མོ་བསམ་གྱིས་མི་ཁྱབ་པའི་མན་ངག་བྱིན་ཏེ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ངོ་སྤྲོད་པར་བྱེད་པའི་གདམས་པ་ཟབ་མོ་གནང་ནས་རྒྱུད་གྲོལ་བར་མཛད་པ་ཡིན་ཏེ། གདམས་པ་དེ་ཉིད་ལས། རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྣམ་འཕྲུལ་ཆོས་རྗེ་ས་སྐྱ་པཎྜི་ཏ་ཆེན་པོ་རྒྱ་ནག་རི་བོ་རྩེ་ལྔར་ཕེབས་ནས་བཞུགས་པའི་ཚེ་ཞེས་སོགས་ནས། རྟོགས་ལྡན་ཁྱེད་ཀྱིས་འདི་དག་ཐུགས་ལ་ཞོག་ལ་སྒྲུབ་པ་མཛོད་དང་ཕན་ཐོགས་པ་ཆེན་པོ་ཞིག་འོང་གསུངས་ནས་ཆེད་གཉེར་མཛད་ཅིང༌། རྟོགས་ལྡན་རྒྱན་པོ་ལ་གདམས་པ་ཕྱག་རྒྱ་ཆེན་པོའི་མིག་ཐུར་ཞེས་བྱ་བ་ཆོས་རྗེ་པའི་གསུང་ལ་བི་ཇིས་རི་བོ་རྩེ་ལྔར་བྲིས་པའོ། །ཞེས་གསུངས་པ་སོགས་ཀྱང་མཆིས། འདི་ཡན་ཆོད་རྗེ་བཙུན་འཇམ་པའི་དབྱངས་རི་བོ་རྩེ་ལྔར་བཞུགས་པར་ལུང་གིས་བསྒྲུབས་པའི་སྐོར་ལས་འཕྲོས་ཏེ་ཅུང་ཟད་གླེང་བའོ། །
འགའ་རེས་འཇམ་དཔལ་དབྱངས་དངོས་སུ་རི་བོ་རྩེ་ལྔ་རུ་དེ་ལྟར་བཞུགས་མོད། འོན་ཀྱང་ཐུགས་རྗེ་ལ་ཉེ་རིང་མེད་དོ་སྙམ་ན། དེ་ལྟ་བུའི་སྔོན་བྱོན་དམ་པ་རྣམས་གནས་འདིར་དཀའ་ཚེགས་ཆེན་པོས་ལན་མང་དུ་ཕེབས་པ་དོན་མེད་དུ་ཐལ་ཞིང༌། གཞན་ཡང་ཇི་སྐད་དུ། གཞན་གྱི་གནས་སུ་ལོ་གཅིག་བསྒྲུབས་པ་ལས། །འདི་དག་རྣམས་སུ་ཞག་གཅིག་སྒྲུབ་པ་གཅེས། །ཞེས་གནས་ཀྱི་བྱིན་རླབས་ཁྱད་དུ་འཕགས་ཚུལ་གསུངས་པ་རྣམས་ཀྱང་འགྲེལ་དཀའ་བར་འགྱུར་རོ། །
པཎ་ཆེན་བི་མ་མི་ཏྲ་འོད་སྐུར་སྨིན་ནས་རི་བོ་རྩེ་ལྔར་བཞུགས་ཚུལ།
གཉིས་པ་པཎྜི་ཏ་ཆེན་པོ་བི་མ་ལ་མི་ཏྲ་ཡང་འཇའ་ལུས་འཕོ་ཆེན་འོད་ཀྱི་སྐུ་རུ་སྨིན་ནས། རྒྱ་ནག་རི་བོ་རྩེ་ལྔའི་གནས་འདིར་བསྐལ་པ་མ་ཞིག་བར་དུ་དངོས་སུ་བཞུགས་ཤིང༌། ལོ་བརྒྱ་རེ་ན་བོད་དུ་སྤྲུལ་བ་རེ་འབྱོན་པར་ཞལ་གྱིས་བཞེས་ནས་བསྐལ་བཟང་སངས་རྒྱས་སྟོང་གི་རྗེས་སུ། སླར་རྒྱ་གར་རྡོ་རྗེ་གདན་དུ་བྱོན་ནས་འཚང་རྒྱ་བར་གསུངས་ཏེ། སྙིང་ཐིག་ལོ་རྒྱུས་ཆེན་མོའི་བླ་མ་ཡང་ཏིག་གི་སྐབས་ལས། དེ་ནས་གདམས་པའི་གནད་རྣམས་གཅིག་ཏུ་བསྡུས་པ། ཟབ་མོའི་པོ་ཏི་བཞི་ནི་མཆིམས་ཕུ་བྲག་དམར་དགེ་གོང་དུ་གཏེར་དུ་སྦས་ནས། རྒྱ་ནག་པོའི་རི་བོ་རྩེ་ལྔར་གཤེགས་སོ། །བསྐལ་པ་མ་ཞིག་གི་བར་དུ་བཞུགས་པ་ཡིན་ནོ། །ཞེས་དང༌། ཡང་ཀུན་མཁྱེན་བླ་མའི་སྔགས་ཀྱི་སྤྱི་དོན་ཚངས་དབྱངས་འབྲུག་སྒྲ་ལས། བི་མ་ལ་རྒྱ་གར་ན་བཞུགས་དུས། བོད་ཡུལ་ན་རྒྱལ་པོའི་བླ་མཆོད་ཉིང་ཏིང་འཛིན་བཟང་པོ་ཞེས་བྱ་བ་ཤའི་སྤྱན་གྱིས་གླིང་བཞི་དུས་གཅིག་ལ་གཟིགས་པ་ཞིག་ཡོད་པ་དེས་པཎ་ཆེན་གྱི་ཡོན་ཏན་གཟིགས་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ་རྒྱུ་མཚན་ཞུས་ཏེ། རྒྱལ་པོས་རྒྱ་གར་རྒྱལ་པོ་ལ་གསེར་གྱི་འབུལ་བ་བསྐུར་ནས་ཕོ་ཉ་བརྫངས། བི་མ་ལ་མི་ཏྲ་དཔོན་གཡོག་གིས་རྒྱལ་པོ་དང་པཎྜི་ཏ་རྣམས་ལ་ཞུ་བ་ཕུལ་བ། བདག་བོད་དུ་མཆིས་ཕན་ཆོད། བོད་དུ་སྔོན་ཆད་ཡོངས་སུ་མ་གྲགས་པའི་ཆོས་སྐོར་ཞིག་བསྒྱུར་དགོས་བྱས་པས། པཎྜི་ཏ་རྣམས་ན་རེ། རྡོ་རྗེ་གདན་གྱི་འོག་ན་མན་ངག་གི་ཆོས་སྦས་ནས་ཡོད་པ་དེ་འོ་སྐོལ་རྒྱ་གར་ལ་སྤྱོད་དབང་མེད་ན་ཡང༌། ཁྱོད་བོད་དུ་འགྲོ་བ་ལ་ཤིན་ཏུ་ཡུས་ཆེ་བ་ཡིན་པས་ཇི་ལྟར་རིགས་པ་ཐོན་ལ་ཁྱེར་ཟེར་བས། བི་མ་ལ་དཔོན་གཡོག་གིས་ཆོས་མ་ལུས་པ་སྤྱན་དྲངས་ནས་རྒྱ་གར་གྱི་དཔེ་རྩ་ཆད་ཅེས་གྲགས། བི་མ་ལ་བསམ་ཡས་སུ་ཕེབས། མདོ་སྔགས་སྤྱི་དང༌། ཁྱད་པར་ཐེག་དགུ། རྫོགས་ཆེན་གྱི་རྒྱུད་སྡེ་གསུམ་གྱི་ཆོས་མཐའ་དག་བསྒྱུར་ནས། མཐར་རྒྱ་ནག་རི་བོ་རྩེ་ལྔར་སངས་རྒྱས་སྟོང་གི་བསྟན་པ་གནས་ཀྱི་བར་དུ་བཞུགས་ཤིང་ལོ་བརྒྱ་ན་སྤྲུལ་པ་རེ་བོད་དུ་བྱོན་པར་ཞལ་གྱིས་བཞེས་པ་ཡིན་ནོ། །ཞེས་དང༌། གསང་སྔགས་རྙིང་མའི་ཆོས་འབྱུང་ལས། བི་མ་ལས་གསང་བ་སྙིང་ཐིག་གི་སྐོར་རྣམས་མཆིམས་ཕུའི་དགེ་གོང་དུ་བོད་ཡིག་ཏུ་བསྒྱུར་ནས་སྦས། ཐིག་ལེའི་སྐོར་གྱི་རྒྱུད་ལུང་མན་ངག་གི་རྒྱ་དཔེ་རྣམས་མ་འོངས་པ་ན་ཚོང་འདུས་ཀྱི་འོ་མ་ལྟར་བསླད་ཅིང་ཉམས་འགྲོ་བར་གཟིགས་ནས་ཞུ་དག་གི་ཐེབས་སུ་སྦས། དེ་ལྟར་ལོ་བཅུ་གསུམ་ལ་བོད་དུ་བཞུགས་ནས་ལོ་བརྒྱ་དང་བཅུ་གསུམ་བཞེས་ཚེ། རྒྱ་ནག་ཏུ་གཤེགས་ཏེ་བསྟན་པ་ཇི་སྲིད་གནས་ཀྱི་བར་ལ་སྐུ་དེ་ཉིད་མ་བསྡུས་པར་བཞུགས་པ་ཡིན་ལ། ལོ་བརྒྱ་བརྒྱ་ན་བོད་དུ་སྐུའི་བཀོད་པ་འབྱུང་ལ། འདིས་དགའ་རབ་རྡོ་རྗེ་ལ་ལན་བདུན་དུ་མཇལ་ནས་གསན་ཅིང་མ་འོངས་པར་བསྟན་པའི་བཙས་འཇིག་རྟེན་གཞན་དུ་འཕོས་པའི་ཚེ་རྡོ་རྗེ་གདན་དུ་འོད་ཀྱི་སྐུ་ཡལ་བར་འགྱུར་རོ། །ཞེས་སོ། །
རི་བོ་རྩེ་ལྔ་ནས་འཇམ་དཔལ་ཇི་ལྟར་མཇལ་ཚུལ།
གཉིས་པ། རྒྱ་ནག་རི་བོ་རྩེ་ལྔའི་གནས་འདིར་ཐོན་པའི་དད་ལྡན་སྐྱེ་བོ་མཆོག་དམན་རབ་འབྲིང་སུ་ཡིན་ཡང་རང་རང་གི་ཁམས་དབང་མོས་པ་བསམ་པའི་བྱེ་བྲག་གི་རིམ་པ་དང་འཚམ་པའི་མགོན་པོ་འཇམ་པའི་དབྱངས་ཀྱི་ཞལ་མངོན་སུམ་དུ་མཇལ་ཐུབ་པ་ལ་བསླུ་བ་མེད་ཅིང༌། ཞལ་མཇལ་ཚུལ་ཡང་དབང་པོ་རབ་ལ་འཇམ་དཔལ་དངོས་སུ་སྣང་སྟེ་དབང་བསྐུར་གདམས་པ་ནོད་ཅིང་ཆོས་ཀྱི་བགྲོ་གླེང་བྱ་བ་སོགས་དང༌། གཞན་རྣམས་ལའང་སེམས་ཅན་རང་རང་གི་དད་པ་དག་སྣང་དང་ལས་སྒྲིབ་སྲབ་འཐུག་གི་དབང་གིས་གང་ལ་གང་འདུལ་གྱི་སྒོ་ནས་རྣམ་པ་སྣ་ཚོགས་ཀྱི་གཟུགས་སུ་སྣང་བ་ཡིན་ཏེ། ལྷ་མོ་དྲི་མ་མེད་པའི་འོད་ཀྱིས་ཞུས་པའི་མདོ་ལས། འཇམ་དཔལ་གྱི་སྤྱོད་པ་ཇི་ལྟ་བུ་ཞེ་ན། ཐམས་ཅད་དུ་འདོད་དགུར་བསྒྱུར་བའི་གཟུགས་ཅན་ཡིན་ཏེ། བྱང་ཆུབ་སེམས་དཔའི་གཟུགས་དང་རྒྱལ་པོ་རྒྱལ་མོ་དགེ་སློང་བྲམ་ཟེ་ལ་སོགས་འདོད་པའི་ཁམས་སུ་གཏོགས་པའི་སེམས་ཅན་རྣམས་ཀྱི་གཟུགས་ཐམས་ཅད་དུ་འཇུག་པ་སྟེ། རོལ་མོ་མཁན་ལ་རོལ་མོའི་གནས་ལ་མཁས་པའི་གཟུགས་སྣ་ཚོགས་སྟོན་པ་བཞིན་ནོ། །གཞན་ཡང་དེ་ལས་ཆགས་ལྡན་གྱི་སེམས་ཅན་ལ་བུད་མེད་ཀྱི་གཟུགས་སྟོན་པ་ཞེས་སོགས་གསུངས་པ་ལྟར་དུ་རྒྱལ་པོ་དང་རྒྱལ་མོ་དགེ་ཚུལ་སློང་བྲམ་ཟེ་དང༌། རྒྱ་དང་བོད། སོག་པོ། རྒན་པ་དང་གཞོན་ནུ་སོགས་མི་དང་མི་མིན་གྱི་གཟུགས་སུ་སྤྲུལ་ནས་ཞལ་སྟོན་པ་ཡིན།
དེ་ཡང་གནས་འདིར་ལྷགས་པའི་དད་ལྡན་རྣམས་ཀྱིས་དང་པོ་ཉིད་ནས་མི་དང་མི་མིན་གྱི་གཟུགས་སུ་གང་སྣང་ཐམས་ཅད་འཇམ་དཔལ་གྱི་སྤྲུལ་བ་ཡིན་ནོ་སྙམ་དུ་དག་སྣང་མ་བྱས་ན་ངོས་ཟིན་པར་དཀའ་སྟེ།
༡ ཕག་རྒན་ཏ་ཞི།
སྔོན་སོག་པོའི་དགེ་བཤེས་ཤིག་གིས་ཁོང་གི་སློབ་མ་ཞིག་ལ། ཁྱོད་རྒྱ་ནག་རི་བོ་རྩེ་ལྔ་ལ་སོང་དང་འཕགས་པ་འཇམ་དཔལ་གྱི་ཞལ་མཇལ་གྱི། བདག་གིས་ཁྱོད་ལ་ཕན་མི་ཐོགས་སོ་ཞེས་གསུངས་པས། སློབ་མ་དེ་རི་བོ་རྩེ་ལྔར་སོང་ནས་བསྒྲུབས་པ་བྱས་ཀྱང་འཇམ་དཔལ་གྱི་ཞལ་ཅི་ཡང་མ་མཇལ་བར་སླར་འོངས་ནས་རྒྱ་ནག་གླང་ཆེན་འགྱིང་རི་ལ་ཕྱིན་པ་ན། ཁང་ཆེན་ཞིག་ཏུ་རྒྱ་ངོ་མི་ཤེས་པ་མང་པོས་ཟས་ཟ་བར་མཐོང༌། ཁོང་དེར་ཕྱིན་ནས་ཟ་མ་བསླངས་པ་ན་སུས་ཀྱང་ལན་ཙམ་ཡང་མི་སྟེར་བར་ལུས་ཤིང༌། དེ་ནས་ཁང་ཕུག་ན་རྒྱ་དཔོན་ཞིག་བཞུགས་པ་དེས་འདིར་ཤོག་ཅེས་ལག་བརྡ་བྱས་པས་ཁོང་འགྲོ་ཕོད་མི་ཕོད་བྱས་ཏེ་དེའི་དྲུང་དུ་སོང་བ་ན། གསོལ་ལྷག་མང་དུ་གནང་ནས་ཁྱོད་གང་ནས་འོང་བ་ཡིན། ད་གང་དུ་འགྲོ་དྲིས་པས། བདག་རི་བོ་རྩེ་ལྔར་འཇམ་དཔལ་དབྱངས་ཀྱི་ཞལ་མཇལ་དུ་རེ་ནས་སོང་ཡང༌། ཞལ་མཇལ་མ་ཐུབ་པར་ད་ཕྱིར་འགྲོ་བ་ཡིན་ཞེས་སོགས་རྒྱུ་མཚན་ཐམས་ཅད་ཞུས་པས། དེ་ནས་རྒྱ་དཔོན་གྱིས། ད་ཁྱོད་རང་ཕ་ཡུལ་དུ་འགྲོ་ན་འདི་ནས་ཕར་སོང་བའི་ལམ་ན་ཡ་ཅེ་(雅杰)ཞེས་པའི་གྲོང་ཁྱེར་ཞིག་ཡོད། དེ་ན་ཏ་ཞི་(达西)ཟེར་བ་ཞིག་ཡོད་པས་དེ་ལ་ཡི་གེ་འདི་བྱིན་ཅིག་ཅེས་ཡིག་འཕྲིན་ཤོག་དྲིལ་ཞིག་བསྐུར་ཞིང༌། ལམ་རྒྱགས་ཀྱི་ཟས་ཀྱང་མང་དུ་གནང༌། ཁོང་གིས་ཡི་གེ་དེ་ཁྱེར་ནས་གྲོང་ཁྱེར་ཡ་ཅེ་རུ་སོང་ནས་ཏ་ཞི་གར་ཡོད་དྲིས་པ་ན་སུས་ཀྱང་མ་ཤེས། སླར་ཡང་ཡང་རྩར་གཅོད་བྱས་པ་ན་མི་ཏ་ཞི་ཟེར་བ་ཞིག་མ་རྙེད། དེ་ཚེ་མི་ཞིག་གིས་སྨྲས་པ། འདི་ན་ཕག་རྒན་ཏ་ཞི་ཞེས་བྱ་བ་སེམས་ཅན་ལ་བྱམས་པ་ཞིག་ཡོད་ཀྱི། དེ་ལས་གཞན་ནི་ཏ་ཞི་ཞེས་བྱ་བ་སུ་ཡང་མེད་དོ་བྱས་པས། དེ་ཡིན་ནམ་སྙམ་ནས་སྟོན་དུ་བཅུག་ཅིང་ཕག་རྒན་གྱི་ཐད་དུ་སོང་ནས་ཡིག་འཕྲིན་མདུན་དུ་འཕངས་པ་ན། ཕག་རྒན་གྱི་སྣ་ཡིས་ཡིག་འཕྲིན་ཤོག་དྲིལ་བཤིགས་ནས་ཅུང་ཟད་བལྟས་ཏེ་མྱུར་དུ་ཚེ་འཕོས་པར་གྱུར། ཁོང་ངོ་མཚར་ཏེ་ཡི་གེ་ལ་བལྟས་པ་ན། དེའི་ནང་དུ། བྱང་ཆུབ་སེམས་དཔའ་ཏ་ཞི་ལ་སྤྲིངས་པ། ཁྱོད་འདི་ནས་དུད་འགྲོའི་ལུས་རྟེན་ལ་འགྲོ་དོན་རེ་ཞིག་རྫོགས་ཀྱི། ད་ཤར་ཕྱོགས་སུ་སོང་ནས་སྤྱོད་ཡུལ་གཞན་གྱིས་ཤིག འཇམ་དཔལ་ནས་བྲིས། ཞེས་པ་འདུག་པས་ཁོང་གིས་སྔར་གྱི་རྒྱ་དཔོན་དེ་འཇམ་དཔལ་དབྱངས་ཡིན་པར་ཤེས་ནས་སླར་མྱུར་དུ་ལོག་ནས་བལྟས་ཀྱང་ཐམས་ཅད་ཅི་ཡང་མ་མཐོང་མོད། འོན་ཀྱང་གང་ཟག་དེས་རྗེ་བཙུན་འཇམ་པའི་དབྱངས་མཇལ་བའི་བྱིན་རླབས་ཀྱིས་མཐར་གྲུབ་པ་ཐོབ་པར་གསུངས།
༢ ཤྭ་དཀར་རྒན་པོ།
དེ་བཞིན་འཇམ་དཔལ་དབྱངས་ཐེངས་རེར་རྒན་པོའི་གཟུགས་སུ་མཇལ་ཏེ། སྔོན་ཝེ་རྒྱལ་རབས་རྗེས་མའི་སྐབས་སུ་ཧེང་ཀྲོའུ་(恒州)ཕྱོགས་ནས་འོང་བའི་ཧུའུ་ཡན་ཆིང་(呼延庆)ཞེས་པའི་རྔོན་པ་ཞིག་གིས་མི་བཞི་ཁྲིད་དེ་རི་བོ་རྩེ་ལྔར་ཐོན་སྐབས། གློ་བུར་དུ་ཤྭ་བ་དཀར་པོ་ཞིག་མཐོང༌། ཁོང་ཅག་གིས་དེ་གསོད་སྙམ་དུ་རྗེས་སུ་བསྙེགས་པ་ན་ར་བ་ཞིག་གི་ནང་དུ་བྲོས་སོང༌། དེར་ཕྱིན་པས་རྒན་པོ་མགོ་དཀར་ལག་རྟེན་རིང་པོ་ཅན་ཞིག་འོངས་ནས། ཁྱེད་ཅག་གིས་ང་ཡི་ཤྭ་བ་བདའ་བར་བྱས་ནས་ཅི་བྱེད་ཅེས་སྨྲས་པས། དེ་དག་གིས་སྨྲས་པ། ངེད་རྣམས་ཀྱིས་ཤྭ་བ་མ་བསད་ན་ལམ་རྒྱགས་མེད་པས་བཀྲེས་ལྟོགས་ཀྱིས་འཆིར་ཉེན་པས་ཐབས་མ་རྙེད་པ་ཡིན་ཞེས་བྱས་པས། རྒན་པོས་ལག་རྟེན་གྱིས་ཤར་ཕྱོགས་སུ་བརྡ་བྱས་ནས་ཤིང་ཐོག་ཡོད་པས་དེ་ཟོ་ཞིག་ཟེར་ནས་རྒན་པོ་དང་ར་བ་ཡང་མི་སྣང་བར་གྱུར་སོང༌། ཁོང་རྣམས་ངོ་མཚར་ཏེ་ཤར་ཕྱོགས་དེར་སོང་བ་ན་ཤིང་ཐོག་ཆེས་མང་པོ་ཡོད་ཀྱང་མཚོན་དང་ལག་པས་ཇི་ལྟར་བྱས་ཀྱང་མ་ཆོད། དེ་ཚེ་འཇམ་དཔལ་དབྱངས་ཀྱི་ཆོ་འཕྲུལ་ཡིན་པར་ཤེས་ཤིང་། དེ་ནས་བཟུང་རྔོན་མི་བྱེད་པའི་ཁས་ལེན་བྱས་སོ། །དེ་མ་ཐག་ཏུ་ཤིང་ཐོག་རྣམས་རང་ཤུགས་ཀྱིས་འཐོར་འོང་བས། དེ་ཚེ་དགའ་སྟེ་མྱུར་དུ་ཟོས་པ་ན། སྔོན་རྟག་ཏུ་རྔོན་བྱེད་པའི་སྡིག་ཆེན་དེ་ལ་ཤིང་ཐོག་རྣམས་རིགས་གཅིག་ཡིན་ཡང་ཐམས་ཅད་རོ་ཁ་བར་སྣང་ཞིང༌། གཞན་རྣམས་ལའང་སྡིག་པ་ཆེ་ཆུང་གི་རིམ་པ་བཞིན་དུ་རོ་སྐྱུར་བ་དང་མངར་བ་སོགས་མངོན་སུམ་དུ་མྱངས་བས། དེ་དག་གིས་ལས་རྒྱུ་འབྲས་ལ་ཡིད་ཆེས་རྙེད་ཅིང་ལས་ཀྱི་རྣམ་སྨིན་མྱོང་བར་ཤེས་ཏེ་འཇམ་དཔལ་དབྱངས་ལ་ཆེས་དད་པར་གྱུར། ཁོང་ཅག་གིས་ཤིང་ཐོག་ཟོས་རྗེས་དེ་དག་ཀྱང་མི་སྣང་བས་འཇམ་དཔལ་གྱིས་ཟས་གནང་བར་ཤེས། དེས་ན་རྒན་པོ་ནི་འཇམ་དཔལ་དང་ཤྭ་བ་ནི་དེའི་སེང་གེ་ཡིན་ནོ། །
༣ གཟུགས་མི་སྡུག་པའི་གྲྭ་བཙུན།
ཡང་འཇམ་དཔལ་ཐེངས་རེར་མི་སྡུག་པའི་གཟུགས་སུ་མཇལ་བ་ཡིན་ཏེ། སྔོན་ཏིང་ཀྲོའུ་(定州)ཕྱོགས་ནས་བྱོན་པའི་གྲྭ་པ་མིང་ཞུས་(明勖)ཞེས་པས་འཇམ་དཔལ་དབྱངས་ཀྱི་ཞལ་མཇལ་དུ་རེ་ནས་རི་བོ་རྩེ་ལྔར་ཕེབས་ཏེ་རྩེ་གཅིག་ཏུ་གསོལ་བ་བཏབ་པས། ཉིན་ཞིག་ཁོང་གི་མདུན་ཕྱོགས་ནས་གློ་བུར་དུ་ངོ་མི་ཤེས་པའི་གྲྭ་པ་རྐང་པ་གཉིས་ལ་རིང་ཐུང་ཅན། མིག་གཉིས་ལ་ཆེ་ཆུང་ཡོད་པ། སྣ་བུག་གཉིས་ཀ་གྱེན་དུ་བརྫེས་པ་ཞིག་དང་ཕྲད། ཁོང་གིས་ཕྱག་གཉིས་ཐལ་མོ་སྦྱར་ཏེ། འཕགས་པ་ཁྱེད་ཉིད་གང་ནས་འོང༌། འཇམ་དཔལ་གང་དུ་བཞུགས། ཞེས་དྲིས་པ་ན། དེས་ཀྱང་ལན་དུ་དེ་ལྟར་བྱས། ཁོས་དེ་ཉིད་འཇམ་དཔལ་མིན་པར་སེམས་ནས་ཉིན་མང་པོར་མཉམ་དུ་བསྡད། ཉིན་ཞིག་ཁོང་གཉིས་ཤར་རིའི་འདབས་སུ་ཐོན་སྐབས་ཤིག་ལ་གྲྭ་པ་དེ་གློ་བུར་འགྱེལ་ནས་ཁྲག་མང་པོ་བསྐྱུགས་པས་ཁོང་གིས་མྱུར་དུ་དེ་ཡར་ལ་བསྐྱོར་ནས་ཡོད་སྐབས། གློ་བུར་དུ་དེའི་ཉེ་གམ་ནས་དགོན་པ་ཞིག་སྣང་ཞིང༌། དེའི་ནང་ནས་གྲྭ་བཙུན་མང་པོ་ཞིག་འོངས་ནས་ཁོང་གཉིས་དགོན་ནང་དུ་བསུས། དེར་སངས་རྒྱས་ཀྱི་ལྷ་ཁང་དང་འཇམ་དཔལ་ལྷ་ཁང་ངོ་མཚར་ཅན་ཞིག་མཇལ། དེར་ཁང་པ་ཞིག་ཏུ་ནད་པ་དང་ཁོང་གཉིས་བཞག་ནས་གྲྭ་བཙུན་རྣམས་གཞན་དུ་ཆོས་འཚོགས་སར་ཕྱིན་སོང༌།
དེ་ནས་མུན་ཡང་རུབ་ལ་ཉེ་བ་ན་ནད་པའི་ཁ་ནས་སླར་ཡང་ཁྲག་དང་རྣག་མང་པོ་རྒྱུན་མི་ཆད་པར་བསྐྱུགས་པས་ཁང་པའི་ནང་ཐམས་ཅད་ཀྱང་རྣག་གི་དྲི་ངན་གྱིས་ཁྱབ། དེ་ཚེ་ནད་པས་སྨྲས་པ། ཁྱོད་བཀའ་དྲིན་ཆེ་བྱུང༌། ང་རང་གི་ནད་འདིས་ནི་ཤི་ཡང་མི་ཐུབ། གསོན་ཡང་མི་ཐུབ་པས་འདི་ལྟར་རྟག་ཏུ་ན་བཞིན་ཡོད། ད་ནི་ཁྱེད་ཉིད་བྱོན་དང་ཆོག་གི་ཞེས་གསུངས། མིང་ཞུས་ཀྱིས་ད་དུང་མི་འགྲོ་སྨྲས་ཀྱང༌། སླར་ཡང་ནད་པས། ཁྱེད་ཀྱིས་འཇམ་དཔལ་དབྱངས་མཇལ་ཤས་ཆེ་བས། ང་རང་འདིར་སྐྱུར་ལ་བྱོན་འཚལ། ཞེས་ཡང་ཡང་སྨྲས་པར། འོ་ན་ང་རང་ཅུང་ཟད་ཙམ་ཕྱི་རོལ་དུ་སོང་ནས་འཇམ་དཔལ་མཇལ་རྗེས་ཁྱོད་ལ་ནད་གཡོག་བྱེད་ཅེས་སྨྲས་ཏེ་ཁོ་རང་གིས་ལག་རྟེན་བཟུང་ནས་དགོན་པའི་སྒོ་ནས་ཕྱིར་ཐོན་སྐབས་སྔོན་དང་མི་འདྲ་བའི་བདེ་སྟོང་གི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེས། དེ་ཚེ་གློ་བུར་དུ་སྒྲ་ཞིག་གྲགས་པས་ཕྱིར་བལྟས་པ་ན། དགོན་པ་དང་ལྷ་ཁང་སོགས་ཀྱང་མི་སྣང་བར་གྱུར་ཅིང༌། རྒྱང་རིང་པོའི་སྤྲིན་གསེབ་ཏུ་འཇམ་དཔལ་དབྱངས་དངོས་སུ་སེང་གེ་ལ་ཆིབས་ཏེ་བྱོན་སོང༌། དེ་ཚེ་ཁོང་ཤིན་ཏུ་འགྱོད་དེ་ལག་པས་བྲང་ལ་རྡུང་བཞིན་གདུང་དབྱངས་ཀྱིས་གསོལ་བ་བཏབ་པ་དང་ཕྱག་མང་པོ་འཚལ་བ་ན། སླར་ནམ་མཁའ་ནས་ཞལ་གདམས་ཚིགས་སུ་བཅད་པ་གསུངས་ཏེ་ཐམས་ཅད་མི་སྣང་བར་གྱུར་ཏོ། །
༤ བར་སྣང་གི་འཇམ་དཔལ།
ཡང་རྒྱ་ནག་གི་བཙུན་པ་ཞིག་གིས་མདོ་སྡེ་ཕལ་པོ་ཆེའི་ཚིག་དོན་མང་པོ་མ་ཤེས་པར་མཁས་པ་མང་པོར་དྲིས་ཀྱང་སྒྲོ་འདོགས་མ་ཆོད་པས། དཀའ་ཚེགས་ཆེན་པོས་རི་བོ་རྩེ་ལྔར་བྱོན་ནས་འཇམ་དཔལ་ལ་གསོལ་བ་བཏབ་པས། ཉིན་ཞིག་ནམ་མཁའི་ཁམས་ནས་འཇམ་དཔལ་དངོས་སུ་སྣང་སྟེ་ཆོས་གསུངས་པས་སྒྲོ་འདོགས་ཆོད་ཅིང་ཡིད་ཚིམས་ཏེ་སླར་ལོག་པར་གསུངས་སོ། །
༥ བསོད་སྙོམས་པ་ཝུན་ཅི།
སྤྱིར་རི་བོ་རྩེ་ལྔའི་གནས་འདིར་འོང་བའི་སྐྱེ་བོ་སུ་ཡིན་ཡང༌། འཇམ་དཔལ་དབྱངས་ཉིད་ཀྱིས་སྤྱི་ལེ་སྟོང་ནས་བསུ་ཞིང་བརྒྱད་བརྒྱ་ལ་སྐྱེལ་(接一千送八百)བར་ཞལ་གྱིས་བཞེས་པར་གསུངས་ཤིང༌། རྒྱ་ནག་གི་གྲུབ་ཐོབ་ཆེན་པོ་བླ་མ་ཞུས་ཡུན་(虚云)གྱི་རྣམ་ཐར་ལས། ཁོང་རི་བོ་རྩེ་ལྔར་ལོ་གསུམ་གྱི་རིང་ལ་བརྐྱངས་ཕྱག་ཕུལ་ནས་འོང༌། ཐེངས་ཤིག་དེང་སང་ཧོ་ནན་ཞིང་ཆེན་(河南省)གྱི་ས་མཚམས་སུ་ཐོན་སྐབས་ཉིན་ཞག་མང་པོར་ཁ་བ་བབས་ནས་འགྲོ་ལམ་བཀག་ཀྱང་སླར་ནན་གྱིས་བྱོན། འོན་ཀྱང་ཁོང་ལ་ལམ་རྒྱགས་ཀྱང་ཆད་པས་བཀྲེས་དུབ་དང༌། ཡུན་རིང་བྱོན་པའི་དཀའ་ཚེགས་གྲང་ངར་བཅས་ཀྱིས་ཁ་བ་ཆེན་པོ་དེའི་ནང་དུ་དབང་མེད་དུ་འགྱེལ་ཏེ་བརྒྱལ་སོང༌། ཞག་མང་པོར་དེ་ལྟར་ལུས་ཏེ་ཁོང་གི་སྟེང་དུ་ཁ་བ་ཁྲུ་གང་ལྷག་གསར་དུ་ཆགས་ཡོད་པའི་ཚེ། འཇམ་དཔལ་དབྱངས་སློང་མོ་བ་ཞིག་གི་གཟུགས་སུ་སྤྲུལ་ནས་དེའི་ཐོག་གི་ཁ་བ་རྣམས་ཕྱགས་ཤིང་ཁོང་ཡར་བསླངས་པ་དང་། ཟུར་དུ་སྤྱིལ་ཆུང་ཞིག་ཏུ་མེ་སྦར་ཏེ་ཁོང་དེར་ཁྱེར་བར་མ་ཟད། ཁ་ནང་དུ་འབྲས་ཐུག་འཇམ་པོ་དལ་གྱིས་བླུགས་པས་ག་ལེར་བླ་མ་བརྒྱལ་སངས་ཏེ་དྲན་པ་རྙེད། ཁོང་གིས་སླར་ཡང་ཕྱག་ཕུལ་ཏེ་བྱོན་པ་ན། སློང་མོ་པས་སྨྲས་པ། ཁྱོད་ཉིད་ཧ་ཅང་དཀའ་ཚེགས་ཆེ་བས། དེ་ལས་ཕྱག་འཚལ་མི་དགོས། ཞེས་བྱས་ཀྱང་བཟློག་མ་ནུས་པར་མུ་མཐུད་དུ་ཕྱག་འཚལ་བཞིན་བྱོན། འོ་ན་ངས་ཁྱོད་ཀྱི་ཁུར་པོ་འཁུར་ཞེས་ཅ་ལག་རྣམས་སློང་མོ་བས་བཟུང་ནས་ཉིན་མང་པོར་མཉམ་དུ་འོངས། ཉིན་ཞིག་རི་བོ་རྩེ་ལྔ་དང་ཉེ་བ་ན། ད་ནི་ང་རང་ཁྱོད་ཀྱི་ཅ་ལག་རྣམས་ཁུར་ནས་སྔོན་དུ་འགྲོ། རི་བོ་རྩེ་ལྔར་ང་མི་ཤེས་མཁན་གཅིག་ཀྱང་མེད། ངའི་མིང་ལ་ཝུན་ཅི་(文吉)ཟེར་བ་ཡིན། ཁྱེད་དེར་ཐོན་སྐབས་ང་རང་ཚོལ་ནས་ཤོག་ཅེས་ཟེར་ཞིང་སོང་ངོ༌། །བླ་མས་རྗེས་སུ་བརྐྱངས་ཕྱག་འཚལ་བཞིན་རི་བོ་རྩེ་ལྔར་སླེབས་པ་ན། མིང་དེ་ལྟར་དུ་དྲིས་ཀྱང་ཀུན་གྱིས་འདིར་མི་དེ་འདྲ་ཞིག་གཏན་ནས་མེད་པས། དེ་ཝུན་ཧྲུའུ་ཕུའུ་སའམ་འཇམ་དཔལ་དབྱངས་བསུ་མར་བྱོན་པ་ཡིན་ཤས་ཆེ་ཞེས་སྨྲས་སོ། །དེ་ནས་བླ་མའི་ཅ་ལག་ཀྱང་འཇམ་དཔལ་ལྷ་ཁང་ཞིག་ནས་རྙེད་པར་གསུངས་སོ། །
༦ བདུན་ཅུ་རྩ་གཉིས།
ཡང་རིག་གནས་གསར་བརྗེ་ཆེན་པོའི་དུས་སྐབས་སུ། ཧྥ་ཡན་(法严)ཞེས་པའི་བླ་མ་ཞིག་གིས་རི་བོ་རྩེ་ལྔའི་གནས་དབེན་པ་ཞིག་ཏུ་སྐུ་མཚམས་ལ་བཞུགས་པར་དགོངས་ནས། ཁོ་རང་གི་ཟས་དང་ཅ་ལག་རྒྱ་མ་བརྒྱ་ཕྲག་ཙམ་དང་བཅས་རླངས་འཁོར་དུ་ཞུགས་ཏེ་རི་བོ་རྩེ་ལྔའི་གྲོང་འདབས་སུ་སླེབས། དེ་ཚེ་ཅ་ལག་རྣམས་ཆེས་ལྕི་བས་ཁུར་མ་ཐུབ་ནས་བསྡད་ཡོད་སྐབས། ཉེ་ཟུར་ནས་རྒན་པོ་བགྲེས་པོ་མགོ་ལ་ལག་རས་སེར་པོ་དཀྲིས་པ། སྲིན་བལ་ནང་ཚངས་བྱས་པའི་ལྭ་རིང་དང་རྩྭ་ལྷམ་གྱོན་པ། ལོ་ཚོད་ཧ་ལམ་དྲུག་ཅུའི་སྟོད་དུ་བརྒལ་བ་ཞིག་འོངས་ནས། བླ་མ་ལགས། ཁྱེད་ཀྱི་ཅ་ལག་རྣམས་ཁོ་བོས་འཛིན་རོགས་བྱེད་ཅེས་ཅ་ལག་ཐམས་ཅད་ཁུར་ནས་ཡུད་ཙམ་ཞིག་གིས་སྤྱི་ལེ་དུ་མ་བརྒལ་ཏེ་གནས་འདིའི་ཉལ་ཁང་ཞིག་གི་སྒོར་སླེབས། བླ་མའི་སེམས་ལ་འདི་འདྲའི་རྒས་ཀྱང་ད་དུང་དེ་འདྲའི་ཤེད་ཆེ་བ་ནི་ངོ་མཚར་སྙམ། དེ་ནས་ནུབ་མོ་ཉལ་ཁང་དེར་ལྷན་དུ་བསྡད། རྒན་པོ་ལ་ཁྱོད་ཕ་ཡུལ་གང་ནས་ཡིན་སོགས་དྲིས་པ་ན། ང་རང་གི་ཁྱིམ་རི་བོ་རྩེ་ལྔ་འདིར་ཡོད། ངའི་མིང་ལ་བདུན་ཅུ་རྩ་གཉིས་ཟེར་བ་ཡིན། ཞེས་བྱས་པས། ཁོང་ཡ་མཚན་སྐྱེས་ཏེ། ཁྱེད་ཀྱི་མིང་ལ་ཅིའི་ཕྱིར་བདུན་ཅུ་རྩ་གཉིས་བཏགས་པ་ཡིན་ཞེས་དྲིས། དེ་ནི་ཁོ་བོའི་མ་རྒན་ལོ་བདུན་ཅུ་རྩ་གཉིས་ལ་སོན་སྐབས་གཟོད་བདག་སྐྱེས་པས་ཡུལ་མི་རྣམས་ཀྱིས་ང་ལ་བདུན་ཅུ་རྩ་གཉིས་ཞེས་བཏགས་སོ་ཞེས་བཤད། ཁོང་གིས་མོ་ལོ་བདུན་ཅུའི་ནང་བུ་ཕྲུག་སྐྱེས་པ་ནི་ཐོས་ཀྱང་མ་མྱོང་བས་འདིས་ཅི་ཟེར་བ་ཡིན་སྙམ། ཁོང་གཉིས་གཉིད་རན་ཁར། རྒན་པོས། བླ་མ་ལགས། སྒོམ་པ་རྣམས་ཀྱིས་སེམས་ཀྱི་རྟ་འདི་ཁོ་ན་མ་བཏུལ་ན་དཀའ་འོ། །ཞེས་སྨྲས་པ་ལ། གོ་བྱུང་ཞེས་ལན་བྱས་ཏེ་ག་ལེར་གཉིད་དུ་ཟིན། ཕྱིར་ནངས་སྔ་མོ་ཡར་ལངས་ཏེ་ལྷན་ཅིག་ཏུ་ཟ་མ་ཟོས་རྗེས་སོ་སོར་གྱེས་སྐབས། བླ་མས་ཁྱོད་ཀྱིས་ངའི་ཅ་ལག་ཐག་རིང་དུ་ཁུར་བས་བཀའ་དྲིན་ཆེ་ཞེས་ཁུར་གླ་སྤྲད་ཀྱང༌། རྒན་པོས་དེ་མ་བླངས་བར། ངས་རྟག་ཏུ་རབ་ཏུ་བྱུང་བ་རྣམས་ལ་དེ་ལྟར་རོགས་རམ་ཕྲན་བུ་རེ་བྱེད་ཀྱིན་ཡོད་པས་ཁུར་གླ་ཅི་ཡང་མི་དགོས་གསུང་བཞིན་ཡུད་ཙམ་ཞིག་ནས་མི་སྣང་བར་གྱུར་ཏོ། །དེ་ཚེ་དེ་ཉིད་འཇམ་དཔལ་ཡིན་པར་ཤེས་ཤིང་གཟོད་ཁོང་གི་རྒྱ་མིང་ལ་བསམ་བློ་བཏང་བ་ན། བདུན་དང་གཉིས་ནི་མིང་གི་ཡིག་འབྲུ་དང་པོ་(文)དེ་ཡིན་ཞིང༌། བཅུ་ནི་མིང་འབྲུ་ཕྱི་མ་(殊)ལ་སྨྱུག་རིམ་བཅུ་ཚང་དགོས་པས་མིང་ལ་བདུན་ཅུ་རྩ་གཉིས་ཟེར་བའི་རྒྱུ་མཚན་ཡང་ཕྱོགས་ཙམ་ཤེས་སོ། །
༧ བ་དམར་རྫི་བོ།
གཞན་འཇམ་དབྱངས་དཀར་པོའི་རྣམ་འཕྲུལ་དུ་གྲགས་པ་རྒྱ་བོད་ཡིག་རིགས་ཀུན་ལ་བྱང་ཆུབ་པ་བླ་མ་ཡོན་ཏན་རྒྱ་མཚོ་ཞེས་པར་སློབ་མ་ཆིང་ཞིན་(青心)ཟེར་བའི་དགེ་བསྙེན་ཞིག་ཡོད། དེ་ཉིད་བླ་མའི་བཀའ་བཞིན་རི་བོ་རྩེ་ལྔ་ནས་ཞག་བརྒྱ་ཕྲག་ཙམ་ལ་རྩེ་གཅིག་ཏུ་གསོལ་བ་བཏབ་ནས་འཇམ་དཔལ་གྱི་ཞལ་ཞིག་ཨེ་མཇལ་སྙམ་དུ་ཉིན་མཚན་བར་མེད་ལ་བསྒྲུབས་ཀྱང་རྟགས་མཚན་ཅི་ཡང་མ་བྱུང་། ཉིན་ཕྱི་མའི་སྐབས་སང་ཉིན་རང་ཡུལ་དུ་འགྲོ་རན་པས་དེ་རིང་རྩེ་སྐོར་ལ་གཅིག་འགྲོ་སྙམ་ནས་སོང༌། རི་རྩེར་ཕྱིན་ནས་མར་འོང་ཚེ་ཉི་མ་ནུབ་ལ་ཉེ་འདུག ཁོ་རང་གིས་ལམ་རྒྱགས་ཅི་ཡང་མ་བཟུང་བས་ཤིན་ཏུ་བཀྲེས་ཤིང་ངལ་དུབ་ཀྱིས་ལམ་བར་ཞིག་ཏུ་ངལ་གསོ་བྱེད་ཀྱིན་ཡོད་སྐབས། གློ་བུར་དུ་རྒྱབ་ཕྱོགས་ནས་སྐྱེས་བུ་ལོ་བཞི་བཅུ་ཡར་མར་ཞིག་ཏུ་སོན་པ། རྫི་བོ་གོས་རྙིང་ཅན་ཞིག་གིས་བ་དམར་པོ་ཞིག་ཕྱི་འདེད་རྒྱབ་འདེད་བྱེད་ཞོར་གྲོ་རྗེན་གྱིས་བྱས་པའི་མོག་མོག་མང་པོ་བཟུང་ནས་ཟ་བཞིན་དུ་འགྲོ་བར་མཐོང་བས། ཁོས་རྒྱུ་མཚན་བཤད་དེ་ཟས་བསླངས། དེས་གཏམ་མ་སྨྲས། ཟས་ཁམ་འཕྲོ་ཞིག་གནང༌། དགའ་སྟེ་ཟོས་པ་ན་བརྗོད་ལས་འདས་པའི་རོ་མཆོག་ཁྱད་པར་ཅན་མྱངས་བས། ཁོ་ཐེ་ཚོམ་སྐྱེས་ཏེ་དེ་ཅི་ཡིན་སྙམ་ནས་རྗེས་སུ་བསྙེགས་ཏེ་སོང་ཞིང་། ཨ་ཇོ་ཁྱེད་འཇམ་དཔལ་ཨེ་ཡིན་ཞེས་དྲིས་ཀྱང༌། ཁོ་བོ་འཇམ་དཔལ་མིན་ཞེས་ལན་བཏབ། ཡང་ཡང་དྲིས་པ་ན། འོ་ན་ང་རང་འཇམ་དཔལ་ཡིན། ཁྱོད་ལ་ཅི་ཞིག་བཤད་རྒྱུ་ཡོད། ཅེས་གསུངས།
དེ་ཚེ་ཁོས་ཅི་ཞུ་མ་རྙེད་པར་དལ་ཅིག་ཧ་ལས་སོང༌། དེ་མ་ཐག་བ་དམར་པོ་དེ་སེང་གེའི་གཟུགས་སུ་གྱུར། རྫི་བོས། ད་སེང་གེ་ལ་ཆིབས་ཞེས་སྨྲས། ཁོ་རང་དེར་གཅར་བ་ན་སེང་གེས་རྔམ་རྔམ་བྱས་པས། དེ་ལའང་ཆིབས་མ་ཕོད། འོ་ན་ཁྱོད་རང་ཡུལ་དུ་ལོག་ནས་ད་དུང་སྡིག་བཤགས་བྱོས་ལ་སྒོམ་ལེགས་པོ་གྱིས། ཞེས་ཟེར་བཞིན་དུ་རྫི་བོ་སེང་གེ་ལ་ཆིབས་མ་ཐག་འཇམ་དཔལ་གྱི་སྐུར་གྱུར་ནས་མདུན་ཕྱོགས་ཀྱི་ནམ་མཁའ་ལ་ཇེ་མཐོར་བསྐྱོད་ཅིང་བྱོན་སོང་། དེ་ཚེ་དགེ་བསྙེན་ཤིན་ཏུ་འགྱོད་པ་དང་མོས་གུས་འདྲེས་མས་དཔྲལ་བ་སར་གཏུགས་ནས་ཕྱག་བྱས་པས། ཁོ་རང་ལ་བདེ་གསལ་མི་རྟོག་པའི་ཉམས་ཁྱད་པར་ཅན་སྐྱེས་ཤིང་ཕྱིར་ཉིན་རང་ཡུལ་དུ་འོང་ངོ༌། །
༨ བྱིས་པ་པྲ་ཆལ།
ཡང་གནས་འདིའི་ཤེར་འོད་ཅེས་པའི་དགེ་སློང་ཞིག་གིས་ལྷོ་རིའི་རྒྱབ་ནས་འཇམ་དཔལ་དབྱངས་བྱིས་པའི་གཟུགས་ཀྱིས་མཇལ་བར་གསུངས། དེ་བཞིན་དུ་སྔོན་བཙུན་པ་ཞིག་གིས་རི་བོ་རྩེ་ལྔ་ནས་ཡུན་རིང་ལ་འཇམ་དཔལ་བསྒྲུབས། ཉིན་ཞིག་རི་རྩེ་ནས་བྱིས་པ་ཞིག་དང་ཕྲད་ནས། བཙུན་པས་ཁྱོད་གང་ལ་འགྲོ་ཞེས་དྲིས་པ་ན། བྱིས་པས་ཀྱང་དེ་ལྟར་དྲིས། བདག་འཇམ་དཔལ་མཇལ་དུ་འགྲོ་ཞེས་སྨྲས་པས། བྱིས་པས་ཀྱང༌། ང་ཡང་འཇམ་དཔལ་མཇལ་དུ་འགྲོ་ཞེས་བྱས་པས། འོ་ན་འུ་ཅག་མཉམ་དུ་འགྲོ་ཞེས་ཉིན་ཞག་མང་པོར་མཉམ་འགྲོ་མཉམ་འདུག་བྱས། བྱིས་པ་ནི་ཤིན་ཏུ་མ་རུངས་བ་གདུག་པ་ཅན་ཞིག་འདུག་པས་རྟག་ཏུ་བཙུན་པ་ལ་བཀའ་བཀྱོན་བྱས། ཉིན་ཞིག་ལྷན་ཅིག་ཏུ་འོང་སྐབས་སུ་གློ་བུར་དུ་འཇའ་ཡལ་བ་ལྟར་གྱུར་པས་ཁོང་གིས་གཟོད་འཇམ་དཔལ་གཞོན་ནུར་ཤེས་ཏེ་འགྱོད་སྐད། གཞན་ཡང་སྐྱེས་པ་དང་བུད་མེད་སོགས་འདྲ་མིན་གྱི་གཟུགས་སུ་མཇལ་ཚུལ་འོག་ཏུ་འཆད་འགྱུར་ལས་ཤེས།
མདོར་ན་གནས་འདིའི་རྩི་ཤིང་མེ་ཏོག་ཆུ་ཀླུང་རྫིང་བུ་རི་གླིང་ནགས་ཚལ་སྤང་ལྗོངས་དགའ་ཚལ་ཐམས་ཅད་ཀྱང་འཇམ་དཔལ་དཔའ་བོའི་སྒྱུ་འཕྲུལ་གྱི་རང་གཟུགས་ཡིན་པར་གསུངས། ཁྱད་པར་དུ་གནས་གཞན་གང་དང་མི་འདྲ་བར་རྟག་ཏུ་ནམ་མཁའི་ཁམས་ཐམས་ཅད་སྤྲིན་དཀར་དང་འཇའ་ཚོན་སྣ་ལྔའི་ལྷ་སྐུ་དང༌། ཡིག་འབྲུ་སྣ་ཚོགས། རལ་གྲི་དང་པོ་ཏི་སོགས་ཕྱག་མཚན་གྱི་བཀོད་པ་སྣ་ཚོགས་གནས་འདིར་སོན་པ་ཀུན་གྱིས་མཇལ་ཐུབ་ཅིང༌། དེ་དག་མཇལ་ན་འཇམ་དཔལ་དངོས་འོད་ཟེར་བཅུ་ཕྲག་སོགས་ཀྱི་རྣམ་པར་སྣང་བ་དེ་ཡིན་པར་གསུངས་ཏེ། ལྷུན་པོ་བཀོད་པའི་རྒྱན་ལས། སྣ་ཚོགས་སྟོན་པའི་རྣམ་འཕྲུལ་སྣང་ཚུལ་ནི། །འཇམ་དཔལ་ཉིད་དང་སྤྲུལ་བའི་རྣམ་འཕྲུལ་ནི། །འོད་ཟེར་འཕྲོ་ཚུལ་རྟགས་དང་མཚན་མ་སོགས། །གདུལ་བྱའི་དབང་གིས་གཅིག་ཏུ་མ་ངེས་མོད། །དད་ལྡན་ལ་ལར་འོད་ཀྱི་རྣམ་འཕྲུལ་དུ། །སྣང་ཚུལ་དཔག་ཏུ་མེད་མོད་དེང་སང་ནི། །རིགས་ཀྱིས་དབྱེ་བས་འོད་ཟེར་བཅུ་ཕྲག་གཅིག །ཅེས་རིམ་བཞིན་དུ། ཤིན་ཏུ་ཡངས་བའི་འོད་ཅེས་བྱ་བ་ནི། །ཁ་དོག་སྣ་ལྔ་འཇའ་ཚོན་འདྲ་བ་ལས། །ཡོངས་སུ་རྫོགས་པ་གསེར་གྱི་འཁོར་ལོ་བཞིན། །ས་དང་ནམ་མཁའི་ངོས་ཀུན་ཁྱབ་པར་སྣང༌། །ཞེས་སོགས་ནས་བཅུ་ཕྲག་གི་བར་དུ་མཇལ་ཚུལ་རྒྱས་པར་གསུངས་སོ། །
རི་བོ་རྩེ་ལྔའི་བཀོད་པ།
གསུམ་པ། གནས་འདིའི་རྟེན་བརྟེན་པའི་བཀོད་པ་འགའ་ཞིག་གླེང་བ་ལ་དངོས་དང༌། ཡ་གྱལ་བྱིན་རླབས་ཆེ་བའི་གནས་གསུམ་བཤད་པའོ། །
དང་པོ་རི་བོ་རྩེ་ལྔ་ནི་རྒྱལ་བ་རིགས་ལྔའམ་འཇམ་དཔལ་རིགས་ལྔའི་ཞིང་ཁམས་ཡིན་ཚུལ།
རི་བོ་རྩེ་ལྔ་འདི་དེང་སང་གི་ཧྲན་ཞི་ཞིང་ཆེན་(山西省)གྱི་ས་ཁུལ་དུ་ཡོད། འདི་ལ་འགྲོ་དུས་གྲོང་ཁྱེར་ཁྲེང་ཏུའུ་ནས་མེ་འཁོར་དུ་ཞུགས་ཏེ་ཐའེ་ཡོན་གྲོང་ཁྱེར་(太原)བར་དུ་སྤྱི་ལེ་སྟོང་ཕྲག་གཅིག་དང་བཞི་བརྒྱ་གོ་གསུམ་ཡོད། དེ་ནས་རི་བོ་རྩེ་ལྔ་ལ་སྤྱི་ལེ་ཉིས་བརྒྱ་ཙམ་ཡོད་པས་ཡང་སྤྱི་འཁོར་དུ་བསྡད་ནས་སོང་ན་ཉིན་གཅིག་གིས་ལེགས་པོར་སླེབས་ཐུབ།
སྤྱིར་རི་བོ་འདིར་རྩེ་མོ་ལྔ་ཡོད་པ་ནི་རྒྱལ་བ་རིགས་ལྔའི་ཞིང་ཁམས་སུ་གསུངས་ཏེ། ཤར་རི་རྡོ་རྗེ་སེམས་དཔའ་དང༌། ལྷོ་རི་རིན་ཆེན་འབྱུང་ལྡན། ནུབ་རི་སྣང་བ་མཐའ་ཡས། བྱང་རི་དོན་ཡོད་གྲུབ་པ། དབུས་རི་རྣམ་པར་སྣང་མཛད་བཅས་ཀྱི་ཞིང་ཁམས་ཡིན་ཞེས་དང༌། དེ་བཞིན་འཇམ་དཔལ་རིགས་ལྔའི་ཞིང་ཁམས་ཡང་ཡིན་ཏེ། དབུས་རི་བྱང་ཆུབ་སེམས་དཔའི་མཆོད་རྟེན་གྱི་དབྱིབས་དང་འདྲ་བ་ལ་མི་འགྱུར་ལྷུན་པོའི་སྤོ་ཞེས་གྲགས་ཤིང་། འདི་ནི་མཉམ་ཉིད་ཡེ་ཤེས་ཀྱི་བརྡར་འཇམ་དཔལ་གཞོན་ནུར་གྱུར་བ་སྐུ་མདོག་སེར་པོ་ཅན་གྱི་ཞིང་ཁམས་ཡིན། འདི་ལ་སྔོན་མངའ་བདག་ཁྲི་རལ་པ་ཅན་གྱིས་རི་རྩེ་ནས་འཇམ་དཔལ་སེང་གེ་ལ་ཆིབས་ནས་རྒྱལ་སྲས་ཁྲི་ཕྲག་གིས་བསྐོར་བ་དངོས་སུ་མཇལ་བའི་གནས་སོགས་བྱིན་རླབས་ཅན་གྱི་གནས་ཆེན་ཉེར་བརྒྱད་ཡོད་པར་གསུངས། ད་ལྟ་རི་རྩེ་འདིར་མཆོད་རྟེན་དང་ཡན་ཅའོ་སི་(演教寺)ཞེས་པའི་དགོན་པ་ཡང་ཡོད། དེའི་ལྷ་ཁང་གི་ནང་དུ་འཇམ་དཔལ་གཞོན་ནུའི་རྡོ་སྐུ་ངོ་མཚར་ཅན་ཞིག་ཡོད་ཅིང་། དེའི་མདུན་དུ་བདག་ཅག་གི་འཇམ་མགོན་བླ་མ་ཡིད་བཞིན་ནོར་བུ་འཁོར་བཅས་བྱོན་ནས་སྨོན་ལམ་རྒྱ་ཆེར་བཏབ། གནས་འདབས་ཀྱི་མཆོད་རྟེན་ཆེན་པོ་ནས་རི་རྩེའི་བར་སྤྱི་ལེ་ཉི་ཤུར་ཉེ་བ་ཙམ་ཡོད།
ཤར་རི་བཀྲ་ཤིས་སྒོ་མང་མཆོད་རྟེན་གྱི་དབྱིབས་དང་མཚུངས་པ་ལ་རྒྱ་མཚོ་མཐོང་བའི་སྤོ་ཞེས་བྱ་ཞིང༌། འདི་ནི་མེ་ལོང་ཡེ་ཤེས་ཀྱི་བརྡར་འཇམ་དཔལ་རྡོ་རྗེ་རྣོན་པོ་སྐུ་མདོག་སྔོན་པོ་ཅན་གྱི་ཞིང་ཁམས་ཡིན་ནོ། །འདི་ལ་གཞོན་ནུ་ནོར་བཟང་གིས་འཇམ་དཔལ་མཇལ་བའི་སྒྲུབ་ཕུག་སོགས་བྱིན་རླབས་ཅན་གྱི་གནས་ཆེན་བཅུ་བཞི་ཡོད་ལ། རི་རྩེར་རྒྱ་མཚོ་མཐོང་བའི་གླིང་(观海寺)ཞེས་པའི་དགོན་པའང་ཡོད། འདི་ནས་ཤར་གྱི་སྤྲིན་མཚོ་ཆེན་པོ་ལེགས་པར་མཐོང་ཞིང༌། ཁྱད་པར་དབྱར་དུས་ཀྱི་སྔ་མོར་དེང་སང་གི་ཆུ་ཚོད་ལྔ་པ་ཙམ་ན་ཤར་ཕྱོགས་སྤྲིན་མཚོའི་འགྲམ་ནས་ཉི་མའི་དཀྱིལ་འཁོར་དལ་གྱིས་བགྲོད་པ་གསལ་བོར་མཐོང་ཐུབ། འདིར་རྟག་ཏུ་ནམ་མཁའ་ལ་འཇའ་གུར་གྱི་རི་མོ་འཛུམ་ཞིང་མཚར་སྡུག་པདྨ་གཞོན་ནུའི་དྲི་བསུང་དང༌། དཀར་གསལ་སྤྲིན་མཚོའི་རླབས་ཕྲེང་ཕྱོགས་ཀུན་བསྐྱོད་ཚེ་ཆེས་ཡིད་དབང་འཕྲོག་ཅིང་དག་པའི་ཞིང་གི་སྣང་བ་འཆར་རོ། །འདིའི་རི་རྩེ་ནས་མཆོད་རྟེན་ཆེན་པོའི་བར་ཐག་དབུས་རི་དང་འདྲ།
ལྷོ་རི་ཆོ་འཕྲུལ་མཆོད་རྟེན་གྱི་དབྱིབས་དང་འདྲ་བ་ལ་མདངས་བཟང་བཀྲ་བའི་སྤོ་ཞེས་བྱ་ཞིང༌། འདི་ནི་ཆོས་དབྱིངས་ཡེ་ཤེས་ཀྱི་བརྡར་འཇམ་དཔལ་ཡེ་ཤེས་སེམས་དཔ་སྐུ་མདོག་དམར་པོ་ཅན་གྱི་ཞིང་ཁམས་ཡིན་ཞིང༌། འདི་ལ་སྔོན་གྲུབ་ཆེན་སངས་རྒྱས་བསྐྱངས་ཀྱིས་འདམ་བུའི་ཚལ་ཞེས་པ་ནས་འཇམ་དཔལ་དབྱངས་ཀྱི་ཞལ་གཟིགས་ཏེ་གཙུག་ཏོར་རྣམ་པར་རྒྱལ་བའི་མཆོད་རྟེན་བཞེངས་པ་སོགས་བྱིན་རླབས་ཅན་གྱི་གནས་ཆེན་ཉེར་གཅིག་ཡོད། རི་རྩེར་མཆོད་རྟེན་དང་ཕུའུ་ཅི་སི་(普济寺)ཞེས་པའི་དགོན་པ་ཡོད་ལ། འཇམ་མགོན་ཡིད་བཞིན་ནོར་བུ་ཉིད་དེར་བྱོན་ནས་སྨོན་ལམ་རྒྱ་ཆེར་བཏབ། འདིའི་རི་རྒྱུད་ཐམས་ཅད་འཇམ་དཔལ་མེ་ཏོག་དྲི་ཞིམ་ལྡང་བ་ཟོས་ན་ཚེ་རབས་དྲན་ཞིང་ཤེས་རབ་འཕེལ་བ་དེས་ཡོངས་སུ་ཁྱབ་བོ། །མཆོད་རྟེན་གླིང་ནས་རི་རྩེའི་བར་སྤྱི་ལེ་ཉེར་ལྔ་ཙམ་ཡོད།
ནུབ་རི་རྨ་བྱས་ཟློས་གར་བསྒྱུར་འདྲ་མྱང་འདས་མཆོད་རྟེན་གྱི་དབྱིབས་དང་མཚུངས་པ་ལ་ཟླ་གཟུགས་འཛིན་པའི་སྤོ་ཞེས་བྱ་བ། འདི་ནི་སོར་རྟོག་ཡེ་ཤེས་ཀྱི་བརྡར་འཇམ་དཔལ་སྨྲ་བའི་སེང་གེ་སྐུ་མདོག་དཀར་པོ་ཅན་གྱི་ཞིང་ཁམས་ཡིན་ནོ། །འདི་ལ་སྔོན་ལི་ཙ་བཱི་དང་འཇམ་དཔལ་གཉིས་བགྲོ་གླེང་མཛད་པའི་ལྷ་ཁང་གཉིས་ཡོད་པ་སོགས་བྱིན་རླབས་ཅན་གྱི་གནས་ཆེན་བཅུ་བདུན་ཡོད། རི་རྩེར་རྒྱལ་པོ་སུའེ་ཝུན་ཏི་ཡིས་(隋文帝)ཧྥ་ལེ་སི་(法雷寺)ཞེས་པའི་དགོན་པ་ཞིག་བཞེངས་པ་ཕྱིས་སུ་ཞིག་ནས་ད་ལྟ་ཤུལ་ཙམ་ལས་མེད་དོ། །དེར་མཆོད་རྟེན་དཀར་པོ་གཉིས་ཡོད། འདི་ལ་རི་བོ་དྭངས་བསིལ་གྱི་རྣམ་བཤད་ལས། རི་རྩེར་གྲུབ་ཐོབ་ཅིག་གིས་རྡོ་ལ་རྟ་རྗེས་དང་རི་མོ་བྲིས་པ་སོགས་ཡོད་པར་བཤད། འདིའི་བྱང་ཕྱོགས་མཚམས་སུ་རྫིང་བུ་ཞིག་ཡོད་པ་དེ་ནི། འཇམ་དཔལ་དབྱངས་ཀྱིས་ལྷུང་བཟེད་བཀྲུ་སའི་རྫིང་བུ་(文殊洗钵池)ཞེས་བྱ་སྟེ། སྔོན་དགོན་པ་དེའི་གྲྭ་པ་མིང་ཞིན་(明信)ཟེར་བ་ཞིག་གནས་འདབས་སུ་ཕྱིན་ཏེ་སླར་ལོག་ནས་འདིར་ཐོན་སྐབས་གློ་བུར་དུ་བུད་མེད་བགྲེས་པ་ཞིག་གིས་ལྷུང་བཟེད་བཀྲུ་བར་མཐོང་བ་ན། ཁྱོད་གང་ནས་ཡིན་དྲིས་པས། མོ་རང་ནི་ནུབ་རིའི་རྩེའི་ཧྥ་ལེ་སི་ཞེས་པའི་དགོན་པ་ནས་ཡིན་ཞེས་བྱས་པས། གྲྭ་པ་དེས་ང་རང་ཡང་དགོན་པ་དེ་ནས་ཡིན་ཡང་ཁྱོད་ཡེ་ནས་མཐོང་མ་མྱོང་ཞེས་སྨྲས་པ་ན། བུད་མེད་དེས་ངས་ཁྱོད་རྟག་ཏུ་མཐོང་ཡང༌། ཁྱོད་ཀྱིས་ང་མི་མཐོང་ཞེས་པ་སོགས་གཏམ་གྱི་བགྲོ་གླེང་མང་པོ་བྱས་མཐར་མི་སྣང་བར་གྱུར་སོང༌། དེས་ན་དེ་འཇམ་དཔལ་གྱི་སྤྲུལ་པ་ཡིན་པས་རྫིང་བུའི་མིང་ལའང་དེ་ལྟར་དུ་ཐོགས་སོ། །གནས་འདབས་ཀྱི་མཆོད་རྟེན་ཆེན་པོ་ནས་རི་རྩེ་བར་སྤྱི་ལེ་ཉེར་ལྔ་ཡོད།
བྱང་རི་བདུད་འདུལ་མཆོད་རྟེན་གྱི་དབྱིབས་དང་མཚུངས་པ་ལ་སྐར་མའི་གཙུག་ལྡན་སྤོ་ཞེས་གསུངས་ཤིང༌། འདི་ནི་བྱ་གྲུབ་ཡེ་ཤེས་མཚོན་པའི་བརྡར་འཇམ་དཔལ་དྲི་མ་མེད་པ་སྐུ་མདོག་ནག་པོ་ཅན་གྱི་ཞིང་ཁམས་ཡིན། འདིར་བདུད་རྩིའི་ཆུ་མིག་ཏུ་རྒྱ་གར་དམ་པས་འཇམ་དཔལ་དབྱངས་དྲང་སྲོང་རྒན་པོའི་ཚུལ་གྱིས་མཇལ་བ་སོགས་བྱིན་རླབས་ཅན་གྱི་གནས་ཆེན་ཉེར་བརྒྱད་དེ་ཁྱོན་རི་བོ་ལྔ་ལ་གནས་ཆེན་བརྒྱ་རྩ་བརྒྱད་ཀྱི་བཀོད་པ་རྫོགས་པར་གྲགས། འོན་ཀྱང་ཕལ་ཆེར་དེང་སང་ངོས་མི་ཟིན་པ་དང༌། མཁས་གྲུབ་ཕྱི་མ་རྣམས་ཀྱིས་གསར་དུ་ངོས་འཛིན་པ་སོགས་ཅི་རིགས་སྣང་བས་མཐའ་གཅིག་ཏུ་མ་ངེས་སོ། །
བྱང་རིའི་རྩེ་ན་བྱིན་རླབས་མྱུར་འཇུག་གླིང་ངམ་ལིང་ཡིང་སི་(灵应寺)ཞེས་པ་ཡོད་ལ། དེའི་ཉེ་ཟུར་ན་རྫིང་བུ་ཞིག་ཡོད་པ་ལ་འབྲུག་ནག་རྫིང་བུའམ་གསེར་གྱི་ཁྲོན་པ་ཞེས་ཀྱང་ཟེར་རོ། །རི་རྩེ་འདི་གཞན་ཀུན་ལས་མཐོ་བས་སེར་པོ་ཧོར་གྱི་ས་ཆ་ཡང་གསལ་བོར་མཐོང་བར་བཤད། རི་རྩེ་ཡི་བྱང་ཕྱོགས་ཀྱི་ཉེ་ཟུར་ན་བྲག་རྡོ་དམར་པོ་མཐོ་དམན་ལ་ཁྲུ་བརྒྱད་དགུ་ཙམ་ཞིག་ཡོད་པ་དེ་ནི་བཙོན་ལྷུང་འཆར་བའི་གནས་སམ་ཧྲེང་ཞན་ཡུས་(生陷狱)ཞེས་གྲགས་ཏེ། སྔོན་སུའེ་རྒྱལ་རབས་ཀྱི་སྐབས་སུ་ཀྲང་ཨའེ་(张爱)ཞེས་པའི་སྐྱེ་བོ་ལོག་ལྟ་ཅན་ཞིག་གིས་རི་རྩེའི་དགོན་པའི་ནང་ནས་དངུལ་མང་པོ་བརྐུས་ཏེ་བྲེལ་ཚུབ་ངང་ཕྱིར་བྲོས་པ་ན། གློ་བུར་དུ་རླུང་འཚུབ་ཤིན་ཏུ་དྲག་པོ་ཞིག་བྱུང་ནས་ཁོ་རང་དབང་མེད་དུ་ཤིང་ལོའི་འདབ་མ་ལྟར་བར་སྣང་ཁམས་སུ་ཁྱེར། དེ་ནས་ཡུད་ཙམ་ཞིག་གིས་ས་ཆ་ངོ་མི་ཤེས་པ་འཇིགས་སུ་རུང་བའི་བྲག་རི་དཔག་ཚད་དུ་མ་ཡོད་པ་ཞིག་གི་དཀྱིལ་དུ་ལྷུང་། དེའི་ཚེ་ཁོའི་བསམ་པ་ལ་ད་ནི་ཐར་བའི་གོ་སྐབས་མེད་དེ། རང་གིས་རྐུ་བྱས་པ་དེས་འཇམ་དཔལ་དབྱངས་ཀྱི་ཐུགས་ལ་གནོད་པ་ཡིན་སྙམ་དུ་འགྱོད་པ་དྲག་པོས་རང་གི་མཛུབ་མོ་ཁར་བླངས་ཏེ་འཆའ་བར་བྱས་སོ། །དེ་མ་ཐག་བྲག་རི་ཆེན་པོ་དེ་ཇེ་ཆུང་དུ་སོང་ནས་བྲག་རྡོ་ཆུང་ངུ་འདི་ལས་མེད་པར་གྱུར་ཅིང་། ད་ལྟ་འདིའི་སྟེང་ཐམས་ཅད་དམར་པོར་གྱུར་བ་ནི་དེའི་མཛུབ་ཁྲག་ཡིན་པར་གསུངས། གནས་འདབས་ཀྱི་མཆོད་རྟེན་ཆེན་མོ་ནས་རི་རྩེའི་བར་སྤྱི་ལེ་ཉེར་ལྔ་ལྷག་ཡོད་ལ། བྱང་རི་དང་ནུབ་རི་མ་གཏོགས་གཞན་རྣམས་ཀྱི་རི་རྩེ་ལ་གཞུང་ལམ་ཡོད། དེ་དག་གིས་རི་ལྔ་པོ་འཇམ་དཔལ་རིགས་ལྔའི་ཞིང་ཁམས་སུ་བསྡུས་ཏེ་བསྟན་ཏོ། །
རི་བོ་རྩེ་ལྔའི་རྟེན་དང་བརྟེན་པ།
ད་ནི་གནས་འདིའི་དགོན་སྡེ་རྟེན་གསུམ་ཐམས་ཅད་འཇམ་པའི་དབྱངས་ཀྱིས་རྫུ་འཕྲུལ་ཁོ་ན་ལས་བསྐྲུན་པར་གླེང་བ་ལ། ཐོག་མར་རྒྱ་ནག་གི་ཡུལ་འདིར་སངས་རྒྱས་ཀྱི་བསྟན་པ་ནི་གོང་དུ་ཅུང་ཟད་སྨྲས་པ་ལྟར་དགྲ་བཅོམ་ཧྲེ་མོ་ཐེང་དང་པཎྜི་ཏ་ཀྲུའུ་ཧྥ་ལན་གཉིས་ཀྱིས་སྟོན་པའི་བྲིས་ཐང་སོགས་རྟ་ལ་བཀལ་ནས་བྱོན་ཏེ་ལོ་དབྱང་གི་རྟ་དཀར་དགོན་བཏབ། དེ་ནས་མངོན་ཤེས་ཀྱིས་རི་བོ་རྩེ་ལྔར་འོད་ཟེར་སྣ་ཚོགས་འཕྲོ་བཞིན་པ་གཟིགས་ཤིང་རང་བསྲེལ་སྙིང་པོ་ཅན་གྱི་མཆོད་རྟེན་ཡོད་པར་མཁྱེན་ཏེ། གནས་འདིར་བྱོན་ནས་བྱ་རྒོད་ཕུང་པོའི་རི་བོ་དང་མཚུངས་པའི་འདབས་སུ་དགོན་པ་བཏབ་ནས་མིང་ལའང་བྱ་རྒོད་ཕུང་པོའི་གླིང་ཞེས་བཏགས་སོ། །
༡ མཆོད་རྟེན་དཀར་པོ།
དེས་ན་རྒྱ་ནག་གི་ཡུལ་འདིར་ནང་པ་སངས་རྒྱས་པའི་དགོན་པ་རྣམས་ཀྱི་ཆེས་ཐོག་མ་འདི་གཉིས་ཡིན་པར་གསུངས། ཁྱད་པར་གནས་འདིར་གྲགས་ཆེ་ཞིང་བྱིན་རླབས་ཆེ་བའི་མཆོད་རྟེན་དཀར་པོ་(白塔)འདི་ཉིད་ནི། གོང་དུ་སྨྲོས་པ་ལྟར་བདག་ཅག་གི་སྟོན་པ་མྱ་ངན་ལས་འདས་པའི་འོག་ཏུ་ཆོས་རྒྱལ་མྱ་ངན་མེད་ཅེས་པས་རང་གིས་རྒྱལ་ཁབ་མང་པོར་དམག་འཁྲུག་བྱས་པའི་སྡིག་བཤགས་སུ། སངས་རྒྱས་ཀྱི་རང་བསྲེལ་སྙིང་པོ་ཅན་གྱི་མཆོད་རྟེན་བརྒྱད་ཁྲི་བཞི་སྟོང་ངམ་བྱེ་བ་གཅིག་བཞེངས་ཏེ་སོ་སོར་ལུང་བསྟན་པ་བཞིན་དུ་གྱེས་ཤིང༌། དེ་དག་ལས་ད་ལྟ་ཀྲུང་གོ་རྒྱལ་ཁབ་ན་བཅུ་དགུ་ཡོད་པར་གྲགས་པའི་ནང་ནས་གཅིག་ཡིན་པར་རྒྱ་བོད་མཁས་གྲུབ་རྣམས་ཀྱིས་གསལ་བོར་གསུངས།
འདི་ལའང་རྒྱའི་ལོ་རྒྱུས་འགའ་རེ་ན། མཆོད་རྟེན་འདི་བྱ་རྒོད་ཕུང་པོའི་རི་ནས་འཕུར་འོང་བ་ཡིན་པར་གསུངས་པ་དང་། འགའ་རེ་ན། གནས་འདིར་ལྷ་རྣམས་ཀྱིས་གདན་དྲངས་བར་གསུངས། ཡང་འགའ་རེ་ན་ནཻ་པཱ་ལའམ་བལ་པོའི་(尼泊尔)བཟོ་བོ་ཕུལ་དུ་ཕྱིན་པས་ལོ་བཅུ་གཉིས་ཀྱི་རིང་ལ་བཞེངས་བ་སོགས་ཀྱང་གསུངས་ཤིང༌། མདོར་ན་དགྲ་བཅོམ་པ་དེ་གཉིས་ཀྱིས་མངོན་ཤེས་ཀྱིས་སངས་རྒྱས་ཀྱི་རིང་བསྲེལ་སྙིང་པོ་ཅན་དུ་ངོས་བཟུང་ཚུལ་དཀར་ཆག་རྣམས་སུ་གསལ།
ཕྱིས་སུ་མིང་རྒྱལ་རབས་ཀྱི་དུས་སུ་ཕྱི་དབྱིབས་རྒྱ་བསྐྱེད་ཅིང༌། ཕྱི་ལོ་༡༩༥༣ལ་སྒོར་ཁྲི་ཕྲག་བཅུ་དྲུག་གིས་དཀར་རྩི་བཀྱེ་བ་སོགས་སླར་བཞེངས་བྱས་པར་གསུངས། ད་ལྟ་མཆོད་རྟེན་འདིའི་མཐོ་དམན་ལ་ཁྲུ་བརྒྱ་དང་རེ་དགུ་ཙམ་ཡོད། འདིའི་རྩེར་དྲིལ་ཆུང་ཉིས་བརྒྱ་ང་གཉིས་ཡོད། དེའི་ནང་ནས་གཅིག་ནི་འཇམ་དཔལ་དབྱངས་ཀྱིས་གནང་བར་གསུངས་ཏེ། སྔོན་ཟས་གོས་ཀྱིས་ཤིན་ཏུ་ཕོངས་ཤིང་སྡོད་གནས་ཀྱང་རྩྭའི་སྤྱིལ་བུ་ཙམ་ལས་མེད་པའི་དབུལ་མོ་མ་བུ་ཞིག་ཡོད་པ་ལ་རྟག་ཏུ་འཇམ་དཔལ་དབྱངས་ལ་གསོལ་བ་བཏབ་པས། ཐེངས་ཤིག་མཆོད་རྟེན་འདི་བཞེངས་སྐབས་ཤིག་ལ་བཟོ་བོ་ངོ་མི་ཤེས་པ་ཞིག་འོངས་ནས་ཉིན་ཤས་རིང་ལ་ཁྱིམ་དེར་བསྡད། ཉིན་ཞིག་དྲིལ་ཆུང་ཞིག་གནང་ནས་ཁྱེད་གཉིས་འདི་ལ་བརྟེན་ན་འཚོ་བ་རྙེད་ངེས་ཡིན་གསུངས་ནས་གློ་བུར་དུ་མི་སྣང་བར་གྱུར་སོང༌། ཕྱིས་སུ་མཆོད་རྟེན་བཞེངས་ཟིན་ནས་གྲངས་བཞིན་དྲིལ་ཆུང་རྣམས་མཆོད་རྟེན་གྱི་རྩེ་ལ་བཏགས་པ་ན་གློ་བུར་དུ་གཅིག་མི་ཚང་བར་འདུག ཉིན་དེར་རབ་གནས་དང་བཀྲ་ཤིས་བརྗོད་པའི་དུས་ཡིན་པས་གཅིག་མ་ཚང་ན་རྟེན་འབྲེལ་མི་ལེགས་པར་དོགས་ནས་ཐམས་ཅད་བྲེལ་ཟིང་དུ་གྱུར། དེའི་ཚེ་དབུལ་མོ་ཚང་ལ་དྲིལ་ཆུང་ཞིག་ཡོད་ཚུལ་འགའ་ཞིག་གིས་གོ་ནས། དེ་ལ་དངུལ་སྲང་ལྔ་བཅུ་བྱས་ཏེ་ཉོས་ནས་སླར་མཆོད་རྟེན་གྱི་རྩེ་ལ་བཏགས་ཚེ་དྲིལ་ཆུང་གཞན་རྣམས་དང་ཁྱད་པར་མེད་པས་ཐམས་ཅད་ངོ་མཚར་ཏེ་སྔོན་གྱི་བཟོ་བོ་དེ་འཇམ་དཔལ་གྱི་སྤྲུལ་བར་ཤེས། དབུལ་མོ་མ་བུའང་འཇམ་དཔལ་ལ་དད་པའི་སྟོབས་ཀྱིས་ཚེ་འདིར་ལོངས་སྤྱོད་དང་ལྡན་པར་གྱུར། མཆོད་རྟེན་གྱི་ཉེ་ཟུར་ན་རྡོ་བརྐོས་ཀྱི་ཞབས་རྗེས་ཤིག་ཡོད་པ་དེ་ནི། སྔོན་གོང་མ་ཐང་ཐའེ་ཙུང་གི་བཀའ་བཞིན་རྒྱ་གར་རྡོ་རྗེ་གདན་གྱི་སངས་རྒྱས་ཀྱི་ཞབས་རྗེས་ལ་དཔེ་བྱས་ཏེ་རྡོ་ལ་བརྐོས་པ་ཞིག་ཡིན་ལ། འདི་ཤིན་ཏུ་བྱིན་རླབས་ཆེ་བར་གྲགས་ཤིང་ཀུན་གྱིས་རྩིས་ཆེ་བར་བྱེད།
མདོར་ན་མཆོད་རྟེན་འདི་ལ་ཕྱག་མཆོད་བྱས་པ་ནི་སངས་རྒྱས་དངོས་ལ་ཕྱག་མཆོད་བྱས་པ་དང་ཕན་ཡོན་མཉམ་སྟེ། མདོ་ལས། ད་ལྟ་ང་ལ་མཆོད་པ་དང༌། །མ་འོངས་རིང་བསྲེལ་མཆོད་པ་གཉིས། །བསོད་ནམས་མཉམ་ཞིང་རྣམ་སྨིན་མཉམ། །ཞེས་དང༌། སྤྱོད་འཇུག་ལས་ཀྱང༌། གང་ཕྱིར་བཞུགས་པའམ་མྱ་ངན་འདས། །མཚུངས་པ་ཉིད་དུ་བཤད་ཕྱིར་རོ། །ཞེས་སོ། །
༢ འཇམ་དཔལ་དབུ་སྐྲའི་མཆོད་རྟེན།
འཇམ་དཔལ་དབུ་སྐྲའི་སྙིང་པོ་ཅན་གྱི་མཆོད་རྟེན་ཝུན་ཧྲུའུ་ཧྥ་ཐའེ་(文殊发塔)ནི། མཆོད་རྟེན་དཀར་པོའི་ཤར་ཕྱོགས་ཀྱི་ཉེ་ཟུར་ན་ཡོད། འདི་ནི་སྔོན་ཝེ་རྒྱལ་རབས་བྱང་མའི་(北魏)དུས་སུ་གནས་འདིའི་བྱ་རྒོད་ཕུང་པོའི་གླིང་གིས་ལོ་རེ་བཞིན་ཟླ་བ་གསུམ་པའི་ནང་སྐྱེ་བོ་ཀུན་ལ་ཟས་འགྱེད་གཏོང་བའི་དུས་ཤིག་ཡོད། སྐབས་དེའི་ཉིན་ཞིག་ལ། དབུལ་མོ་སྦྲུམ་མ་ཞིག་གིས་བུ་ཕྲུག་གཅིག་རུམ་དུ་བཅུག གཅིག་ལག་ཏུ་ཁྲིད། ཁྱི་ཞིག་ཀྱང་ཁྲིད་ནས་མི་རྣམས་དང་མཉམ་དུ་དགོན་པའི་ནང་དུ་འོངས། དབུལ་མོས་སྐྱེ་བོ་ཀུན་གྱིས་རང་རང་གི་འབྱོར་བ་དང་བསྟུན་ནས་གསེར་དངུལ་སོགས་མཆོད་པ་འབུལ་བར་མཐོང་བ་ན། མོ་རང་ཤིན་ཏུ་དབུལ་བས་མཆོད་པའི་ཡོ་བྱད་གཞན་མེད་པས་སྐྲ་ཉག་མ་ཆ་ཤས་བྲེགས་ནས་མཆོད་པ་བྱས་ཤིང་འདི་ཉིད་རིན་ཐང་ཆེ་བར་ཡང་སྨྲས་སོ། །
དེ་ཚེ་ད་དུང་ཟས་འགྱེད་གཏོང་བའི་དུས་ལ་མ་ཐོན་ཡང༌། མོ་རང་ཟས་འགྱེད་གཏོང་བ་པོའི་དྲུང་དུ་ཕྱིན་ནས་བདག་ལ་དུས་ཚོད་བྲེལ་བས་ཟས་སྐལ་སྔོན་དུ་དགོས་ཞེས་བྱས་པས། བཙུན་པ་དེས་རུམ་དུ་བཅུག་པའི་བྱིས་པས་ཟ་མི་ཤེས་སྙམ་ནས་མི་གཉིས་ཀྱི་སྐལ་བ་བྱིན། བུད་མེད་ཀྱིས་ངེད་ཅག་གསུམ་ཡིན་པས་ཅིའི་ཕྱིར་མི་སྟེར་ཟེར་བས། སླར་ཟས་སྐལ་གཅིག་བྱིན། ཡང་ང་ལ་ཁྱི་གཅིག་ཡོད་པས་དེའང་སྲོག་དང་ལྡན་པས་ཟས་སྐལ་དགོས་ཞེས་སྨྲས་པས། དེ་ལ་ཡང་གཅིག་བྱིན། ཡང་བདག་གི་མངལ་ན་ཕྲུ་གུ་ཡོད་པས་དེ་ལ་སྐལ་བ་དགོས་ཞེས་ཟེར་བ་ན། བཙུན་པ་དེ་ཐུགས་ཁྲོས་ནས། བུ་ཕྲུག་མ་སྐྱེས་པ་ལ་ཟས་སྐལ་ཅིའི་ཕྱིར་དགོས། ཁྱོད་ནི་འདོད་པ་ཆེ་ལ་ཆོག་མི་ཤེས་པར་འདུག་ཅེས་ཚིག་ངན་སྨྲས་པ་ན། བུད་མེད་དེའི་ཞལ་ནས། འགྲོ་ཀུན་མཉམ་ཞིང་མངལ་གནས་བྱིས་པ་ལའང་སྲོག་ལྡན་གྱི། །ཞེས་སོགས་ཀྱི་ཚིགས་སུ་བཅད་པ་ཞིག་སྨྲས་ཤིང་ལུས་པོ་ཇེ་མཐོར་གྱུར་ཏེ་ནམ་མཁའི་ཁམས་སུ་འཇམ་དཔལ་དབྱངས་ཀྱི་སྐུར་གྱུར། བྱིས་པ་གཉིས་ཀྱང་ལྷ་ཕྲུག་གཞོན་ནུ་གཉིས་སུ་གྱུར་ཏེ་སྐུ་རྒྱབ་ཏུ་འཁོད། ཁྱི་ཡང་སེང་གེ་སྔོ་ལྗང་དུ་གྱུར་ནས་འཇའ་འོད་མུ་མཐའ་མེད་པའི་ཀློང་ནས། དབྱངས་སྙན་པོས་འགྲོ་བ་སེམས་ཅན་མཉམ་པར་སློབས། ཞེས་སོགས་ཚིགས་སུ་བཅད་པའི་ཞལ་གདམས་གསུངས་པ་ན། དེར་འཁོད་ཀྱི་དད་ལྡན་གྲངས་མེད་པ་འུར་གྱིས་འདུས་ཏེ་ཐམས་ཅད་ནམ་མཁའ་ལ་ལྟ་ཞིང་ཐལ་མོ་སྦྱར་ཏེ་རྩེ་གཅིག་ཏུ་གསོལ་བ་བཏབ། དེའི་ཚེ་ན་འཇམ་དཔལ་དབྱངས་ག་ལེར་མི་སྣང་བར་གྱུར་སོང༌། དེ་ནས་བཙུན་པ་དེས་འགྱོད་བཤགས་སུ་སྐྲ་དེ་དག་སྙིང་བོར་བྱས་ཏེ་མཆོད་རྟེན་འདི་བཞེངས་པ་ཡིན།
དེ་རྗེས་རྒྱལ་རབས་ཆེན་པོ་བཅོ་བརྒྱད་འདས་ཤིང་ལོ་སྟོང་ཕྲག་གཅིག་ཙམ་ན། མིང་རྒྱལ་རབས་ཀྱི་ཝན་ལི་(万历)ཁྲི་ལོའི་དུས་སུ་མཆོད་རྟེན་སླར་བཞེངས་བྱེད་སྐབས་བལྟས་པ་ན། དབུ་སྐྲ་དེ་རྣམས་ལ་གསེར་འོད་འབར་བཞིན་པར་མ་ཟད། ཞིབ་ཏུ་བལྟས་ན་སྐྲ་མདོག་མ་ངེས་པར་འགྱུར་བ་ཡོད་ཅེས་རི་བོ་དྭངས་བསིལ་གྱི་རྣམ་བཤད་ལས་གསུངས་ལ། ཉིན་དེར་འཇམ་དཔལ་སྤྲུལ་ཚུལ་གྱི་མཐོང་སྣང་དང་དེས་གསུངས་པའི་ཚིགས་བཅད་བཅས་རྡོ་ལ་གསལ་བོར་བརྐོས་ཏེ་སྨོན་ལམ་རྒྱ་མཚོའི་གླིང་ངམ་ཡོན་ཀྲའོ་སི་(圆照寺)ཞེས་པའི་གཙུག་ལག་ཁང་ཆེན་པོའི་མདུན་ཟུར་ན་ཤེལ་ཁང་ཆུང་ངུ་ཞིག་གི་ནང་དུ་དེང་སང་ཡང་མཇལ་རྒྱུ་ཡོད། ཡང་གོང་གི་རྣམ་བཤད་ལས། བཙུན་པ་དེས་སླར་འགྱོད་བཤགས་སུ་རང་གི་མིག་གཉིས་འཕུད་པར་བརྩམས་ཀྱང་གཞན་གྱིས་བཀག་པར་གསུངས།
དེས་ན་མཆོད་རྟེན་འདི་གཉིས་ནི་ད་ལྟ་རི་བོ་རྩེ་ལྔའི་གནས་འདབས་ཀྱི་གྲོང་རྡལ་དུ་མཆོད་རྟེན་ར་བའི་གླིང་ངམ་ཐ་ཡོན་སི་(塔院寺)ཞེས་པ་ན་བཞུགས། འདིའི་དྲུང་དུ་ཆོས་རྗེ་ཉིད་འཁོར་བོད་རྒྱ་གྲངས་མེད་པ་དང་མཉམ་དུ་བདེ་བ་ཅན་ལ་དད་འདུན་བསྐྱེད་དེ། ས་ག་ཟླ་བའི་ཚེས་བརྒྱད་ནས་བཅོ་ལྔའི་བར་དུ་བཟང་སྤྱོད་སྨོན་ལམ་བྱེ་བ་གཉིས་ལྷག་གསུངས་ཤིང་དེའི་དགོས་པའང༌། མདོ་ལས། ཞིང་གང་སྨོན་ལམ་ཅི་བཏབ་པ། །དེ་འདྲའི་འབྲས་བུ་ཐོབ་པར་འགྱུར། །ཞེས་དང༌། བཟང་སྤྱོད་ལས། བདག་ནི་འཆི་བའི་དུས་བྱེད་གྱུར་པ་ན། །སྒྲིབ་པ་ཐམས་ཅད་དག་ནི་ཕྱིར་བསལ་ཏེ། །མངོན་སུམ་སྣང་བ་མཐའ་ཡས་དེ་མཐོང་ནས། །བདེ་བ་ཅན་གྱི་ཞིང་དེར་རབ་ཏུ་འགྲོ། །དེར་སོང་ནས་ནི་སྨོན་ལམ་འདི་དག་ཀྱང༌། །ཐམས་ཅད་མ་ལུས་མངོན་དུ་འགྱུར་བར་ཤོག །དེ་དག་མ་ལུས་བདག་གིས་ཡོངས་སུ་བཀང་། །འཇིག་རྟེན་ཇི་སྲིད་སེམས་ཅན་ཕན་པར་བགྱི། །ཞེས་པའོ། །
གཞན་ཡང་དགོན་འདིར་འཁོར་རྣམ་བཞིའི་དགེ་འདུན་གྱི་སྡེ་ཆེན་དང༌། རྒྱལ་བའི་བཀའ་འགྱུར་ཆེན་མོ་བོད་ཡིག་དང༌། སོག་ཡིག རྒྱ་ཡིག་སོགས་ཀྱི་པོ་ཏིའམ་དེབ་གྲངས་ཁྲི་ཕྲག་གཉིས་ལྷག་དང༌། གཙུག་ལག་ཁང་རྣམས་སུ་རྟེན་ཁྱད་པར་ཅན་བཅས་བཞུགས་སོ། །
༣ འཕུར་འོང་མཆོད་རྟེན།
འཕུར་འོང་མཆོད་རྟེན་ནམ་ཧྥེ་ལའེ་ཐ་(飞来塔)ཞེས་པ་ནི། མཆོད་རྟེན་ར་བའི་གླིང་གི་བྱང་ཕྱོགས་སུ་སྤྱི་ལེ་བདུན་ལྷག་སོང་བའི་པའོ་ཧྭ་སི་(宝华寺)ཞེས་པའི་དགོན་པའི་མདུན་ཟུར་ན་ཡོད་ཅིང༌། དེའི་མཐའ་བཞིར་མཆོད་རྟེན་ཆུང་ངུ་བཞིས་བསྐོར་ནས་ཡོད། འདི་ནི་ཤིན་ཏུ་ངོ་མཚར་ཆེ་སྟེ། མཆོད་རྟེན་འདིའི་རྩ་བ་ལྷ་ས་ན་ཡོད་ཅིང༌། རྐེད་པ་ནི་དེང་གི་མཚོ་སྔོན་གྱི་རྗེ་ཙོང་ཁ་པའི་འཁྲུངས་ཡུལ་སྐུ་འབུམ་བྱམས་པ་གླིང་ན་བཞུགས། རྩེ་མོ་ནི་རི་བོ་རྩེ་ལྔའི་གནས་འདིར་འཇམ་དཔལ་དབྱངས་ཀྱིས་གདན་དྲངས་བར་གསུངས་སོ། །
དེ་ཡང་ད་ལྟའི་མཆོད་རྟེན་ཡོད་ས་འདིར་སྔོན་ཁྱིམ་ཚང་དྲུག་བདུན་ཞིག་ཡོད། ཉིན་ཞིག་དེར་རྒན་པོ་ངོ་མི་ཤེས་པ་ཞིག་ཐོན་ནས་གྲོང་བ་དེའི་མི་རྣམས་ལ། དེ་རིང་ཉིན་གུང་གནས་འདིར་མཆོད་རྟེན་གྱི་རྩེ་མོ་ཞིག་ནམ་མཁའ་ནས་འཕུར་ཏེ་འོང་ངེས་ལ། ཚང་མས་དོགས་ཟོན་མ་བྱས་ན་ཁང་པ་རྣམས་ཀྱང་འཇིག་ཉེན་ཆེ་བས་མི་རྣམས་ཁྱིམ་དུ་མ་འདུག་ཅེས་སྨྲས་པར། དེ་དག་གིས་རྒན་པོ་འདི་སྨྱོན་པ་ཡིན་ནམ་ཅི། མཆོད་རྟེན་གྱི་རྩེ་མོ་འཕུར་ཞེས་པ་ནི་ཡེ་ནས་ཐོས་ཀྱང་མ་མྱོང་བས་ག་ལ་སྲིད་སྙམ་དུ་དེའི་ངག་ལ་སུས་ཀྱང་མ་ཉན། དེ་ནས་ཉིན་གུང་ལ་ཐོན་དུ་ཉེ་བ་ན་རྒན་པོ་དེ་བྲེལ་ཚུབ་ངང་སླར་སྐད་ཆེན་པོ་འདོན་བཞིན་འོང་ངོ༌། །
དེའི་ཚེ་ཞིང་ནང་ཞིག་ན་བྱིས་པ་ལོ་དྲུག་པ་ཅན་ཞིག་རྩེད་མོ་རྩེད་བཞིན་ཡོད་པའི་མདུན་དེར་སོང་ནས། བྱིས་པ་དེའི་འགྲམ་པ་ལ་ཐལ་ལྕག་གིས་དྲག་ཏུ་བསྣུན་ནས་བྱིས་པ་ངུ་བཞིན་དུ་ཁྱེར་ཏེ་རྒན་པོ་བྲོས་སོང༌བ་ན། གྲོང་བའི་མི་རྣམས་ཀྱིས་མཐོང་བས་ཐམས་ཅད་ཁྱིམ་ནས་ཐོན་ཏེ་འུར་ཟིང་བཅས་ར་མདའ་ལ་དེའི་རྗེས་སུ་བསྙེགས་ཀྱང་རྒྱང་གྲགས་ཕྱེད་ཙམ་ལས་རྗེས་མ་ཆོད། ཅུང་ཟད་ཕྱིན་པ་ན་ཡིད་དུ་འོང་བའི་སྤང་ཐོག་ཅིག་ན་གཉིས་ཀ་བདེ་བར་བསྡད་ཡོད། སྐབས་དེར་མི་རྣམས་ཀྱིས་རྒན་པོ་ལ་བརྡེག་པར་བརྩམས་པ་ལ། གློ་བུར་དུ་གནམ་ས་རུབ་ནས་མཚན་མོར་གྱུར་ཅིང་རླུང་ཆེན་པོ་དྲག་ཏུ་བྱུང་བ་ན་གློ་བུར་དུ་སྒྲ་ཆེན་པོ་གནམ་ས་གང་བ་ཞིག་བྱུང་ནས་ས་ཡང་གཡོས། ཡུད་ཙམ་ཞིག་གིས་རླུང་འཇམ་ཞིང་སླར་ཉི་མ་ཤར་བར་གྱུར་པས། ཐམས་ཅད་ཀྱིས་བལྟས་པ་ན་གནས་འདིར་ཟངས་ལས་གྲུབ་པའི་མཆོད་རྟེན་གྱི་རྩེ་མོ་ཆེན་པོ་ཞིག་འཕུར་ནས་ཐོན་ཡོད། གྲོང་པའི་ཁང་པ་འགའ་རེ་བཤིག་སོང་ཡང་མི་རྣམས་བྱིས་པའི་རྗེས་སུ་བསྙེགས་པ་སོགས་ཕྱི་རོལ་ན་ཡོད་པས་ཅི་ཡང་མ་སྐྱོན། དེ་ནས་ཐམས་ཅད་ཀྱིས་རྒན་པོ་དེ་འཇམ་དཔལ་དབྱངས་ཀྱི་སྤྲུལ་བ་ཡིན་པར་ཤེས་ནས་བལྟས་པ་ན། རྒན་པོ་མ་ཟད་རྗེས་ཙམ་ཡང་མི་སྣང༌། དེ་རྗེས་ཚང་མས་མཆོད་རྟེན་དེ་གནས་གཞན་དུ་མི་འཕུར་བ་སོགས་ཀྱི་ཆེད་དུ་ལྷ་ཁང་ཞིག་བཞེངས་ནས། ནང་དུ་འཇམ་དཔལ་ཡེ་ཤེས་སེམས་དཔའི་སྐུ་ངོ་མཚར་ཅན་ཞིག་ཤིང་ལ་བརྐོས་ནས་བཞུགས་སུ་གསོལ་བ་ཡིན་ཞིང༌། འདི་ལ་ཡོངས་གྲགས་སུ་བོད་ནས་འཕུར་བའི་མཆོད་རྟེན་ཟེར་བ་ཡིན་འདུག རྩེ་མོ་ལ་ཁྲུ་གསུམ་ལྷག་ཡོད་ཅིང་དེར་རྩ་བ་གསར་དུ་བྱས་པའི་རྡོ་ངོས་ལ་སྲོག་ཆགས་སྣ་ཚོགས་ཀྱི་མཛེས་རིས་བརྐོས་ཡོད། དགོན་འདིར་བྱང་ཆུབ་སེམས་དཔའ་མང་པོའི་སྐུ་སེང་ལྡེང་ལ་བརྐོས་པ་སོགས་རྟེན་གསུམ་མང་ཞིང༌། བོད་ཡིག་དང་སོག་ཡིག་གི་ངོ་མཚར་ཆེ་བའི་རྡོ་རིང་སོགས་ཀྱང་འདུག
༤ སེང་ཚང་ནོར་བུའི་མཆོད་རྟེན།
སེང་གེའི་ཚང་གི་ནོར་བུ་བཻཌཱུརྱའི་མཆོད་རྟེན་ནམ་ལིའུ་ལི་པའོ་ཐ་(狮子窝琉璃宝塔)ཞེས་པ་ནི། མཆོད་རྟེན་ར་བའི་གླིང་ནས་ལྷོ་ནུབ་ཀྱི་ཕྱོགས་སུ་སྤྱི་ལེ་བཅུ་ཕྲག་གི་མཚམས་སུ་དབུས་རི་ལ་འགྲོ་བའི་ལམ་བར་གྱི་རི་སྒང་ཞིག་ན་ཟུར་བརྒྱད་བང་རིམ་བཅུ་གསུམ་པ་ཞིག་ཡོད་པ་དེ་ཡིན། འདིར་སྔོན་ཆད་སྐལ་བ་དང་ལྡན་པ་ཞིག་གིས་སེང་གེ་ཁྲི་ཕྲག་མང་པོས་རྩེད་མོ་བྱེད་པ་མཇལ་ཞིང་། སེང་གེ་ནི་འཇམ་དཔལ་དབྱངས་ཀྱི་ཆིབས་པ་ཡིན་པས་ནམ་མཁའ་ལ་འཇམ་དཔལ་དེ་སྙེད་ཅིག་ཡོད་པར་མཁྱེན་ནས་དེར་དགོན་པ་བཞེངས་ཏེ་མིང་ལ་འཇམ་དཔལ་དགོན་པའམ་སེང་གེའི་ཚང་ཞེས་བཏགས་སོ། །མཆོད་རྟེན་ཡང་ལེགས་པར་བཞེངས་ཤིང་། ཕྱིས་སུ་རྒྱལ་པོ་ཆན་ལུང་གིས་དངུལ་སྲང་སྟོང་ཕྲག་གཉིས་ལྷག་གིས་དགོན་པ་སླར་གསོ་བྱས་ཀྱང་ད་ལྟ་ཤུལ་ཙམ་ལས་མེད། འོན་ཀྱང་མཆོད་རྟེན་ནི་ལོ་བརྒྱ་ཕྲག་གསུམ་དང་བརྒྱད་ཅུ་ལྷག་གི་ཡུན་ལ་མ་ཞིག་པར་ལྷང་ངེར་ཡོད། འདི་ལ་བཻཌཱུརྱའི་མཆོད་རྟེན་ཟེར་བའི་རྒྱུ་མཚན་ནི། མཆོད་རྟེན་གྱི་གྱོ་མོ་ཐམས་ཅད་བཻཌཱུརྱ་ལས་གྲུབ་ཅིང་དེར་སངས་རྒྱས་ཁྲི་ཕྲག་གཅིག་གི་སྐུ་ཡོད་པར་གསུངས་པས་སོ། །
༥ ཟླ་གཟུགས་འཆར་བའི་གླིང་།
ཟླ་གཟུགས་འཆར་བའི་གླིང་ངམ་མིང་ཡུའེ་ཁྲི་(明月池)ཞེས་པ་ནི། མཆོད་རྟེན་ར་བའི་གླིང་གི་ལྷོ་ལམ་དུ་སྤྱི་ལེ་དྲུག་ཙམ་གྱི་མཚམས་སུ་རྡོ་དཀར་གྱི་ཟམ་པ་ཞིག་ཡོད་པ་དེ་བརྒལ་ནས། ཤར་ཕྱོགས་ཀྱི་ལུང་པའི་ནང་དུ་སྤྱི་ལེ་གཉིས་ཙམ་སོང་བ་ན་ཟླ་གཟུགས་འཆར་བའི་དགོན་པ་ཡོད། དེའི་མདུན་ཕྱོགས་ཀྱི་རི་ངོས་ན་མཆོད་རྟེན་ཞིག་ཡོད་ཅིང་། དེ་ཡང་སྔོན་མིང་རྒྱལ་རབས་ཀྱི་དུས་སུ་སློབ་དཔོན་མིང་ཀྲུའུ་(明珠)ཞེས་བྱ་བས་གནས་འདིར་འཇམ་དཔལ་དབྱངས་ཀྱི་སྐུ་དང་དགོན་པ་ཞིག་བཞེངས་དགོངས་ནས་བྱོན་ཏེ། ནུབ་མོར་ད་ལྟའི་དགོན་པའི་མདུན་གྱི་སྤང་ཐོག་ན་བཞུགས་ཡོད་སྐབས། གློ་བུར་དུ་མདུན་ཕྱོགས་ཀྱི་རི་རྐེད་ནས། རྗེ་བཙུན་འཇམ་དཔལ་དབྱངས་སྐུ་མདོག་ནག་པོ་དབུ་དགུ་དང་ཕྱག་བཅོ་བརྒྱད་ཅན། ཕྱག་རེ་རེ་བཞིན་དུ་སྦྲུལ་ཞགས་དང་ཉི་མ། ཟླ་བ། ཆོས་འཁོར། ལྷུང་བཟེད། རལ་གྲི་སོགས་ཕྱག་མཚན་སྣ་ཚོགས་ཐོགས་པ་ཞིག་འོད་ཟེར་དཀར་པོ་མུ་མཐའ་མེད་པའི་ཀློང་ནས་མངོན་སུམ་དུ་མཇལ། དེ་ནས་ཁོང་གིས་འཇམ་དཔལ་མཇལ་བའི་རི་རྐེད་དེར་མཆོད་རྟེན་ཞིག་བཞེངས་པ་ད་ལྟ་ཡང་མ་ཉམས་པར་ཡོད་པ་དེ་ཡིན། དགོན་པའི་ནང་དུ་ཁོང་གིས་མཇལ་བའི་འཇམ་དཔལ་དེ་ཇི་ལྟ་བ་བཞིན་དུ་བཞེངས་པ་ད་ལྟའང་ཤིན་ཏུ་འཇིགས་སུ་རུང་བར་ཡོད། འདི་ནི་འཇམ་དཔལ་གྱི་རྣམ་འཕྲུལ་སོ་གཉིས་ལས་འཇམ་དཔལ་གསང་བའི་རྡོ་རྗེ་ཞེས་བྱ་བ་ཡིན་པར་རྒྱའི་དཀར་ཆག་རྣམས་ལས་གསུངས།
སྔོན་དམ་པ་ཞིག་གིས་ཟླ་གཟུགས་འཆར་བའི་རྫིང་བུ་དེའི་ནང་དུ་གནམ་གང་གི་ནུབ་མོར་བལྟས་པ་ན། ཟླ་བའི་དཀྱིལ་འཁོར་མངོན་སུམ་དུ་མཐོང་བ་ཡིན་པས་མིང་ལ་དེ་སྐད་བཏགས་སྐད། གཞན་མི་མང་པོ་ཞིག་གིས་ཀྱང་རྫིང་བུ་འདིའི་ནང་ནས་སངས་རྒྱས་བྱང་ཆུབ་སེམས་དཔའི་སྐུ་དང་རང་གི་སྐྱེ་བ་སྔ་མའི་ཚུལ་མཐོང་བར་བཤད། ཆོས་རྗེ་ཉིད་ཀྱང་གནས་དེར་བྱོན་ནས་ཟབ་རྒྱས་ཀྱི་སྨོན་ལམ་གསུངས་བ་ཡིན་ལ། གནས་འདིར་དབེན་པའི་ཡོན་ཏན་མ་ཚང་བ་མེད་ཅིང་དབྱར་དུས་སུ་མེ་ཏོག་སྣ་ཚོགས་ཀྱིས་ཡིད་དབང་འཕྲོག་པར་འདུག་གོ །
༦ བྱང་ཆུབ་སྤོ།
བྱང་ཆུབ་སྤོའམ་ཕུའུ་ས་ཏིང་(菩萨顶)ཞེས་པའི་དགོན་པ་ནི། ཇི་ལྟར་ལྷ་སའི་དམར་པོ་རི་ལ་པོ་ཏ་ལའི་གཙུག་ལག་ཁང་ཆགས་པ་བཞིན་དུ་གནས་འདིའི་བྱ་རྒོད་ཕུང་པོའི་རི་བོའི་རྩེ་ན་ལྷ་ཁང་རྣམས་ཀྱི་རྒྱ་ཕིབས་ལ་གསེར་འོད་ལམ་ལམ་དུ་འཚེར་བཞིན་བརྗིད་ཉམས་ལྡན་པར་ཆགས་ཡོད། འདི་ནི་ཝེ་རྒྱལ་རབས་བྱང་མའི་དུས་སུ་བཞེངས་ཤིང་ཕྱིས་སུ་སླར་གསོ་མང་དུ་བྱས་ལ་འཇམ་དབྱངས་དགོན་ཆེན་ཞེས་ཀྱང་ཟེར།
འདིར་ཤིན་ཏུ་ངོ་མཚར་དང་བྱིན་རླབས་ཆེ་བའི་འཇམ་དཔལ་སྤྲུལ་པའི་ལྷ་ཁང་ཞེས་པའི་ནང་ན་འཇམ་དཔལ་མདའ་ཁུར་མའམ་ཏའེ་ཅན་ཝུན་ཧྲུའུ་(带箭文殊)ཞེས་བྱ་བ་ཡོད། དེའང་སྔོན་བཙུན་པ་ཆོས་ཀྱི་སྤྲིན་ཞེས་པས་འཇམ་དཔལ་གྱི་སྐུ་བཞེང་པར་དགོངས་ནས་བཟོ་བོ་ལ་བཀའ་བསྩལ་པས། བཟོ་བོས་བཞེངས་མ་ཤེས་པར་ཁོང་ལ་དྲིས་པ་ན། ཁོང་གིས་ཀྱང་ཞལ་ཕྱག་སོགས་གསལ་བོར་སྨྲ་མ་ཤེས་པར་གསོལ་བ་བཏབ་པས། ནུབ་གཅིག་སྒྲོན་མེ་གསལ་བའི་འོད་ལ་འོད་ཟེར་སྔོན་པོ་མུ་མཐའ་མེད་པའི་ཀློང་ནས་འཇམ་དཔལ་དབྱངས་དངོས་སུ་ཤར་བས་དེ་ལ་དཔེ་བྱས་ཏེ་བཞེངས་པར་གསུངས་པ་དང༌། ཡང་གསུང་འགའ་རེ་ན། ཁོང་གིས་བཟོ་མ་ཤེས་པས་ཞག་བདུན་ལ་རྩེ་གཅིག་ཏུ་གསོལ་བ་བཏབ་རྗེས། ཉིན་ཞིག་གི་སྔ་མོར་ནམ་མཁའི་ཁམས་ཀྱི་འཇའ་འོད་མཛེས་པའི་གུར་ཁང་ན་འཇམ་དཔལ་གྱི་སྐུ་ལྟ་བས་ཆོག་མི་ཤེས་པ་ཞིག་དངོས་སུ་ཤར་བ་ལ་མྱུར་དུ་དཔེ་བྱས་ནས་བཞེངས་ཤིང༌། མཐར་བཞེངས་ཟིན་རྗེས་འཇམ་དཔལ་འོད་དུ་གྱུར་ནས་སྐུ་ལ་ཐིམ་པར་གསུངས། འདིའི་ངོ་སྤྲོད་བསྡུས་པ་ཞིག་ནི་ལྷ་ཁང་གི་སྒོ་སྟེང་ན་ཡིག་རིགས་དུ་མས་བྲིས་ནས་ཡོད།
འདི་ལ་འཇམ་དཔལ་མདའ་ཁུར་མ་ཟེར་བའི་རྒྱུ་མཚན་ནི། རི་བོ་དྭངས་བསིལ་གྱི་རྣམ་བཤད་ལས། སྔོན་གོང་མ་ཁང་ཞི་རྒྱལ་པོ་བྱང་རིར་ཕྱིན་ནས་ཕྱིར་འོངས་བ་ན་ལམ་བར་དུ་ཙའོ་ཡུས་ཁྲི་(澡浴池)ཞེས་པའི་རྫིང་བུ་ཞིག་ཡོད་པ་དེའི་འགྲམ་ན་བུད་མེད་མང་པོས་གོས་འཁྲུད་བཞིན་ཡོད་པ་མཐོང༌ལ། རྫིང་བུ་དེའི་ནང་ན་གྲྭ་བ་ཞིག་གཅེར་བུ་ལ་བུད་ནས་ཁྲུས་བྱེད་བཞིན་ཡོད་པར་མཐོང་བས། རྒྱལ་པོའི་ཐུགས་ལ་ཁྱིམ་པ་སུན་འབྱིན་དུ་འགྱུར་ཞིང་སངས་རྒྱས་ཀྱི་བསྟན་པ་ལ་རྨ་འབྱིན་པར་དོགས་ནས་རབ་ཏུ་ཁྲོས་ཏེ་མདའ་འཕངས་པ་ན། མདའ་དེ་གྲྭ་བའི་ཕྲག་པ་གཡས་པ་ལ་ཕོག་ནས་བྲོས་སོང༌། དེ་ཚེ་དེའི་ཁྲག་རྗེས་དེད་ནས་འོངས་བ་ན་འཇམ་དཔལ་དགོན་པའི་ནང་གི་འཇམ་དཔལ་སྤྲུལ་པའི་ལྷ་ཁང་དུ་སླེབས། དེར་བལྟས་པ་ན་མདའ་དེ་ནི་འཇམ་དཔལ་དབྱངས་ཀྱི་སྐུའི་ཕྲག་པ་གཡས་པ་ལ་ཟུག་པར་མཐོང་བས་ཁོང་ཤིན་ཏུ་སྐྲག་སྟེ། ཨ། དེ་འཇམ་དཔལ་དབྱངས་ཡིན་པར་འདུག ཅེས་འགྱོད་པ་ཆེན་པོས་ཕྱག་མང་དུ་བྱས་ཏེ་སོང༌། ཕྱིས་ཀྱི་ཡུན་རིང་པོར་མདའ་དེ་ཀུན་ལ་མཇལ་རྒྱུ་ཡོད་ཅིང༌། རྗེས་སུ་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པས་མདའ་དེ་གདན་དྲངས་ཤིང་ཤུལ་དུ་འཇམ་དཔལ་གྱི་སྐུ་ཞིག་ཀྱང་བཞེངས་པར་གསུངས། དེས་ན་ལྷ་ཁང་དང་འཇམ་དཔལ་གྱི་མཚན་ལ་དེ་ལྟར་ཐོགས་ཤིང་ད་ལྟའང་ལྟ་བས་མི་ངོམས་པར་འོད་སྟོང་འཚེར་བཞིན་དད་པའི་གནས་སུ་བཞུགས་སོ། །
དགོན་འདིའི་འཇམ་དཔལ་ཆུ་ཐིགས་འཛག་པའི་ལྷ་ཁང་ངམ་ཏི་ཧྲུའེ་ཝུན་ཧྲུའུ་ཏེན་(滴水文殊殿)ནི། བྱང་ཕྱོགས་སུ་ཡོད་ཅིང་སྔོན་ལྷ་ཁང་འདི་ལ་མེ་འཇིགས་མང་དུ་བྱུང༌ཞིང་། ཕྱིས་སུ་དེ་འགོག་ཆེད་ཁང་སྟེང་གི་གྲ་ཟུར་རྣམས་ཀླུ་སྣ་ཚོགས་ཀྱི་གཟུགས་སུ་བཞེངས་པ་ནས་བཟུང་། གནམ་གཤིས་དྲོ་གྲང་དང་ཆར་ཆུ་ཡོད་མེད་སོགས་གང་ལའང་མི་ལྟོས་པར་དུས་རྟག་ཏུ་ཤིན་ཏུ་དྭངས་བའི་ཆུ་ཐིགས་ཟགས་ཀྱིན་ཡོད་པས་འོག་གི་རྡོ་རྣམས་ཀྱང་གཏིང་ཟབ་ཏུ་ཕུག་ནས་ཡོད། འདི་དག་ད་ལྟའང་མངོན་སུམ་དུ་གྱུར་ཅིང་དད་ལྡན་མང་པོས་འཇམ་དཔལ་གྱིས་ཁྲུས་བྱེད་དོ་ཞེས་དགའ་བས་རོལ་ཞིང་ངོ་མཚར་ཆེ་བ་ཞིག་འདུག
ངོ་མཚར་ཆེ་བའི་ལྕེ་མེད་རྡོའི་སེང་གེ་ནི། སྔོན་ཕྱི་ལོ་༡༧༡༤ལ་དགོན་འདིའི་སྒོ་ཕིབས་བཞེང་སྐབས་ཐེངས་མང་པོར་དགོན་ནང་གི་ཟ་མ་བོར་ཞིང་དེར་གཅན་གཟན་གྱི་རྗེས་ཀྱང་མཐོང་བས་ཇ་མས་ཅི་ཡིན་སྙམ་ནས་ཉིན་ཞིག་དེར་གབ་ནས་བལྟས་པ་ན། སེང་གེ་གཉིས་རིམ་གྱིས་འོངས་ནས་ཟ་མ་མང་དུ་ཟོས་ནས་ཕྱིར་སོང་བ་མཐོང་། ཕྱིར་ཉིན་ཉམས་མཚར་དུ་ཟ་མའི་ནང་ལ་གྲི་ཞིག་བཞག་ནས་བལྟས་པ་ན། སླར་སེང་གེ་གཉིས་པོ་འོངས་ནས་ཟ་མ་ཟོས་ཚེ་གཅིག་གི་ལྕེ་བཅད་པས་གློ་བུར་དུ་འུར་སྒྲ་དང་བཅས་ཏེ་ཕྱིར་བྲོས་སོང༌། ཉིན་དེའི་ཕྱི་དྲོར་དགོན་པའི་སྒོ་ཟུར་ན་ཡོད་པའི་རྡོ་སེང་གཉིས་ལས་གཡས་ཕྱོགས་ཀྱི་སེང་གེ་ལ་ལྕེ་མེད་པར་མཐོང་བས་ཁོ་ཤིན་ཏུ་ཡ་མཚན་སྐྱེས་ཤིང་། དྲུང་དུ་ཕྱིན་ནས་ངེད་ཅག་གི་ཟ་མ་རྐུ་མཁན་དེ་ཁྱོད་མ་ཡིན་ནམ་ཞེས་སྨྲས་པ་ན། རྡོ་སེང་དེས་སྐྱེངས་བའི་ཉམས་དང་བཅས་ཏེ་མགོ་བོ་གུག་གུག་ལན་མང་དུ་བྱས།
འདི་ཉིད་ད་ལྟའང་མཇལ་རྒྱུ་ཡོད་ལ། འདིའི་སྒོ་མཚམས་སུ་སྐས་ཐེམ་བརྒྱ་དང་བརྒྱད་ཡོད་པའི་སྟེང་དུ་ཉིན་རེ་བཞིན་འཇམ་དཔལ་དབྱངས་གང་འདུལ་གྱི་གཟུགས་སུ་བྱོན་པར་གསུངས། དགོན་ནང་གི་ཤར་ལོགས་སུ་རྡོ་རིང་ཞིག་ལ་བོད་ཡིག་དང་རྒྱ་ཡིག སོག་ཡིག མན་ཡིག་བཅས་ཤིན་ཏུ་ལེགས་པོར་བརྐོས་ཡོད་པ་སོགས་མདོར་ན་དགོན་འདིར་ལྷ་ཁང་དང་རྟེན་གསུམ་ཆེས་མང་ངོ༌། །
འདིར་ཆོས་རྗེ་ཉིད་ཡུན་རིང་དུ་བཞུགས་ནས་ཐུན་མིན་སྣོད་ལྡན་གྱི་འཁོར་ལ། རྟེན་འབྲེལ་ཉེས་སེལ་གྱི་དབང༌དང་། ཆོས་དབྱིངས་རིན་པོ་ཆེ་མཛོད་ཀྱི་རྩ་བའི་ཁྲིད་ལུང༌། ཐིག་ལེ་གསང་རྫོགས་སོགས་ཟབ་རྒྱས་ཀྱི་ཆོས་འཁོར་བསྐོར་ཅིང༌། ཐུན་མོང་གི་འཁོར་ཏེ། བོད་རྒྱ་ཧོར་གསུམ་དང་མན་རིགས་སོགས་མི་རིགས་མི་འདྲ་བ་དང༌། ཕྱི་སོག་དང་འཇར་པན། འབར་མ། ཨ་རི་སོགས་རྒྱལ་ཁབ་དུ་མའི་འཁོར་ཁྲི་ཕྲག་ལྷག་ཙམ་ལ། རྗེ་ཙོང་ཁ་བའི་ལམ་གྱི་གཙོ་བོ་རྣམ་གསུམ་དང༌། ལམ་རིམ་དོན་བསྡུས། རྒྱལ་སྲས་དངུལ་ཆུ་ཐོགས་མེད་ཀྱིས་མཛད་པའི་རྒྱལ་སྲས་ལག་ལེན་སོགས་གསུངས་ཏེ་བགྲང་ལས་འདས་པའི་འགྲོ་བ་རྣམས་ཐར་བའི་ལམ་ལ་བཀོད།
གནས་འདིར་རྟེན་བཞེངས་གསར་དུ་མཛད་ཚུལ་ནི། འཇམ་དཔལ་སྤྲུལ་པའི་ལྷ་ཁང་གི་གཡོན་ཟུར་དུ་བོད་ཀྱི་གཙུག་ལག་ཁང་ཆེན་པོ་གཉིས་བཞེངས་ཏེ་གཅིག་ལ་ལྷང་ལྷང་ནོར་བུའི་གཙུག་ལག་ཁང་དང༌། གཞན་དེ་ལ་གསང་ཆེན་འོད་སྐུར་གྲོལ་བའི་གཙུག་ལག་ཁང་ཞེས་པའོ། །དེ་ལས་དང་པོའི་ནང་ན། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས། གྲུབ་པའི་དབང་ཕྱུག་པདྨ་འབྱུང༌། །རྣམ་འཕྲུལ་དཔལ་ལྡན་མར་མེ་མཛད། །ཡང་སྤྲུལ་བློ་བཟང་གྲགས་པའི་དཔལ། །ཁྱོད་མིན་བདག་ལ་སྐྱབས་གཞན་གང༌། །ཞེས་གསུངས་པ་ལྟར་དུ་དབུས་སུ་གྲུབ་དབང་པདྨ་འབྱུང་གནས་དང་། གཡས་སུ་དཔལ་ལྡན་མར་མེ་མཛད། གཡོན་དུ་རྗེ་བདག་ཉིད་ཆེན་པོ་ཙོང་ཁ་པ་བཅས་ཀྱི་སྐུ་སོགས་རྟེན་འབྲེལ་གྱིས་ཞལ་བོད་ཡུལ་དུ་ཕྱོགས་ཏེ་བཞེངས་སོ། །
དེ་ཡང་ཨོ་རྒྱན་ཆེན་པོ་ལྷོ་ནུབ་འོ་མའི་ཆུ་གཏེར་དུ་པདྨའི་གེ་སར་ལས་འཁྲུངས་པའི་ཚུལ་དུ་བཞེངས་ཏེ་གཡས་ཕྱོགས་ཀྱི་པད་འདབ་རྣམས་ཀྱི་སྟེང་ན་རིམ་བཞིན་དུ། ཇོ་བོ་ཡིད་བཞིན་ནོར་བུ་དང་། ཀུན་མཁྱེན་ཀློང་ཆེན་རབ་འབྱམས། རིག་འཛིན་འཇིགས་མེད་གླིང་པ་རྣམས་ཀྱི་སྐུ་དང༌། གཡོན་ཕྱོགས་སུའང་འཇམ་དཔལ་ཡེ་ཤེས་སེམས་དཔའ། ཀུན་མཁྱེན་མི་ཕམ་རྒྱ་མཚོ། གཏེར་ཆེན་ལས་རབ་གླིང་པ་བཅས་ཀྱི་སྐུ་ལེགས་པར་བཞེངས་ཡོད།
གཞན་ཡང་གཙུག་ལག་ཁང་ཆེན་པོ་འདིའི་ནང་གི་གཡས་ཕྱོགས་སུ་འཇམ་དཔལ་དང༌། རྡོ་རྗེ་སེམས་དཔའ། ལྕགས་མདུད་ཤེས་རབ་རྒྱལ་མཚན་རྣམས་ཀྱི་སྐུ་དང༌། གཡོན་ཕྱོགས་སུ་པཎ་ཆེན་བི་མ་མི་ཏྲའི་སྐུ་གཉིས་དང༌། འཇའ་ལུས་པ་པདྨ་བདུད་འདུལ། ཨོ་རྒྱན་གཏེར་བདག་གླིང་པ་རྣམས་ཀྱི་སྐུ་ཆུང་ངུ་བཅས་ཡིད་དབང་འཕྲོག་པའི་བཟོ་རྩལ་ཆེས་ཕུལ་ཏུ་བྱུང་བས་བཞེངས་ཡོད།
དེ་བཞིན་གཙུག་ལག་ཁང་གཉིས་པའི་ནང་ན། བླ་མ་བི་མ་མི་ཏྲ་དང༌། ཡི་དམ་འཇམ་དཔལ་དབྱངས། ཆོས་སྐྱོང་གེ་སར་རྒྱལ་པོ་བཅས་ཀྱི་སྐུ་ངོ་མཚར་ཆེ་བ་དང༌། གཞན་མཁན་སློབ་ཆོས་གསུམ་དང༌། རྡོར་སེམས། བི་མའི་སྐུ་ཅུང་ཟད་ཆུང་བ་བཅས་བཞེངས་ཡོད། འདིར་ཨོ་རྒྱན་ཆེན་པོའི་ཐུགས་ཀ་ན་ཡོད་པ་དེ་ནི་པད་འབྱུང་དངོས་ཀྱིས་གུ་རུ་ང་འདྲ་མ་ཞེས་དབུགས་དབྱུང་ཞིང་ཕྱིས་སུ་གཏེར་ཆེན་ལས་རབ་གླིང་པས་གདན་དྲངས་པའི་གུ་རུ་གསུང་འབྱོན་མ་ཞེས་པ་དེའོ། །འཇམ་དཔལ་གྱི་ཐུགས་ཀར་ཡོད་པ་ནི་ཀུན་མཁྱེན་མི་ཕམ་རིན་པོ་ཆེའི་གདུང་རུས་ལས་གྲུབ་པ་ངོ་མཚར་གྱི་རྟགས་མཚན་དང་བྱིན་རླབས་ཚད་མེད་པའི་འཇམ་དཔལ་གྱི་སྐུ་ཆུང་ངུ་ཞིག་གོ །
གོང་འོག་གི་རྟེན་བཞེངས་གསར་བ་ཐམས་ཅད་ཀྱི་གཟུངས་གཞུག་ཏུ། ཡུངས་འབྲུ་ལྟ་བུའི་རིང་བསྲེལ། སངས་རྒྱས་ཀྱི་རིང་བསྲེལ་མཁྱེན་བརྩེའི་གཏེར་བྱོན། འཕགས་པ་ཤིང་ཀུན་འཕེལ་གདུང༌། འོད་སྲུང་འཕེལ་གདུང༌། གུ་རུའི་དབུ་ལྗོན་དང་ན་བཟའ། ཀཿཐོག་བླ་རབས་བཅུ་གསུམ་གྱི་གདུང་རུས། རྗེ་རིན་པོ་ཆེའི་ན་བཟའ། ལས་གླིང་གདུང་རུས། དཔལ་སྤྲུལ་རིན་པོ་ཆེའི་ཚེམས། སྐུ་གདུང་རིང་བསྲེལ་སོགས་དང༌། གཞན་ཆོས་རྗེ་ཉིད་ཀྱི་ཕྱག་ནས་བརྒྱུད་པ་ཆེས་མང་པོ་ཞིག་བཞག་ཀྱང་རེ་རེ་ནས་མ་སྨྲས་སོ། །
༧ ཐུབ་བསྟན་གསལ་བའི་གླིང་།
ཐུབ་བསྟན་གསལ་བའི་གླིང་ངམ་ཀོང་ཙུང་སི་(广宗寺)ཞེས་པ་ནི། གོང་གི་དགོན་པའི་གཤམ་འོག་ན་ཡོད་ཅིང༌། འདིར་ལྷ་ཁང་སོགས་མང་པོ་ཡོད། ཁྱད་པར་དུ་སྔོན་གཙུག་ལག་ཁང་ཆེན་པོའི་སྟེང་ཐམས་ཅད་ཟངས་ལས་གྲུབ་པར་བཤད་ལ། ལྷ་ཁང་ནང་དུ་ཟངས་ལས་བཞེངས་པའི་འོད་དཔག་མེད་གཙོ་འཁོར་དང་ལྕགས་ལས་བྱས་པའི་དགྲ་བཅོམ་བཅོ་བརྒྱད་སོགས་ཡོད། ཡང་འཇམ་དཔལ་གྱི་རྣམ་པར་འཕྲུལ་བ་ངང་པས་ཆུ་འཇིབ་ཅེས་པའི་ལོ་རྒྱུས་ངོ་མཚར་ཅན་ཡང་དགོན་འདི་ལས་བྱུང་བར་གྲགས། གཙུག་ལག་ཁང་གི་རྒྱབ་ཀྱི་མཆོད་རྟེན་ནི་རྒྱ་བོད་ཀྱི་ཡིག་རིགས་ཐམས་ཅད་བྱང་ཆུབ་ཅིང་རྗེའི་ལམ་རིམ་དང་སྔགས་རིམ་སོགས་རྒྱ་ནག་གི་སྐད་དུ་སྒྱུར་བ་པོ་སངས་རྒྱས་ཀྱི་བསྟན་པ་ལ་འགྲོ་དོན་བླ་ན་མེད་པའི་བླ་མ་ཧྥ་ཙུན་(法尊师)ཞེས་པའི་སྐུ་གདུང་ཡིན་པར་གསུངས་ལ། ཆོས་རྗེ་ཉིད་ཀྱིས་དགོན་པ་འདིར་གསར་དུ་གུ་རུའི་སྐུ་ཞིག་ཀྱང་བཞེངས།
༨ སྨོན་ལམ་རྒྱ་མཚོའི་གླིང་།
དགོན་པ་དེའི་འོག་ཕྱོགས་ན་སྨོན་ལམ་རྒྱ་མཚོའི་གླིང་ངམ་ཡོན་ཀྲའོ་སི་ཞེས་པ་ཡོད། སྔོན་ཆད་དེའི་མིང་ལ་ཕུའུ་ཉིང་སི་(普宁寺)ཟེར་ལ། ཕྱིས་སུ་བལ་པོའི་རྒྱལ་ཁབ་ནས་བྱོན་པའི་གྲུབ་ཐོབ་ཆེན་པོ་སེ་ནེ་ས་(色内萨)ཞེས་པ་དགོན་འདིར་ཡུན་རིང་དུ་ཏིང་ངེ་འཛིན་ལ་བཞུགས་པ་ན། རྒྱ་ནག་རྒྱལ་པོས་པེ་ཅིང་དུ་གདན་དྲངས་པས། ཁོང་གིས་ཟབ་རྒྱས་ཀྱི་ཆོས་རྒྱ་ཆེར་གསུངས།
ཉིན་ཞིག་བླ་མས་ཁོང་མྱུར་དུ་སླར་རི་བོ་རྩེ་ལྔར་འབྱོན་དགོས་པར་གསུངས་ཀྱང༌། རྒྱལ་པོས་ད་དུང་པེ་ཅིང་དུ་བཞུགས་དགོས་ཞེས་འབྱོན་པར་བཀས་མ་གནང༌། དེའི་ཕྱི་ནངས་བླ་མ་ཞི་བར་གཤེགས་ཏེ་སྐུ་འཇའ་འོད་དུ་དྭངས་ནས་རིང་བསྲེལ་དུ་མ་ལས་གཞན་མི་སྣང་བར་གྱུར་ཡོད། རྒྱལ་པོ་ཧ་ཅང་འགྱོད་དེ་རིང་བསྲེལ་རྣམས་བགོས་ཏེ། འགའ་ཞིག་ནི་པེ་ཅིང་དུ་མཆོད་རྟེན་དང་དགོན་པ་བཞེངས་པའི་ནང་རྟེན་བྱས་ཤིང་མིང་ལ་ཀྲེན་ཅུའེ་སི་(真觉寺)ཞེས་པའི་དགོན་པ་དེ་ཡིན། འགའ་ཞིག་རི་བོ་རྩེ་ལྔའི་དགོན་པ་འདིར་དེང་སང་ཡོད་པའི་མཆོད་རྟེན་གྱི་ནང་རྟེན་བྱས་ཡོད། ཆོས་རྗེ་ཉིད་ཀྱིས་དགོན་པ་འདི་ལའང་ད་ལན་གསར་དུ་གུ་རུའི་སྐུ་ཞིག་བཞེངས།
༩ སྒྲ་གཅན་གླིང་།
སྒྲ་གཅན་གླིང་ངམ་ལུའོ་ཧུའོ་སི་(罗睺寺)ཞེས་པ་ནི་སྨོན་ལམ་རྒྱ་མཚོའི་གླིང་གི་གཤམ་འོག་ན་ཡོད། འདིར་སྔོན་ལྗོན་ཤིང་ཞིག་ཡོད་པའི་སྟེང་དུ་འཇམ་དཔལ་དབྱངས་ཉིད་རི་བོ་རྩེ་ལྔའི་ཤར་ཕྱོགས་ཞོག་བཅུའི་མཁར་ཞེས་པ་ནས་མའི་སྤྱི་གཙུག་ནས་བྱིས་པ་གཞོན་ནུའི་ཚུལ་གྱིས་འཁྲུངས་ཏེ། ལྗོན་ཤིང་གི་རྩེར་སྣང་བར་བྱས་ཤིང་འདུས་པ་དང་པོའི་འཁོར་ལ་ཆོས་གསུང་ཚུལ་དཀར་ཆག་ལྷུན་པོ་བཀོད་པའི་རྒྱན་ལས་གསུངས་པ་དང་། སྐབས་དེར་འཇམ་དཔལ་སྐུ་འཁྲུངས་ཤིང་ཆོས་གསུང་སའི་གནས་དེ་དགོན་པ་འདི་ཡིན་པར་བཤད།
དེའང་མཁས་གྲུབ་ནོར་བཟང་རྒྱ་མཚོ་སོགས་དཔལ་ལྡན་ཕུག་པའི་ལུགས་བཞིན་བདག་ཅག་གི་སྟོན་པས་དགུང་གྲངས་གྱ་གཅིག་ལྕགས་འབྲུག་ནག་ཟླའི་ཉ་ལ་དུས་འཁོར་གསུངས། ཟླ་བ་ཕྱི་མར་རྩ་མཆོག་དྲུང་དུ་མྱ་ངན་ལས་འདས་ནས་བགྲང་བྱ་ཞེ་བཞི་ན་འཇམ་དཔལ་དབྱངས་གནས་འདིར་བལྟམས་པར་བཞེད་དོ། །ཆོས་རྗེ་ཉིད་ཀྱིས་དགོན་པ་འདི་ལའང་ཨོ་རྒྱན་ཆེན་པོ་དང༌། མཉམ་མེད་ཇོ་བོ་རྗེ། རྗེ་ཙོང་ཁ་པ། ཚེ་དཔག་མེད། རྣམ་རྒྱལ་མ། སྒྲོལ་མ་བཅས་ཀྱི་སྐུ་གསར་དུ་བཞེངས།
༡༠ མངོན་པར་གསལ་བའི་གླིང་།
མངོན་པར་གསལ་བའི་གླིང་ངམ་ཞན་ཐུང་སི་(显通寺)ཞེས་པ་ནི། མཆོད་རྟེན་ར་བའི་གླིང་གི་རྒྱབ་ཕྱོགས་ན་ཡོད། འདིར་རྟེན་ཁྱད་པར་ཅན་གཙོ་བོར་བྱིན་རླབས་དང་ངོ་མཚར་ཆེ་བའི་འཇམ་དཔལ་གྱི་སྐུ་ཞིག་ཡོད་ཅིང་། དེ་ཡང་ཕྱི་ལོ་༡༩༨༣ལ་ཧྲང་ཧའེ་གྲོང་ཁྱེར་(上海)གྱི་དགེ་བསྙེན་མང་པོ་ཞིག་རི་བོ་རྩེ་ལྔར་གནས་མཇལ་དུ་འོང་གྲབས་ཀྱིས་ལམ་དུ་ཞུགས་དུས་སུ། ངོ་མི་ཤེས་པའི་སྐྱེ་བོ་ཡིག་སྐྱེལ་པའི་གོས་མདོག་ལྟར་གྱོན་པ་སྔོ་སྐྱ་ཅན་ཞིག་དེར་ཐོན་ནས། རི་བོ་རྩེ་ལྔར་ངེད་ཅག་མཉམ་དུ་འགྲོ་ཞེས་ཉིན་མང་པོར་མེ་འཁོར་དང་རླངས་འཁོར་རྣམས་སུ་ལྷན་ཅིག་ཏུ་འོང་ཞིང༌། དེ་རྣམས་ཀྱི་ཅ་ལག་སོགས་ཀྱང་འཛིན་རོགས་བྱས་ཏེ་རི་བོ་རྩེ་ལྔའི་དགོན་པ་འདིའི་སྒོར་སླེབས་པ་ན། དེས་སྨྲས་པ། རི་བོ་རྩེ་ལྔ་འདི་ང་ལ་ཤིན་ཏུ་འདྲིས་ཆ་ཆེ་བས། ངས་ཁྱེད་རྣམས་ཁྲིད་ནས་འཇམ་དཔལ་ལྷ་ཁང་དུ་སྤོས་མཆོད་དུ་འགྲོ་ཞེས་འཇམ་དཔལ་ལྷ་ཁང་དུ་ཐོན་ཚེ། མི་དེ་འཇམ་དཔལ་གྱི་སྐུ་དེ་དང་དབྱེར་མེད་དུ་གྱུར་སོང་། དེར་བལྟས་པ་ན་འཇམ་དཔལ་གྱི་སྐུ་དང་སྔོན་གྱི་མི་དེའི་བཞིན་གྱི་མདོག་དབྱིབས་དང་རྒྱན་ཆ་སོགས་ཕྱོགས་མང་པོ་ཞིག་ཤིན་ཏུ་འདྲ་ཞིང༌། དེ་མ་ཐག་འཇམ་དཔལ་གྱི་སྐུ་དེ་ལས་སྤོས་དུད་རབ་ཏུ་འཕྱུར་ནས་ལྷ་ཁང་གི་ནང་ཐམས་ཅད་དྲི་ཞིམ་གྱིས་གང༌། དེ་ཚེ་ཐམས་ཅད་ངོ་མཚར་ཞིང་དད་པར་གྱུར་ཏེ་ཕྱག་མང་པོ་འཚལ་ཞིང་གསོལ་བ་དྲག་ཏུ་བཏབ་བོ། །སྐུ་དེ་ཉིད་ད་ལྟའང་བཞུགས་ཡོད།
སྔོན་དགོན་པ་འདིའི་བླ་མ་ཝུའུ་ཁྲེན་(无尘)ཞེས་པ་ཕ་ཡུལ་སུའུ་ཀྲོའུ་(苏州)ནས་ཡིན་ཞིང༌། ཁོང་གི་ཐུགས་ལ་རི་བོ་རྩེ་ལྔའི་དགེ་འདུན་པ་རྣམས་ལ་འཚོ་བ་དྲངས་དགོས་པར་དགོངས་ནས་ཕྱོགས་མང་པོར་བསོད་སྙོམས་སུ་ཕྱིན། ཐེངས་ཤིག་ཉིན་མང་པོར་ཁ་བ་བབས་ནས་མཚན་མོ་ཞིག་ལ་ཧྥེང་ཀྲོའུ་གྲོང་(凤州城)གི་ཉེ་འཁོར་དུ་སླེབས། ཁོང་གི་ན་བཟའ་ཤིན་ཏུ་སྲབ་པས་གྲང་ངར་གྱིས་གདུངས་ནས་འཆི་བར་ཉེ་ཡང་ཉིད་ཀྱི་ཐུགས་ལ། ད་ལྟ་མཚན་དཀྱིལ་དུ་མི་རྣམས་ལ་བོས་ན། དེ་དག་གིས་ངལ་གསོ་བྱེད་པ་ལ་གནོད་དུ་འགྱུར་བས་ད་ནི་ཤི་ཡང་འཆི་རུ་འཇུག་སྙམ་དུ་འདར་བཞིན་གྲོང་མཐའ་དེར་བསྡད་པ་ཡིན།
སྐྱ་རེངས་ཤར་དུ་ཉེ་བ་ན་གྲོང་ཁྱེར་དེའི་མི་བརྒྱ་སྟོང་མང་པོ་ཅིག་ཆར་དུ་དེར་ཐོན་ནས་ཁོང་གི་སྐུ་སྲོག་བསྐྱབས། དེ་དག་འོང་བའི་རྒྱུ་མཚན་ནི། གྲོང་ཁྱེར་དེའི་མི་ཐམས་ཅད་ཀྱིས་ཐུན་མོང་གི་རྨི་ལམ་ཞིག་རྨིས་པ་སྟེ། གསེར་ཁྲབ་ཅན་གྱི་ལྷ་ཞིག་འོངས་ནས། ཁྱེད་ཅག་གི་གྲོང་ཁྱེར་གྱི་ཉེ་ཟུར་ན་རི་བོ་རྩེ་ལྔའི་འཇམ་དཔལ་དབྱངས་གྲང་ངར་གྱིས་འཆི་བར་ཉེ་འདུག་གོ །ཞེས་སྐད་གསང་མཐོན་པོས་ལན་དུ་མར་སྒྲོག་པ་རྨིས་ཏེ་མནལ་སད་པས་ཐམས་ཅད་ཕན་ཚུན་སྨྲས་ཤིང་ངོ་མཚར་ནས་ཅི་ཡིན་སྙམ་དུ་འོང་བ་ཡིན་ལ། དེ་ནས་བླ་མ་ལ་ཐམས་ཅད་ཀྱིས་འཇམ་དཔལ་དབྱངས་དངོས་བཞིན་དད་ནས་གསེར་དངུལ་རིན་པོ་ཆེ་སོགས་འབྱོར་བ་མང་པོས་མཆོད་པས། ཁོང་སླར་རི་བོ་རྩེ་ལྔའི་དགོན་འདིར་བྱོན་ནས་གནས་འདིའི་དགེ་འདུན་རྣམས་ལ་འཚོ་བ་དྲངས་ཤིང་དགོན་སྡེ་རྣམས་ལ་རྟེན་བཞེངས་མང་པོ་མཛད།
འདིར་ལིའི་ལྷ་ཁང་ངོ་མཚར་ཆེ་བ་ཞིག་ཡོད་པ་ནི། མིང་རྒྱལ་རབས་ཀྱི་དུས་སུ་ལི་རྒྱ་མ་འབུམ་ཐེར་གཅིག་གིས་བཞེངས་བར་གསུངས་ལ། ནང་དུ་སངས་རྒྱས་ཁྲི་ཕྲག་གཅིག་གི་སྐུ་འབུར་དོད་དུ་ཡོད། འདིའི་མདུན་ཕྱོགས་ན་སྔོན་ཧྲེང་ཧུང་(胜洪)ཞེས་པའི་བཙུན་པ་ཞིག་གིས་བཞེངས་པའི་ཟངས་ཀྱི་མཆོད་རྟེན་ལྔ་ཡོད་ཀྱང་ད་ལྟ་གཉིས་ལས་མེད། དེ་མིན་དགོན་འདིའི་འགྲེམས་སྟོན་ཁང་དུ་འཇམ་དཔལ་གྱི་ཞབས་ལྷམ་སོགས་རྟེན་ཁྱད་པར་ཅན་མང་པོ་ཡོད།
ཡིག་འབྲུའི་མཆོད་རྟེན་ཞེས་པ་ནི། སྔོན་རྒྱལ་པོ་ཁང་ཞིའི་སྐབས་སུའུ་ཀྲོའུ་ཡི་བཟོ་བོ་མཁས་པས་ལོ་བཅུ་གཉིས་ཀྱི་རིང་ལ་སྤྱོད་ལམ་སྤངས་ནས་མདོ་སྡེ་ཕལ་པོ་ཆེའི་ཡིག་འབྲུ་ཚང་མ་མཆོད་རྟེན་གྱི་གཟུགས་སུ་རས་ལ་བྲིས་པ་ཞིག་ཡིན་ནོ། །སྲིད་དུ་ཁྲུ་བཅུ་བདུན་དང་ཞེང་ལ་ཁྲུ་ལྔ་འདུག ཡང་འདིར་སྔོན་སུང་རྒྱལ་རབས་ཀྱི་དུས་སུ་དབྱང་ཝུའུ་ལང་(杨五郎)ཞེས་པའི་དཔའ་བོ་ཞིག་རི་བོ་རྩེ་ལྔ་ནས་རབ་ཏུ་བྱུང་ཞིང་། ཕྱིས་སུ་ཁོང་གིས་ལག་པ་ཡ་གཅིག་གིས་རྟག་ཏུ་རྩེད་མོ་བྱེད་པའི་ལྕགས་དབྱུག་རྒྱ་མ་བརྒྱད་ཅུ་གྱ་གཅིག་ཅན་ཞིག་ཡོད་པ་འུ་ཅག་གིས་ལག་པ་གཉིས་ཀྱིས་ཀྱང་འདེགས་དཀའོ། །དགོན་པའི་ཕྱི་སྒོའི་སྟེང་ན་མིང་རྒྱལ་རབས་དུས་སུ་ཟངས་རྒྱ་མ་སྟོང་ཕྲག་དགུ་དང་དགུ་བརྒྱ་གོ་དགུ་དང་ཕྱེད་ཀྱིས་བཞེངས་པའི་དྲིལ་བུ་ཆེན་པོ་ཞིག་ཡོད། དེའི་སྒྲ་སྤྱི་ལེ་ལྔའི་བར་དུ་འགྲོ་ཞིང་ཐོས་ཚད་ལ་ངན་སོང་མེད་པར་གསུངས། ཕྱི་ནང་ཐམས་ཅད་ངོ་མཚར་གྱི་བཀོད་པ་དུ་མས་ཕྱུག་ཅིང་གཟབ་ཡིག་ཁྲི་ཕྲག་ལྷག་གསལ་བོར་དོད་ཡོད། འདི་ལ་ད་ལྟ་རྒྱ་དང་སོག་པོ་རྣམས་ཀྱིས་གཤིན་པོའི་བསྔོ་ཡིག་སོགས་འཕེན་གྱིན་འདུག
༡༡ འཇམ་དཔལ་གསུང་འབྱོན་དགོན།
ཡོངས་གྲགས་སུ་འཇམ་དཔལ་གསུང་འབྱོན་མའི་དགོན་པའམ་ཧྲུའུ་ཞང་སི་(殊像寺)ནི། མཆོད་རྟེན་ཆེན་པོའི་ལྷོ་ཕྱོགས་སུ་སྤྱི་ལེ་གཅིག་ལྷག་གི་མཚམས་སུ་ཡོད། འཇམ་དཔལ་གསུང་འབྱོན་མ་འདིའི་མཚན་གཞན་ལ་འཇམ་དཔལ་བྲ་ཕྱེ་མགོའམ་རྩམ་མགོ་མ་ཞེས་ཀྱང་གྲགས་ཏེ། འདིར་མིང་རྒྱལ་རབས་ཀྱི་དུས་སུ་འཇམ་དཔལ་གྱི་སྐུ་ཞིག་བཞེངས་ཀྱང་དེའི་དབུ་ནི་སུས་ཀྱང་ལེགས་པར་བཟོ་མ་ཤེས་པར་ལུས་པ་ན། ཉིན་ཞིག་ནམ་མཁའི་སྤྲིན་ཕྲེང་འཇའ་འོད་ཀྱི་ཀློང་ན་འཕགས་པ་འཇམ་པའི་དབྱངས་སེང་གེ་ལ་ཆིབས་པའི་སྐུ་ཤིན་ཏུ་ཡིད་དབང་འཕྲོག་པ་ཞིག་ཀུན་གྱིས་མངོན་སུམ་དུ་མཇལ་བྱུང༌། དེ་ཚེ་བཟོ་བོས་མྱུར་དུ་བྲ་ཕྱེ་ཡིས་འཇམ་དཔལ་དེའི་དབུ་ཇི་ལྟ་བ་བཞིན་དུ་བྱས་སོ། །དེ་རྗེས་གཟོད་མི་སྣང་བར་གྱུར་སོང༌། ཕྱིས་སུ་འཇིམ་པ་སོགས་ཀྱིས་དབུ་ལན་འགར་བྱས་ཀྱང་ལེགས་པར་མ་བྱུང་བས། སྔར་གྱི་བྲ་ཕྱེ་ལས་བྱས་པའི་དབུ་དེ་ཉིད་སྦྱར་བ་ན་ཆེས་ལེགས་པོར་གྲུབ་བོ། །
ཡང་གསུང་སྲོལ་གཞན་ཞིག་ནི་སྐུ་འདི་ཉིད་མིང་རྒྱལ་རབས་ཀྱི་དུས་སུ་རྒྱ་ནག་རྒྱལ་པོས་བཟོ་བོ་འགའ་ཞིག་ལ་བཞེངས་དགོས་པའི་བཀའ་གནང་ཞིང༌། དེ་དག་གིས་དབུ་མ་གཏོགས་པ་བཞེངས་ཟིན་རྗེས། ཉིན་ཞིག་སང་ཉིན་རྒྱལ་པོ་གནས་འདིར་འོང་ངོ་ཞེས་ཐོས་པས་བཟོ་བོ་རྣམས་སྐྲག་ནས་མྱུར་དུ་བྲ་ཕྱེ་ཡིས་དབུ་བྱས་སོ། །ཕྱི་ཉིན་ནངས་པར་རྒྱལ་པོ་བྱོན་ནས་དགེ་འདུན་རྣམས་བསྡུས་ཏེ་རབ་གནས་དང་རྟེན་བཞུགས་མཛད་ནས་སླར་ལོག་སོང༌། དེ་རྗེས་བཟོ་བོ་རྣམས་ཀྱིས་དབུ་དེ་ལེགས་པོར་བརྗེ་སྙམ་དུ་བཅད་ཀྱང་མ་ཆོད། དེ་ཚེ་འཇམ་དཔལ་གྱི་སྐུས་དངོས་སུ་གསུང་འབྱོན་ནས། དེ་བརྗེ་མི་དགོས་ཞེས་གསུངས་པས་འཇམ་དཔལ་གསུང་འབྱོན་མ་ཞེས་གྲགས་སོ། །ཕྱི་མ་འདི་དཀར་ཆག་ན་མ་མཐོང་ཡང་གནས་འདིའི་སྐྱེ་བོ་ཡོངས་ལ་རླུང་ལྟར་གྲགས་པས་འདིར་བཀོད་པའོ། །
མདོར་ན་སྐུ་འདི་ཉིད་ད་ལྟའང་མ་ཉམས་པར་བཞུགས་ལ། འཇམ་དཔལ་སེང་གེ་ལྗང་གུར་ཆིབས་པ་ཆེས་རྔམ་བརྗིད་དང་ལྡན་པར་འདུག འདི་ནི་གནས་འདིའི་སྐུ་ཐམས་ཅད་ཀྱི་ཆེ་ཤོས་ཏེ་མཐོ་དམན་ལ་ཁྲུ་ཉེར་བདུན་ལྷག་ཡོད། འདིའི་དྲུང་དུ་དུས་ཚེས་བཟང་པོར་ཆོས་རྗེ་ཉིད་བྱོན་ཏེ་སྨོན་ལམ་སོགས་རྒྱ་ཆེར་གསུངས་ཤིང༌། སྐུ་ལ་ཕྱག་མཚན་གསོལ་བར་མ་ཟད། ད་ལན་དགོན་འདིར་སྟོན་པ་ཤཱཀྱ་ཐུབ་པ་དང༌། དགྲ་བཅོམ་ཤཱ་རིའི་བུ་དང་མོའུ་གལ་བུ་སོགས་ཀྱི་སྐུ་མང་པོ་གསར་བཞེངས་མཛད།
ཡང་དགོན་འདིར་དྲི་མེད་ལྷ་ཁང་ངམ་ཝུའུ་ཀོའུ་ཏེན་(无垢殿)ཞེས་པ་ཞིག་ཡོད་པར་གྲགས་ཏེ། ཆིང་རྒྱལ་རབས་ཀྱི་སྐབས་ཤིག་ལ་ལྷ་ཁང་འདིར་གྲྭ་བ་ཞིག་དང་རྒྱལ་པོའི་རིགས་ཀྱི་བུད་མེད་ཅིག་སྟེ། ཁོང་གཉིས་ཀྱིས་ཆོས་འཆད་ཉན་བྱས་པ་ལ། གཞན་རྣམས་བག་ཙམ་གྱི་སྐུར་བ་བཏབ་པ་ཁང་ཞི་རྒྱལ་པོས་གསན་པ་ན། ཁོང་གིས་རྒྱལ་རྒྱུད་ཀྱི་རིགས་ལ་གནོད་པ་དང་བསྟན་པ་ལ་རྨ་སྲོལ་འབྱིན་པར་དོགས་ནས། དགོན་པ་ཡོངས་རྫོགས་བསྲེག་དགོས་པའི་བཀའ་བསྩལ་ཏེ་མི་འགའ་ཞིག་པེ་ཅིང་ནས་མངགས། དེ་དག་འོངས་ནས་ཉིན་གསུམ་གྱི་རིང་ལ་དགོན་འདིར་མེ་ཆེན་སྦར་ཏེ་བསྲེགས་པས་ཁང་པ་གཞན་ཐམས་ཅད་ཚིག་ཀྱང༌། ཁོང་གཉིས་བཞུགས་པའི་ལྷ་ཁང་དེར་མེ་ཡིས་ཅུང་ཟད་ཀྱང་འཇིགས་པར་མ་ནུས་པས་ཐམས་ཅད་ངོ་མཚར་ཏེ། སླར་རྒྱལ་པོ་ལ་ཞུས་ཚེ། རྒྱལ་པོས་ཀྱང་སྔོན་གྱི་གཏམ་དེ་སྐུར་འདེབས་ཡིན་པ་ལ་འཇམ་དཔལ་དབྱངས་ཀྱིས་བདེན་དཔང་མཛད་པར་མཁྱེན་ནས། ཕྱག་དངུལ་ཆེས་མང་པོ་གནང་ནས་སླར་གསར་བཞེངས་བྱས་ཏེ་ལྷ་ཁང་དེར་དྲི་མེད་ལྷ་ཁང་དང༌། དགོན་ལའང་དྲི་མེད་དགོན་ཞེས་པའི་མཚན་གསོལ།
དེའི་ཤར་ཕྱོགས་ཀྱི་མདུན་ཟུར་ན་ཤེར་ཕྱིན་ཆུ་མིག་གམ་པོ་རུའོ་ཆོན་(般若泉)ཞེས་པ་ཞིག་ཡོད་པ་ནི། སྔོན་ཐང་རྒྱལ་རབས་ཀྱི་དུས་སུ་ཧུའེ་ཆན་(慧潜)ཞེས་པའི་བཙུན་པ་ཞིག་གིས་ཞག་སྟོང་ཕྲག་དགུ་དང་དགུ་བརྒྱ་གོ་དགུ་ལ་སྤྱོད་ལམ་གཞན་སྤངས་ཏེ། རྡོ་རྗེ་གཅོད་པ་བཏོན་པའི་བྱིན་རླབས་ལས་ཞག་མ་ཁྲི་གཅིག་ལོངས་པ་ན་གྲུབ་ཆུ་འདི་བྱུང་བར་གསུངས། འདི་ལ་འཇམ་དཔལ་གྲུབ་ཆུ་ཞེས་ཡོངས་སུ་གྲགས་ལ་བཏུང་ན་ཤེས་རབ་འཕེལ་ཞིང་ནད་སེལ་བར་གསུངས་སོ། །
༡༢ བྱིན་རླབས་མྱུར་འཇུག་གླིང་།
བྱིན་རླབས་མྱུར་འཇུག་གླིང་ནི། མཆོད་རྟེན་ར་བའི་གླིང་གི་ལྷོ་ལམ་དུ་སྤྱི་ལེ་གསུམ་ལྷག་གི་མཚམས་ཀྱི་རི་རྩེ་ན་ལྕགས་རི་དམར་སེར་གྱིས་མཐའ་བསྐོར་ཅིང་གཙུག་ལག་ཁང་གི་རྒྱ་ཕིབས་ལ་ཉི་མ་གཞོན་ནུའི་འོད་ཕྲེང་གིས་འཁྱུད་ཚེ་ཡུལ་སྣང་ཐམས་ཅད་ཀྱི་ཁ་དོག་བསྒྱུར་ཏེ་ཆགས་པའོ། །
དེ་ཡང་གནའ་སྔ་མོ་ཞིག་ལ། མི་ཞིག་རི་བོ་རྩེ་ལྔར་གནས་མཇལ་དུ་ཡུན་རིང་པོར་དཀའ་ཚེགས་བརྒྱ་ཕྲག་མང་པོ་སྤྱད་ནས་འོང་ཞིང་། འདིར་སླེབས་དུས་དཀའ་དུབ་བཀྲེས་སྐོམ་གྱིས་རབ་ཏུ་གདུང་ཞིང༌། མུན་ཡང་རུབ་ནས་འགྲོ་ས་མ་རྙེད་པ་དང༌། རི་བོ་རྩེ་ལྔར་ཐག་ཅི་ཙམ་ཡོད་ཀྱང་མ་ཤེས་པར་ལུས་པ་ན། གློ་བུར་དུ་མདུན་ཕྱོགས་ན་མུན་ནག་ཁྲོད་ཀྱི་སྐར་མ་འདྲ་བའི་མེ་འོད་ཅིག་མཐོང་བས་དེར་སོང་བ་ན་ཁྱིམ་ཚང་ཞིག་ཡོད་པ་དེའི་སྒོ་རྡུང་བཞིན། ང་རང་གནས་མཇལ་དུ་འོང་བའི་ལམ་འགྲོ་ཞིག་ཡིན་པས། དོ་ནུབ་གནས་ཚང་ཞིག་གཡར་རོགས་ཞུ་ཞེས་བོས་པ་ན། ཁྱིམ་བདག་དེ་འོངས་ནས་དགའ་བའི་རྣམ་འགྱུར་བཅས་རང་ཁྱིམ་དུ་ཁྲིད་ནས། ནུབ་ཟས་ཀྱང་གནང་ཞིང་ནུབ་མོ་མགྲོན་སྟོན་ཕུན་སུམ་ཚོགས་པ་བཅས་དེར་བསྡད། ནམ་གུང་ན་བུད་མེད་མཛེས་མ་ཞིག་དང་འཕྲད་པ་དང་། དེས་ཁྱོད་རང་གང་ལ་འགྲོ་བ་ཡིན་ཞེས་སོགས་དྲིས་པ་ལ། བདག་རི་བོ་རྩེ་ལྔར་འགྲོ་བ་ཡིན། ད་དུང་ཐག་ཅི་ཙམ་ཡོད། ཅེས་དྲིས་པར། མོ་ན་རེ། ཁྱེད་རི་བོ་རྩེ་ལྔའི་ཐག་ཉེ་སར་ཐོན་ཟིན་པ་ཡིན། ཐག་རིང་བ་ཉིད་ནི་ནམ་མཁའི་མཐའ་དང་མཉམ་མོ། །ཞེས་བགྲོ་གླེང་བྱས་ཤིང༌། ཕྱི་ཉིན་ནངས་མོ་ཁོ་རང་གཉིད་ལས་སད་སྐབས་བལྟས་པ་ན། ལྗོན་ཤིང་ཞིག་གི་རྩ་བ་རུ་མགོ་རྡོ་ལེབ་ཅིག་ལ་བསྔས་ནས་ཉལ་ཡོད། ཕྱོགས་གང་དུའང་དུད་ཚང་དེའི་རྗེས་ཙམ་ཡང་མི་སྣང་བས། བུད་མེད་དང་ཁྱིམ་ཚང་སོགས་ཐམས་ཅད་འཇམ་དཔལ་གྱི་སྤྲུལ་བར་ཤེས་སོ། །གཞན་བུད་མེད་དེ་ལོ་སྟོང་ལོན་པའི་ཝ་མོ་ཞིག་ཡིན་པར་གསུང་སྲོལ་ཡང་སྣང༌།
མདོར་ན་རི་འདབས་ནས་དེ་ལྟའི་ངོ་མཚར་ཆེ་བའི་གཏམ་མང་པོ་བྱུང་བར་བརྟེན། མཁས་གྲུབ་མང་པོས་རི་རྩེ་དེར་འཇམ་དབྱངས་དགོན་པ་ཞིག་བཞེངས་དགོས་པར་དགོངས་ཏེ། འཕྲལ་དུ་རི་རྩེ་རུ་དགོན་པ་འདི་ཉིད་བཞེངས་པ་ཡིན་པར་གསུངས། འདི་ནས་བལྟས་ན་ལྷོ་རི་མ་གཏོགས་པའི་རི་རྩེ་གཞན་བཞི་དང་གནས་འདིའི་དགོན་པ་ཐམས་ཅད་ལག་མཐིལ་དུ་བལྟས་པ་ལྟར་གསལ་བོར་མཇལ་ཐུབ་པས་དགོན་འདིར་ད་ལྟ་དད་ལྡན་གྱི་འདུས་ཚོགས་ཆེས་མང་ལ། དབྱར་དུས་སུ་རི་རྩེ་ཐམས་ཅད་མེ་ཏོག་གིས་ཁྱབ་ནས་ཆེས་ཡིད་དབང་འགུགས་པར་སྣང་ངོ༌། །
༡༣ མཚོ་འདུལ་གླིང་།
ཡོངས་གྲགས་སུ་ལྕང་སྐྱའི་དགོན་པ་སྟེ་མཚོ་འདུལ་གླིང་ངམ་ཀྲེན་ཧའེ་སི་(镇海寺)ཞེས་པ་ནི། མཆོད་རྟེན་ཆེན་པོའི་ལྷོ་ལམ་དུ་སྤྱི་ལེ་ལྔའི་ཟུར་ན་ཡོད། དགོན་པ་འདིར་སྔོན་སློབ་དཔོན་ཤྲཱི་སིང་ཧ་བཞུགས་སྐབས་མཚོ་མིག་ཅིག་ཡོད་པར་གྲགས་ལ། མཚོ་མིག་དེའི་ཉེ་གམ་ན་ཁྱིམ་ཚང་འགའ་ཞིག་ཡོད། དེའི་གྲས་སུ་རྒན་མོ་མ་བུ་གཉིས་ཡོད་པའི་བུ་མོ་དེ་གཟུགས་ཤིན་ཏུ་མཛེས་ཤིང་། མོས་རྟག་ཏུ་མཚོ་མིག་དེའི་འགྲམ་ནས་གླུ་དབྱངས་ལེན་བཞིན་ཁྲུས་བྱེད་པ་ཡིན། མཚོ་མིག་དེ་ནི་ཤར་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོ་དང་འབྲེལ་ཡོད་པས་ཀླུ་རྒྱལ་གྱི་སྲས་དགུ་པ་དེ་ནམ་རྒྱུན་བུ་མོ་དེར་ཡིད་རབ་ཏུ་ཆགས་ཏེ། ཉིན་ཞིག་བུ་མོས་སླར་ཁྲུས་བྱེད་པའི་སྐབས་ཤིག་ན་ཁོ་རང་གི་བཙུན་མོར་འདོད་ཅིང་བུ་མོ་དེ་མཚོ་ནང་དུ་དྲུད་ནས་ཀླུ་ཡུལ་དུ་ཁྱེར་སོང༌། དེའི་ཚེ་བུ་མོས་རང་གི་མ་རྒན་དང་མི་ཡུལ་སེམས་ལ་འཕྲེང་ཞིང༌། ཀླུའི་ཕོ་བྲང་དང་ལོངས་སྤྱོད་སོགས་ཤིན་ཏུ་ཉམས་དགའ་བ་ཡོད་ཀྱང་མོ་རང་ཀླུ་ཡུལ་དུ་སྡོད་མ་མོས་པར་ཐབས་ལེགས་པོ་ཞིག་བྱ་སྙམ་ནས་ཀླུ་རྒྱལ་གྱི་སྲས་ལ་སྨྲས་པ། བདག་ནི་སངས་རྒྱས་པའི་ཆོས་སྒོར་ཞུགས་ཡོད་པས་ཁྱོད་ཀྱི་བཙུན་མོ་བྱ་དགོས་ན། ཐོག་མར་རང་ཡུལ་དུ་སོང་ནས་བསྙེན་གནས་ཀྱི་སྡོམ་པ་ཞག་གསུམ་ལ་བསྲུང་དགོས། དེ་ནས་ཁྱེད་ཅག་བསུ་མར་ཤོག་དང་ང་རང་ཕྱིར་འོང་ན་ཆོག དེ་ལྟ་མིན་ན་བདག་བསད་ཀྱང་འདིར་མི་སྡོད་ཅེས་བྱས་པས། ཀླུའི་སྲས་པོ་ཡང་བློ་ཐབས་བྲལ་ནས། གལ་ཏེ་ཁྱོད་དེ་དུས་མི་འོང་ན་ངའི་ཤར་གྱི་རྒྱ་མཚོ་འདིས་ཁྱོད་ཅག་གི་གྲོང་ཁྱིམ་ཐམས་ཅད་སྣུབ་པར་བྱེད་དོ། །ཞེས་སྨྲས་ནས་ཞག་གཉིས་ནས་བུ་མོ་སླར་རང་ཡུལ་དུ་བསྐྱལ། མོ་རང་ཁྱིམ་དུ་འབྱོར་བ་ན་མ་རྒན་དགའ་སྤྲོ་དཔག་མེད་སྐྱེས། དེ་ནས་བུ་མོས་གནས་ཚུལ་རྣམས་སྨྲས་པ་ན། མ་རྒན་ཤིན་ཏུ་སྐྲག་ནས་འཕྲལ་ཏུ་མ་བུ་གཉིས་ཀ་འཇམ་དབྱངས་དགོན་དུ་སོང་ནས། འཇིགས་པ་དེ་བཟློག་ཕྱིར་རྗེ་བཙུན་འཇམ་དཔལ་གྱི་སྐུ་དྲུང་དུ་བདུག་སྤོས་སོགས་ཀྱིས་མཆོད་པ་རྒྱ་ཆེར་བྱས་ཏེ་གསོལ་བ་རྩེ་གཅིག་ཏུ་བཏབ་ནས་སོང་། དེའི་ནུབ་མོར་མ་བུ་གཉིས་ཀའི་རྨི་ལམ་དུ། ཧྭ་ཤང་བགྲེས་པོ་ཞིག་འོངས་ནས། ད་ནས་ཉིན་གསུམ་པ་ལ་ཡུལ་མི་རྣམས་དང་བུ་མོ་བཅས་འཇམ་དཔལ་རིགས་ལྔ་དགོན་པའམ་ཏའེ་ལུའོ་ཏིང་(黛螺顶)དུ་སོང་ལ་བདུག་སྤོས་སོགས་ཀྱིས་མཆོད་པ་བྱོས། མ་རྒན་གཅིག་པུ་དེ་ཁྱིམ་དུ་སྡོད་ལ་ཆོས་ཀློག་དང་འཇིགས་པ་ལས་གྲོལ་བར་འགྱུར་རོ། །ཞེས་གསུངས་པ་དང་གཉིས་ཀས་རྨི་སྣང་དེར་བཀའ་དྲིན་ཆེ་ཞུས་ཚེ་གཉིད་ལས་སད། ཕན་ཚུན་དེ་ལྟར་སྨྲས་པས་ངོ་མཚར་སྐྱེས་ནས་ཉིན་གསུམ་པར་དེ་བཞིན་དུ་བྱས་པ་རེད། ཉིན་དེར་ཀླུ་འཁོར་དང་བཅས་པས་རོལ་མོ་དཀྲོལ་བཞིན་བསུ་མར་ཕེབས་པ་ན། བུ་མོ་མེད་པར་མཐོང་ནས་མ་རྒན་ལ་དྲིས་ཚེ། མོས་ཀྱང་མགོ་བོ་མ་བཀྱགས་པར། རི་བོ་རྩེ་ལྔ་འདི་སངས་རྒྱས་ཀྱི་གནས་མཆོག་ཡིན་པས་ཁྱེད་ཅག་གིས་སྐད་སྒྲ་མ་སྒྲོག་ཅེས་སྨྲས་པར། ཀླུའི་སྲས་པོ་རབ་ཏུ་ཁྲོས་ནས་དེ་མ་ཐག་མཚོ་མིག་ནས་ཆུ་རླབས་དྲག་ཏུ་འཕྱོ་ཞིང་གྲོང་ཁྱིམ་ཐམས་ཅད་ཆུས་གང་ཡང་མ་རྒན་ལ་གནོད་པ་མ་བྱུང༌། སླར་ཡང་ཆུ་འཕྱུར་ཡོང་བ་ན་གློ་བུར་དུ་ནམ་མཁའི་ཁམས་ནས་མེ་འོད་ཀྱི་ཕུང་པོ་ཞིག་འུར་སྒྲ་དང་བཅས་ཏེ་བྱུང་ནས་མཚོ་མིག་ལེགས་པོར་བཀབ་ཅིང་ཆུ་རླབས་ཀྱང་ཐད་ཀར་བཅད་པ་ཡིན།
ངོ་མཚར་བརྗོད་ལས་འདས་པའི་མེ་འོད་ཀྱི་ཕུང་པོ་དེ་ནི་འཇམ་དབྱངས་དགོན་པའི་ཐབ་ཟངས་ཡིན་ལ། དེ་ཚེ་གྲོང་པའི་མི་རྣམས་དང་བུ་མོ་བཅས་དགའ་བཞིན་ཕྱིར་འོངས་ནས་འཇམ་དཔལ་དབྱངས་ཀྱི་བཀའ་དྲིན་དྲན་བཞིན་རྟག་ཏུ་གསོལ་བ་བཏབ་བོ། །དེ་ལྟ་བུའི་རྒྱུ་མཚན་གྱིས་གནས་འདིར་དགོན་པ་བཞེངས་པས་མིང་ལ་མཚོ་འདུལ་གླིང་ཞེས་བཏགས། ཐབ་ཟངས་ཀྱི་སྟེང་དེར་མཆོད་རྟེན་བཞེངས་བའི་མིང་ལ་མཚོ་འདུལ་མཆོད་རྟེན་ཞེས་ད་ལྟའང་མཇལ་རྒྱུ་ཡོད།
ཡང་ལྕང་སྐྱ་རོལ་བའི་རྡོ་རྗེ་མཆོག་གིས་རྒྱ་ནག་ཏུ་བསྟན་པ་རིན་པོ་ཆེ་རྒྱ་ཆེར་སྤེལ་ཞིང༌། ཁྱད་པར་དུ་མེ་ཏོག་སྣ་ཚོགས་ཀྱི་ལྡིང་ཁང་དབེན་པའི་རི་ངོགས་ཉམས་དགའ་བའི་དགོན་པ་འདིར་ཡུན་རིང་དུ་ཏིང་ངེ་འཛིན་ལ་བཞུགས། ཕྱིས་སུ་རྒྱལ་པོ་ཆན་ལུང་གི་སྐབས་པེ་ཅིང་ནས་གཟུགས་སྐུའི་བཀོད་པ་ཞི་བའི་དབྱིངས་སུ་བསྡུས་ཏེ། ཁོང་གི་གདུང་རུས་ཀྱིས་ནང་རྟེན་བྱས་པའི་མཆོད་རྟེན་བཞེངས་པ་དགོན་འདིར་ད་ལྟའང་ཡོད། དེ་ལ་གསུང་སྲོལ་མང་ཡང་འདི་ཁུངས་དང་ལྡན་པར་སྣང༌།
༡༤ བསོད་མང་དགོན།
བསོད་མང་དགོན་པའམ་ཏུའོ་ཧྥུ་སི་(多福寺)ནི། ཐའེ་ཡོན་གྲོང་ཁྱེར་གྱི་ནུབ་བྱང་དུ་སྤྱི་ལེ་ཉེར་བཞིའི་མཚམས་ན་ཅུའེ་ཝེ་ཧྲན་(崛围山)ཞེས་པའི་རི་རྩེར་མེ་ཏོག་སྣ་ཚོགས་རྒྱས་ཤིང་ལྗོན་ཤིང་གི་དྲྭ་བས་མཐའ་ནས་བསྐོར་བ། མདུན་དུ་དྭངས་གསལ་གྱི་ཆུ་རྒྱུན་ཆལ་ཆིལ་དུ་འབབ་པའི་གནས་ན་བརྗིད་ཉམས་ལྡན་པར་ཆགས་ཡོད། འདི་ནི་སྔོན་ཐང་རྒྱལ་རབས་ཀྱི་སྐབས་ཏེ། ཕྱི་ལོ་༧༨༦ལ་དགོན་པ་གསར་དུ་བཞེངས་སྐབས་ཆུ་མེད་པས་རི་འདབས་ནས་ཆུ་གྱེན་དུ་ཁུར་ནས་འོང་དགོས། ཐམས་ཅད་ཀྱིས་དུས་རྒྱུན་དུ་ཆུ་ཁུར་པས་མི་མང་པོའི་ཕྲག་པ་རྨ་རུ་གྱུར། དེ་ཚེ་གྲྭ་བཙུན་གཉིས་ཁོ་ནས་རྟག་ཏུ་ཆུ་གྱེན་ལ་འཁུར་དགོས་པར་གྱུར་པས། ཉིན་ཞིག་ལམ་བར་དུ་རྒན་པོ་ཞིག་དང་ཕྲད། དེས་ཁྱེད་གཉིས་ཀྱིས་ཆུ་ཁུར་ནས་ཅི་བྱེད་ཅེས་དྲིས་པ་ལ། ངེད་ཅག་གིས་རི་རྩེར་དགོན་པ་ཞིག་བཞེང་བཞིན་ཡོད་པས་དེར་མཁོ་བ་ཡིན་ཞེས་སྨྲས། རྒན་པོ་ན་རེ། ཁྱོད་མི་གཉིས་ཀྱིས་ཆུ་ཁུར་བ་ལ་བརྟེན་ནས་དགོན་པ་ཞིག་འགྲུབ་སྲིད་དམ། ཧ་ཧ། ཞེས་མཚར་བགད་བྱས་ཤིང་དེར་ངལ་གསོས་ཏེ་གཏམ་གྱི་བགྲོ་གླེང་བྱས། དེ་ནས་རྒན་པོས་སྨྲས་པ། ང་རང་ཉེ་ཟུར་གྱི་རི་བོ་རྩེ་ལྔ་ནས་འོངས་བ་ཡིན་ཞིང༌། ཁ་ཧ་ཅང་སྐོམ་པས་ཆུ་ཞིག་སྩོལ་རོགས་ཞེས་ཆུ་ཟོ་བ་བཞི་པོ་འཐུང་སོང༌། ཁོང་གཉིས་ཀྱིས་ཀྱང་དགའ་བའི་རྣམ་འགྱུར་དང་བཅས་ཏེ་འཐུང་དུ་བཅུག དེ་ནས་རྒན་པོས་ཁྱོད་གཉིས་བཀའ་དྲིན་ཆེ་སོང་ཟེར་ཞོར་རུམ་ནས་སྒམ་ཆུང་ཞིག་བླངས་ནས། འདི་ཉིད་དགོན་པའི་ནུབ་ཟུར་གྱི་སྤང་ཐོག་དེར་ཞོག་ཅིག ཇི་སྲིད་དེར་མ་ཐོན་བར་དུ་ཁ་མ་ཕྱེ་ཞེས་ནན་གྱིས་བཤད་བཞིན་གནང་། སྐབས་དེར་གློ་བུར་དུ་སེང་གེ་ཞིག་འབྱོར་བ་ལ་ཁོ་རང་བཅིབས་ཏེ་འཕྲལ་དུ་མི་སྣང་བར་གྱུར་སོང༌།
དེ་ནས་ལམ་བར་དུ་སྒམ་ཆུང་ནང་ཅི་ཞིག་ཡོད་སྙམ་ནས་ཁ་ཅུང་ཟད་ཕྱེས་པས་འབྲུག་གཉིས་ཤོར་ཏེ་ཆུ་མིག་གཉིས་སུ་གྱུར་སོང་བ་ནི་རི་རྐེད་ཀྱི་ཅིན་ཆོན་(晋泉)དང་ལིའེ་ཧྲི་ཧན་ཆོན་(烈石寒泉)ཞེས་པ་གཉིས་ཡིན་ལ། ཡང་མྱུར་དུ་སྒོ་བརྒྱབ་ནས་སླར་ཁྱེར་ཏེ་དགོན་པར་ཐོན་རྗེས་ཁ་ཕྱེ་བ་ན། ཡང་འབྲུག་གཉིས་བྱུང་སྟེ་ས་འོག་ཏུ་སོང་བས་རྫིང་བུ་གཉིས་སུ་གྱུར།དེ་ནི་འབྲུག་གི་རྫིང་བུ་ཞེས་ད་ལྟའི་ཡན་ལག་བརྒྱད་ལྡན་གྱི་ཆུ་མིག་འདི་ཡིན་ནོ། །
ཕྱིས་སུ་ཁོང་ཅག་གིས་ཀྱང་རྒན་པོ་དེ་འཇམ་དཔལ་སྨྲ་སེང་གི་སྤྲུལ་བར་ཤེས་ཏེ་དགོན་པ་དེར་བསམ་བརྗོད་ལས་འདས་པའི་འཇམ་དཔལ་ལྷ་ཁང་ཞིག་བཞེངས་ཤིང་། དེའི་ནང་དུ་འཇམ་དཔལ་དབྱངས་ཀྱི་སྐུ་ངོ་མཚར་ཆེ་བའི་གཡས་གཡོན་དུ་གྲྭ་བ་དེ་གཉིས་ཀྱི་འདྲ་སྐུ་བཅས་བཞེངས་པས་ཀུན་ལ་མངོན་སུམ་མིག་གི་དགའ་སྟོན་དུ་གྱུར་ནས་ཡོད།
༡༥ རྡོ་རྗེ་ཕུག
རྡོ་རྗེ་བྲག་ཕུག་གམ་ཅིན་ཀང་ཁུའུ་(金刚窟)ཞེས་པ་ནི། མཆོད་རྟེན་ཆེན་པོའི་བྱང་ཕྱོགས་སུ་སྤྱི་ལེ་གཅིག་ཕྱེད་ཙམ་གྱི་མཚམས་སུ་ལོའུ་ཀོན་ཀུའུ་(楼观谷)ཟེར་བ་ཞིག་ཡོད་པ་དེའི་གཡས་ཟུར་གྱི་རི་འདབས་ན་ཡོད་ལ། འདིའི་ནང་རྟག་ཏུ་འོད་ཟེར་དང་སྒྲ་སྐད་སྣ་ཚོགས་ཀྱི་སྣང་བ་འབྱུང་བར་གསུངས། ཁྱད་པར་དུ་ཐང་རྒྱལ་རབས་སྐབས་རྒྱ་གར་གྱི་བཙུན་པ་སངས་རྒྱས་བསྐྱངས་སམ་བུདྡྷ་པཱ་ལི་(佛陀波利)བྱ་བ་རི་བོ་རྩེ་ལྔར་བྱོན་ནས་འཇམ་དབྱངས་ཀྱི་བྱིན་རླབས་ཐོབ་རྗེས་སླར་རྒྱ་གར་དུ་ལོག གཙུག་ཏོར་རྣམ་རྒྱལ་གྱི་གཟུངས་སྤྱན་དྲངས་ཤིང་རྒྱ་ནག་གི་སྐད་དུ་བསྒྱུར་རྗེས། ཕུག་པ་འདིའི་ནང་དུ་བྱོན་ནས་ཕྱིར་འབྱོན་མ་མྱོང་ཞེས་རྒྱ་བོད་ཡིག་ཚང་རྣམས་ལས་ཞལ་མཐུན་པར་གསུངས་པས། དེ་དག་ཐམས་ཅད་ལས་ཅིན་གང་ཁཱུ་ཞེས་བྱུང་ཞིང་། རྒྱ་ནག་ཆོས་འབྱུང་དུ་གིན་ཀང་ཁཱུ་ཞེས་ཀྱང་བྲིས་འདུག ཡང་སྔོན་གཞོན་ནུ་དུ་མ་དང་རས་ཚོང་བ་བཅས་འདིའི་ནང་དུ་སོང་ནས་ཕྱིར་མ་ཐོན་པར་གསུངས་པ་དང་། ལྷ་ཁང་དུ་སངས་རྒྱས་སྨན་བླའི་ཟངས་སྐུ་ཞིག་ཡོད་པ་དེ་ནི་ཟངས་རྒྱ་མ་སྟོང་ཕྲག་བདུན་གྱིས་བཞེངས་པར་གསུངས།
གཞན་ཡང་འཇམ་དཔལ་དབུ་བཞི་ཕྱག་བརྒྱད་དང༌། ཟངས་ཀྱི་སྤྱན་རས་གཟིགས་སོགས་ཡོད་ལ། སྔོན་ཐང་རྒྱལ་རབས་ཀྱི་སྐབས་སུ་བསམ་གཏན་པ་ཡོན་ཀྲུའུ་(元著)ཞེས་པ་ཞིག་གིས་ཕུག་པ་འདིར་བདུག་སྤོས་ཀྱི་མཆོད་པ་ཕུལ་ཚེ། གློ་བུར་དུ་རྒན་པོ་ཞིག་འོངས་ནས་ཉེ་གམ་དེར་མཛུབ་ཚད་བྱས་ཏེ་དེར་དགོན་པ་བཞེངས་ན་འགྲོ་དོན་ཆེ་བར་གསུངས་ཤིང་དེ་མ་ཐག་མི་སྣང་བར་གྱུར་སོང༌། ཁོང་གིས་དེ་འཇམ་དཔལ་ཡིན་པར་ཤེས་ནས་གནས་དེར་དགོན་པ་བཞེངས་ནས་མིང་ལ་ཤེར་ཕྱིན་གླིང་ངམ་པོ་རུའོ་སི་(般若寺)ཞེས་བཏགས། ཕྱིས་སུ་མིང་དང་ཆིང་རྒྱལ་རབས་ཀྱི་སྐབས་སླར་གསོ་བྱས་ཀྱང༌། ཉེ་ཆར་བསྟན་པ་ལ་ཉམས་རྒུད་བྱུང་སྐབས་གཏོར་བརླགས་བྱས་པས་ད་ལྟ་དགོན་ཤུལ་དེ་རྩྭ་ལྡུམ་གྱིས་ཡོངས་སུ་གང་ནས་འདུག
༡༦ རྣམ་རྒྱལ་གླིང་།
རྣམ་རྒྱལ་གླིང་ངམ་ཙུན་ཧྲེང་སི་(尊胜寺)ཞེས་པ་ནི། མཆོད་རྟེན་ཆེན་པོ་ནས་ནུབ་ལྷོ་ཕྱོགས་སུ་སྤྱི་ལེ་བཞི་བཅུ་ཙམ་གྱི་མཚམས་སུ་རི་རྩེར་མཆོད་རྟེན་མཐོན་པོ་ཞིག་མཐོང་བའི་ཉེ་འདབས་སུ་ཡོད། དེ་ཡང་སྔོན་སློབ་དཔོན་སངས་རྒྱས་བསྐྱངས་རྒྱ་གར་ནས་འཇམ་དཔལ་གྱི་ཞལ་མཇལ་བར་རི་བོ་རྩེ་ལྔའི་གནས་འདིར་བྱོན། ད་ལྟའི་དགོན་པ་ཡོད་སར་སླེབས་ཙ་ན་གློ་བུར་དུ་ནགས་ཚལ་ནས་དབུ་སྐྲ་དང་སྨ་ར་དུང་ལྟར་དཀར་བའི་རྒན་པོ་བྲམ་ཟེའི་ཆ་ལུགས་ཅན་ཞིག་བྱུང་ནས། ལེགས་སྦྱར་གྱི་སྐད་དུ་འོང་དོན་ཅི་ཡིན་སོགས་དྲིས་པས། སློབ་དཔོན་གྱིས་གནས་འདིར་འཇམ་དཔལ་མཇལ་དུ་འོང་བ་ཡིན་ཞེས་པ་སོགས་ལན་ཇི་བཞིན་བཏབ།
ཡང་རྒན་པོས་སྨྲས་པ། རྒྱ་ནག་གི་མི་རྣམས་སྡིག་པ་མང་དུ་བསགས་ཤིང་རབ་བྱུང་སྡོམ་ཁྲིམས་ཉམས་མཁན་མང་བས། ད་ལྟ་རྒྱ་གར་ན་གཙུག་ཏོར་རྣམ་རྒྱལ་གྱི་མདོ་ཡོད་པར་བཤད། དེ་ཉིད་མཁོ་གལ་ཤིན་ཏུ་ཆེ་བས་བསྣམས་ཨེ་ཡོད། ཅེས་དྲིས། སློབ་དཔོན་གྱིས་མེད་བྱས་པས། གཟུངས་དེ་སྤྱན་མ་དྲངས་ན་འཇམ་དཔལ་དབྱངས་དང་མཇལ་ཡང་དོན་རེ་ཆུང༌། ཞེས་གསུངས། དེར་སློབ་དཔོན་གྱིས། བཞིན་བཟང་ཉིད་སུ་ཡིན། རྗེ་བཙུན་འཇམ་པའི་དབྱངས་ཡིན་ནམ། ཞེས་དྲིས་པ་ན། ཁོང་གིས་ཡིན་པའང་སྲིད་ཅེས་གསུངས་པས། སློབ་དཔོན་གྱིས་འཕྲལ་དུ་བརྐྱངས་ཕྱག་མཛད་ནས་དབུ་བཏེགས་པ་ན་ཅི་ཡང་མི་སྣང་ངོ༌། །དེ་མ་ཐག་ཁ་ཕྱིར་འཁོར་ནས་རྒྱ་གར་དུ་ལོག་སྟེ་ལོ་མང་པོ་ཐོགས། དེ་ནས་གཟུངས་སྔགས་སྤྱན་དྲངས་ནས་སླར་རི་བོ་རྩེ་ལྔའི་གནས་འདིར་བྱོན་ཏེ་གོང་དུ་བསྟན་པའི་རྡོ་རྗེ་བྲག་ཕུག་ལས་ཕྱིར་མ་བྱོན་པར་གསུངས། སློབ་དཔོན་འདིའི་མཚན་ལ་དམ་པ་རྒྱ་གར་ཡང་ཞུ་སྟེ། རྒྱ་ནག་ཆོས་འབྱུང་བློ་གསལ་དགའ་བའི་རྣ་རྒྱན་ལས། སློབ་དཔོན་བུདྡྷ་པཱ་ལི་སྟེ་སངས་རྒྱས་བསྐྱངས་ཞེས་བྱ་བ། བོད་རྣམས་དམ་པ་རྒྱ་གར་དུ་འབོད་ཅིང༌། ཞེས་སོ། །དེས་ན་སློབ་དཔོན་གྱིས་ཐོག་མར་འཇམ་དཔལ་མཇལ་བའི་གནས་དེར་ཐང་རྒྱལ་རབས་སུ་དགོན་པ་འདི་ཉིད་བཞེངས་ནས་མིང་ལའང་རྣམ་རྒྱལ་གླིང་ཞེས་བཏགས་པ་ཡིན་ནོ། །སྔོན་དེང་སང་ལྟར་རླངས་འཁོར་གྱི་ལམ་མེད་སྐབས་རི་བོ་རྩེ་ལྔར་འོང་བ་རྣམས་འདིར་བརྒྱུད་ནས་འགྲོ་དགོས་པས་གནས་ཀྱི་མིད་ཐག་ཅེས་འབོད་པ་ཡིན།
མདོར་ན་ད་ལྟ་དགོན་པ་འདི་ཉིད་ཆེས་དར་ཞིང་ངོ་མཚར་བའི་ཁང་བཟང་ཡང་བརྒྱ་ཕྲག་གསུམ་ལྷག་འདུག་ལ། ཕྱི་ལོ་༡༩༨༤ལ་ཧོང་ཀོང་ནས་བྱོན་པའི་དགེ་སློང་ཀྲི་ཁའེ་(智开)ཞེས་པས་སྒོར་ཁྲི་ཕྲག་སུམ་བརྒྱ་ལྷག་གིས་དགོན་པ་འདི་སླར་གསོ་མཛད་དོ། །
༡༧ བཀྲ་ཤིས་གླིང་།
བཀྲ་ཤིས་གླིང་ངམ་དྭངས་བསིལ་ཟམ་པ་སྟེ་ཆིང་ལིའང་ཆའོ་(吉祥寺或清凉桥)ཞེས་པའི་དགོན་པ་ནི། མཆོད་རྟེན་གླིང་གི་ནུབ་ཕྱོགས་སུ་སྤྱི་ལེ་ཉི་ཤུའི་མཚམས། ནུབ་རི་དང་དབུས་རི་གཉིས་ཀྱི་ལྷོ་འདབས་སུ་ཤག་ཤག་ཆུ་སྒྲ་འབྱིན་པའི་ཉེ་ཟུར་ན་ཆགས་ཡོད། དེའང་སྔོན་ཐེངས་ཤིག་ལ་རྒྱལ་པོ་ཁང་ཞི་དགོན་པ་འདིར་འོངས་པའི་སྐབས་སུ། ལམ་བར་ནས་གློ་བུར་དུ་སྨུག་སྤྲིན་ན་བུན་འཐིབས་ཤིང༌། མུན་པ་ཡང་རུབ་ལ་ཉེ་ནས་ལམ་ནོར་ཏེ་དགོན་པ་གར་ཡོད་ཕྱོགས་ཙམ་ཡང་མ་གོ་བར་ཅི་བྱ་གཏོལ་མེད་དུ་ལུས་པ་ན། མདུན་ཕྱོགས་ན་རྒྱུད་ཞི་ཞིང་དུལ་བའི་བཙུན་པ་བགྲེས་པོ་ཞིག་མཐོང་ཞིང༌། དེས་ན་བཟའ་ཤིན་ཏུ་ལེགས་པོར་བགོས་ཤིང་ཕྱག་ཏུ་ལྒང་སྒྲོན་ནམ་ཏེང་ལུང་(灯笼)དམར་པོ་ཞིག་ཐོགས་ནས་ཡོད། རྒྱལ་པོ་མྱུར་དུ་དེར་སོང་སྟེ་བཀྲ་ཤིས་གླིང་གི་དགོན་པར་ཇི་ལྟར་འགྲོ་ཞེས་དྲིས་པ་ན། ཁོང་གིས་ཐུགས་དགྱེས་ཚུལ་དང་བཅས་ཏེ། སངས་རྒྱས་འོད་དཔག་མེད་མཁྱེན། ང་རང་དགོན་པ་དེའི་གྲྭ་པ་ཞིག་ཡིན་པས། ངའི་རྗེས་སུ་ཤོག་དང་ལམ་ཁྲིད་བྱེད། ཅེས་གསུངས་ཤིང་། དེ་དང་མཉམ་དུ་སོང་ནས་མི་རིང་བར་ཟམ་པ་ཞིག་བརྒལ་ཏེ་ཕྱིན་པ་ན་དགོན་པ་དེར་འབྱོར། དེ་ནས་འཇམ་དཔལ་ལྷ་ཁང་དུ་ལྷ་མཇལ་དུ་ཁྲིད། ལྷ་ཁང་དུ་ཐོན་མ་ཐག་བཙུན་པ་གློ་བུར་དུ་མི་སྣང་བར་གྱུར། རྒྱལ་པོ་ངོ་མཚར་ཏེ་ལྷ་ཁང་དུ་བལྟས་པ་ན། འཇམ་དཔལ་དབྱངས་ཀྱི་སྐུ་ཞིག་ཡོད་པ་དེས་ཀྱང་ཕྱག་ཏུ་ལྒང་སྒྲོན་དམར་པོ་ཐོགས་ཤིང༌། སྐུ་ལ་གསོལ་བའི་ན་བཟའ་ཡང་སྔར་གྱི་བཙུན་པའི་ན་བཟའི་ཁ་དོག་དང་ཁྱད་པར་སྤུ་ཙམ་ཡང་མེད་པར་འདུག་པས། དེ་ཚེ་སྔོན་གྱི་གྲྭ་བཙུན་དེ་འཇམ་དཔལ་དངོས་ཡིན་པར་ཤེས་ནས་རྒྱལ་པོ་ཁང་ཞི་ཤིན་ཏུ་དད་ཅིང་ལྷ་ཁང་གི་མིང་ལའང་འཇམ་དཔལ་ལྒང་སྒྲོན་ལྷ་ཁང་སྟེ་སྒྲོན་མེའི་ལྷ་ཁང་ཞེས་བཏགས། གཞན་ཡང་བཀྲ་ཤིས་གླིང་གི་མིང་ལ་དྭངས་བསིལ་ཟམ་པ་ཞེས་ཀྱང་གྲགས་ཚུལ་རི་བོ་དྭངས་བསིལ་གྱི་རྣམ་བཤད་ལས་བྱུང་ཞིང་། དགོན་འདིར་འབར་མ་ནས་གདན་དྲངས་བའི་གཡང་ཊིའི་ཐུབ་སྐུ་སོགས་རྟེན་བྱིན་ཅན་མང་དུ་ཡོད།
༡༨ གཡུ་རི་དགོན།
གཡུ་རི་དགོན་ནམ་པི་ཧྲན་སི་(碧山寺)ཞེས་པ་ནི། མཆོད་རྟེན་དཀར་པོ་ནས་བྱང་ཤར་ཕྱོགས་ཀྱི་སྤྱི་ལེ་གཉིས་ཀྱི་མཚམས་སུ་ཡོད། འདིར་སྙན་གྲགས་ཆེ་བའི་གཡང་ཊིའི་སྟོན་པའི་སྐུ་ཞིག་ཡོད་པ་དེ་ནི། སྔོན་ཆིང་རྒྱལ་རབས་ཀྱི་ཧུའེ་ཀེན་(慧根)ཞེས་རི་བོ་གྲུ་འཛིན་དུ་བཞུགས་པའི་བཙུན་པ་དེ། རྒྱ་ནག་གླང་ཆེན་དང་ལྷ་ས་སོགས་བརྒྱུད་དེ་འབར་མ་རྒྱལ་ཁབ་ཏུ་བྱོན། ཁོང་གིས་གཡང་ཊིའི་སྟོན་པ་ལྔ་གདན་དྲངས་ཏེ་ཕྱིར་ལོག དེའི་ནང་ནས་སྐུ་གཉིས་ཧྲང་ཧེ་གྲོང་ཁྱེར་ཕྱོགས་སུ་ཐོན་སྐབས་དེར་བཞུགས་སུ་གསོལ་བས་ཧྲང་ཧེ་གཡང་ཊིའི་དགོན་པ་ཆགས་པ་དང་། གཅིག་པེ་ཅིང་དུ་བཞག གཉིས་རི་བོ་རྩེ་ལྔར་བཞུགས་སུ་གསོལ་བའི་ནང་གི་ཆེ་བ་ཡིན་ཏེ། མཐོ་དམན་ལ་ཁྲུ་དྲུག་ལྷག་ཡོད། སྐུ་ཆུང་བ་དེ་གོང་གི་བཀྲ་ཤིས་གླིང་གི་ཐུབ་སྐུ་དེ་ཡིན། འདི་དག་ལ་སྔོན་དད་ལྡན་ཕོ་མོ་རྣམས་ཀྱིས་གསེར་གྱི་གདུ་བུ་དང་མགུལ་རྒྱན་སོགས་ཀྱང་ཕུལ་ནས་འགྲོ་བར་གསུངས། ལྷ་ཁང་རྒྱབ་མའི་ནང་ངོ་མཚར་ཆེ་བའི་བྱམས་པ་གསུས་པོ་ཆེ་མཐོ་དམན་ཁྲུ་བཅུ་ཡོད་པ་ཞིག་དང་། གཞན་ཡང་རྣམ་སྣང་ལྷ་ཁང་དང་འཇམ་དཔལ་ལྷ་ཁང་གིས་མཚོན་གཙུག་ལག་ཁང་ཆེན་པོ་དྲུག་སོགས་རྟེན་བརྟེན་པའི་བཀོད་པ་ཁྱད་དུ་འཕགས་ཤིང་དད་ལྡན་གྱི་འདུ་ཚོགས་ཀྱང་ལྷག་པར་མང་ངོ་། །
༡༩ གསེར་ཁང་དགོན།
གསེར་ཁང་དགོན་ནམ་ཅིན་ཀོ་སི་(金阁寺)ཞེས་པ་ནི། མཆོད་རྟེན་ར་བའི་གླིང་གི་ནུབ་ཕྱོགས་ཀྱི་སྤྱི་ལེ་བཅུ་བདུན་མཚམས་ཀྱི་གཞུང་ལམ་གྱི་སྟེང་ཕྱོགས་ན་ཡོད་དེ། སྔོན་ཕྱི་ལོ་༧༣༦ལ་སྙན་གྲགས་ཆེ་བའི་བླ་མ་ཏའོ་དབྱི་(道义)ཞེས་པ་རི་བོ་རྩེ་ལྔར་འཇམ་དཔལ་མཇལ་དུ་འོངས་ནས། ད་ལྟའི་དགོན་པ་ཡོད་སར་ཐོན་སྐབས། གློ་བུར་དུ་རླུང་འཚུབ་ཆེན་པོ་བྱུང་ནས་ས་རྡོ་ཐམས་ཅད་གནམ་དུ་ཁྱེར་ཅིང་ས་གནམ་འཁྲིགས་ཏེ་མུན་རུབ་པ་ན། གློ་བུར་དུ་མིག་སྔར་བརྗིད་ཉམས་ཆེ་བའི་དགོན་པ་ཞིག་སྣང་ནས་འགྲོ་ལམ་མ་རྙེད་ལ། དེའི་ལྷ་ཁང་ཐམས་ཅད་ཀྱང་གསེར་འོད་ལམ་ལམ་དུ་འཚེར་ཞིང་ཆེས་ཡིད་དབང་འཕྲོག་པར་མཇལ། ཡུད་ཙམ་ཞིག་གིས་དགོན་པ་སོགས་ཐམས་ཅད་མི་སྣང་བར་གྱུར་སོང༌། དེའི་ཚེ་རླུང་ཡང་འཇམ་ཞིང་ནམ་མཁའ་ཡང་སྔར་བཞིན་གྱུར་ཏོ། །ཁོང་ངོ་མཚར་ཏེ་ཕྱོགས་བཞིར་བལྟས་པ་ན་མདུན་དུ་ལྗོན་ཤིང་ཞིག་ལས་གཞན་ཅི་ཡང་མེད་པས། དེ་འཇམ་དཔལ་གྱི་ཆོ་འཕྲུལ་དུ་ཤེས་ནས་དགོན་པ་བཞེངས་བར་གསུངས།
རི་བོ་རྩེ་ལྔའི་དགོན་པའི་ལོ་རྒྱུས་ཕྱོགས་བསྡུས་ལས་ནི། བཙུན་པ་ཏའོ་དབྱི་རི་བོ་རྩེ་ལྔར་གནས་མཇལ་དུ་བྱོན་ནས་ལྷོ་རིའི་རྒྱུད་དུ་ཐོན་སྐབས། གློ་བུར་དུ་རླུང་འཚུབ་དྲག་པོ་ཞིག་བྱུང་བས་ཁོང་གིས་མིག་བཙུམ་ཞིང་ལག་གཉིས་ཐལ་མོ་སྦྱར་ཏེ་རྩེ་གཅིག་ཏུ་གསོལ་བ་བཏབ་པ་ན། ཡུད་ཙམ་ཞིག་ན་བྱིས་པ་ཞིག་འོངས་ནས། བཙུན་པ་ཇ་གསོལ་བར་གདན་དྲངས། ཁོང་བྱིས་པ་དང་མཉམ་དུ་ནུབ་བྱང་ཕྱོགས་སུ་གོམ་པ་བརྒྱ་ཕྲག་ལྷག་སོང་བ་ན། གསེར་གྱི་ཟམ་པ་ངོ་མཚར་ཅན་ཞིག་སྣང་ངོ༌། །དེ་བརྒྱུད་དེ་སོང་ཚེ་དགོན་པ་ཆེན་པོ་ཞིག་མཐོང་ངོ༌། །དེར་འཕགས་པའི་དགེ་འདུན་པ་མང་ཞིང་གཙུག་ལག་ཁང་དང་ལྕགས་རི་ཚང་མ་གསེར་མདོག་ཏུ་སྣང༌། དེའི་ནང་གཙུག་ལག་ཁང་གསེར་འོད་འཕྲོ་བ་བང་རིམ་གསུམ་པ་ཅན་ས་གཞི་ཐམས་ཅད་རིན་པོ་ཆེ་བཻཌཱུརྱ་ལས་གྲུབ་པ་ཞིག་ཀྱང་ཡོད། དེ་ནས་ཁོང་གྲྭ་ཁང་ཞིག་ཏུ་ཁྲིད་ནས་སོང༌། དེར་གསེར་སྐུད་ལས་བྱས་པའི་གཟིམ་ཁྲི་ཞིག་གི་ནང་ན་བཙུན་པ་བགྲེས་པོ་ཞལ་ཚོམ་དཀར་པོ་ཅན་ཞིག་དང་མཇལ་ཏེ་གཏམ་གྱི་བགྲོ་གླེང་མང་དུ་བྱས། བྱིས་པ་དེས་སླར་ཇ་དྲངས་བར་གསོལ་ཇ་དང་རོ་མཆོག་ལྡན་པའི་ཟས་ལ་རོལ་ཟིན་རྗེས། བཙུན་པ་བགྲེས་པོས་ཀྱང་སྐྱེལ་མ་གནང་ཞིང༌། སླར་བྱིས་པ་དེས་ཁྲིད་ནས་དགོན་པའི་ཕྱི་ནང་ཐམས་ཅད་ལ་ཞིབ་ཏུ་གཟིགས་མོ་བྱས་ཏེ་འོངས་བ་ན་གློ་བུར་དུ་བྱིས་པ་དང་དགོན་པ་སོགས་མི་སྣང་བར་གྱུར། སྐབས་དེར་སྔོན་གྱི་རླུང་ཡང་འཇམ་ཞིང་ནམ་མཁའ་ཡང་དྭངས་ནས་འདུག སློབ་དཔོན་གྱིས་འཇམ་དཔལ་མཇལ་བར་ཤེས་ཏེ་སྤྲོ་བས་རབ་ཏུ་བརྟས་སོ། །ཕྱིས་སུ་རྒྱ་ནག་རྒྱལ་པོ་ཐང་ཐའེ་ཙུང་(唐太宗)གི་བཀའ་བཞིན་རྒྱ་གར་ནས་བྱོན་པའི་སློབ་དཔོན་སྡེ་སྣོད་གསུམ་འཛིན་པུའུ་ཁུང་(不空)ཞེས་པས། བླ་མ་ཏའོ་དབྱི་ཡི་དག་སྣང་ཇི་ལྟ་བ་བཞིན་དགོན་པ་འདི་ཉིད་བཞེངས་ནས་མིང་ལའང་གསེར་ཁང་གླིང་ཞེས་བཏགས་པར་གསུངས་སོ། །ད་ལྟ་དགོན་འདིར་གཙུག་ལག་ཁང་མང་ཞིང་ཁྱད་པར་དུ་ཟངས་ལ་གསེར་ཆུས་བྱུགས་པའི་སྤྱན་རས་གཟིགས་ཕྱག་སྟོང་ཅན་གྱི་སྐུ་ཤིན་ཏུ་ངོ་མཚར་ཆེ་ཞིང༌། མཐོ་དམན་ལའང་ཁྲུ་ལྔ་བཅུ་ང་གསུམ་ཡོད་པས་རི་བོ་རྩེ་ལྔའི་སྐུ་རྟེན་ཆེ་ཤོས་ཡིན། གཞན་སྤྱན་རས་གཟིགས་དང་། ས་སྙིང༌། སྨན་བླ། དུས་གསུམ་སངས་རྒྱས་སོགས་ཀྱི་ལྷ་ཁང་ཆེན་པོ་བརྒྱ་དང་རེ་དགུ་ཡོད་ལ། ལྷ་སྐུ་སྟོང་ཕྲག་ལྷག་བཞུགས་པས། འདི་ནི་རི་བོ་རྩེ་ལྔའི་ལྷ་སྐུ་ཆེས་མང་བའི་དགོན་པ་ཞིག་ཡིན།
༢༠ གཡང་ཊི་དགོན།
གཡང་ཊི་དགོན་ནམ་ཡུས་ཧྭ་སི་(玉华寺)ཞེས་པ་ནི། མཆོད་རྟེན་དཀར་པོའི་ནུབ་བྱང་ནས་སྤྱི་ལེ་བཅུ་གཉིས་ཙམ་ཕྱིན་པའི་སར་ཡོད་ལ། དབུས་རིའི་ཤར་ལྷོའི་རི་རྐེད་དུ་ཆགས་ཡོད། འདི་ནི་ཐང་རྒྱལ་རབས་ཀྱི་སྡེ་སྣོད་འཛིན་པ་པུའུ་ཁུང་གིས་བཞེངས་པའི་རྒྱལ་སྲུང་གསང་སྔགས་གླིང་ཡིན་ལ། གནས་འདིའི་དགེ་ལུགས་པའི་དགོན་པ་སྔ་ཤོས་ཀྱང་ཡིན། རྗེས་སུ་དུས་འགྱུར་སྐབས་གཏོར་བརླག་ཐེབས་ནས་ད་ལྟ་ཤུལ་ཙམ་ལས་མེད།
སྐབས་དེར་དགྲ་བཅོམ་ལྔ་བརྒྱའི་སྐུ་བརྙན་གྲགས་ཅན་བྱུང་བ་ལ་ངོ་མཚར་བའི་གཏམ་རྒྱུད་ཅིག་ཡོད་དེ། སྔོན་མིང་རྒྱལ་རབས་སྐབས་ཀྱི་ཉིན་ཞིག་ལ་གཡང་ཊི་དགོན་པའི་བླ་མ་བགྲེས་པོ་དེས་སློབ་མ་རྣམས་ལ་སྨྲས་པ། ཁྱེད་ཅག་གིས་ཤུལ་དུ་ཆོས་ལེགས་པར་སློབ་ལ་སྡོད། ཁོ་བོས་ནི་དགོན་འདིར་རྟེན་བཞེངས་ལེགས་པོ་ཞིག་བྱ་དགོས་པས་ཡུལ་གཞན་དུ་བསོད་སྙོམས་སུ་འགྲོ་བ་ཡིན་ཞེས་ལྷག་བསམ་རྣམ་དག་གི་སྒོ་ནས་དཀའ་བ་སྤྱད་ཅིང་ཕྱིན་པས། དེང་སང་གི་མེང་རྫོང་(孟县)གི་ཕྱོགས་ནས་ལྕགས་ཧ་ཅང་མང་པོ་རྙེད། ལྕགས་དེ་རྣམས་མགར་བ་མང་པོར་གཏད་ནས་དགྲ་བཅོམ་པ་ལྔ་བརྒྱའི་སྐུ་མགར་དུ་བཅུག དེ་ནས་ལོ་ཕྱེད་ཙམ་གྱིས་དགྲ་བཅོམ་ལྔ་བརྒྱའི་སྐུ་ལེགས་པར་གྲུབ་ཀྱང༌། སྐབས་དེར་དེང་སང་ལྟར་གཞུང་ལམ་སོགས་མེད་པ་དང༌། སྐུ་འདྲ་རྣམས་ཤིན་ཏུ་ལྕི་བས་རྟ་དྲེལ་སོགས་ལ་ཁལ་དུ་བཀལ་ནའང་འདེགས་མི་ཐུབ་པས། ད་དགོན་ནང་དུ་གདན་དྲངས་པར་ཐབས་ཅི་དགའ་སྙམ་བཞིན། དགྲ་བཅོམ་པ་ཁྱེད་རྣམས་རང་སྟོབས་ཀྱིས་རི་བོ་རྩེ་ལྔའི་དགོན་པར་བྱོན་སོང་ན་ཅི་མ་རུང་ཡ། ཞེས་ཆིག་ལབ་བྱས་པ་ན། དེ་མ་ཐག་ལྕགས་ཀྱི་དགྲ་བཅོམ་རྣམས་གྱེན་དུ་བཞེངས་ནས་དངོས་སུ་གོམ་པ་སྤོས་ཏེ་བྱོན་པས། བླ་མ་ཧ་ཅང་དགའ་སྟེ་མྱུར་དུ་ལམ་ཁྲིད་བྱས་ཤིང་སླར་རི་བོ་རྩེ་ལྔའི་གཡང་ཊི་དགོན་པར་འོངས། དེའི་ཚེ་ཁོང་གི་སློབ་མ་རྣམས་ཀྱིས་མཐོང་ནས་དགའ་བསུ་ཞུས་ཏེ་དགྲ་བཅོམ་རྣམས་ལྷ་ཁང་དུ་བཞུགས་སུ་གསོལ་ཅིང་རེ་རེ་བཞིན་བརྩིས་པ་ན། བཞི་བརྒྱ་གོ་དགུ་ལས་མེད་པས་གཅིག་མ་ཚང༌། སླར་ཞིབ་ཏུ་བརྩིས་ཀྱང་མི་ཚང་བར་འདུག་པས་ཕྱིར་འཚོལ་དུ་ཕྱིན་པ་ན། དེང་སང་གི་སི་ཀོའུ་ཚུན་(寺沟村)ཞེས་པའི་གྲོང་མཐའ་ན་བཞུགས་འདུག
གཅིག་དེར་ལུས་འགྲོ་བའི་རྒྱུ་མཚན་ནི། དགྲ་བཅོམ་འདི་ཉིད་ཐམས་ཅད་ཀྱི་རྗེས་མ་ཡིན་ལ། འདིར་ཐོན་སྐབས་ཆུ་འགྲམ་ན་བུ་མོ་ཞིག་གིས་གོས་འཁྲུད་ཀྱིན་ཡོད་པ་མཐོང་ནས་དགྲ་བཅོམ་པ་དེར་ཕྱིན་ནས་སྨྲས་པ། འདི་ནས་རི་བོ་རྩེ་ལྔའི་གཡང་ཊི་དགོན་པ་ལ་ཐག་ཅི་ཙམ་ཡོད་ཅེས་བྱས་པར། བུ་མོས་སྤྱི་ལེ་སུམ་ཅུ་ཡོད་ཅེས་ལན་བཏབ། ཡང་དེས་ང་རང་ནི་དགོན་དེར་འགྲོ་བའི་དགྲ་བཅོམ་པ་ཞིག་ཡིན་པས་དེ་རིང་ཐོན་ཨེ་ཐུབ་ཅེས་དྲིས་པ་ན། བུ་མོ་དགོད་བཞིན་དུ་སྨྲས་པ། ད་ལྟ་ཉི་མ་ནུབ་ལ་ཉེ་བས་ཁྱོད་མི་ཞིག་མ་གཏོགས་ལྕགས་ལས་བྱས་པའི་དགྲ་བཅོམ་ཞིག་ཡིན་ཡང་ཐོན་ག་ལ་ཐུབ་སྟེ་མི་ཐུབ་བོ་ཞེས་སྨྲས་པ་ན། ལྕགས་ལས་བྱས་ཞེས་པའི་སྒྲ་དེ་ཐོས་མ་ཐག་དགྲ་བཅོམ་གྱི་སྐུའི་རྣམ་པ་སྔར་བཞིན་གཡོ་འགུལ་ཅུང་ཟད་ཙམ་ཡང་མེད་པར་དེར་ལུས་སོ། །དེ་མཐོང་ནས་བླ་སློབ་རྣམས་ཀྱིས་གཡང་ཊི་དགོན་དུ་གདན་དྲངས་འདོད་ཀྱང༌། སྐུ་དེ་ཉིད་སྒུལ་ཙམ་ཡང་མ་ཐུབ་པས་དེར་ལྷ་ཁང་ཞིག་བཞེངས་ཏེ་མིང་ལའང་ལྕགས་སྐུའི་གླིང་ཞེས་པའི་དགོན་པ་བཏབ།
དེས་ན་དགོན་པ་དེར་དགྲ་བཅོམ་བཞི་བརྒྱ་གོ་དགུ་ཡོད་པ་ཡིན། འོན་ཀྱང་ཕྱིས་སུ་བསྟན་པ་ལ་ཉམས་རྒུད་བྱུང་སྐབས་ཆུ་འགྲམ་གྱི་ལྕགས་སྐུའི་གླིང་དང་གཡང་ཊི་དགོན་གཉིས་ཀ་བཤིག་ནས་ད་ལྟ་མི་འདུག དེ་ལྟ་ནའང་དགྲ་བཅོམ་གྱི་སྐུ་ཉིས་བརྒྱ་ལྷག་ནི་ད་ལྟའི་ཞན་ཐུང་སིའམ་གོང་དུ་སྨོས་པའི་མངོན་པར་གསལ་བའི་གླིང་གི་གཞལ་ཡས་ཁང་ཆེན་པོར་ཡོད་ཅེས་གནས་འདིའི་དཀར་ཆག་ཆེས་མང་པོར་གསུངས་སོ། །
༢༡ ཚེ་བདེ་གླིང་།
ཚེ་བདེ་གླིང་ངམ་ཧྲོའུ་ཉིང་སི་(寿宁寺)ཞེས་པ་ནི། མཆོད་རྟེན་ཆེན་པོའི་ནུབ་བྱང་ཕྱོགས་སུ་སྤྱི་ལེ་གཅིག་ཙམ་སོང་མཚམས་ཀྱི་རི་རྐེད་ན་ཡོད། དེའང་སྔོན་ལྷོ་བྱང་རྒྱལ་རབས་ལས་བྱང་ཆིའི་(北齐)སྐབས་ཀྱི་རྒྱལ་སྲས་ཤིག་གིས་དམག་འཁྲུག་མང་དུ་བྱས་མཐར་རང་ལ་རྨས་སྐྱོན་ཕོག་ཅིང་ནད་ཀྱིས་ཐེབས་པས་སྨན་བཅོས་བྱས་ཀྱང་མ་ཕན་པར་རི་བོ་རྩེ་ལྔར་འོངས་ནས་འཇམ་དཔལ་ལ་གསོལ་བ་བཏབ། ནུབ་གཅིག་རྨི་ལམ་དུ་རྒན་པོ་ཞིག་འོངས་ནས་ཁྱོད་ཀྱིས་འཕགས་ལམ་སྒྲུབ་པའི་བརྩོན་པ་ཞན་པར་འདུག་ཅེས་གསུངས་པ་རྨིས་པས། ཁོའི་བསམ་པ་ལ་ད་ནི་སྔོན་གྱི་སྡིག་བཤགས་སུ་རང་ལུས་ལྟོས་མེད་དུ་ཕུལ་བར་བྱའོ་སྙམ་ནས། ཕྱིར་ནངས་ཤིང་རྩིག་བྱས་ཏེ་ལུས་པོ་མེ་ལ་བསྲེགས་པར། མེ་འོད་ཀྱི་ཀློང་ནས་འཇམ་དཔལ་གྱི་སྐུ་ངོ་མཚར་ཅན་ནམ་མཁར་བསྐྱོད་པ་སྐྱེ་བོ་མང་པོས་མངོན་སུམ་དུ་མཇལ་བས། དེའི་ཤུལ་དུ་དགོན་པ་འདི་ཉིད་བཞེངས་སོ། །འདིར་འཇམ་དཔལ་ལྷ་ཁང་ཟུར་དྲུག་པ་དང༌། ལྷ་ཁང་དབུས་མར་ལྕགས་ལས་བྱས་པའི་སྟོན་པའི་སྐུ་ཡོད་ཅིང་། དེའི་མཐོ་དམན་ཁྲུ་བདུན་དང༌། ལྗིད་ཚད་རྒྱ་མ་ཁྲི་ཕྲག་གཉིས་ཡོད་པས་རི་བོ་རྩེ་ལྔའི་ཆེས་ལྕི་བའི་ལྷ་སྐུ་ཡིན་པར་བཤད།
༢༢ རྒྱལ་ཡུམ་ཕུག
རྒྱལ་ཡུམ་ཕུག་པའམ་སངས་རྒྱས་སྟོང་གི་ཕུག་པ་སྟེ་ཆན་ཧྥོ་དོང་(千佛洞)ཞེས་པ་ནི། མཆོད་རྟེན་ཆེན་པོའི་ལྷོ་ལམ་དུ་སྤྱི་ལེ་ཉི་ཤུ་ཙམ་གྱི་མཚམས་སུ་སྤྲིན་དཀར་གླིང་(白云寺)ཞེས་པའི་དགོན་པ་ཡོད་ལ། དེ་ནས་ལྷོ་རིའི་རྒྱུད་ཀྱི་ལུང་པའི་ནང་དུ་སྤྱི་ལེ་གཉིས་ཕྱེད་སོང་བའི་མཚམས་སུ་ཡོད། འདིའི་ལམ་བར་ན་གནས་ཆེན་བརྒྱ་རྩའི་བྱིན་རླབས་གཅིག་འདུས་ཀྱི་གནས་ས་དམར་པོ་ཞིག་ལེན་རྒྱུ་ཡོད། དེའང་ཕུག་པ་འདིར་མིང་རྒྱལ་རབས་ཀྱི་དུས་སུ་ཧྭ་ཤང་ཏའོ་ཧྥང་(道方)ཞེས་པ་ཞིག་གིས་སྒྲོན་མེའི་འོད་མཐོང་ནས་ཕུག་པའི་ནང་དུ་སོང་བས་གཡང་ཊི་ལས་བྱས་པའི་སངས་རྒྱས་ཀྱི་སྐུ་མང་པོ་མཇལ། གཏིང་དུ་ཕྱིན་པ་ན་རྒྱ་མཚོའི་རྦ་རླབས་ཀྱི་སྒྲ་ཐོས་པས་ཁོང་ཧ་ཅང་སྐྲག་ནས་ཕྱིར་བྲོས་པར་བརྩམས་ཀྱང་ལམ་མ་རྙེད། མྱུར་དུ་སྤྱན་རས་གཟིགས་ལ་གསོལ་བ་བཏབ་ནས་རྟེན་མང་པོ་བཞེངས་བའི་ཁས་ལེན་བྱས། དེའི་ཚེ་གློ་བུར་དུ་སྒྲོན་མེའི་འོད་ཤིན་ཏུ་གསལ་བ་ཞིག་བྱུང་ཞིང་དེ་ལ་བརྟེན་ནས་ཕྱིར་འོངས་པ་ཡིན་ལ། ཕྱིས་སུ་ཕུག་པའི་སྒོ་མཚམས་སུ་རྡོ་སྐུ་སོགས་རྟེན་མང་དུ་བཞེངས་སོ། །འདི་ལ་སོང་ནས་སྨོན་ལམ་བཏབ་ན་ད་ལྟའི་ཕ་མ་གཉིས་ཀྱི་དྲིན་ལན་སོད་པས་ཕ་མའི་དྲིན་ལན་བསབ་པའི་སྒྲུབ་ཕུག་ཅེས་ཀྱང་ཟེར། ཕུག་པའི་ནང་ཐམས་ཅད་རང་བྱུང་གི་སྐུ་ངོ་མཚར་ཅན་བགྲང་ལས་འདས་པས་གང་ཞིང་ད་ལྟ་དགོན་པའང་ཡོད་དོ། །
༢༣ འཇམ་དཔལ་རིགས་ལྔ་དགོན།
འཇམ་དཔལ་རིགས་ལྔ་དགོན་པའམ་ཏའེ་ལོ་ཏིང་(黛螺顶)ཞེས་པ་ནི། མཆོད་རྟེན་ཆེན་པོའི་མདུན་ངོས་ཤར་ཕྱོགས་ཀྱི་རི་རྩེ་ཞིག་ན་ཡོད། འདིར་གོང་མ་ཆན་ལུང་རྒྱལ་པོའི་བཀའ་བཞིན་དགོན་བདག་བླ་མ་ཆིང་ཡུན་(青云)ཞེས་པས་འཇམ་དཔལ་རིགས་ལྔའི་སྐུ་བཞེངས་པ་ནས་བཟུང་གནས་འདིར་ཕྱིན་ན་རི་རྩེ་ལྔ་པོ་ལ་ཕྱིན་པའི་ཕན་ཡོན་འཐོབ་པར་གསུངས་པས། རི་བོ་རྩེ་ལྔ་ཆུང་བ་ཞེས་ཀྱང་གྲགས། འདིར་རི་རྩེ་ལྔ་པོའི་བྱིན་རླབས་གཅིག་ཏུ་འདུས་ཤིང་ཁྱད་པར་དགུན་དུས་སུ་རི་རྩེ་གཞན་རྣམས་གྲང་ངར་ཆེ་བས་བགྲོད་དཀའ་ཕྱིར་གནས་འདིར་མཇལ་སྐོར་སྒྲུབ་པ་བྱས་ན་བྱིན་རླབས་ཆེ་ཞེས་མཁས་གྲུབ་དུ་མས་རྒྱ་ཆེར་བསྔགས་པར་མཛད། ད་ལྟ་དགོན་འདིར་གཙུག་ལག་ཁང་དང་སྐུ་གསུང་ཐུགས་རྟེན་ཆེས་ཆེར་དར་ཞིང༌། བཀའ་དྲིན་མཚུངས་མེད་ཆོས་རྗེ་ཉིད་ཀྱང་ཞབས་ཐང་ལ་འདིར་བྱོན་ནས་ཟབ་རྒྱས་ཀྱི་སྨོན་ལམ་དང་གནས་འདིའི་བཀོད་པ་ཡ་མཚན་ཆེ་བའི་སྐོར་གྱི་གསུང་གླེང་མང་དུ་མཛད་དོ། །
༢༤ རྒྱལ་སྲས་འཕགས་པ་ཁྲི་གླིང་།
རྒྱལ་སྲས་འཕགས་པ་ཁྲི་གླིང་(文殊说法台)ནི། འཇམ་དཔལ་རིགས་ལྔ་དགོན་པའི་གཡས་ཕྱོགས་ཀྱི་རི་ངོས་སུ་ཡོད། འདིར་མགོན་པོ་འཇམ་པའི་དབྱངས་ཀྱིས་རྒྱལ་སྲས་འཕགས་པ་ཁྲི་ཕྲག་གཅིག་ལ་དུས་རྒྱུན་དུ་ཆོས་འཁོར་བསྐོར་བའི་གནས་ཡིན་པས་དེ་ལྟར་དུ་གྲགས་ཤིང༌། འགྲོ་བ་མཆོག་དམན་དུ་མར་འཇམ་དཔལ་གྱི་ཞལ་གཟིགས་པས་ཞལ་གཟིགས་བ་གམ་གླིང་དུའང་གྲགས། གནས་འདིར་ཆོས་རྗེ་ཡིད་བཞིན་ནོར་བུ་མཆོག་ཕེབས་ཏེ་ཉིན་གསུམ་ལ་བཞུགས་ཤིང་། གནས་འདིར་རིག་ཀློང་ནས་རྩོལ་མེད་དུ་བརྡོལ་བའི་ལམ་རིམ་བསྡུས་དོན་སྙིང་གཏམ་སྙིང་གི་ཐིག་ལེ་མཛད་ཅིང་ཁྲིད་ལུང་ཡང་ལན་གྲངས་དུ་མར་གནང་བར་མ་ཟད། འཇམ་མགོན་མི་ཕམ་པའི་འཇམ་དཔལ་རྒྱུད་ལུགས་ཀྱི་དབང་རྒྱས་པར་གནང་ཞིང་ཞལ་གདམས་དང་གསུང་གླེང་མང་དུ་བསྩལ།
༢༥ སྤྱན་གཟིགས་ཕུག
སྤྱན་རས་གཟིགས་ཀྱི་སྒྲུབ་ཕུག་གམ་ཀོན་དབྱིན་དོང་(观音洞)ཞེས་པ་ནི། མཆོད་རྟེན་དཀར་པོ་ནས་ལྷོ་ལམ་དུ་སྤྱི་ལེ་གསུམ་ཕྱེད་ཙམ་སོང་བའི་བྲག་རི་ཤིན་ཏུ་གཟར་བའི་འདབས་ནས་རྡོའི་སྐས་ཐེམ་སུམ་བརྒྱ་དང་གོ་བརྒྱད་བགྲོད་མཚམས་སུ་རང་བྱུང་གི་ཕུག་པ་ཉམས་དགའ་བ་ཞིག་ཡོད་པ་དེ་ཡིན། འདིར་བརྩེ་ཆེན་ཕྱག་ན་པདྨོའི་རྣམ་འཕྲུལ་རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོས་ལོ་དྲུག་གི་རིང་སྒོམ་སྒྲུབ་མཛད་ཅིང་། དེའི་རིང་ལ་བུ་མོ་ཆུང་ཆུང་ཞིག་གིས་རྒྱུན་དུ་འོ་མ་ཕུལ་བས་གཙོ་ཆེར་འོ་མ་གསོལ་བ་ཡིན། ཉིན་ཞིག་བུ་མོ་དེར་ཁོ་བོས་གསེར་སྐུད་ཀྱིས་སྤྱན་རས་གཟིགས་ཀྱི་སྐུ་ཞིག་འཚེམ་དྲུབ་བྱས་ནས་ཕུག་པ་འདིར་བཞུགས་སུ་གསོལ་བར་འདོད་ཅེས་གསུངས། ཕྱི་ཉིན་བུ་མོ་དེས་བཙེམས་ཟིན་པའི་སྤྱན་རས་གཟིགས་ཀྱི་སྐུ་ཐང་ཞིག་ཁོང་གི་མདུན་དུ་ཕུལ་བ་ན། ཁོང་ཉིད་ཤིན་ཏུ་ཧང་སང་བའི་ཉམས་དང་བཅས་ཏེ། ཁྱོད་རང་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན་ནམ་ཞེས་དྲིས་པར། བུ་མོ་དེས་ངོ་ཚ་བའི་འཛུམ་དང་བཅས་གློ་བུར་དུ་མི་སྣང་བར་གྱུར། དེ་ནས་རྒྱལ་དབང་དྲུག་པ་ཉིད་ཀྱིས་སྐུ་ཐང་དེར་རབ་གནས་མཛད་པར་བརྩམས་པ་ན། སྐུ་ཐང་གིས་གསུང་འབྱོན་ཏེ། རབ་གནས་རང་ཉིད་ཀྱིས་བྱ་ཆོག་ཅེས་གསུངས། དེ་ནས་བཟུང་རྒྱལ་དབང་དྲུག་པས་ཕུག་པ་དེར་སྤྱན་རས་གཟིགས་ཕུག་པ་ཞེས་པའི་མཚན་གསོལ་བར་མ་ཟད། ཕུག་པའི་ནང་ནས་གྲུབ་ཆུ་བྱིན་རླབས་ཅན་རང་རྡོལ་དུ་བྱུང་བའི་སྤྱན་རས་གཟིགས་ཀྱི་ཆུ་མིག་ཅེས་པ་སོགས་ད་ལྟའང་མཇལ་རྒྱུ་ཡོད། ཕྱིས་སུ་ཕྱི་ལོ་༡༩༠༨ལ་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་ཡང་སོག་ཡུལ་ནས་པེ་ཅིང་དུ་འབྱོན་སྐབས་སྒྲུབ་ཕུག་འདིར་བཞུགས་ཤིང་། གནས་འདིའི་དགོན་སྡེ་མང་པོར་ལོ་ཕྱེད་ཙམ་གྱི་ཡུན་ལ་བཤད་སྒྲུབ་ཀྱི་ཆོས་འཁོར་བསྐོར་བར་གསུངས། ཕུག་སྒོའི་ལྷ་ཁང་ནང་ཐུགས་རྗེ་ཆེན་པོ་སོགས་ཀྱི་སྐུ་རྟེན་མང་པོ་ཡོད་ལ། ཆོས་རྗེ་ཉིད་ཀྱང་འདིར་ལན་གཉིས་སུ་བྱོན་ནས་ཞལ་གདམས་ཀྱི་མགུར་གླུ་སོགས་གསུངས་ཤིང་ཨོ་རྒྱན་ཆེན་པོའི་སྐུ་ཆུང་ངུ་ཞིག་ཀྱང་གསར་དུ་བཞེངས།
༢༦ ལྷོ་རིའི་གླིང་།
སྤྱན་གཟིགས་ཕུག་གི་ལྷོ་ནུབ་ཕྱོགས་ཀྱི་རི་ངོས་ན་ལྷོ་རིའི་གླིང་ངམ་ནན་ཧྲན་སི་(南山寺)ཞེས་པ་ཞིག་ཡོད། འདིའི་ཕྱི་ནང་ཐམས་ཅད་རྡོ་དཀར་ལས་གྲུབ་ཅིང་ཡིད་དབང་འཕྲོག་པའི་རི་མོ་སྣ་ཚོགས་བཀྲ་བ་ནི་སྤྲུལ་བའི་བཟོ་བོ་རྣམས་ཀྱིས་ལོ་བཅུ་གསུམ་གྱི་རིང་ལ་བརྐོས་པར་བཤད་ལ། དཀར་ཆག་ལས་ནི་འདིར་གཞན་ན་མེད་པའི་ངོ་མཚར་དང་བྱིན་རླབས་ཆེ་བའི་དགྲ་བཅོམ་བཅོ་བརྒྱད་ཀྱི་སྐུ་ཡོད་པར་གསུངས། ཡུལ་ལྗོངས་འདི་ཉིད་ལྷག་པར་མཛེས་ཤིང་ཉམས་དགའ་བས་རིགས་ཐ་དད་པའི་དད་ལྡན་གྱི་རྒྱུ་འགྲུལ་ཆེས་མང་བར་སྣང་ལ་དགོན་འདིའི་སྒོ་མཚམས་སུ་རྡོ་སྐས་ཀྱི་ཐེམ་པ་བརྒྱ་དང་བརྒྱད་ཡོད་དོ། །
༢༧ འབྲུག་དགུ་ཆུ་འཐུང་དགོན།
འབྲུག་དགུ་ཆུ་འཐུང་དགོན་པའམ་ལུང་ཆོན་སི་(龙泉寺)ཞེས་པ་ནི། ལྷོ་རིའི་གླིང་ནས་ནུབ་ཕྱོགས་སུ་བལྟས་པ་ན། གཡུ་འབྲུག་འདྲ་བའི་རི་རྒྱུད་དགུས་བསྐོར་ཏེ་ཆུ་མིག་དེར་ཆུ་འཐུང་བཞིན་ཡོད་པ་དང་ཚུལ་མཚུངས་པས་མིང་ལ་དེ་སྐད་དུ་བྱས་པར་གསུངས་ཀྱང་། དཀར་ཆག་འགར། སྔོན་འབྲུག་དགུས་གནས་འདིར་གནོད་པ་བྱས་ཚེ། འཇམ་དཔལ་དབྱངས་ཀྱིས་དེ་རྣམས་དམ་ལ་བཏགས་ནས་རི་འོག་ཏུ་མནན་རྗེས། དྭངས་བསིལ་ཆུ་མིག་ལས་འབྲུག་དགུའི་གཟུགས་བརྙན་རྟག་ཏུ་ཤར་བས་དེ་ལྟར་འབྲུག་ཆུ་མིག་དགོན་པ་ཞེས་ཐོགས་པར་གསུངས།
དགོན་པ་འདིར་གྲགས་ཆེ་བའི་རྡོ་ཡི་རྒྱལ་སྒོ་ཞིག་ཡོད་དེ། སྔོན་མི་སེར་རྒྱལ་ཁབ་(民国)ཀྱི་དུས་སུ་དགོན་འདིར་དངུལ་སྲང་ཁྲི་ཕྲག་གསུམ་དང་སྟོང་ཕྲག་དྲུག་བཞི་བརྒྱ་ལྷག་གི་འགྲོ་སོང་བཏང་ནས། བཟོ་བོ་ཕུལ་དུ་ཕྱིན་པ་བརྒྱ་ལྷག་གིས་ལོ་དྲུག་གི་རིང་རྡོ་ལ་རི་མོ་སྣ་ཚོགས་བརྐོས་ཏེ་བཞེངས་བར་གསུངས་ཤིང༌། རྡོ་དཀར་ལ་རྨ་འབྲུག་འཕུར་ལྡིང་གི་རི་མོ་གྱ་དགུ་སོགས་ཤིན་ཏུ་ངོ་མཚར་བའི་བཀོད་པ་སྣ་ཚོགས་མར་དཀར་གྱིས་བཟོས་པ་ལྟར་དུ་འདུག དེའི་སྒོ་མདུན་ན་ཐེམ་པ་བརྒྱ་དང་བརྒྱད་ཅན་གྱི་རྡོ་སྐས་ཤིག་ཀྱང་ཡོད། འདིར་རྒྱ་ནག་གི་སྐྱེས་ཆེན་དམ་པ་བླ་མ་ཕུའུ་ཅི་(普济)ཞེས་སྐུ་ཚེ་གཅིག་ལ་དགོན་པ་བཅོ་བརྒྱད་བསྐྱར་བཞེངས་མཛད་མྱོང་ཞིང་། དགོན་ནང་གི་འབག་སྐུ་རྣམས་དང་རྟག་ཏུ་གཏམ་གླེང་མཛད་པར་བྱེད་པ་ཞིག་ཡོད་ལ། དེ་ཉིད་ཀྱི་སྐུ་གདུང་གི་མཆོད་རྟེན་ད་ལྟའང་མཇལ་དུ་ཡོད། ཁོང་བྱམས་པའི་སྤྲུལ་པ་ཡིན་པས་མཆོད་རྟེན་གྱི་ཕྱི་ངོས་སུ་བྱམས་སྐུ་མང་པོ་འབུར་དོད་དུ་བྱས་ཡོད་པར་བཤད། གཞན་འཇམ་དཔལ་ལྷ་ཁང་དང་རྒྱལ་ཆེན་ལྷ་ཁང་སོགས་ཀྱིས་མཚོན་ལྷ་ཁང་རྣམས་ལ་ནང་རྟེན་བྱིན་རླབས་ཅན་མང་པོ་བཞུགས་པར་མ་ཟད། ཉེ་ཟུར་གྱི་ཆུ་མིག་དེར་དད་ལྡན་སྐྱེ་བོའི་ཚོགས་ཀྱིས་འཇམ་དཔལ་གྲུབ་ཆུ་ཞེས་དགའ་བས་རོལ་གྱིན་ཡོད།
༢༨ བསོད་ནམས་བྱམས་བརྩེ་དགོན།
བསོད་ནམས་བྱམས་བརྩེ་དགོན་ནམ་ཚི་ཧྥུ་སི་(慈福寺)ཞེས་པ་ནི། བྱང་ཆུབ་སྤོ་ཞེས་པའི་དགོན་པའི་བྱང་ཤར་གྱི་ཉེ་ཟུར་ན་ཡོད། འདི་ཡང་ཆིང་རྒྱལ་རབས་ཀྱི་སྐབས་སུ་བཞེངས་ཤིང་། ལྕང་སྐྱའི་དགོན་པ་དྲུག་གི་ཡ་གྱལ་ཡིན་པར་མ་ཟད། མིང་ཡང་རྒྱ་ནག་རྒྱལ་པོས་གནང་བར་བཤད། འདིར་ཆོས་རྗེ་ཉིད་ཀྱིས་གསར་དུ་བཞེངས་པའི་རྟེན་གྱི་རིམ་པ་ནི། མཁན་སློབ་ཆོས་གསུམ་གྱི་སྐུ་དང༌། ཀུན་མཁྱེན་ཀློང་ཆེན་པ། རྗེ་ཙོང་ཁ་པ། འཇམ་མགོན་ས་སྐྱ་པཎ་ཆེན་ཏེ་འཇམ་དབྱངས་རྣམ་གསུམ་གྱི་སྐུ་དང༌། འཇམ་དཔལ་ཡེ་ཤེས་སེམས་དཔའ། རིག་འཛིན་འཇིགས་མེད་གླིང་པ། ཆོས་རྒྱལ་གླིང་པ་སོགས་ཀྱི་སྐུ་འདྲ་བཞེངས་ཡོད།
༢༩ སྨྱུག་ཚལ་གླིང་།
སྨྱུག་ཚལ་གླིང་ངམ་ཀྲུའུ་ལིན་སི་(竹林寺)ཞེས་པ་ནི། མཆོད་རྟེན་ཆེན་པོའི་ལྷོ་ནུབ་ཕྱོགས་ན་ཡོད། སྔོན་ཐང་རྒྱལ་རབས་སྐབས་ཀྱི་སློབ་དཔོན་ཧྥ་ཀྲའོ་(法照)ཞེས་པ་ཞིག་གིས་གནས་འདིར་སྨྱུག་མའི་ཚང་ཚིང་མཐོང་ཞིང༌། ཡུད་ཙམ་ཞིག་གིས་མི་སྣང་བར་གྱུར་པས་དེ་འཇམ་དཔལ་གྱི་ཆོ་འཕྲུལ་དུ་ཤེས་ནས་དགོན་པ་བཞེངས་པར་གསུངས། ཆོས་རྗེ་ཉིད་ཀྱིས་འདིར་འཇམ་དཔལ་དབྱངས་དང༌། མཁན་སློབ་ཆོས་གསུམ། རྗེ་བཙུན་མི་ལ་རས་པ། རྗེ་ཙོང་ཁ་པ། རིག་འཛིན་རྒོད་ལྡེམ་བཅས་ཀྱི་སྐུ་གསར་དུ་བཞེངས་ཡོད་ལ། ད་ལྟ་རི་བོ་རྩེ་ལྔའི་གནས་འདིར་དགོན་པ་དྲུག་ཅུ་ལྷག་ཡོད་ཅིང༌། དེ་དག་རེ་རེ་བཞིན་འཇམ་དཔལ་གྱི་རྫུ་འཕྲུལ་ལས་བྱུང་བའི་ཚུལ་གྱི་གླེང་གཞི་ཡ་མཚན་ཆེ་བ་རེ་ཡོད་ཀྱང་དེ་ཙམ་ལས་འདིར་མ་བཀོད། གོང་དུ་ཅུང་ཟད་གླེང་བའི་དགོན་པ་རྣམས་ཀྱི་ལྷ་ཁང་དང་རྟེན་གསུམ་སོགས་ལའང་ད་དུང་ཆེས་མང་པོར་འབྲི་རྒྱུ་ཡོད་ཀྱང་ཡིག་ཚོགས་མང་བར་དོགས་ནས་མ་བྲིས་སོ། །
གཉིས་པ་བྱིན་རླབས་ཆེ་བའི་གནས་གསུམ་བྱེ་བྲག་ཏུ་བཤད་པ།
རྒྱལ་བའི་ལུང་དང་འབྲེལ་ཞིང་བྱིན་རླབས་ཆེ་བའི་གནས་གསུམ་བྱེ་བྲག་ཏུ་བཤད་པ་ལ། ནོར་བཟང་ཕུག་དང༌། སྲེད་མེད་བུའི་བྲག་ཕུག འཇམ་དཔལ་བཞུགས་ཁྲི་བཅས་གསུམ་ལས།
༡ ནོར་བཟང་ཕུག
གཞོན་ནུ་ནོར་བཟང་གི་ཕུག་པའམ་ཧྲན་ཚའེ་དོང་(善财洞)ཞེས་པ་ནི། མཆོད་རྟེན་ར་བའི་གླིང་གི་མདུན་ཕྱོགས་ཤར་རིའི་ཉེ་འདབས་འཇམ་དཔལ་རིགས་ལྔ་དགོན་པའི་ཞོལ་དུ་དུར་ཁྲོད་ཆེན་པོ་བསིལ་སྦྱིན་ཞེས་གྲགས་པའི་ཉེ་ཟུར་ན། ནོར་བཟང་དགོན་གོང་འོག་གཉིས་ཡོད་པ་ལས་དགོན་གོང་མའི་ནང་དུ་ཡོད་པའི་ཕུག་པ་དེ་ཡིན། འདི་ནི་གཞོན་ནུ་ནོར་བཟང་གིས་ཐོག་མར་འཇམ་དཔལ་དབྱངས་མཇལ་བའི་གནས་ཡིན་ཏེ། འཇམ་དཔལ་གྱི་ཞལ་ནས། རིགས་ཀྱི་བུ་དགེ་བའི་བཤེས་གཉེན་འཚོལ་བ་ལ་སྐྱོ་བར་མ་བྱེད་ཅིག ཅེས་སོགས་གསུངས་ཤིང་། གཞོན་ནུ་ནོར་བཟང་གིས་དགེ་བའི་བཤེས་གཉེན་བརྒྱ་རྩ་བཅུ་བསྟེན་ཏེ་མཐར་ཁྱེའུ་དཔལ་གྱི་འབྱུང་གནས་དང་བུ་མོ་དཔལ་གྱི་བློ་གྲོས་མས་ལུང་བསྟན་པ་ལྟར། ལྷོ་ཕྱོགས་རྒྱ་མཚོའི་འགྲམ་གྱི་བཟའ་ཤིང་གི་ར་བ་རྒྱལ་མཚན་ཆེན་པོ་ཞེས་པ་ན་བྱམས་པ་བཞུགས་པའི་དྲུང་དུ་སོང་བར། ཁང་བརྩེགས་ཀྱི་ནང་ནས་བྱམས་པས་ཐོག་མར་སེམས་བསྐྱེད་པ་ནས་བཟུང་བྱང་ཆུབ་ཀྱི་སྤྱོད་པ་ཚད་མེད་པ་རྨི་ལམ་དང་སྒྱུ་མའི་འཕྲུལ་བཞིན་དུ་མཐོང་ངོ༌། །
སླར་འཇམ་དཔལ་གྱི་མདུན་དུ་སོང་ཞེས་ལུང་བསྟན་པ་བཞིན་འོང་སྐབས་འཇམ་དཔལ་གྱིས་ཕྱག་བརྐྱངས་ཏེ་གཞོན་ནུ་ནོར་བཟང་གི་མགོ་ལ་བཞག་ཚེ། འཕགས་པ་ཀུན་ཏུ་བཟང་པོའི་དཀྱིལ་འཁོར་རྒྱ་མཚོ་ལྟ་བུ་ལ་དབང་འབྱོར་ཅིང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་མཇལ་ཏེ། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །ཞེས་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གསུངས་པ་སོགས་མདོ་སྡེ་ཕལ་པོ་ཆེའི་ནང་ཚན་སྡོང་པོ་བཀོད་པ་ལས་རྒྱས་པར་གསུངས་པས་དེར་བལྟ་བར་བྱ། འདི་ལའང་རྒྱ་ནག་གི་སངས་རྒྱས་ཕལ་པོ་ཆེའི་མདོ་ཤིན་ཏུ་རྒྱས་པའི་སྡེ་སྣོད་ལོ་ཙཱ་བ་ཧྲི་ཁྲ་ནན་ཐུའོ་(实叉难陀)ཞེས་པའི་འགྱུར་ལས། སྐབས་འདིར་གཞོན་ནུ་ནོར་བཟང་གིས་དགེ་བའི་བཤེས་གཉེན་ལྔ་བཅུ་ང་གསུམ་བསྟེན་པར་གསུངས་པས། གོང་གི་བརྒྱ་རྩ་བཅུའི་གྲངས་དང་མི་འདྲ་བར་གསུངས་པའང་མཐོང་ངོ༌། །
གཞན་ཡང་ཕུག་པ་འདིར་སློབ་དཔོན་སངས་རྒྱས་གཉིས་པ་དང༌། པཎྜི་ཏ་བི་མ་ལ་མི་ཏྲ། སློབ་དཔོན་ཡེ་ཤེས་མདོ། ལྕང་སྐྱ་རོལ་བའི་རྡོ་རྗེ་སོགས་ཡུན་རིང་དུ་ཏིང་ངེ་འཛིན་ལ་བཞུགས་པར་གསུངས་ལ། ད་ཐེངས་ཆོས་རྗེ་ཉིད་ཀྱང་ཞག་བདུན་ཕྲག་གསུམ་དུ་གནས་འདིར་ཏིང་ངེ་འཛིན་ལ་བཞུགས་ཏེ་མཐར་ས་ག་ཟླ་བའི་ཚེས་ཉེར་དགུའི་སྔ་དྲོ་ལ་འཇམ་དཔལ་དབྱངས་ཀྱི་ཞལ་མངོན་སུམ་དུ་གཟིགས་པའི་སྐབས་སུ། ཉིད་ཀྱི་ཞལ་ནས་ཐོལ་བྱུང་དུ་འདི་སྐད་གསུང་།
རྡུལ་བྲལ་སྟོང་པའི་དབྱིངས་དང་རོ་གཅིག་པའི། །མཁའ་དབྱིངས་ཀུན་ཁྱབ་ཡེ་ཤེས་རྡོ་རྗེའི་སྐུ། །མཐོང་བས་མི་ངོམས་མཚན་དཔེའི་ལང་ཚོ་ཅན། །གཞོན་ནུའི་ཚུལ་འཆང་ཁྱེད་ལ་ཕྱག་འཚལ་ལོ། །སྐྱབས་མེད་བུ་ཆུང་མ་ལ་རེ་བ་ལྟར། །ཤུགས་དྲག་དད་པས་དྲངས་པའི་གདུང་ཡུས་ཀྱིས། །ཉིན་མཚན་ཀུན་ཏུ་བཙལ་ཀྱང་ཁྱེད་ཀྱི་སྐུ། །མཇལ་བར་མ་གྱུར་ད་སྔོན་གང་དུ་བཞུགས། །ཁྲི་ཕྲག་གྲངས་ལས་བརྒལ་བའི་སྐྱེ་བོ་རྣམས། །བཤུལ་རིང་ལམ་ནས་ངལ་བ་ཁྱད་བསད་དེ། །མགོན་ཁྱེད་འབའ་ཞིག་དྲན་ནས་འདིར་ལྷགས་ན། །ཐུགས་བརྩེས་འདོར་བར་ཕོད་དམ་སྙིང་རྗེའི་གཏེར། །ཀྱེ་མ་བདག་ཅག་ཉམ་ཐག་སེམས་ཅན་རྣམས། །བཟོད་དཀའ་འཁོར་བའི་བཙོན་དོང་ནང་དུ་ཚུད། །ལས་ཉོན་ལྕགས་སྒྲོག་དམ་པོས་བར་མེད་བསྡམས། །དགེ་བློའི་སྣང་བ་བྲལ་འདི་གཟིགས་ལགས་སམ། །གཟིགས་ན་ཐུགས་རྗེ་ནུས་པའི་རྩལ་ཕྱུངས་ལ། །གཟུང་འཛིན་སྲིད་པའི་འཁྲུལ་སྣང་མ་ལུས་པ། །རྨི་ལམ་སད་པའི་སྣང་བ་ཇི་བཞིན་དུ། །མཉམ་ཉིད་བདེ་ཆེན་ངང་དུ་ཞི་བར་མཛོད། །ཁྱེད་ནི་རྒྱལ་ཀུན་ཕྲིན་ལས་བྱེད་པོ་རུ། །བསྐལ་མང་གོང་ནས་མངོན་པར་མངའ་གསོལ་ཕྱིར། །ཐུབ་བསྟན་དྲི་བྲལ་ཉི་ཟླའི་སྣང་བ་ཡིས། །འགྲོ་བསོད་ལྷ་ལམ་ཁྱོན་ཀུན་འགེངས་པར་མཛོད། །བདག་ནི་མཁའ་ཁྱབ་འགྲོ་ལ་སྨན་སླད་དུ། །ནམ་མཁའ་སྲིད་དུ་བརྩོན་པར་དམ་བཅའ་ན། །ཡབ་གཅིག་ཁྱེད་དང་སྐལ་བ་མཉམ་པ་རུ། །ད་ལྟ་ཉིད་དུ་བྱིན་གྱིས་བརླབ་ཏུ་གསོལ། །ད་ནས་སྐྱེ་དང་ཚེ་རབས་ཐམས་ཅད་དུ། །ལྷ་མཆོག་ཁྱེད་དང་སྐད་ཅིག་མི་འབྲལ་བར། །བཟང་པོ་སྤྱོད་པའི་སྨོན་ལམ་རྒྱལ་པོ་ཡི། །དོན་འབྲས་མཐའ་དག་མངོན་དུ་འགྱུར་བར་ཤོག །
ཅེས་པ་ནི་གནས་མཆོག་རི་བོ་རྩེ་ལྔའི་སའི་ལྟེ་བ་ཤར་རིའི་ཉེ་འདབས་དུར་ཁྲོད་ཆེན་པོ་བསིལ་སྦྱིན་ཞེས་བྱ་བ་རིག་འཛིན་ཤྲཱི་སེང་ཧ། ཨོ་རྒྱན་སངས་རྒྱས་གཉིས་པ། མཁས་པ་ཛྙཱ་ན་སུ་ཏྲ། པཎ་ཆེན་བི་མ་མི་ཏྲ། ལོ་ཆེན་བཻ་རོ་ཙ་ན་སོགས་ཏིང་ངེ་འཛིན་ལ་ཡུན་རིང་དུ་བཞུགས་ཤིང་ཁྱད་པར་དུའང་གཞོན་ནུ་ནོར་བཟང་གིས་འཇམ་པའི་དབྱངས་ཐོག་མར་མཇལ་ཏེ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་དང༌། དེའི་རྗེས་སུ་དགེ་བའི་བཤེས་གཉེན་བརྒྱ་རྩ་བཅུ་བསྟེན་པའི་མཐར་འཇམ་དཔལ་གྱི་མཐུས་ཀུན་ཏུ་བཟང་པོའི་དཀྱིལ་འཁོར་རྒྱ་མཚོ་ལྟ་བུ་མཇལ་ཏེ། བཟང་པོ་སྤྱོད་པའི་སྨོན་ལམ་ཚིགས་སུ་བཅད་པ་གསུང་སྐབས་འཇམ་དཔལ་བཞུགས་པའི་སྒྲུབ་ཕུག་ཁྱད་པར་ཅན་དུ་ངག་དབང་བློ་གྲོས་མཚུངས་མེད་པས་རབ་བྱུང་བཅུ་བདུན་པའི་ཐོག་མ་མེ་ཡོས་ཟླ་༤ཚེས་༢༩ཡི་སྔ་དྲོར་དག་པའི་སྣང་བར་ཅུང་ཟད་འཕྱན་པའི་ཚེ་ངག་ནས་གང་བྱུང་མ་བཅོས་པར་སྨྲས་པ་སྒྲ་ཕབ་འཁོར་ལོ་ལས་སླར་ཡི་གེར་བཀོད་པ་དགེ་ལེགས་འཕེལ།
ཞེས་འཇམ་དཔལ་གྱི་ཐུགས་རྒྱུད་བསྐུལ་ཞིང་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ཚུལ་སོགས་དང༌། ཚུལ་འདིའི་ངོ་སྤྲོད་བཅས་བོད་རྒྱ་སོག་ཡིག་གསུམ་གྱི་ཡེ་གེར་བྱས་ཏེ་ཕུག་པའི་ནང་དུ་བཀོད་ཡོད།
གཞན་ཡང་ད་ལྟ་ཕུག་པ་དེའི་ནང་དུ་དབུས་སུ་འཇམ་དཔལ་ཡེ་ཤེས་སེམས་དཔའི་སྐུ་དང༌། གཡས་ཕྱོགས་ན་གཞོན་ནུ་ནོར་བཟང་གི་སྐུ། གཡོན་ཕྱོགས་ན་ཆོས་རྗེ་ཉིད་ཀྱི་འདྲ་སྐུ་མཆོད་སྦྱིན་གྱི་ཕྱག་རྒྱ་ཅན་ནོར་བུ་དང་བགྲང་ཕྲེང་བསྣམས་པ་བཅས་གསར་དུ་བཞེངས་ཡོད། འདིར་དད་ལྡན་རྣམས་ཀྱིས་སྨོན་ལམ་བཏབ་ན་ཐོག་མེད་ཀྱི་སྡིག་ལྟུང་འདག་ཅིང་དགེ་བསྒྲུབ་སྡིག་སྤང་གི་དམ་བཅའ་བྱས་ན་དེ་དག་གི་དགེ་རྩ་དང་མཉམ་དུ་འདྲེས་ཏེ་བྱང་ཆུབ་འཐོབ་པར་གསུངས། འདིའི་གཡས་ཟུར་གྱི་མདོ་མང་ཐུབ་བསྟན་དགེ་འཕེལ་གླིང་གི་ལྷ་ཁང་དུ། དབུས་སུ་འཇམ་དཔལ་ཡེ་ཤེས་སེམས་དཔའ། གཡས་སུ་གུ་རུ་རྒྱ་གར་མ། གཡོན་དུ་རྗེ་ཙོང་ཁ་པ། དགྲ་བཅོམ་ཉི་ཤུ་བཅས་གསར་བཞེངས་བྱས་ཡོད་ལ། གཞན་མི་ལ་རས་པའི་སྐུ་ཆུང་ངུ་ཤིན་ཏུ་ཡིད་འཕྲོག་པ་ཞིག་ཀྱང་བཞེངས་ཡོད།
༢ སྲེད་མེད་བུའི་བྲག་ཕུག
སྲེད་མེད་བུའི་བྲག་ཕུག་གམ་ན་ལུའོ་ཡན་ཁུའུ་(那罗延窟)ཞེས་པ་ནི། ཤར་རིའི་རྩེ་ན་རྒྱ་མཚོ་མཐོང་བའི་གླིང་ངམ་ཀོན་ཧའེ་སི་(观海寺)ཞེས་པ་ཡོད་ལ། དེའི་ཤར་ཕྱོགས་ཀྱི་རྒྱབ་ངོས་སུ་ཐུར་དུ་སོང་བའི་སྤྱི་ལེ་ཕྱེད་ཅུང་མེད་ཙམ་གྱི་མཚམས་སུ་ཡོད། འདི་ནི་འཇམ་དཔལ་གཞོན་ནུར་གྱུར་པ་བྱང་ཆུབ་སེམས་དཔའི་འཁོར་ཁྲི་ཕྲག་དང་བཅས་ཏེ་རྟག་ཏུ་བཞུགས་ཤིང་ཆོས་ཀྱང་སྟོན་བཞིན་པའི་ཕོ་བྲང་ཉིད་དུ་གསུངས།
ཁྱད་པར་ཤིན་ཏུ་རྒྱས་པའི་སྡེ་སྣོད་སངས་རྒྱས་ཕལ་པོ་ཆེའི་མདོ་ལས། ཙི་ནའི་ཡུལ་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཞུགས་གནས་ཕོ་བྲང་ཞིག་ཡོད་པའི་མིང་ལ་སྲེད་མེད་ཀྱི་བུའི་བྲག་ཁུང་ཞེས་བྱ་བ། བསྐལ་པ་དང་པོའི་དུས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཚོགས་ཤིང་བཞུགས་པའི་གནས་ཡིན་ནོ། །ཞེས་གསུངས། གཞན་ལུའོ་ཡན་ཞེས་པའི་གྲུབ་ཐོབ་ཅིག་ཕུག་པའི་ནང་དུ་ཕྱིན་ནས་སླར་མ་བྱོན་པར་གསུངས་ལ། དེའི་དབུ་ཞྭ་ལུས་པ་སྙིང་པོར་བྱས་ཏེ་མཆོད་རྟེན་བཞེངས་པ་ད་ལྟའང་ཤར་རིའི་རྩེ་མོའི་དགོན་པ་རུ་མཇལ་རྒྱུ་ཡོད། ཕུག་པ་འདི་ཉིད་ཤིན་ཏུ་ངོ་མཚར་བའི་རྟགས་སུ་དབྱར་དུས་སུའང་ཆབ་རོམ་རྒྱུན་དུ་ཆགས་པ་དང་སྒྲུབ་ཕུག་གི་གཏིང་ཀླུའི་ཡུལ་དུ་ཟུག་པས་ཀླུའི་རིགས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་རྟག་ཏུ་འདིར་འདུ་ཞིང་ཆོ་འཕྲུལ་སྣ་ཚོགས་མངོན་སུམ་དུ་སྟོན་ལ། སྐབས་སྐབས་སུ་སྒྲུབ་ཕུག་གི་ནང་ནས་ན་བུན་དང་དུད་སྤྲིན་འཕྱུར་ཅིང་སྐབས་འགར་ལྡིར་སྒྲ་སྣ་ཚོགས་ཐོས་ཐུབ། མི་ཕལ་བ་རྣམས་གནས་འདིར་ཞག་གཅིག་ཙམ་ལས་ལྷག་པར་སྡོད་མི་ནུས་པ་སོགས་བཤད་ཀྱང་ཆོས་རྗེ་ཉིད་ཞག་བདུན་ཕྲག་གཉིས་ལྷག་ལ་བཞུགས་ཤིང༌། ཐོག་མར་བྱོན་ཉིན་གྱི་ཕྱི་དྲོའི་ཐུན་བར་དུ་སྒྲུབ་ཕུག་གི་སྒོ་མཚམས་སུ་སྤྱན་རས་གཟིགས་ཀྱི་བཞུགས་ཁྲི་ཞེས་གྲགས་པ་དེར་འཁོར་དགེ་འདུན་བརྒྱ་ཕྲག་ལྔ་ལྷག་ལ་འཇམ་མགོན་བླ་མ་མི་ཕམ་པས་མཛད་པའི་མཚོ་རྒྱལ་གསོལ་འདེབས་དེ་ཉིད་ཀྱི་ལུང་ཐུགས་སྐྱོ་བའི་ངང་དབྱངས་ལ་དྲངས་ནས་གསུངས།
དེ་ནས་ཉིན་རེ་བཞིན་དུ་གྲོ་ལོད་བདེ་གཤེགས་འདུས་པའི་དབང་དང༌། ཚིག་བདུན་སྤྱན་འདྲེན་གྱི་རྣམ་བཤད་པདྨ་དཀར་པོ། རྡོ་རྗེ་ཚིག་བདུན་དང་འབྲེལ་བའི་བླ་མའི་རྣལ་འབྱོར། ཚོགས་མཆོད་བཅས་གནང༌ཞིང་། སངས་རྒྱས་འཁོར་བཅས་མཆོད་ཐབས་ཞེས་ལས་གླིང་གི་གསུང་ལས་བསྟན་པའི་བདག་པོ་སྟོན་པ་བཀའ་དྲིན་ཅན་གྱི་རྗེས་གནང་དང༌། ཕྱག་རྡོར་དཔའ་གཅིག་གི་དབང༌། ཐུགས་ཆེན་ཆོས་སྐོར་ལས། བདག་བསྐྱེད་བསྡུས་པའི་སྨིན་དབང༌། རིག་འཛིན་འདུས་པའི་གབ་རྒྱ་བཅུ་པ་ལས་གུ་རུའི་ཟབ་དབང༌། རྟ་མགྲིན་ཟབ་དབང༌། མཚོ་རྒྱལ་ཟབ་དབང༌། ཚེ་དབང་བདུད་རྩིའི་བུམ་བཅུད་རྣམས་རིམ་གྱིས་གནང༌། གནས་དེར་རྗེ་ཉིད་ཀྱིས་ཐུགས་གཏེར་དུ་ཕབ་པའི་འཇམ་དཔལ་ཞི་སྒྲུབ་ཀྱི་དབང་ལུང་རྒྱས་སྤྲོས་སུ་ལན་གཉིས་ལ་གནང༌བར་མ་ཟད། འཇམ་མགོན་བླ་མ་མི་ཕམ་རིན་པོ་ཆེས་མཛད་པའི་རྫོགས་ཆེན་གདམས་ངག་སངས་རྒྱས་ལག་བཅངས་མ་དང༌། རྒྱལ་དབང་ཀློང་ཆེན་པའི་ཚིག་དོན་རིན་པོ་ཆེའི་མཛོད་བཅས་ཀྱི་ཁྲིད་ལུང་གནང་། དུས་མཚུངས་སུ་འཇམ་དཔལ་ཞི་སྒྲུབ་ཀྱི་ཆ་ལག་ཁྲིད་ཡིག་སངས་རྒྱས་ལག་སྟེར། ཚེ་རབས་རྗེས་འཛིན་སྨོན་ལམ། སྐྱིད་གླུ་བྱིས་པ་དགྱེས་པའི་དགའ་སྟོན། ཞི་སྒྲུབ་ཀྱི་བརྒྱུད་འདེབས། ཡང་སྙིང་རྒྱུད་ཀྱི་དགོངས་འགྲེལ་འཇམ་དཔལ་དགྱེས་པའི་ཞལ་ལུང་ལེགས་བཤད་རྒྱ་མཚོ་སྤྲོ་བའི་ས་བོན། བརྡ་གླུ་བྱིས་པའི་རྩེད་མོ་ཉམས་འགྱུར་སུམ་ལྡན། ཞལ་གདམས་བླང་དོར་ལམ་སྟོན། གསོལ་འདེབས་བྱིན་རླབས་མྱུར་སྩོལ། འཇམ་དཔལ་ཞི་སྒྲུབ་ཀྱི་ཆ་ལག་བློ་འཕེལ་རིལ་བུ་སྒྲུབ་ཐབས། སྒྲ་དབྱངས་ལྷ་མོའི་སྒྲུབ་ཐབས་ངག་དང་བློ་ཡི་དཔལ་སྟེར་སོགས་ཆོས་རྗེ་ཉིད་ཀྱིས་རིག་ཀློང་ནས་རྩོལ་མེད་དུ་བརྡོལ་བའི་དགོངས་གཏེར་གྱི་བསྟན་བཅོས་མང་པོ་ཞིག་མཛད་ཅིང་རེ་རེ་ནས་ཁྲིད་ལུང་གནང༌།
གཞན་ཡང་གནས་འདིར་མཁན་རིན་པོ་ཆེ་སྒེགས་པ་ནས་ཡིད་བཞིན་མཛོད་འགྲེལ་པདྨ་དཀར་པོའི་ཁྲིད་ལུང་གནང༌བ་དང་། མཁན་རིན་པོ་ཆེ་འཇིགས་དབང་ནས་མཁས་འཇུག་དང༌། ཐེག་མཆོག་རིན་པོ་ཆེའི་མཛོད། གྲུབ་མཐའ་མཛོད། ཆོས་དབྱིངས་མཛོད། གནས་ལུགས་མཛོད། མན་ངག་མཛོད་རྣམས་ཀྱི་ཁྲིད་ལུང་རྒྱས་པར་གནང༌། འདིར་ངེད་ཅག་མི་རེ་རེ་བཞིན་རང་རང་གི་སྐལ་བ་དང་འཚམ་པའི་འཇམ་དཔལ་དབྱངས་ཀྱི་རང་ཞལ་མཇལ་བ་སྟེ། ཆོས་རྗེ་ཉིད་ཀྱིས་འདིར་མཛད་པའི་སྐྱིད་གླུ་ལས། རང་དང་ཡུན་རིང་འགྲོགས་པའི་འཇམ་དཔལ་གཞོན་ནུ། །མཇལ་མ་མྱོང་བ་དེ་རིང་གསལ་བོར་མཇལ་སོང༌། །ཞེས་སོགས་གསུངས་པ་ལྟར་ལགས་སོ། །
ཕུག་པ་འདིའི་ནང་གི་ས་རྡོ་རྣམས་ཀྱང་འཇམ་དཔལ་རིལ་བུ་དང་འདྲ་ཞིང་ནད་མུག་འཁྲུག་རྩོད་སེལ་ནུས་པ་སོགས་མཐོང་གྲོལ་དང་རེག་གྲོལ་དུ་གསུངས་པས་འདི་ཉིད་བྱིན་རླབས་ཁྱད་དུ་འཕགས་སོ། །ཆོས་རྗེ་ཉིད་ཀྱིས་ད་ལན་ཕུག་པའི་ནང་དུ་འཇམ་དཔལ་ཡེ་ཤེས་སེམས་དཔའི་སྐུ་ཞིག་ཀྱང་གསར་དུ་བཞེངས།
༣ རྡོ་དྭངས་བསིལ།
འཇམ་དཔལ་བཞུགས་ཁྲི་སྟེ་རྡོ་དྭངས་བསིལ་ལམ་ཆིང་ལིའང་ཧྲི་(清凉石)ཞེས་པ་ནི། མཆོད་རྟེན་ར་བའི་གླིང་ནས་ལྷོ་ནུབ་ཀྱི་ཕྱོགས་སུ་ལམ་ཆེན་བརྒྱུད་ནས་སྤྱི་ལེ་བཅོ་བརྒྱད་སོང་བའི་མཚམས་སུ། འཇམ་མཉེན་ལྕུག་ཕྲན་ལྡེམ་པའི་གཡུ་ལྗོན་གྱི་དྲྭ་གསེབ་ན་ལྷ་བྱ་སྣ་ཚོགས་ཀྱིས་མགྲིན་གླུ་གྱེར་བའི་དབེན་གསིང་ཉམས་དགའ་བ་ཞིག་ཏུ་རྡོ་དྭངས་བསིལ་དགོན་པའམ་ཆིང་ལིའང་སི་(清凉寺)ཞེས་པ་ཆགས་ཡོད་ལ། དེའི་ལྕགས་རིའི་ནང་དུ་བཞུགས་ཁྲི་འདི་ཉིད་ད་ལྟའང་ཡོད། འདིའི་སྲིད་དུ་ཁྲུ་བཅོ་ལྔ་དང་ཞེང་ལ་ཁྲུ་བརྒྱད། དཔངས་སུ་ཁྲུ་དྲུག་ཡོད། དེ་ཡང་སྔོན་རི་བོ་རྩེ་ལྔའི་གནས་འདིར་གནམ་གཤིས་དྲོ་གྲང་མི་འཚམས་ཤིང་དགུན་ལ་གྲང་ལྷགས་ཆེ་བ་དང་དབྱར་ལ་ཚ་གདུག་ཆེ་བས་ཡུལ་མི་རྣམས་ཀྱིས་ལོ་ཏོག་རྨོ་བ་སོགས་བྱ་ཐབས་བྲལ་ཏེ་འཚོ་བ་ཤིན་ཏུ་ཕོངས་བའི་གནས་སུ་ལྷུང་ངོ་། །
དེའི་ཚེ་འཇམ་དཔལ་གཞོན་ནུ་མིའི་གཟུགས་སུ་སྤྲུལ་ཏེ་ཤར་ཕྱོགས་རྒྱ་མཚོའི་ཀླུའི་ཕོ་བྲང་དེར་ཕྱིན་ཏོ། །དེའི་ཕྱི་རོལ་ན་ཡོད་པའི་རྡོ་དེ་བསླང་ཚེ། ཀླུ་རྒྱལ་གྱིས་གུས་པ་དང་བཅས་ཏེ། ཆོས་ཀྱི་སློབ་དཔོན་ཆེན་པོ་ལགས། གཞན་ལོངས་སྤྱོད་ཅི་དགོས་ཁྱེད་ལ་དབུལ་བས་ཆོག་མོད། རྡོ་འདི་ཉིད་ནི་ལོ་བརྒྱ་ཕྲག་མང་པོར་དཀའ་བ་སྤྱད་དེ་མཚོ་གཏིང་ནས་བཏོན་པ་ཡིན། འདི་ལ་རྟག་ཏུ་ཞི་བསིལ་དང་ལྡན་པ་སྟེ་བདག་ཅག་ཚ་བས་ཉེན་སྐབས་ངལ་གསོ་བྱེད་པར་མཁོ་བས་སྟེར་རྒྱུ་མི་འདུག་ཅེས་གསོལ་བ་ན། འཇམ་དཔལ་གྱིས་སྨྲས་པ། བདག་བན་རྒན་བགྲེས་པོ་རི་བོ་རྩེ་ལྔ་ནས་ཆེད་གཉེར་དུ་འོང་བ་འདི་ཁོ་ནའི་ཆེད་དུ་ཡིན་པས་ཅིས་ཀྱང་གནང་རོགས་ཞུ་ཞེས་བྱས་པར། ཀླུ་རྒྱལ་གྱི་ཐུགས་ལ། རྡོ་འདི་ལ་རྒྱ་མ་ཁྲི་ཕྲག་མང་པོ་ཡོད་པས་མི་གཅིག་གིས་འཁྱེར་མི་ཐུབ་སྙམ་ནས་གཡོ་ཟོལ་གྱི་སྒོ་ནས། འོ་ན་སྟེར་བས་ཆོག་ཅེས་སྨྲས་པ་ན། འཇམ་དཔལ་གྱིས། བཀའ་དྲིན་ཆེ་ཞེས་སྔགས་ཤིག་བཏོན་ནས་རྡོ་ལ་ཕུ་བཏབ་ཚེ་མདེའུ་ཙམ་དུ་གྱུར། དེ་ཕུ་རུང་དུ་བཅུག་ནས་ཕྱིར་རི་བོ་རྩེ་ལྔར་བྱོན་ཏེ་ལྷོ་རིའི་འདབས་སུ་བཞག་ཚེ་རྡོ་ཉིད་སྔར་གྱི་གཟུགས་བཞིན་དུ་གྱུར་ཏོ། །དེའི་ཚེ་གནས་འདི་ཤིན་ཏུ་དྭངས་ཤིང་བསིལ་བར་གྱུར་ཏེ་མི་རྣམས་ཀྱི་འཚོ་བའང་བདེ་དགེ་ཕུན་སུམ་ཚོགས་པའི་རང་བཞིན་ཅན་དུ་གྱུར་ཏོ། །
དེ་ནས་བཟུང་གནས་འདི་ལ་རི་བོ་དྭངས་བསིལ་ཞེས་ཡོངས་སུ་གྲགས་ཏེ། གོང་དུ་དྲངས་བའི་མདོ་ཕལ་པོ་ཆེ་ལས། བྱང་ཤར་གྱི་མཚམས་སུ་རི་བོ་དྭངས་བསིལ་ཞེས་བྱ་བ། བསྐལ་པ་དང་པོའི་དུས་ནས་བྱང་ཆུབ་སེམས་དཔའི་ཚོགས་ཡང་དག་པར་འདུ་བའི་གནས་ཡིན་ཏེ། ད་ལྟའང་འཇམ་དཔལ་གཞོན་ནུར་གྱུར་པ་རང་གི་འཁོར་བྱང་ཆུབ་སེམས་དཔའ་སྟོང་ཕྲག་བཅུའི་ཚོགས་དང་བཅས་གནས་དེར་རྟག་ཏུ་གནས་ཤིང་དམ་པའི་ཆོས་ཀྱང་རྒྱ་ཆེར་སྟོན་བཞིན་བཞུགས་སོ་ཞེས་དང༌། རྒྱ་བོད་ཀྱི་ལོ་རྒྱུས་ཁུངས་ཐུབ་རྣམས་ལས་ཞལ་མཐུན་པར་རི་བོ་དྭངས་བསིལ་ཞེས་གསུངས་པའི་རྒྱུ་མཚན་འདི་ལས་བྱུང་བ་ཡིན་ནོ། །
དེས་ན་གོང་གི་ཀླུ་རྒྱལ་གྱིས་རྡོ་དྭངས་བསིལ་བྱིན་པའི་སྐབས་དེར་ཀླུའི་སྲས་ལྔ་རབ་ཏུ་ཁྲོས་ཤིང་འཇམ་དཔལ་གྱི་རྗེས་སུ་བསྙེགས་ཏེ་གནས་འདིའི་རི་རྩེ་ཐམས་ཅད་ཀླུའི་རྫུ་འཕྲུལ་གྱིས་བསྙིལ་བར་བྱས། དེའང་གནའ་སྔ་མོར་རི་བོ་རྩེ་ལྔ་འདི་རི་རྩ་བ་གཅིག་ལ་རྩེ་མོ་ལྔ་ཡོད་ཅིང་མི་རྣམས་རི་རྩེར་འཛེགས་མི་ནུས་པའི་གནམ་ལྕགས་གྱེན་དུ་བསླང་འདྲ་ཞིག་ཡིན་ཡང༌། དེང་སང་རི་རྩེ་མང་དུ་ཡོད་པ་ནི་སྐབས་དེར་ཀླུ་རྣམས་ཀྱིས་གཏོར་བརླག་བྱས་པ་ཡིན་པར་བཤད།
མཐར་འཇམ་དཔལ་གྱིས་རྒན་པོའི་གཟུགས་སུ་སྣང་བར་བྱས་ཏེ་ཁྱེད་ཅག་གི་རྡོ་སྨི་མོ་ཡན་(秘魔岩)ཞེས་པ་དེར་ཡོད་བྱས་པས་དེར་སོང་བ་ན་བྲག་ཕུག་ནང་ཆེ་ལ་ཕྱི་རུབ་པ་ཞིག་ཏུ་གྱུར་ཏེ་ཕྱིར་མ་ཐར། དེ་འཇམ་དཔལ་དུ་ཤེས་ནས་སྐྲག་སྟེ་བཟོད་གསོལ་བྱས་པ་ན། དེ་དག་དམ་ལ་བཏགས་ནས་གནས་འདིར་འབྱུང་བཞིའི་གནོད་པ་བསྲུང་བར་ཁས་བླངས་པ་བཞིན་དེང་སང་རི་རྩེ་ལྔ་པོ་ན་ཀླུ་མཁར་རེ་ཡོད་པའི་རྒྱུ་མཚན་ཡང་དེ་ཡིན། བྲག་ཕུག་དེ་ལ་ཀླུ་ཕུག་གམ་ཁྲའོ་ལུང་དོང་(朝龙洞)ཞེས་བྲག་རི་གཉིས་ཁ་སྤྲོད་པ་ཤིན་ཏུ་ངོ་མཚར་ཆེ་ཞིང་དེར་འབྱོར་ན་རི་བོ་རྩེ་ལྔར་ཕྱིན་པའི་ཕན་ཡོན་འཐོབ་པ་དང་ནང་དུ་མཐོང་སྣང་སྣ་ཚོགས་འཆར་བ་ཞིག་ཀྱང་ཡིན། མི་རྣམས་རི་བོ་རྩེ་ལྔར་མཇལ་སྐོར་དུ་འགྲོ་སྐབས་རྒྱུན་དུ་གནས་འདི་མཇལ་བ་ཡིན་ལ། གལ་ཏེ་ཀླུ་ཕུག་འདི་མ་མཇལ་ན། རི་བོ་རྩེ་ལྔའི་གནས་ཀྱི་ཕྱེད་ཀ་ཙམ་ལས་མ་མཇལ་བ་ཡིན་ཞེས་པའི་ཟེར་སྲོལ་ཡང་བྱུང་།
མདོར་ན་བཞུགས་ཁྲི་འདི་ལ་ལྷུན་པོ་བཀོད་པའི་རྒྱན་ལས། སྟོན་པ་ཉིད་དང་དགྲ་བཅོམ་ལྔ་བརྒྱ་དང༌། །རྒྱལ་སྲས་ཁྲི་ཚོ་རྣམས་ཀྱང་འདི་ལ་བཞུགས། །བཞུགས་ཁྲི་འདི་ནི་ཀླུ་དབང་མཆོག་རྣམས་ཀྱིས། །འཇམ་པའི་དབྱངས་ལ་གུས་པས་རབ་ཏུ་ཕུལ། །ཞེས་དང༌། ལྕང་སྐྱའི་གནས་ཡིག་ལས། བཞུགས་ཁྲི་འདིའི་སྟེང་སྔོན་དགེ་སློང་བཙུན་པ་ཞིག་གིས་ཆ་བྱད་འཇིགས་སུ་རུང་བ་བྱས་ཏེ་འཁོར་མང་པོ་ལ་སྒྲ་སྐད་གསལ་ཞིང་སྙན་པས་ཆོས་འཆད་བཞིན་པ་ལ། མདུན་དུ་སོང་བ་ན་འཕྲལ་དུ་མི་སྣང་བར་གྱུར་སོང་ཞེས་དང༌། སྐྱེ་བོ་དམ་པ་འགའ་རེས་བཞུགས་ཁྲི་འདིའི་མིང་ཐོས་པ་དང་སྐྱེ་བ་དྲན་པར་གྱུར་ཏོ། །ཞེས་སོགས་གསུངས་པར་མ་ཟད། རྒྱ་ནག་གི་གནས་བཤད་འགའ་རེར། བཞུགས་ཁྲི་འདི་ཉིད་རྫུ་འཕྲུལ་ཅན་ཞིག་ཡིན་པས་ཐེངས་རེར་མི་བཞི་བཅུ་ཙམ་ལས་མི་ཤོང༌། ཐེངས་རེར་མི་བཞི་བརྒྱ་ཙམ་ཡང་ཤོང་བར་གསུངས། སྐབས་འདིར་ཆོས་རྗེ་ཉིད་ཀྱི་གཙོས་ངེད་ཅག་འཁོར་སློབ་ལྔ་བརྒྱ་ཙམ་ཁྲི་སྟེང་དུ་ལེགས་པར་ཤོང་བས་ཀུན་ལ་ཡ་མཚན་པར་གྲགས་སོ། །
གནས་འདིར་ཆོས་རྗེ་ཉིད་ཀྱིས་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚུལ་ནི། ཚིག་དོན་མཛོད་ཀྱི་སྔར་གྱི་གསུང་འཕྲོ་མཐར་ཆགས་སུ་གནང༌བ་དང་། གཏེར་ཆེན་ལས་རབ་གླིང་པའི་གཏེར་ཆོས་ལས་བླ་མ་ཀུན་འདུས་དངོས་གྲུབ་རྒྱ་མཚོ་ལ་གུ་རུ་མཚན་བརྒྱད་ཀྱི་དབང་། ཤེལ་བྲག་ནས་གདན་དྲངས་པ་སྤྲུལ་སྐུའི་དབང་ཆོག་བདུད་རྩིའི་གཏེར་བུམ། ཐུགས་སྒྲུབ་ཀྱི་དབང་ཆོག་བསྡུས་དོན་ལག་ལེན་དུ་བཀོད་པ་བདུད་རྩིའི་ཐིགས་པ། དངོས་གྲུབ་རྒྱ་མཚོ་ལས་ལོངས་སྐུའི་དབང་ཆོག་དང་བླ་མ་ཆོས་སྐུའི་དབང་ཆོག གྲོ་ལོད་བདེ་གཤེགས་འདུས་པའི་དབང་། ཉིད་ཀྱིས་གསུངས་པའི་གེ་སར་སྲོག་གཏད་བཅས་གནང༌བ་དང་། རྫོགས་པ་ཆེན་པོ་ལྟ་བའི་ཉམས་མགུར་སྒྲ་སྙན་གྱི་རོལ་མོ་ཞེས་པ་དང༌། ལུགས་ཀྱི་བསྟན་བཅོས་ལྷ་དང་དཔལ་འདུ་བའི་ནོར་བུ། སྨན་བླའི་མདོ་ཆོག་བདུད་རྩིའི་བུམ་བཟང༌། བཟང་སྤྱོད་སྨོན་ལམ་རྣམས་ལྗགས་ཁྲིད་ཞིབ་པར་གནང༌བར་མ་ཟད། རྫོགས་སྐོར་དང་ཉམས་མགུར་སྐྱིད་གླུ་སོགས་དབྱངས་ལ་དྲངས་ཏེ་ཐུགས་ཉམས་སྤྲོ་བའི་ཚུལ་གྱིས་རྒྱ་ཆེར་གསུངས་ཤིང༌། ད་ལན་གནས་འདིར་འཇམ་དཔལ་དང་གུ་རུའི་སྐུ་ཡང་གསར་དུ་བཞེངས་པར་མཛད།
མདོར་ན་གནས་ཕྱི་མ་གསུམ་ནི་རྒྱལ་བའི་ལུང་དང་འབྲེལ་ཞིང་ཆོས་རྗེ་ཉིད་ཀྱིས་ཀྱང་ཤིན་ཏུ་ཐུགས་རྩིས་མཛད་ཕྱིར་གནས་འདིར་འབྱོར་ནས་འདི་གསུམ་དུ་མ་སླེབས་ན་ཤིན་ཏུ་ཕངས་ལ། ལར་གནས་བྱིན་རླབས་ཅན་འདི་དག་རྣམས་སུ་འགྲོ་སྐབས་ཡང་རང་སྐལ་དང་འཚམ་པར་སྨོན་ལམ་བཟང་པོ་རེ་ཡང་མ་བཏབ་པར། རི་བོང་ཅལ་འདྲོགས་ཀྱི་ལོ་རྒྱུས་ལྟར་གཞན་གྱི་རྗེས་སུ་རྒྱལ་ཁམས་འགྲིམས་འདོད་ཀྱིས་ཁ་ཡེངས་མིག་ཡེངས་སུ་སོང་ན་ནི་དགོས་པ་ཆེར་མ་དམིགས་ཏེ། གཏམ་པདྨའི་ཚལ་གྱི་ཟློས་གར་ལས། རྒྱལ་ཁམས་འགྲིམས་ལ་འདྲ་ཞིག་ཡོད། །ལྟད་མོ་བལྟ་བའི་མཚར་འདོད་གཅིག །དད་པ་མ་སྐྱེས་གནས་མཇལ་གཉིས། །ཕན་ཡོན་མི་ཤེས་སྐོར་བ་གསུམ། །ཟ་འདོད་བསྙད་ཚོལ་ཁྲམ་པ་བཞི། །བསམ་བློ་མ་བཏང་སྐོར་རྒྱུག་ལྔ། །གནས་སྐོར་འདྲ་སྟེ་གནས་སྐོར་མིན། །ཞེས་གསུངས་པ་ལྟར་རོ། །
གསུམ་པ། ཕན་ཡོན་ཆེ་ཚུལ་གྱི་སྒོ་ནས་མཇུག་བསྡུ་བ།
འཇམ་དཔལ་དབྱངས་དང་འབྲེལ་བའི་བྱ་བ་གང་བྱས་ཀྱང་ཕན་ཡོན་ཆེ་ཚུལ་གྱི་སྒོ་ནས་བརྩམས་ཚུལ་མཇུག་བསྡུ་བ་ལ། ཕན་ཡོན་དངོས་དང༌། ཞར་བྱུང་བརྩམས་ཚུལ་གྱིས་མཇུག་བསྡུ་བ་གཉིས་ལས།
ཕན་ཡོན་དངོས་བསྟན་པ།
འཇམ་དཔལ་གཞོན་ནུ་རྟག་ཏུ་བཞུགས་པའི་དག་ཞིང་འདིར་སོན་ན་ཕན་ཡོན་ཆེ་སྟེ། དེའང་ཚུལ་ཁྲིམས་རྣམ་པར་དག་པ་བསྲུངས་ནས་ཕྱོགས་བཅུའི་ཞིང་རབ་འབྱམས་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་གསེར་དངུལ་སོགས་རིན་པོ་ཆེ་སྣ་བདུན་གྱིས་སངས་རྒྱས་རེ་རེ་བཞིན་བསྐལ་པ་ནས་བསྐལ་པའི་བར་དུ་མཆོད་པར་བྱས་པ་དང་། དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་སྦྱིན་པ་བྱིན་པ་བས་ནི། རྗེ་བཙུན་འཇམ་དཔལ་གཞོན་ནུའི་རྗེས་སུ་བསླབ་པར་བྱའོ་སྙམ་དུ་རྒྱ་ནག་རི་བོ་རྩེ་ལྔའི་ཕྱོགས་སུ་གོམ་བདུན་བོར་བའི་ཕན་ཡོན་བརྒྱ་སྟོང་འབུམ་འགྱུར་དུ་ཆེ་བར་གསུངས་ན། དངོས་སུ་འདིར་འོངས་ནས་སྨོན་ལམ་རྣམ་དག་བཏབ་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ནི་སྨོས་ཅི་དགོས་ཏེ། དེ་ཡང་འཇམ་དཔལ་ཞིང་གི་ཡོན་ཏན་བསྟན་པའི་མདོ་ལས། དེ་བཞིན་གཤེགས་པ་སྤྱན་སྒྲིབ་པ་མེད་པས་ཕྱོགས་བཅུར་སངས་རྒྱས་ཀྱི་ཞིང་ཇི་སྙེད་གཟིགས་པ་དེ་ཐམས་ཅད་རིན་ཆེན་སྣ་བདུན་གྱིས་བཀང་སྟེ། དེ་བཞིན་གཤེགས་པ་རེ་རེ་ལ་ཕུལ་བ་དང་དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་སྙོམས་པའི་སེམས་ཀྱིས་ཚུལ་ཁྲིམས་ཀྱི་སྡོམ་པ་ཐམས་ཅད་ཡང་དག་པར་བླངས་བ་ལ་གནས་ཏེ་ཕྱི་མའི་མཐར་ཐུག་གི་བར་དུ་སྦྱིན་པ་བྱིན་པ་བས། འཇམ་དཔལ་གཞོན་ནུར་གྱུར་པའི་རྗེས་སུ་བསླབ་པར་བྱའོ་ཞེས་སེམས་བསྐྱེད་ཅིང་གོམ་བདུན་འདོར་ན། བསོད་ནམས་ཀྱི་ཕུང་པོ་སྔ་མ་བརྒྱའི་ཆ་ནས་དཔེ་དང་རྒྱུར་ཡང་མི་བཟོད། ཅེས་གསུངས།
དེ་བཞིན་དུ་འཇམ་དཔལ་གྱི་མིང་ཙམ་དྲན་པའི་ཕན་ཡོན་ཡང༌། འཇམ་དཔལ་རྩ་བའི་རྟོགས་པ་ལས། འཇམ་དཔལ་ཞེས་ནི་ཁྱོད་ཀྱི་མིང་དྲན་པ། །ཡོན་ཏན་བསམ་མི་ཁྱབ་ཅེས་རྒྱལ་བས་གསུངས། །ཞེས་དང༌། འཇམ་དཔལ་རྩ་རྒྱུད་ལས་ཀྱང༌། གང་གིས་དྲན་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་དུ་ངེས་འགྱུར་བ། །ཞེས་དང༌། གཞན་འཇམ་དཔལ་སྒྲུབ་པ་ཙམ་གྱིས་བྱིན་རླབས་འཇུག་ཚུལ་ཡང༌། རྡོ་རྗེ་སྙིང་པོའི་རྒྱན་གྱི་རྒྱུད་ལས། སངས་རྒྱས་རྣམས་ཀྱི་ཡེ་ཤེས་མཆོག །འཇམ་པའི་དབྱངས་ཞེས་རབ་ཏུ་གྲགས། །འདི་ནི་སྒྲུབ་པ་ཙམ་གྱིས་ནི། །ཤེས་རབ་དྲི་མ་མེད་པར་འགྱུར། །ཞེས་སོ། །
འཇམ་དཔལ་གཞོན་ནུའི་མཚན་ཙམ་བརྗོད་པའི་ཕན་ཡོན་ཡང༌། འཇམ་དཔལ་ཞིང་གི་ཡོན་ཏན་བཀོད་པ་ལས། གང་གིས་སངས་རྒྱས་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་གྱི་མཚན་བརྗོད་པ་བས་ནི་འཇམ་དཔལ་གཞོན་ནུར་གྱུར་བའི་མིང་བརྗོད་ན་འདི་ཉིད་དེ་བས་བསོད་ནམས་མང་དུ་བསྐྱེད་ན། དེ་བཞིན་གཤེགས་པ་ཀུན་ཏུ་གཟིགས་ཀྱི་མཚན་བརྗོད་པ་ལྟ་ཡང་ཅི་དགོས། དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་གཞོན་ནུར་གྱུར་པས་བསྐལ་པ་རེ་རེར་སེམས་ཅན་གྱི་དོན་ཇི་སྙེད་བྱས་པའི་དོན་དེ་ནི་སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་གྱིས་ཀྱང་མ་མཛད་དོ། །ཞེས་དང༌། ཡང་མདོ་ལས། དེ་བཞིན་གཤེགས་པ་གངྒའི་ཀླུང་གི་བྱེ་མ་སྙེད་ཀྱི་མཚན་བསྐལ་པའམ་བསྐལ་པ་ལས་ལྷག་པར་བརྗོད་པ་ལས། སྐྱེས་བུ་གང་ཞིག་གིས་འཇམ་དཔལ་ཞེས་བརྗོད་ན་དེ་ཉིད་དེ་བས་བསོད་ནམས་ཆེན་པོར་འགྱུར་རོ། །ཞེས་གསུངས་ཤིང་། འཇམ་དཔལ་དགོངས་པ་འདུས་པ་ལས་ཀྱང༌། འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི། །མིང་ནི་ཡང་དག་བརྗོད་པའི་མཆོག །ཅེས་དང་། དག་པར་བྱེད་ཅིང་སྡིག་སེལ་བ། །ཞེས་སོགས་མང་དུ་གསུངས་སོ། །
མདོར་ན་གནས་འདིར་ཐོན་པ་ཙམ་གྱིས་རང་བཞིན་དང་བཅས་པའི་སྡིག་ལྟུང་ཐམས་ཅད་ལྷག་མེད་དུ་བྱང་བའམ། སྐྱེས་ནས་མྱོང་འགྱུར་གྱི་ལས་རྣམས་ཀྱང་དར་གྱི་ཕོ་ལོང་ས་ལ་བརྡབ་པ་ཙམ་གྱི་ཡུན་ལས་སྡུག་བསྔལ་མྱོང་མི་དགོས་པར་འགྱུར་ཞིང༌། འཇམ་དཔལ་དབྱངས་ཀྱི་བྱིན་རླབས་རྒྱུད་ལ་ཞུགས་ནས་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་གྱི་ཤེས་རབ་ཇི་ལྟར་ནགས་ལ་མེ་མཆེད་པ་བཞིན་སྔར་ལས་ལྷག་པར་འབར་ཏེ། རྒྱལ་བསྟན་འཛིན་སྐྱོང་སྤེལ་བ་ལ་དབང་འབྱོར་བ་སོགས་ཕན་ཡོན་བསམ་མི་ཁྱབ་པར་གསུངས་སོ། །
ཞར་བྱུང་བརྩམས་ཚུལ་གྱིས་མཇུག་བསྡུ་བ།
བཀའ་དྲིན་མཚུངས་མེད་ཆོས་རྗེ་ཡིད་བཞིན་ནོར་བུ་དོན་གྱི་སླད་དུ་གུས་པས་མཚན་ནས་སྨོས་ན་རྒྱལ་བའི་ལུང་ཟིན་༧འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོ་གང་གི་ཚད་མེད་ཐུགས་རྗེའི་གདུགས་དཀར་གྱི་བསིལ་གྲིབ་འོག ཞིང་ཁམས་འདིར་ཟག་བཅས་ཀྱི་སྒྱུ་ལུས་མ་སྤངས་བཞིན་དུ་ཁུ་བྱུག་གཞོན་ནུས་མགྲིན་གླུ་སྙན་མོ་བར་མེད་དུ་སྒྲོག་པའི་དུས་སུ། ཞག་བརྒྱ་ཕྲག་ལྷག་གི་ཡུན་ལ་ཀློང་ཆེན་མཛོད་བདུན་སོགས་དབང་ལུང་མན་ངག་གི་བདུད་རྩི་ལ་བར་མེད་དུ་རོལ་ཅིང༌། དགེ་འདུན་པ་སྟོང་ཕྲག་མང་པོ་དང་མཉམ་དུ་གནས་འབྲེལ་དང་ཟབ་རྒྱས་ཀྱི་སྨོན་ལམ་བཏབ་པ་སོགས་ལུགས་གཉིས་ཀྱི་བྱ་བ་ཐམས་ཅད་བདེ་བླག་ཏུ་གྲུབ་ནས་དགའ་བདེའི་དཔལ་ལ་རོལ་ཚུལ་ཡང་རྗེ་ཉིད་ཀྱིས་འདི་ལྟར་གསུངས་ཏེ།
སྤྲུལ་པའི་ཞིང་མཆོག་རི་བོ་རྩེ་ལྔའི་གནས་འདིར། །ཁྲི་ཕྲག་འཁོར་གྱིས་བསྐོར་བ་འཇམ་དཔལ་དཔའ་བོས། །དཔག་ཡས་སྒྱུ་འཕྲུལ་བཀོད་པ་ལྷམ་མེར་ངོམ་ནས། །སྐལ་ལྡན་དགའ་བའི་དགའ་སྟོན་ཆད་མེད་བསྙིལ་སོང༌། །གནས་འདིར་སོན་པ་ཙམ་གྱིས་སྡིག་ལྟུང་འདག་ཅེས། །དྲང་སྲོང་རྒན་པོའི་བདེན་གཏམ་རྣ་བར་སོན་ཚེ། །དགའ་བས་བརླན་པའི་མིག་ནས་སྦྲང་ཆར་འབེབས་དང༌། །ཆབས་ཅིག་ལུས་ཀྱི་བ་སྤུས་གར་སྟབས་བསྒྱུར་སོང༌། །དད་ལྡན་བོད་རིགས་ཁྲི་ཕྲག་མཉམ་དུ་འཛོམས་ནས། །ཕྱག་མཆོད་སྨོན་ལམ་ཟབ་མོ་རྒྱ་ཆེར་བྱས་པས། །རིང་མིན་རང་སྣང་ཞིང་དུ་སྟོན་འཁོར་བཀོད་པ། །ཚོམ་བུ་གཅིག་ཏུ་འཚོགས་པའི་རྟེན་འབྲེལ་འགྲིགས་སོང༌། །འུ་ཅག་ད་ནས་ཚེ་རབས་ཕྲེང་བ་ཀུན་ཏུ། །ཕ་གཅིག་འཇམ་དཔལ་གཞོན་ནུ་སྤྱི་བོས་བཀུར་བཞིན། །སྲིད་པ་སྒྱུ་མའི་གྲོང་ལ་ལྟད་མོ་བྱས་ཏེ། །མར་གྱུར་འགྲོ་ཀུན་འདྲེན་པའི་ས་བོན་ཐེབས་སོང༌། །མཁྱེན་པའི་རང་གཟུགས་ལྷག་པའི་ལྷ་རུ་ཐོབ་ཕྱིར། །རྒྱལ་གསུང་ཆོས་ཚུལ་དྲི་བྲལ་ཟག་མེད་བདུད་རྩི། །མ་ལུས་གཟུངས་སྤོབས་བློ་ཡི་བུམ་པར་བསྐྱིལ་ལ། །དཀའ་བ་མེད་པའི་སྐལ་བ་བཟང་པོ་ཐོབ་སོང༌། །ཡར་ལ་ལྟོས་དང་འཇའ་འོད་སྤྲིན་གྱི་བཀོད་པ། །ངལ་བས་བསྒྲུབས་དང་ཚོན་རྩིས་བྱུགས་ལས་མཛེས་པའི། །ལྷ་སྐུ་ཡིག་འབྲུ་ཕྱག་མཚན་འབྱམས་སུ་ཀླས་པ། །འཇམ་དཔལ་གཞོན་ནུའི་རང་རྩལ་མངོན་སུམ་མཐོང་སོང༌། །ཕར་ལ་ལྟོས་དང་རི་གླིང་རྩི་ཤིང་མེ་ཏོག །འཇམ་དཔལ་དཔའ་བོའི་རྫོགས་སྨིན་སྦྱངས་པའི་རང་གཟུགས། །དགའ་ལྡན་འཕྲུལ་དགའི་ཡུལ་ཁམས་མོག་པོར་བྱེད་པའི། །དག་པའི་ཞིང་འདིར་ལུས་མ་སྤངས་བར་སླེབས་སོང༌། །མར་ལ་ལྟོས་དང་ཞིང་འདིའི་སྐྱེ་བོའི་ཚོགས་རྣམས། །ཚེ་འདིའི་སྣང་ཤས་ཞེན་པ་རྒྱང་དུ་བསྐྲད་དེ། །དད་དང་སྙིང་བརྩེའི་རང་གཤིས་གསལ་བར་ངོམ་པའི། །ཟུར་ཕུད་ལྔ་པའི་གདུལ་བྱ་གསལ་བར་མཐོང་སོང༌། །ཚུར་ལྟོས་རང་སེམས་འཇའ་ཚོན་འདྲ་བ་འདི་ཀོ །བཙལ་བས་མི་རྙེད་བཞག་ན་ས་ལེར་གསལ་བ། །རང་དང་ཡུན་རིང་འགྲོགས་པའི་འཇམ་དཔལ་གཞོན་ནུ། །མཇལ་མ་མྱོང་བ་དེ་རིང་གསལ་བོར་མཇལ་སོང༌། །སྡུག་འབད་དཔྱད་པའི་ཁུར་གྱིས་ནོན་པ་མེད་པར། །སྙིང་དབུས་མི་ཤིགས་གཞོན་ནུ་བུམ་སྐུའི་ཞིང་དུ། །རང་རིག་འཇམ་དཔལ་སྟོན་འཁོར་མཉམ་དུ་འཚོགས་ཚེ། །ལེགས་བཤད་ཆོས་ཀྱི་དགའ་སྟོན་འགྲོ་ལ་འགྱེད་སོང༌། །དག་པའི་ཞིང་འདིར་དག་པའི་སེམས་དཔའི་སྤྱོད་པས། །ཟབ་རྒྱས་གཏམ་གྱིས་ཐར་འདོད་ཡིད་དགའ་སྤེལ་འདི། །རྨི་ལམ་དུ་ཡང་རྙེད་མ་མྱོང་བའི་སྣང་བ། །རང་ཅག་དཔོན་སློབ་ཀུན་གྱིས་མཉམ་དུ་རྙེད་སོང༌། །ད་ནི་བག་མེད་ཁོ་ནས་སྐྱིད་ཉལ་བྱས་ཀྱང༌། །དག་པའི་ཞིང་དང་ལྷ་ལ་འབྲེལ་བ་བཞག་ཡོད། །རྣམ་དག་སེམས་ཀྱིས་སྨོན་ལམ་རྒྱ་ཆེར་བཏབ་ཕྱིར། །བདེ་ནས་བདེ་བར་འགྲོ་བའི་གདེང་ཆེན་རྙེད་སོང༌། །གསོན་ཡང་དགའ་སྟེ་བསྟན་འགྲོའི་དོན་ཆེན་འགྲུབ་འདུག །ཤི་ཡང་དགའ་སྟེ་བདེ་ལྡན་ཞིང་དུ་འགྲོ་ངེས། །ཇི་ལྟར་བྱས་ཀྱང་བདེ་དགའི་ངང་དུ་འདུག་པ། །འཇམ་དཔལ་ཡེ་ཤེས་སེམས་དཔའི་བཀའ་དྲིན་ཡིན་ནོ། །བཀའ་དྲིན་གཟོ་ཕྱིར་ནམ་མཁའ་ཇི་སྲིད་བར་དུ། །མཐའ་ཀླས་འགྲོ་ལ་ཕན་བདེའི་དོན་ཆེན་སྒྲུབ་པར། །ཞུམ་པ་མེད་པའི་དམ་བཅའ་སྙིང་ནས་བྱེད་ན། །ཡབ་གཅིག་ཁྱེད་ཀྱི་བྱིན་རླབས་ནུས་མཐུ་སྩོལ་ཤོག །
ཅེས་ངག་དབང་བློ་གྲོས་མཚུངས་མེད་པས་སྲེད་མེད་བུའི་བྲག་ཕུག་ག་ལ་བར་ཉམས་མཚར་དུ་སྨྲས་པའོ། །ཞེས་གསུངས་པ་ལྟར་རོ། །
དེས་ན་གནས་བཤད་འདི་ནི་གནས་སྐབས་དེའི་རིང་ལ། བོད་ཀྱི་འཇམ་དཔལ་ཞིང་བསྟན་དང་སྡོང་བཀོད་སོགས་ཉེ་སྲས་བརྒྱད་ཀྱི་རྟོགས་བརྗོད་ལས་བྱུང་བ་དང༌། རྙིང་མའི་རྒྱུད་འབུམ་སྐོར། སྙིང་ཐིག་ལོ་རྒྱུས་ཆེན་མོ། རྒྱ་ནག་ཆོས་འབྱུང༌། ལྕང་སྐྱའི་གནས་ཡིག ལྷུན་པོ་བཀོད་པའི་རྒྱན། རྒྱ་ནག་གི་མདོ་ཕལ་པོ་ཆེ། རི་བོ་དྭངས་བསིལ་གྱི་རྣམ་བཤད་གསར་རྙིང་གཉིས། རི་བོ་རྩེ་ལྔའི་ལོ་རྒྱུས། རི་བོ་རྩེ་ལྔའི་སྔོན་རབས་གཏམ་རྒྱུད། རི་བོ་རྩེ་ལྔའི་དགོན་པའི་ལོ་རྒྱུས། གནས་བསྟོད་ཀྱི་སྙན་ངག་ཕྱོགས་བསྡུས། རི་བོ་རྩེ་ལྔའི་གནས་མཇལ་མཛུབ་སྟོན་པོད་གཉིས། རི་བོ་རྩེ་ལྔའི་ཡུལ་ལྗོངས་གཏམ་རྒྱུད། རི་བོ་རྩེ་ལྔའི་ཞིབ་འཇུག་དུས་དེབ། རི་བོ་རྩེ་ལྔའི་ངོ་མཚར་གནས་བཤད་སོགས་དང་། གཞན་ཡང་དགོན་པ་སོ་སོའི་དཀར་ཆག་སོགས་ད་ལྟར་བཞུགས་པའི་གནས་ཡིག་བཅུ་ཕྲག་ལྷག་ལ་ཞིབ་ཏུ་བལྟས་ཏེ་གནས་བྱིན་རླབས་ཅན་ཕལ་ཆེར་ད་སྐབས་ཡོད་མེད་སོགས་དངོས་སུ་བལྟར་ཕྱིན་ནས་གྲགས་ཆེ་བའི་གླེང་གཞིའམ་གཏམ་རྒྱུད་ངོ་མཚར་ཅན་རྣམས་བོད་སྐད་དུ་བསྒྱུར་ནས་ཡིད་རྟོན་འོས་པའི་ཁུངས་དག་ཁོ་ན་ཕྱོགས་གཅིག་ཏུ་བཀོད་པའོ། །
དེ་ལྟར་ཞར་བྱུང་དང་བཅས་པ་རགས་བསྡུས་ཙམ་སྨྲས་ཟིན་ནས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞིང་ཁམས་རྒྱ་ནག་རི་བོ་རྩེ་ལྔའི་གནས་བཤད་མཐོང་བ་དོན་ལྡན་ཞེས་བྱ་བ་རེ་ཞིག་རྫོགས་སོ། །
སླར་སྨྲས་པ།
དེ་སྐད་ཅུང་ཟད་སྨྲ་བའི་སྤོབས་པ་ཡང༌། །
འཇམ་མགོན་བླ་མའི་བྱིན་རླབས་ཁོ་ནས་ཡིན། །
མ་རྟོགས་ནོངས་པའི་འགལ་འཁྲུལ་ཅི་མཆིས་པ། །
ཡེ་ཤེས་སྤྱན་ལྡན་ཚོགས་ལ་སྙིང་ནས་འཆགས། །
རྒྱ་ནག་རི་བོ་རྩེ་ལྔའི་ཞིང་མཆོག་གི །
ཡ་མཚན་གནས་ཀྱི་བཀོད་པ་ཇི་འདྲ་ཞེས། །
བླུན་པོ་རྫུན་གཏམ་ཅན་ལ་འདྲི་བ་ལས། །
འདི་ཉིད་འཕགས་སྙམ་ཁུངས་ལྡན་དག་ལས་བཏུས། །
རྒྱ་བོད་ཡིག་རིགས་ཐུགས་སུ་ཆུབ་པ་ཡི། །
མཁས་པ་རྣམས་ལ་འདི་ཉིད་མི་དགོས་མོད། །
དེ་ལྟར་མ་སྦྱངས་མི་ཤེས་འགའ་རེ་ལ། །
ཕན་པ་སྲིད་སྙམ་ཡི་གེར་བཀོད་པ་ལགས། །
རྗོད་བྱེད་ཚིག་ལ་སྙན་ཆ་མེད་མོད་ཀྱང༌། །
བརྗོད་བྱའི་དོན་རྣམས་རང་བཟོའི་དྲི་མས་དབེན། །
གནས་ཡིག་ཕལ་ཆེར་བསྡུས་དང་གོ་དཀའ་བས། །
གྲོང་པའི་སྐད་ཀྱིས་གནས་བཤད་འདི་བགྱིས་སོ། །
འདིས་མཚོན་རྣམ་དཀར་ཟླ་བའི་འོད་ཕྲེང་གིས། །
ཉམ་ཐག་འགྲོ་བའི་ཚ་གདུང་ཡོངས་ཕྲོགས་ནས། །
འཇམ་དཔལ་གཞོན་ནུས་ཚེ་རབས་རྗེས་བཟུང་ཞིང༌། །
མཐར་ཐུག་བདེ་ཆེན་ཞིང་དུ་སྐྱེ་བར་སྨོན། །
བདག་ཀྱང་དེང་ནས་ཚེ་རབས་ཕྲེང་བ་རུ། །
བརྟན་པའི་འཁོར་ལོ་བཤེས་གཉེན་གར་འཛིན་པ། །
མི་ཕམ་རྗེ་དང་འཇམ་མགོན་བླ་མའི་ཞབས། །
སྤྱི་བོས་བཀུར་བཞིན་གཞན་དོན་འགྲུབ་པར་སྨོན། །
ཞེས་པ་འདིའང་བཀའ་དྲིན་མཚུངས་པ་མེད་པའི་བླ་མ་དམ་པ་མཁན་ཏེ་པ་མཆོག་གི་ཞལ་སྔ་ནས་གནས་འདིའི་གླེང་གཞི་ངོ་མཚར་ཅན་རྣམས་བོད་སྐད་དུ་བསྒྱུར་ན་ལེགས་ཞེས་པའི་བཀའ་གསུང་གི་མེ་ཏོག་སྤྱི་བོར་བཀུར་ཞིང་། གུས་པས་ཀྱང་དག་པའི་ཞིང་ཁམས་འདིར་འཇམ་དཔལ་གྱི་རྟོགས་བརྗོད་ལ་བག་ཆགས་བཞག་ན་ཕན་ཡོན་ཆེ་བར་དམིགས་ནས། རྒྱ་ནག་རི་བོ་རྩེ་ལྔ་ནས་སླར་བསིལ་ལྗོངས་སུ་འོང་རན་པའི་དུས་སུ་ལྷོ་རི་མདངས་བཟང་བཀྲ་བའི་ཉེ་འདབས་དྭངས་བསིལ་རྡོ་ཡི་གླིང་དུ། མེ་ཡོས་ལོའི་བོད་ཟླ་༦པའི་ཚེས་༡༠ཉིན་ཏེ། ཕྱི་ལོ་༡༩༨༧གྱི་ཟླ་༨པའི་ཚེས་༢༣ཉིན། འཇམ་དཔལ་རྒྱུད་ལུགས་ཀྱི་ཚོགས་མཆོད་རྒྱ་ཆེན་པོ་ཕུལ་བའི་ཚེ། ནམ་མཁའི་ཁམས་ཐམས་ཅད་འཇམ་དཔལ་གྱི་རྣམ་འཕྲུལ་ཤིན་ཏུ་ཡངས་བའི་འོད་སོགས་འོད་ཟེར་བཅུ་ཕྲག་སྣང་བར་བཤད་པའི་ཁ་དོག་སྣ་ལྔའི་འཇའ་ཟེར་གྱིས་བར་མེད་དུ་ཁྱབ་པ་སོགས་ངོ་མཚར་བའི་རྟགས་མཚན་སྣ་ཚོགས་བྱུང་བ་ན། ཆོས་རྗེ་ཉིད་དང་འཁོར་བརྒྱ་ཕྲག་ལྔ་ལྷག་ལ་རང་རང་གི་སྐལ་བ་དང་འཚམ་པར་དག་པའི་གཟིགས་སྣང་སྣ་ཚོགས་བྱུང་བས་ཀུན་ཀྱང་དད་སྤྲོའི་གཞན་དབང་དུ་གྱུར་བའི་ཉིན་གུང་ལ། ཡིད་འོང་འཇམ་དཔལ་མེ་ཏོག་འཛུམ་པའི་ཚལ་ནས་རང་ལོ་ཉེར་ལྔར་སོན་པའི་མདོ་གྲྭ་བསོད་དར་རྒྱས་ཀྱིས་མཇུག་རྫོགས་པར་སྦྱར་བའོ། །
ཕྱིས་སུ་ཕྱི་ལོ་༡༩༨༩ལ་ཤར་ཕྱོགས་གནས་རྫོང་ཕྱུག་མོའི་འཇམ་དཔལ་གནས་རི་བྱིན་རླབས་ཅན་གྱི་འདབས་རོལ་གཡང་ར་བཀྲ་ཤིས་ཆོས་གླིང་དགོན་མདོ་སྔགས་ཉི་འོད་འཁྱིལ་བའི་དགའ་ཚལ་ནས་འཕྲི་སྣོན་ཅུང་ཟད་བགྱིས་ཏེ་གྲུབ་པ་དགེའོ།། །།
༄༅། །བཀའ་དྲིན་མཚུངས་པ་མེད་པའི་འཇམ་མགོན་བླ་མ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་ལ་མཆོད་པའི་གསོལ་འདེབས་མེ་ཏོག་ཆུན་པོ་ཞེས་བྱ་བ་བཞུགས་སོ། །
ན་མོ་མཉྫུ་ཤྲཱི་གྷོ་ཥ་ཡ།
སྨྲ་བའི་ཉི་མ་ཐུགས་ཀྱི་པདྨོར་ཤར། །
ངག་གི་ལྷ་མོ་མགྲིན་པའི་འོ་མཚོར་རོལ། །
བརྒྱུད་གསུམ་བླ་མ་སྤྱི་གཙུག་གདན་ལ་བཞུགས། །
སྐྱབས་ཡུལ་ཀུན་འདུས་ཡིད་བཞིན་ནོར་བུ་མཁྱེན། །
ཁྱོད་ནི་དུས་གསུམ་རྒྱལ་ཀུན་རོལ་བའི་སྐུ༵། །
མ་ལུས་ཡིད་འཕྲོག་ཚངས་དབྱངས་དྲུག་ཅུའི་གསུ༵ང་། །
ངོ་མཚར་མཁའ་ཁྱབ་དམིགས་མེད་བརྩེ་བའི་ཐུ༵གས། །
བདག་གི་སྒོ་གསུམ་སྨིན་པར་བྱིན་གྱིས་རློབས། །
ལུང་རྟོགས་བསྟན་པའི་འདབ་བརྒྱ་ཟུམ་པའི་ཚེ། །
འཇམ་དཔལ་དཔའ་བོའི་གསང་གསུམ་ཉི་མའི་འོད། །
བསིལ་ལྗོངས་གསེར་གྱི་རི་ནས་ཤར་བ་གང་། །
བསྟན་པའི་པད་ཚལ་བཞད་ལ་གསོལ་བ་འདེབས། །
ཐུབ་བསྟན་དྭངས་གསལ་ཤེལ་དཀར་མེ་ལོང་ངོས། །
དུས་ངན་འཆལ་ཁྲིམས་དྲི་མས་སྦགས་པའི་ཚེ། །
དྲི་མེད་སྡོམ་གསུམ་དར་གྱི་བྱི་དོར་མཁན། །
རྒྱལ་བསྟན་དག་ཐེར་མཛད་ལ་གསོལ་བ་འདེབས། །
འཆ༵ད་པས་སྐལ་བཟང་མ་བོས་མགྲོན་ལ་འགུགས། །
རྩོ༵ད་པས་ལྟ་མིན་མ་སྤྲད་རྒྱང་དུ་འཁུམས། །
རྩོ༵མ་པའི་སྙན་ཚིག་མ་བཅོས་ཀློང་ནས་རྡོལ། །
མཁས་པའི་ཚུལ་གསུམ་ལྡན་ལ་གསོལ་བ་འདེབས། །
མཁ༵ས་པས་མཁྱེན་དཔྱོད་ཤེས་བྱ་ཀུན་ལ་ཁྱབ། །
བཙུ༵ན་པས་ཉེས་ལྟུང་ཕྲ་མོའི་ཤ་ཆས་བྲལ། །
བཟ༵ང་པོའི་རྣམ་ཐར་མ་ལུས་སྐྱོང་མཛད་པ། །
དམ་པའི་ཚུལ་གསུམ་རྫོགས་ལ་གསོལ་བ་འདེབས། །
ཐོ༵ས་པས་ལུང་རིགས་བྱེ་བའི་རྩལ་རྫོགས་ཤིང་། །
བས༵མ་པ༵ས་དོན་ཀུན་ཐུགས་ཀྱི་བཅུད་དུ་བསྐྱིལ། །
སྒོ༵མ་པ༵ས་རིག་གདངས་ཡེ་ནས་ལྷུན་རྫོགས་པ། །
གྲུབ་པའི་ཚུལ་གསུམ་འཆང་ལ་གསོལ་བ་འདེབས། །
ད་ནས་བདག་སོགས་ཚེ་རབས་ཤེལ་དཀར་ཕྲེང་། །
དམ་ཚིག་དར་གྱི་སྐུད་པར་ལེགས་བརྒྱུས་ཏེ། །
སྣ་ཚོགས་འགྲོ་བའི་དོན་ལ་བརྩོན་པའི་ཚེ། །
འབྲལ་མེད་དགྱེས་བཞིན་རྗེས་སུ་འཛིན་པར་མཛོད། །
རྣ༵མ་ད༵ག་ཁྲི༵མས་ཀྱི་པད་དཀར་གཞོན་ནུ་ལ། །
ཉེས་ལྟུང་དྲི་མའི་སད་ཀྱིས་མ་གོས་པར། །
ར༵བ་གས༵ལ་ཤེ༵ས་ར༵བ་གེ་སར་ངོམ་པ་ཡི། །
འཇམ་མགོན་ཁྱེད་དང་སྐལ་བ་མཉམ་པར་མཛོད། །
བདེན་བཞིའི་ཆོས་སྟོན་དགེ་བའི་དུས་ཆེན་འདིར། །
མ་ཧཱ་ཙི་ནའི་ཡུལ་གྲུ་བདེར་བཀོད་ནས། །
འཇམ་དཔལ་དབྱངས་དངོས་འཇམ་དཔལ་ཁྲི་ལ་འཁོད། །
ཞབས་པད་སྲིད་མཐར་བརྟན་པའི་རྟེན་འབྲེལ་སྨོན། །
དེ་ལྟར་གསོལ་འདེབས་དབྱངས་ཀྱི་མཆོད་པ་འདི། །
འཇམ་དཔལ་སྤྲུལ་པའི་ཞིང་ཁམས་དག་པ་རུ། །
སྨྲ་བའི་དབང་ཕྱུག་བཤེས་གཉེན་སྐུར་སྣང་ཚེ། །
སྐལ་བཟང་སློབ་བུས་དགའ་སྟོན་སྤེལ་བ་ལགས། །
ཁྱེད་ཀྱི་གདམས་ཟབ་ཚིག་གཅིག་ཡོན་ལ་ཡང་། །
ནམ་མཁའི་གོས་ཅན་གསེར་གྱིས་ཡོངས་གཏམས་ནས། །
མཆོད་སྤྲིན་རྒྱ་མཚོས་ཕུལ་ཀྱང་གཞལ་མིན་ན། །
ཆོས་སྲིད་ཟུང་གི་དྲིན་ཉིད་ཇི་ལྟར་གཟོ། །
འོན་ཀྱང་མཚུངས་མེད་བརྩེ་བའི་བཀའ་དྲིན་ལ། །
ཟང་ཟིང་མཆོད་པའི་ཚོགས་ཀྱིས་རྣམ་པར་དབེན། །
ངལ་བས་ཞབས་ཏོག་གུས་བཀུར་མ་མཆིས་པས། །
དྭངས་བའི་ཡིད་ཀྱིས་ཚིག་ཕྲེང་མེ་ཏོག་ཕུལ། །
ཞེས་པའང་རྒྱ་ནག་རི་བོ་རྩེའི་ལྔའི་ཡང་དབེན་ལྷོ་རི་མདངས་བཟང་བཀྲ་བའི་ཉེ་འདབས་སུ་གཏོགས་པ་རྡོ་དྭངས་བསིལ་དགོན་པ་རུ། མེ་ཡོས་ལོའི་བོད་ཟླ་༦པའི་ཚེས་༤སྟེ། དེ་བཞིན་གཤེགས་པས་བཀའ་དང་པོའི་ཆོས་འཁོར་བསྐོར་བའི་དུས་ཆེན་ལ་གུས་སློབ་བསོད་དར་རྒྱས་ནས་ཕུལ་བ་དགེའོ། །སརྦ་མངྒ་ལཾ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༩ རྡོ་རྗེ་ཕ་ལམ་གྱི་ཕྲེང་རྡོག་༣༦༥
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡ བསླབ་བྱ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༢ འོད་དཔག་མེད་ཀྱི་ཞིང་ཡིད་ལ་བྱེད་པའི་མདོ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༣ ས་ཡི་སྙིང་པོའི་རྩ་བའི་སྨོན་ལམ་གྱི་མདོ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༤ བཀྲ་ཤིས་པའི་མདོ་ཞེས་བྱ་བ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༥ ཕ་མའི་དྲིན་ལན་གཞལ་དཀའ་བའི་མདོ་ཞེས་བྱ་བ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༦ ཕ་མ་སྐྱོབ་པའི་མདོ་ཞེས་བྱ་བ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༧ བུ་མོ་མ་ཏཾ་གའི་མདོ་ཞེས་བྱ་བ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༨ ལུང་དག་ལྡན་ཞེས་བྱ་བ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༩ སངས་རྒྱས་འདའ་ཁའི་ཞལ་ཆེམས་ཀྱི་མདོ་ཞེས་བྱ་བ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༠ རབ་བྱེད་ཞེ་གཉིས་པའི་མདོ་ཞེས་བྱ་བ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༡ རབ་ཏུ་བྱུང་བའི་ཕན་ཡོན་ལ་བསྟོད་པ་ཚིགས་སུ་བཅད་པའི་མདོ་ཞེས་བྱ་བ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༢ བདེ་ཆེན་ཞིང་སྦྱོང་གི་བསྟན་བཅོས་ཚིགས་བཅད་མའི་རྣམ་པར་བཤད་པ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༣ རྒྱ་ནག་རི་བོ་རྩེ་ལྔའི་གནས་བཤད་མཐོང་ལྡན།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༤ སྙིང་གཏམ་སྙིང་གི་ཐིག་ལེའི་འགྲེལ་བ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༥ དྲན་ངོགས་ཀྱི་ནུབ་བསྐྱོད།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༦ དྲན་ངོགས་ཀྱི་རྨི་སྣང་།
འབྲེལ་ཡོད་ཀློག་དེབ།
སངས་རྒྱས་ཤཀྱཱ་ཐུབ་པ་ལ་ཕྱག་འཚལ་ལོ།།
只有你自己能看到