纽约佛学会

第1课

འབབ་ཚུགས་ལྔ་པ། ཨ་རིའི་ཝ་ཧྲིང་ཐོན།

༼ ༧·༢༣~༧·༣༡ ༽

མཛད་རིམ།

ཕྱི་ཟླ་༧པའི་ཚེས་༢༣ཉིན། ཝ་ཧྲིང་ཐོན་དུ་འབྱོར།

ཕྱི་ཟླ་༧པའི་ཚེས་༢༤ཉིན། བདེན་བཞིའི་ཆོས་འཁོར་གསུངས།

ཕྱི་ཟླ་༧པའི་ཚེས་༢༥ཉིན། ཕྱི་དྲོར་ཕུར་པ་མགུལ་ཁུག་མའི་དབང་གནང་།

ཕྱི་ཟླ་༧པའི་ཚེས་༢༦ཉིན། རྒྱལ་ཁབ་མདུན་ཐང་དུ་སྤྲོ་འཁྱམ་མཛད། དགོང་མོར་འཇམ་དཔལ་ཞི་སྒྲུབ་ཀྱི་དབང་གནང་།

ཕྱི་ཟླ་༧པའི་ཚེས་༢༧ཉིན། མཁའ་འགྲུལ་དབྱིངས་བསྐྱོད་དངོས་མང་བཤམས་སྟོན་ཁང་དུ་བྱོན། དགོང་མོར་སངས་རྒྱས་ལག་སྟེར་གྱི་ཁྲིད་ཐུན་དང་པོ་གསུངས།

ཕྱི་ཟླ་༧པའི་ཚེས་༢༨ཉིན། ཚུལ་ཁྲིམས་བསྲུངས་བའི་ཕན་ཡོན་དང་དགོང་མོར་སངས་རྒྱས་ལག་སྟེར་གྱི་ཁྲིད་ཐུན་གཉིས་པ་གསུངས།

ཕྱི་ཟླ་༧པའི་ཚེས་༢༩ཉིན། དགོང་མོར་སངས་རྒྱས་ལག་སྟེར་གྱི་ཁྲིད་ཐུན་གསུམ་པ་གསུངས།

ཕྱི་ཟླ་༧པའི་ཚེས་༣༠ཉིན། ཕོ་བྲང་དཀར་པོར་གཟིགས་སྐོར་དང་ཀྲུང་གོའི་གཞུང་ཚབ་ཁང་དུ་བྱོན།

ཕྱི་ཟླ་༧པའི་ཚེས་༣༡ཉིན། གྱེས་ཁའི་ཞལ་གདམས་གནང་།

རྒྱལ་ས་ཝ་ཧྲིང་ཐོན་དུ་འབྱོར།

ནུབ་མཚོའི་འགྲམ་ནས་ཆུ་ཚོད་དྲུག་ལ་མཁའ་ལམ་དུ་འཕུར་སྐྱོད་བྱས་ཏེ། ཤར་མཚོའི་འགྲམ་རྒྱུད་ཀྱི་ཨ་རིའི་རྒྱལ་ས་ཝ་ཧྲིང་ཐོན་དུ་འབྱོར་བ་དང་། གནམ་གྲུ་ལས་བབས་མ་ཐག མི་རྒྱུད་དཀར་པོ་དང་ནག་པོ། སེར་པོ། བོད་ཀྱི་བླ་སེར། ནུབ་ཕྱོགས་པའི་རབ་བྱུང་སོགས་སྐྱ་སེར་མང་པོས་ལག་ཏུ་ཁ་བཏགས་བཟུང་ཞིང་ཕྲེང་བསྒྲིགས་ནས་རྗེ་ཉིད་བྱོན་པ་ལ་དགའ་བསུ་ཞུས། ཁོང་ཚོས་ལོ་དང་ཟླ་བར་བསྒུགས་པའི་ཆོས་རྗེ་ཉིད་དངོས་སུ་གནས་འདིར་ཕེབས་པ་ལ་དགའ་སྤྲོ་ཚད་མེད་སྐྱེས་ཤིང་བཞིན་རས་འཛུམ་གྱིས་ཁེངས་འདུག

གནམ་ཐང་ལས་ཕྱིར་ཐོན་པ་ན། རང་བྱུང་གི་བཀོད་པའི་ཁྱད་ཆོས་ལྡན་པའི་ས་ཚིགས་སྔོན་མའི་ཨ་རིའི་ནུབ་རྒྱུད་ཀྱི་གྲོང་ཁྱེར་རྣམས་དང་བསྡུར་ན། ཝ་ཧྲིང་ཐོན་གྱི་གྲོང་ཁྱེར་ལ་རིག་གནས་ལོ་རྒྱུས་ཀྱི་མཁའ་དབུགས་ཧ་ཅང་རྔམ་མཐུག་པར་འདུག གྲོང་ཁྱེར་འདིར་ལོ་ངོ་སུམ་བརྒྱ་ལ་ཉེ་བའི་ལོ་རྒྱུས་ལས་མེད་ཀྱང་། ཨ་རིའི་སྲིད་འཛིན་གྱི་ལྟེ་གནས་ཡིན་པའི་རྐྱེན་གྱིས། ཕོ་བྲང་དཀར་པོ་དང་རྒྱལ་ཚོགས་མཁར་ཆེན་སོགས་འཛུགས་སྐྲུན་སྣ་ཚོགས་ཀྱིས་བརྒྱན་པས་མཛེས་སྡུག་དང་རྔམ་བརྗིད་ལྡན་ཞིང་། ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཁྱད་ཆོས་ལྷག་པར་མངོན།

ས་གནས་དེ་གའི་མི་རྣམས་ཀྱིས་བཤད་པ་ལྟར་ན། ཨ་རིའི་རྒྱལ་ཁབ་ཚུགས་ནས་རྒྱལ་ས་གཏན་ཁེལ་བྱེད་པ་ལ། ལྷོ་ཕྱོགས་དང་བྱང་ཕྱོགས་ཀྱི་མངའ་སྡེ་སོ་སོས་རང་རང་གི་ས་ཆར་གཟུག་འདོད་ཆེ་བས་ཕན་ཚུན་རྩོད་པར་གྱུར། རྗེས་སུ་མཉམ་གཅིག་ཏུ་གྲོས་མོལ་བྱས་ཏེ་ལྷོ་བྱང་གཉིས་ཀྱི་ས་མཚམས་སུ། དབྱིན་ལེ་གྲུ་བཞི་མ་བརྒྱ་ཡོད་པའི་ནགས་ཚལ་མང་བའི་རི་གྲོང་ཐར་ཐོར་ལས་མེད་པའི་ས་ཆ་ཞིག་ཏུ་གཟུག་རྒྱུའི་གྲོས་ཆོད་བྱུང་། རྒྱལ་སའི་གྲོང་ཁྱེར་དེར་ཨ་རིའི་སྲིད་འཛིན་དང་པོ་ལྗོར་ལྗི་ཝ་ཧྲིང་ཐོན་གྱི་མིང་བཏགས།

ང་ཚོ་གནས་འདིར་བསྡད་ནས་ཆོས་རྗེ་ཉིད་ཀྱིས་གཟའ་འཁོར་གཅིག་གི་རིང་ལ་ཆོས་ཁྲིད་གསུངས།

བདེན་བཞིའི་ཆོས་འཁོར།

ཕྱི་ཟླ་༧པའི་ཚེས་༢༤ཉིན། ཆོས་རྗེ་ཉིད་ཀྱིས་ལན་སཱི་པེར་ཀི་ཟློས་གར་གླིང་(Lansberg Thesatre)དུ། རྒྱལ་ས་ཝ་ཧྲིང་ཐོན་ལ་འབྱོར་བའི་ཐེངས་དང་པོའི་སྤྱི་བསྒྲགས་འཆད་ཁྲིད་གནང་། ཉིན་དེར་བོད་རྩིས་ཀྱི་ཟླ་༦པའི་ཚེས་༤སྟེ། སྟོན་པ་ཐུགས་རྗེ་ཅན་གྱིས་བདེན་བཞིའི་ཆོས་འཁོར་བསྐོར་བའི་དུས་ལ་ཐུག་ཡོད་པ་དང་། ཆོས་རྗེ་ཉིད་ཀྱིས་བདེན་བཞིའི་ཆོས་གསུངས་པ་གཉིས་རྟེན་འབྲེལ་ལེགས་ཕྱོགས་སུ་འགྲིགས།

ཆོས་ཁྲིད་མ་གསུངས་སྔོན། གཙོ་སྒྲུབ་ཕྱོགས་ནས་ངོ་སྤྲོད་བྱས་པ་འདི་ལྟར།

ཕྱི་དྲོ་བཟང་། དེ་རིང་འདི་ནས་ཆོས་རྗེ་འཇིགས་མེད་ཕུན་ཚོགས་རིན་པོ་ཆེ་ངོ་སྤྲོད་བྱ་རྒྱུ་བྱུང་བ་ནི་ང་རང་གི་བསོད་ནམས་དང་གཟི་བརྗིད་ཡིན།

ཆོས་རྗེ་རིན་པོ་ཆེ་ཁོང་ནི། དེང་སྐབས་འཛམ་གླིང་ན་འགྲན་ཟླ་བྲལ་བའི་ཕུལ་བྱུང་གི་བསྟན་འཛིན་གྱི་སྐྱེས་བུ་ཞིག་ཡིན་ལ། ང་ཚོས་ཁོང་ཉིད་རྒྱལ་ས་ཝ་ཧྲིང་ཐོན་ལ་གདན་ཞུ་བྱས་ཏེ་གསེར་ཞལ་མཇལ་ཐུབ་པ་ནི་རང་རེས་བསོད་ནམས་མང་དུ་བསགས་པའི་འབྲས་བུ་ཡིན། དེ་བས། ཚང་མས་ཕུན་སུམ་ཚོགས་པའི་གོ་སྐབས་འདི་འབད་བརྩོན་དང་བཅས་ཏེ་དམ་འཛིན་བྱེད་པ་ནི་བདག་གི་རེ་བ་ཡིན།

ཆོས་པ་ལས་དང་པོ་པས་ངེས་པར་སློབ་དགོས་པའི་གདམས་ངག་གཙོ་བོ་ཞིག་ནི། ཆོས་སྒོར་ཞུགས་ནས་བཟུང་ཐོས་བསམ་སྒོམ་གསུམ་གྱི་ལས་ལ་དཀའ་བ་བརྒྱ་ཕྲག་ཁྱད་དུ་བསད་ནས། རིན་པོ་ཆེའི་གླིང་དུ་ཕྱིན་ན་ལག་སྟོང་དུ་ཕྱིར་ཡོང་མི་རིགས་པ་བཞིན། ངེས་པར་དུ་གྲུབ་འབྲས་ལོན་ཐབས་ལ་འབད་དགོས་པ་དེ་ཡིན། དེ་རིང་གི་སྤྱི་བསྒྲགས་གསུང་བཤད་ཀྱི་ཁ་བྱང་ནི་བདེན་བཞི་དང་རྫོགས་ཆེན་སྐོར་ཡིན་ལ། འདི་ནི་ནང་པའི་ཆོས་ཀྱི་ཉིང་བཅུད་ཀྱང་ཡིན་པས། རྣམ་པ་ཚོ་ཕྱིར་ཁྱིམ་ལ་ལོག་སྐབས་ལག་སྟོང་མཆན་དུ་བཅུག་ནས་འགྲོ་བ་མ་ཡིན་པར་ཕན་འབྲས་ལེགས་པོ་འཐོབ་པའི་སྨོན་འདུན་ཞུ་བ་ཡིན།

མཇུག་ཏུ། ངས་གོ་སྐབས་འདི་ནི་ཁྱེད་ཅག་གི་བློ་ཡུལ་ལས་འདས་པའི་གོ་སྐབས་ལེགས་པོ་ཞིག་ཡིན་ཞེས་བཤད་པ་ལས། གོ་སྐབས་འདིའི་གལ་ཆེན་རང་བཞིན་ནི་སྒྲ་ཚིག་གི་ལམ་ནས་བརྗོད་ཐབས་བྲལ་བས། ཁྱེད་ཅག་འདིར་སླེབས་པར་དགའ་བསུ་ཞུ། འདི་ལྟར་ཚོགས་ལེགས་པོ་བསགས་ནས་ལྷན་དུ་ཆོས་ཞུ་བའི་གོ་སྐབས་བྱུང་བར་སླར་ཡང་བཀའ་དྲིན་ཞུ།

ཞེས་གཙོ་སྒྲུབ་ཕྱོགས་ཀྱི་སྔོན་འགྲོའི་གཏམ་གླེང་སོང་བའི་རྗེས་སུ་ཆོས་རྗེ་མཆོག་གིས་སྤྱི་བསྒྲགས་གསུང་བཤད་འདི་ལྟར་གནང་།

ཐོག་མར་བཤད་པར་བྱ་བའི་དོན་ནི། བདག་ཅག་གི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱིས་བསྐལ་པ་མང་པོའི་གོང་རོལ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། བར་དུ་བསྐལ་པ་གྲངས་མེད་དུ་མའི་རིང་ལ་ཚོགས་བསགས། མཐར་རྒྱ་གར་རྡོ་རྗེ་གདན་དུ་མངོན་པར་རྫོགས་པར་སངས་རྒྱས་ནས། ཞག་བདུན་ཕྲག་བདུན་གྱི་རྗེས་སུ་ལྷ་དང་མི་ལ་སོགས་པའི་འགྲོ་བ་ཐམས་ཅད་ལ་ཕན་པ་དང་བདེ་བ་འབྱུང་བའི་ཕྱིར་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་ཚེས་ཀྱང་དེ་རིང་གི་ཉི་མ་འདི་རེད། འདི་ཡང་རྟེན་འབྲེལ་མ་བསྒྲིགས་རང་འགྲིགས་སུ་གྱུར་བས་ཕྱི་ནང་གསང་གསུམ་གྱི་བཀྲ་ཤིས་དགེ་མཚན་ཕུན་སུམ་ཚོགས་པ་འབྱུང་བའི་རྟགས་མངོན་དུ་གྱུར་པ་ཡིན།

དེ་ལྟ་བུའི་དུས་ཚེས་ཕུན་སུམ་ཚོགས་པ་ལ་གནས་ཀྱི་དབང་དུ་བྱས་ན། འཛམ་བུ་གླིང་འདིར་རྒྱལ་ཁབ་ཉིས་བརྒྱ་ལ་ཉེ་བ་ཙམ་ཞིག་ཡོད་པ་ཐམས་ཅད་ཀྱི་སྤྱི་བོའི་གཙུག་གི་རྒྱན་ལྟ་བུའི་སྟོབས་འབྱོར་ཕུན་སུམ་ཚོགས་པ། འགྲན་པའི་ཟླ་ཐམས་ཅད་དང་བྲལ་བ་ནི་ཨ་རིའི་རྒྱལ་ཁབ་འདི་རེད། ཨ་རིའི་རྒྱལ་ཁབ་ཀྱི་ནང་ནས་ཀྱང་ཁྱད་པར་དུ་རྒྱལ་སའི་ལྟེ་བ་འདི་ལ་དེ་རིང་དངོས་སུ་ཐོན་པར་ང་རང་ལ་དགའ་སྤྲོ་ཧ་ཅང་ཆེན་པོ་སྐྱེས་བྱུང་།

དེ་ལ་རྒྱུ་མཚན་རྣམ་པ་གསུམ་ཡོད། དང་པོ། ཨ་རིའི་རྒྱལ་ཁབ་ཀྱི་མགོ་ཁྲིད་རྣམས་ལ་བསམ་བློ་བཏང་ན། ཁོང་རྣམ་པ་ཚང་མ་འཛམ་བུ་གླིང་གི་མིའི་རིགས་ཀྱི་འགྲོ་བ་མཐའ་དག་ཞི་བདེའི་ལམ་ལ་འགོད་པའི་སྙིང་སྟོབས་དང་ཡོན་ཏན། བརྩོན་འགྲུས་ཆེ་བ་སོགས་གཞན་གང་དང་ཡང་མི་འདྲ་བའི་ཡོན་ཏན་ཅན་མང་པོ་ཞིག་ས་གནས་འདི་རུ་བཞུགས་མྱོང་ཡོད་པ་རེད་བསམ་ནས་དགའ་ཚོར་ཆེན་པོ་ཞིག་སྐྱེས་སོང་། གཉིས་པ། ཨ་རིའི་མི་དམངས་ལ་བསམ་བློ་བཏང་ན་ཡང་། ཚང་མ་སྟོབས་འབྱོར་དང་ལྡན་ཞིང་རང་དབང་ཕུན་སུམ་ཚོགས་པའི་བདེ་སྐྱིད་ལ་ལོངས་སྤྱོད་པ་འདི་ནི་ཤིན་ཏུ་ངོ་མཚར་བའི་གནས་ཤིག་ཡིན་པ་དང་། ཁྱད་པར་དུ་ཡུལ་ཁམས་འདིའི་ཁོར་ཡུག་མཛེས་ཤིང་ལྟ་ན་སྡུག་པ། རྩྭ་རི་ནགས་ལྗོངས་སྡོད་ཁང་ལ་སོགས་པ་གང་ཅིའི་ཐད་ནས་ཀྱང་། ལྷའི་གྲོང་ཁྱེར་མི་ཡུལ་དུ་འཕོས་པ་ལྟ་བུའི་གནས་འདི་ལ་ཐོན་པས་དགའ་སྤྲོ་ཁྱད་པར་ཅན་ཞིག་སྐྱེས། གསུམ་པ། ང་རང་ཤར་ཕྱོགས་ཨེ་ཤ་ཡའི་རྒྱལ་ཁབ་ན་ཡོད་པའི་དུས་སྐབས་སུ། འདི་ལྟ་བུའི་ཡུལ་ཁམས་ཤིག་ཡོད་པ་ཚོར་མྱོང་ཞིང་། དེ་ལ་ཐོན་པའི་དུས་ཚོད་ཅིག་ཡོད་ན་སྙམ་ནས་རེ་སྨོན་ཡུན་རིང་ལ་བྱས་པ་ཡིན། དེ་རིང་གི་དུས་ཚོད་འདིར་རེ་འབྲས་དོན་སྨིན་དུ་བྱུང་སོང་བས། བསམ་གྱིས་མི་ཁྱབ་པའི་དགའ་བ་དང་སྤྲོ་བ་བླ་ལྷག་ཏུ་འཕེལ་བྱུང་།

ཁྱེད་ཅག་ཆོས་ཚོགས་སོ་སོའི་གཙོ་འགན་པ་དང་འཁོར་སློབ་ཐམས་ཅད་ཀྱང་ཆོས་ལ་དགའ་བ་དང་བླ་མ་ལ་དད་པ་ཆེ་བ། ཐ་ན་བརྩི་བཀུར་གྱི་རྣམ་འགྱུར་ཚུན་ཆད་ཀྱང་ཧ་ཅང་བཟང་པོ་འདུག ཁྱེད་རྣམ་པའི་མཛད་ཚུལ་ནི་ནང་པ་སངས་རྒྱས་པའི་ཀུན་སྤྱོད་དང་འགྲོ་བ་མིའི་ཡ་རབས་ཀྱི་སྤྱོད་ཚུལ་དང་མཐུན་པས། ང་ལ་ཡིད་འགུལ་ཐེབས་ཤིང་དགའ་སྤྲོ་ཡང་ཆེན་པོ་སྐྱེས།

ཨ་རིའི་ལུང་པ་འདིར་བོད་ཀྱི་བླ་མ་ཡང་ཆེས་མི་ཉུང་བ་ཞིག་བྱོན་མྱོང་བ་དང་། དེ་ཐམས་ཅད་ཀུན་ཀྱིས་ཀྱང་ཡུན་རིང་པོའི་བར་དུ་བསྟན་པ་ལ་མཛད་རྗེས་བསམ་གྱིས་མི་ཁྱབ་པ་བཞག་ཡོད། དེ་རིང་འུ་ཅག་གི་ཚོགས་ཁང་འདིར་མཚོན་ནའང་། དགེ་ཚུལ་སློང་དམར་སེར་ངུར་སྨྲིག་འཛིན་པའི་སྡེ་འདི་འདྲ་མང་པོ་ཞིག་བཞུགས་པ་ནི་ལྷག་པར་དུ་དགའ་སྤྲོ་སྐྱེ་བའི་གནས་ཤིག་རེད།

དེ་ཡང་ཡུལ་ཁམས་གང་དང་གང་ཡིན་ཡང་རབ་ཏུ་བྱུང་བའི་སྡེ་དགེ་ཚུལ་སློང་དང་། གོས་དཀར་འཆང་བའི་སྡེ་དགེ་བསྙེན་ཕ་མ་གཉིས་ཏེ་དེ་བཞི་པོ་ཡོད་ན་སངས་རྒྱས་ཀྱི་བསྟན་པ་ཆ་ཚང་བ་ཞིག་ཡོད་ཟེར་དགོས་པ་ཡིན། དེ་དག་ལས་གང་རུང་མེད་ན་སངས་རྒྱས་ཀྱི་བསྟན་པ་ཁ་འཐོར་བ་ཞིག་ཡིན་གསུངས་པས། རབ་བྱུང་རྐྱང་པའམ་ཁྱིམ་པ་རྐྱང་པའི་གནས་ཤིག་ཡིན་ན་དེ་ཡང་སངས་རྒྱས་ཀྱི་བསྟན་པ་ཁ་མ་ཚང་བ་རེད། ཡིན་ཡང་ས་ཆ་འདི་ལ་བསམ་བློ་བཏང་ན། སངས་རྒྱས་ཀྱི་བསྟན་པ་ཁ་ཚང་བས་བསྟན་པའི་ཡུལ་དབུས་ཞེས་བརྗོད་ཀྱང་ཆོག་པ་ལྟ་བུ་ཡིན།

ཁྱད་པར་དུ་དགེ་ཚུལ་སློང་དེ་ཧ་ཅང་གལ་ཆེན་ཡིན། རྒྱུ་མཚན་ཅི་རེད་ཟེར་ན། སངས་རྒྱས་ཀྱི་བསྟན་པ་གནས་མི་གནས་ཟེར་བ་དེ་དགེ་ཚུལ་སློང་ཡོད་མེད་ལ་ལྟོས་ནས་བཏགས་པ་མ་གཏོགས། སྔགས་པ་ལྟ་བུ་ཡིན་ན་ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་ནམ་མཁའ་ལྡིང་ལ་སོགས་པའི་ཡུལ་ཐ་དད་པ་རྣམས་སུ་གསང་སྔགས་ཉམས་ལེན་པ་ཡོད་པས། སྔགས་ཀྱི་བསྟན་པ་ནམ་ཡང་ནུབ་པར་འགྱུར་བའི་དུས་ཤིག་ཡོད་པ་མིན། དེས་ན་སངས་རྒྱས་ཀྱི་བསྟན་པ་ཡུལ་གང་ལ་ནུབ་པ་དང་། གང་ལ་དར་གྱིན་ཡོད་ཟེར་བ་དེ་ཡང་དགེ་ཚུལ་སློང་ཡོད་མེད་ཁོ་ན་ལ་གསུངས་པ་ཡིན། དེའི་ཕྱིར་ན་ཡུལ་འདི་ལྟ་བུ་ལ་དགེ་ཚུལ་སློང་འདི་འདྲའི་མང་པོ་ཡོད་པ་ནི་ཧ་ཅང་ངོ་མཚར་བའི་གནས་ཤིག་ཡིན།

སངས་རྒྱས་ཀྱི་བསྟན་པ་གནས་པའི་ཡུན་ཅི་ཙམ་ཡིན་ཞེ་ན། ལྔ་བརྒྱ་བ་ཕྲག་བཅུའི་བར་དུ་གནས་པ་ཡིན། དེ་ཡང་བཅོམ་ལྡན་འདས་ཀྱི་ལུང་གི་ནང་དུ། བསྟན་པ་འཇིག་ལ་ཉེ་བའི་དུས་སུ་བྱང་ནས་བྱང་དུ་དར་བར་འགྱུར་ཞེས། ལི་ཡུལ་དང་བོད་ཁ་བ་ཅན་གྱི་ཡུལ་སོགས་ལས། གཞན་རྒྱ་གར་སོགས་ཚང་མ་ལ་བསྟན་པ་ནུབ་པར་འགྱུར་བར་གསུངས་པ་ནི་དམ་ཆོས་འདུལ་བའི་བསྟན་པ་ནུབ་པར་འགྱུར་བ་ལ་གོ་དགོས་ན། ད་ལྟ་ཁ་བ་ཅན་དུ་མ་ཟད་ནུབ་ཕྱོགས་ཀྱི་རྒྱལ་ཁབ་འདི་ལྟ་བུ་ལ་ཡང་། འདུལ་བ་འཛིན་པ་འདི་འདྲ་མང་པོ་ཞིག་ཡོད་པ་ནི། ཡུལ་ཁ་བ་ཅན་དུ་བསྟན་པ་བསྡུ་མ་རན་པར་མ་ཟད། འཛམ་གླིང་སྤྱི་ལ་ཡང་བསྟན་པ་ད་རུང་ཡུན་རིང་པོའི་བར་དུ་དར་བའི་རྟེན་འབྲེལ་ཕུན་སུམ་ཚོགས་པ་ཞིག་འགྲིགས་པ་ཡང་ཧ་ཅང་བཟང་པོ་རེད།

དེས་ན་རྗེས་སུ་ཡང་ཁྱེད་རྣམ་པ་ཚང་མས་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། ཁྱད་པར་དུ་དགེ་ཚུལ་སློང་གི་བསྟན་པ་དར་ཞིང་རྒྱས་པ་ཞིག་འབྱུང་བར་བྱས་ན། འཇིག་རྟེན་གྱི་ཁམས་ཀུན་ཏུ་བདེ་སྐྱིད་ཕུན་སུམ་ཚོགས་པ་ཡོང་བ་དང་། ནད་མུག་འཁྲུག་རྩོད་ཐམས་ཅད་ཞི་བའི་དགོས་པ་ཁྱད་པར་ཅན་རེ་ཡོད་པའི་ཕྱིར་ན། དེ་ལུགས་ཐུགས་ལ་འཛིན་པར་ང་རང་གིས་ཅིས་ཀྱང་གསོལ་བ་འདེབས་པ་ཡིན།

དེ་དག་ནི་འཇིག་རྟེན་པའི་ཚུལ་ལུགས་ལ་བསྟུན་ཏེ་འཚམས་འདྲི་དང་འབྲེལ་བའི་སྐད་ཆ་ཚིག་གསུམ་སྔོན་དུ་བཤད་པ་ཡིན།

ད་ནི་དམ་པའི་ཆོས་ཀྱི་ཚུལ་ལུགས་དང་བསྟུན་ནས་གཏམ་བཤད་མདོར་བསྡུས་ཙམ་ཞིག་ཞུ་རྒྱུ་ཡོད། བདག་ཅག་གི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱིས། རྒྱ་གར་གྱི་ཡུལ་ཝ་ར་ཎཱ་སིའི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་ཚལ་དུ། མིའི་འཁོར་ལྔ་སྡེ་བཟང་པོ་དང་ལྷ་བརྒྱད་ཁྲི་དང་བཅས་པ་ལ། བཀའ་དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་ནས་དེ་རིང་ཡན་ཆད་ལ་ཕལ་ཆེར་ལོ་སུམ་སྟོང་ལ་ཉེ་བ་ཞིག་སྟེ། དཔལ་ལྡན་ཕུག་པའི་ལུགས་ལ་འདས་ལོ་༢༨༧༣དང་། གཞན་ཡང་གནས་བརྟན་པའི་ལུགས་སུ་འདས་ལོ་༢༥༣༧ཙམ་སོང་ཟིན། གང་ལྟར་ཡང་དེ་རིང་ཁྱེད་རྣམ་པ་ལ་རྗེས་དྲན་གྱི་ཚུལ་དུ་ཁོང་གིས་གསུངས་པའི་ཆོས་མདོར་བསྡུས་ཙམ་ཞིག་ཞུ་རྒྱུ་ཡིན།

བདེན་བཞི་སྤྱིར་བསྟན་པ།

བཅོམ་ལྡན་འདས་ཁོང་གིས་ཆོས་གང་གསུང་ན། རྟེན་འབྲེལ་སྙིང་པོ་འདི་གསུངས་ཏེ། ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲཱ་མ་ཎཿ སྭཱ་ཧཱ། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །དེ་དག་གི་དོན་གང་ཡིན་ཞེ་ན། བཅོམ་ལྡན་འདས་ཀྱིས་ཐོག་མར་བདེན་བཞིའི་ཆོས་འཁོར་གསུངས་སྐབས་འཁོར་རྣམས་ལ། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། །འདི་ནི་སྡུག་བསྔལ་ཀུན་འབྱུང་བའོ། །འདི་ནི་སྡུག་བསྔལ་འགོག་པའོ། །འདི་ནི་སྡུག་བསྔལ་འགོག་པར་འགྱུར་བའི་ལམ་འཕགས་པའི་བདེན་པའོ། །ཞེས་བདེན་པ་བཞིའི་ངོ་བོ་ལ་བཟླས་པ་དང་། དེ་ནས་སྡུག་བསྔལ་ཤེས་པར་བྱའོ། །ཀུན་འབྱུང་སྤང་བར་བྱའོ། །འགོག་པ་མངོན་དུ་བྱའོ། །ལམ་རྒྱུད་ལ་བསྟེན་པར་བྱའོ། །ཞེས་བྱ་བ་ལ་བཟླས་པ་དང་། དེ་ནས་ཡང་སྡུག་བསྔལ་ཤེས་པར་བྱས་ཏེ་སླར་ཤེས་པར་བྱར་མེད་དོ། །ཀུན་འབྱུང་སྤང་བར་བྱས་ཏེ་སླར་སྤང་བར་བྱར་མེད་དོ། །འགོག་པ་མངོན་དུ་བྱས་ཏེ་སླར་མངོན་དུ་བྱར་མེད་དོ། །ལམ་རྒྱུད་ལ་བསྟེན་པར་བྱས་ཏེ་སླར་བསྟེན་པར་བྱར་མེད་དོ། །ཞེས་མཐར་ཐུག་པ་ལ་བཟླས་པ་སྟེ། དེ་ལྟར་བཟླས་པ་གསུམ་དང་རྣམ་པ་བཅུ་གཉིས་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ན། མིའི་འཁོར་ལྔ་སྡེ་བཟང་པོ་ལ་སོགས་པ་རིམ་གྱིས་དགྲ་བཅོམ་པའི་གོ་འཕང་ཐོབ་པ་དང་། ལྷ་བརྒྱད་ཁྲི་དང་བཅས་པས་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་མཐོང་བར་གྱུར་པ་ཡིན། དེའང་བཅོམ་ལྡན་འདས་ཀྱིས་གོང་གི་ཚིག་རྐང་བཅུ་གཉིས་པོ་མ་གཏོགས་གཞན་གང་ཡང་མ་གསུངས་མོད། བཅོམ་ལྡན་འདས་ནི་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པའི་མཐུ་དང་། དེའི་འཁོར་དུ་གཏོགས་པ་ཐམས་ཅད་ཀུན་ཀྱང་དད་པ་དང་ལྡན་པའི་སྲིད་པ་ཐ་མ་པ་ཡིན་པས། དེ་ཙམ་ཞིག་གིས་འཕགས་རྒྱུད་ཀྱི་སྤང་བ་དང་རྟོགས་པའི་ཡོན་ཏན་མངོན་དུ་བྱས་སོང་བ་ཡིན། དེས་ན་དེ་ལྟར་གདམས་པའི་དང་པོའི་ཚིག་རྐང་བཞི་དེའི་དོན་ད་སྐབས་མདོར་བསྡུས་ཙམ་ཞིག་ཞུ་རྒྱུ་ཡིན།

ད་ལྟ་དགའ་ལྡན་ལྷའི་ཡུལ་ན་མངོན་སུམ་དུ་བཞུགས་ཡོད་པའི་བྱམས་པ་མགོན་པོ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྒྱལ་ཚབ་ཡིན། དེ་ཉིད་ཀྱིས་རྒྱུད་བླ་མ་ལས་བདེན་བཞིའི་དོན་གསལ་བར་བཀྲལ་ཡོད་པ་དེའི་དོན་བཞིན་དུ་ཁྱེད་རྣམ་པ་ལ་ཞུས་ན། དང་པོ། བཅོམ་ལྡན་འདས་ཀྱིས་དཔེའི་སྒོ་ནས་གསུངས་ཡོད་པ་འདི་ལྟར། གང་ཟག་ཅིག་ནད་ཚབས་ཆེན་གྱིས་མནར་བཞིན་ཡོད་ན་དང་པོ་ནད་ངོས་ཟིན་དགོས་པ་བཞིན། དང་པོ་སྡུག་བསྔལ་ཡིན་པ་ཤེས་དགོས་པར་གསུངས། གཉིས་པ། ནད་ཞི་བར་འདོད་ན་ནད་ཀྱི་རྒྱུ་ཟ་མ་དང་སྤྱོད་ལམ་ལ་སོགས་པ་གང་གིས་བསྐྱེད་ཡོང་ན་དེ་སྤང་དགོས་པ་བཞིན་ཀུན་འབྱུང་སྤང་དགོས་པར་གསུངས། གསུམ་པ། ནད་དེ་མེད་པར་གྱུར་ན་ལུས་སེམས་ལ་དགའ་བདེ་སྐྱེ་བ་བཞིན་དུ་སྡུག་ཀུན་གཉིས་འགོག་པའི་བདེན་པ་རང་གི་རྒྱུད་ལ་མངོན་དུ་བྱ་དགོས་གསུངས། བཞི་པ། དེ་ལྟ་བུའི་སྡུག་ཀུན་དང་བྲལ་བའི་འགོག་པ་ཟེར་བ་ཡང་རྒྱུ་མེད་རྐྱེན་མེད་དུ་མི་འབྱུང་བས། དཔེར་ན་ནད་ལས་གྲོལ་དགོས་ན་སྨན་བསྟེན་དགོས་པ་བཞིན་དུ། འགོག་པ་མངོན་དུ་བྱ་བའི་ཕྱིར་ལམ་ཡང་དག་པ་ཞིག་བསྒོམ་དགོས། དེའི་ཕྱིར་ལམ་རྒྱུད་ལ་བརྟེན་པར་བྱ་ཞེས་གསུངས།

སྡུག་བསྔལ་བདེན་པ།

དེའི་ནང་གི་དང་པོ་ནད་ངོས་ཟིན་དགོས་པ་བཞིན་དུ། ང་ཚོས་སྲིད་པ་ཁམས་གསུམ་འཁོར་བའི་གནས་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་དང་སྡུག་བསྔལ་གྱི་ཡོ་ལང་། དཔེར་ན་མེའི་འོབས་དང་རལ་གྲིའི་སོ་སྟེང་དུ་མཆོངས་པ་ལྟ་བུ་མ་གཏོགས་བདེ་བའི་གོ་སྐབས་ཅུང་ཟད་ཙམ་ཡང་མེད་པ་ངོ་ཤེས་དགོས། འོ་ན་ཁམས་གསུམ་འཁོར་བའི་སེམས་ཅན་ཐམས་ཅད་སྡུག་བསྔལ་འབའ་ཞིག་གི་ནང་དུ་ཇི་ལྟར་ཆུད་ཡོད་པ་རེད་ཅེ་ན། ང་ཚོའི་ལུས་ལ་ན་ཚ་དང་སེམས་ལ་སྡུག་བསྔལ་འབྱུང་བ། དེ་བཞིན་དུ་རྒྱུ་རྫས་ལོངས་སྤྱོད་ཐོབ་མངའ་ཐང་སོགས་མི་ཐོབ་པ་དང་། གནས་སྐབས་མཐོན་པོ་གནམ་ལྟ་བུ་ཡིན་ཡང་དམའ་མོའི་ས་ལྟ་བུ་ལ་ལྷུང་བ་དེ་དག་ནི་སྡུག་བསྔལ་ཡིན་པར་སུས་ཀྱང་ཤེས་སླ་བ་ཡིན། དེ་ལ་འགྱུར་བའི་སྡུག་བསྔལ་ཟེར།

དེ་ནས་ང་ཚོས་བདེ་བར་རློམ་པའི་སྟོབས་འབྱོར་དང་མངའ་ཐང་། སྙན་གྲགས་ལ་སོགས་པ་ཐམས་ཅད་ཀུན་ཀྱང་སྡུག་བསྔལ་ཡིན། སྡུག་བསྔལ་ཡིན་པའི་ཚུལ་ཇི་ལྟར་ཡིན་ཞེ་ན། འབྱོར་བ་གཅིག་པུ་ལ་བསམ་བློ་བཏང་ན། འབྱོར་བ་གཅིག་ཡོད་ན་གཉིས་ཨེ་འཐོབ་བསམ། གཉིས་ཡོད་ན་གསུམ་ཨེ་འཐོབ་བསམ། དཔེར་ན་རྒྱལ་ཁབ་གཅིག་གི་སྲིད་འབྱོར་མཐའ་དག་ལ་དབང་བྱེད་རྒྱུ་ཡོང་ན་ཡང་། ད་དུང་རྒྱལ་ཁབ་གཞན་ཞིག་གི་འབྱོར་བ་ཨེ་འཐོབ་བསམ། སེམས་ཁ་མི་གང་བར་སླར་ཡང་འདོད་པ་ཁོ་ནས་གཡེང་སྟེ་སྡུག་བསྔལ་བ་ལས་བདེ་བ་གཏན་ནས་ཡོད་པ་མིན། དེ་བཞིན་རྒྱུ་རྫས་ལོངས་སྤྱོད་ལ་བསམ་བློ་བཏང་ན་ཡང་། དང་པོ་གསོག་དུས་ངལ་རྩོལ་རྣམ་པ་སྣ་ཚོགས་བྱས་ནས་སྡུག་བསྔལ་ཤིན་ཏུ་མང་པོ་མྱོང་དགོས་པ་ནི་གསོག་པའི་སྡུག་བསྔལ་ཡིན། བར་དུ་དགྲ་རྐུན་ལ་སོགས་པས་བརླག་འགྲོ་བར་བསམ་ནས་དོགས་པ་སྐྱེ་བ་བསྲུང་བའི་སྡུག་བསྔལ་ཡིན། ཐ་མ་ཉིན་མཚན་ཀུན་ཏུ་རྒྱུ་རྫས་ལོངས་སྤྱོད་རྣམས་གཅིག་གི་ཁར་གཉིས་དང་གཉིས་ཀྱི་ཁར་གསུམ་ཨེ་སོག་སྙམ་ནས་སྡུག་བསྔལ་འབའ་ཞིག་མྱོང་བ་མ་གཏོགས། རྒྱུ་རྫས་ལོངས་སྤྱོད་ཀྱིས་བདེ་བ་ཐོབ་ཚར་ཟེར་བ་ཞིག་རྩ་བ་ནས་ཡོད་པ་མིན།

རང་གིས་ལོངས་སུ་སྤྱོད་ཚུལ་ལ་བསམ་བློ་བཏང་ན། དཔེར་ན་ཨ་རིའི་རྒྱབ་ཁབ་གཅིག་གི་རྒྱུ་རྫས་ཚང་མ་མི་གཅིག་ལ་དབང་སྲིད་ན། དེས་ཀྱང་རང་གིས་ཟ་མ་ཞིམ་པོ་ལྟོ་འགྲངས་རེ་ཟོས། གོན་པ་འཇམ་པོ་དང་ཡག་པོ་རེ་གོན། ཉལ་ས་དང་གནས་ཁང་སྐྱིད་པོ་རེ་ལོས་དགོས། དེ་མ་གཏོགས་ལོངས་སུ་སྤྱོད་པའི་ནུས་པ་དང་སྤྱོད་པའི་དུས་ཚོད་ཀྱང་ཡོད་པ་མིན། དེའི་ཕྱིར་ན་ཁ་ཟས་རྒྱབ་གོས་ཙམ་ཞིག་མ་གཏོགས་གཞན་མང་པོ་ཞིག་ཡོད་ཀྱང་དགོས་པ་ཆེར་མེད་ལ། སྡུག་བསྔལ་མང་པོ་བསྐྱེད་པའི་རྒྱུ་ཡིན། གཞན་ཡང་འཛམ་བུ་གླིང་གི་རྒྱུ་རྫས་ཚང་མ་མི་གཅིག་ལ་དབང་ཡང་། རང་ཉིད་ཤི་བའི་སྐབས་སུ་རྒྱུ་རྫས་ཁབ་གཅིག་ཀྱང་འཁྱེར་བའི་དབང་ཆ་མེད། དེ་བཞིན་དུ་འཛམ་བུ་གླིང་གི་མི་ཐམས་ཅད་ཀྱི་དཔོན་པོ་ཡིན་ན་ཡང་། འཆི་བའི་སྐབས་མི་གཅིག་ཀྱང་འཁྲིད་དབང་མེད་པར་རང་ཉིད་གཅིག་པུ་རྒྱུས་མེད་ཀྱི་ཡུལ་དུ་གྲོགས་མེད་ཁེར་རྐྱང་ལ་ལག་སྟོང་མཆན་དུ་བཅུག་ནས་འགྲོ་དགོས་པའི་དུས་ཚོད་ཅིག་ཡོད་ན། ཡུན་ཐུང་འདི་ལ་རྒྱུ་རྫས་མང་པོ་ཞིག་ལ་ཆགས་བསྡད་ནས་དགོས་པ་ཡོད་པ་མིན།

དེས་ན་སངས་རྒྱས་ཀྱི་གསུང་གི་ནང་ན། འདོད་ཆུང་ཆོག་ཤེས་ཟེར་བ་ནི་བདེ་བ་དང་འབྱོར་བ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ། ལྷའི་དབང་པོ་བརྒྱ་བྱིན་གྱིས་ཀྱང་རྙེད་དུ་མེད་པའི་ཡོ་བྱད་ཐམས་ཅད་ཀྱི་མཆོག་ཡིན་ཞེས་གསུངས་པའང་དངོས་གནས་དྲང་གནས་རེད། ཚང་མས་རྒྱུ་རྫས་ལོངས་སྤྱོད་སོགས་ལ་ཞེན་ཅིང་ཆགས་པར་མི་བྱ་བར་ཆོས་རྣམ་དག་རེ་བསྒྲུབ་རྒྱུ་གལ་ཆེ་བ་ཡིན། གཉེན་ཉེ་དུ་དང་གྲོགས་དགའ་མཛའ་སོགས་ཅི་ཙམ་མང་ན་དེ་ཙམ་ཞིག་དགའ་སྣང་འཆར་ཡང་། ངོ་མ་བཤད་ན་ཅི་ཙམ་མང་བ་དེ་ཙམ་གྱིས་སྡུག་བསྔལ་ཆེ་བ་ཡིན། དེ་དག་ཐམས་ཅད་ཀྱི་ཁ་ལ་ཟ་རྒྱུ་དང་རྒྱབ་ལ་གོན་རྒྱུ། འགལ་སྤང་མཐུན་སྒྲུབ་ཀྱི་བྱ་བ་མང་པོར་གཡེང་གཡེང་ནས་རང་ཉིད་སྡུག་བསྔལ་བར་འགྱུར་བ་མ་གཏོགས་ཕན་པ་ཅུང་ཙམ་ཡང་ཡོད་པ་མིན། དེ་ཐམས་ཅད་ཀུན་ཀྱང་སྡུག་བསྔལ་གྱི་སྣོན་པ་རེད།

དེ་བཞིན་དུ་ཐོབ་མངའ་ཐང་མཚན་སྙན་གྲགས་ལ་སོགས་པ་ཐམས་ཅད་ཀུན་ཀྱང་སྡུག་བསྔལ་ལས་མ་འདས་པ་ཡིན། སྤྱིར་བཏང་སྤྲང་པོ་ཞིག་གིས་རྒྱུ་རྫས་རེ་འཐོབ་པའི་རེ་བ་འགྲུབ་ཕྱིར་དང་། མི་དཀྱུས་མ་ཞིག་གིས་བྱ་བ་ལེགས་པོ་ཞིག་དང་གོ་ས་མཐོན་པོ་རེ་རང་གི་ལག་ཏུ་ལོན་པའི་ཆེད་ཅི་འདྲའི་དཀའ་ངལ་དང་སྡུག་བསྔལ་མང་དུ་མྱོང་དགོས་འདུག དེ་བས་ཀྱང་མཐོན་པོ་རྣམས་ལ་གོ་ས་དམའ་སར་ལྷུང་བའི་དོགས་པ་དང་། ད་རུང་དེ་ལས་ཡར་ལ་ཨེ་འགྲོ་བསམ་ནས་མཐོ་བའི་རེ་བ་སོགས་སེམས་སྡུག་མང་བ་ཡིན། རང་བཞིན་གྱི་མི་དཀྱུས་མ་ཞིག་ལས་མཚན་སྙན་གྲགས་ཅན་གྱི་དཔོན་པོ་སོགས་རེ་བ་དང་དོགས་པ་གཉིས་ཀ་བརྒྱ་འགྱུར་སྟོང་འགྱུར་གྱིས་་ཆེ་བ་ཡིན་ལ། དེ་ཡང་སྡུག་བསྔལ་གྱི་སྣོན་མ་རེད།

དཔེར་ན་དམའ་མོས་ཁོ་རང་ལ་ཟ་རྒྱུ་གོན་རྒྱུ་གང་ཅིའི་ཐད་ནས་ཡར་ལ་ཨེ་འགྲོ་བསམ་པ་མ་གཏོགས་དམའ་སར་ལྷུང་བའི་དོགས་པ་ཡོད་པ་མིན། མཐོན་པོ་རྣམས་ཡར་མཐོན་པོའི་གོ་སར་རེ་བ་ཆེ་བའི་སྟེང་དམའ་སར་ལྷུང་བའི་དོགས་པ་ཡང་ཡོད་པས་རེ་དོགས་གཉིས་ཀྱི་སྡུག་བསྔལ་ཡོད་པ་ཡིན། ངན་པ་དེར་རེ་བའི་སྡུག་བསྔལ་མ་གཏོགས་སྔ་མ་ལ་ལྟོས་ན་དོགས་པའི་སྡུག་བསྔལ་དེ་ཙམ་མེད། དེའི་ཕྱིར་ན་མཐོ་བ་ལའང་སྡུག་བསྔལ་ཡོད། མི་ཕལ་བ་ཞིག་ཡིན་ན་བྱ་བ་ཡག་པོ་ཞིག་ལོན། ཟས་གོས་སོགས་ལ་དཀའ་ངལ་མ་ཡོད་ན་མཚན་སྙན་དང་ཐོབ་གོ་ས་སོགས་གཞན་རེ་དོགས་མང་པོ་ཞིག་དེ་ཙམ་མེད་པས་མཚན་མོར་གཉིད་ཀྱང་སྐྱིད་པོ་ཁུག་པ་ཡིན། མི་གོ་གནས་ཅུང་ཆེ་བ་ཞིག་ཡིན་ན། མཚན་གང་བོར་རང་གཞན་གྱི་དོན་དག་འདྲ་མིན་སྣ་ཚོགས་ལ་བསམ་བློ་བཏང་ནས་གཉིད་མི་ཁུག་པའི་སྡུག་བསྔལ་ཡང་ཡོང་རྒྱུ་རེད།

དེ་ནས་རྒྱུ་རྫས་ལོངས་སྤྱོད་དང་མཚན་སྙན་གྲགས་ལ་སོགས་པ་ཐམས་ཅད་འཛོམས་པའི་དབང་དུ་བྱས་ནའང་། རྟག་པ་དང་བརྟན་པ་མེད་པའི་ཕྱིར་ན་དེ་ཡང་སྡུག་བསྔལ་གྱི་རང་བཞིན་ཡིན། དཔེར་ན་ཚེ་སྟོད་ཕྱུག་པོ་ཡིན་ཡང་ཚེ་སྨད་སྤྲང་པོ། ཚེ་སྟོད་མཐོན་པོ་ཡིན་ཡང་ཚེ་སྨད་དམའ་མོ། དེར་མ་ཟད་ཟླ་བ་སྔོན་མ་ལ་རྒྱུ་རྫས་སྟོབས་འབྱོར་གང་ཅིའི་ཐད་ནས་ཕུན་སུམ་ཚོགས་པ་ཡིན་ནའང་། ཟླ་བ་རྗེས་མ་ལ་ཤིན་ཏུ་ཉམ་ཐག་པ་དང་སྡུག་པོ་ཡོང་རྒྱུ་མང་པོ་རེད། དེས་ན་གང་ལ་ཡང་ཞེན་ཆགས་མེད་པ་ནི་བདེ་སྐྱིད་ཀྱི་རྩ་བ་ཡིན། སྟོབས་འབྱོར་དང་སྙན་གྲགས་མི་བསྒྲུབ་མཁན་གཅིག་ཀྱང་ཡོད་རྒྱུ་མ་རེད། ཡིན་ནའང་རང་ལ་སྔོན་བསགས་ཀྱི་ལས་བཟང་པོ་ཞིག་ཡོད་ན་ཆེད་དུ་མ་བསྒྲུབས་ཀྱང་འགྲུབ་ཡོང་རྒྱུ་རེད། ལས་བཟང་པོ་མ་ཡོད་ན་སྐྱེས་ནས་ཤི་མ་སོང་གི་བར་དུ་འབད་རྩོལ་རྣམ་པ་སྣ་ཚོགས་བྱས་ནའང་། དེ་ལ་རྒྱུ་རྫས་དང་མཚན་སྙན་གྲགས་མི་ཐོབ་པའི་ཕྱིར་ན་ཐམས་ཅད་ཆམ་གྱིས་འཇོག་པ་མ་གཏོགས། སྒྲུབ་ཁུལ་བྱས་རུང་འཁོར་བའི་བྱ་གཞག་གྲུབ་པའི་དུས་ཚོད་ཅིག་དཀའ་མོ་ཡིན།

དེ་སྔོན་ཡོད་མྱོང་བའི་འཁོར་བའི་བདེ་འབྱོར་སྙན་གྲགས་སོགས་དང་། མི་ཚེ་གཅིག་ལ་སྡུག་བསྔལ་མྱོང་བ་དེ་དག་ཐམས་ཅད་དྲན་རྒྱུ་ཞིག་ལོས་ཡོད་མ་གཏོགས། ཚུར་ལ་ཡོང་རྒྱུ་མེད་པ་དཔེར་ན་མདང་སུམ་རྨིས་པའི་རྨི་ལམ་དང་གཅིག་པ་ཡིན། རྨི་ལམ་དུ་ཡུན་རིང་པོའི་བར་དུ་བདེ་བ་མྱོང་བ་རྨིས་ན་འདྲ། སྡུག་བསྔལ་མྱོང་བ་རྨིས་ནའང་འདྲ། ཕྱིར་དྲན་ཙམ་མ་གཏོགས་བདེ་བ་སྡུག་བསྔལ་དེ་དག་སླར་ཡང་ཡོང་རྒྱུ་ཡོད་པ་མིན། དེ་བཞིན་དུ་ནམ་ཞིག་འཆི་བའི་གནས་སྐབས་སུ། མི་ཚེ་གང་པོར་བདེ་མོ་སྐྱིད་པོ་མྱོང་བ་དང་མི་ཚེ་གང་པོར་སྡུག་བསྔལ་དང་མི་འདོད་པ་མྱོང་བ་གཉིས་ཀ་སྙིང་པོ་མེད་པ་འདྲ་མཉམ་ཡིན། དེའི་ཕྱིར་ན་བདེ་འབྱོར་སྙན་གྲགས་སོགས་ལ་ཆགས་མི་རུང་། སྟོན་པ་ཐུགས་རྗེ་ཅན་གྱིས། དཔེར་ན་མི་གཙང་བའི་ཁང་པའི་ནང་དུ་བསྣམས་ན་དྲི་ངན་མ་གཏོགས་དྲི་ཞིམ་རྩ་བ་ནས་བྲོ་རྒྱུ་མེད། དེ་བཞིན་དུ་འགྲོ་བ་རིགས་དྲུག་གང་དུ་སྐྱེས་ཀྱང་། སྡུག་བསྔལ་མ་གཏོགས་བདེ་བའི་གོ་སྐབས་རྩ་བ་ནས་མེད་གསུངས་པ་ལ་ཞིབ་མོར་བསམ་བློ་བཏང་ན། བདེ་བ་སྡུག་བསྔལ་གཉིས་ཆར་ཡང་སྡུག་བསྔལ་ཡིན་པས་བདེ་བ་མེད་པ་ཤེས་དགོས་པ་ཡིན། དེ་ལྟ་བུའི་འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་ཅན་དུ་ཤེས་ན། འཁོར་བ་འདི་ལས་ཐར་འདོད་དང་། འདིར་མི་འདུག་སྙམ་པའི་བསམ་པ་བཅོས་མ་མ་ཡིན་པ་ཞིག་རྒྱུད་ལ་སྐྱེ་ཡོང་བ་ཡིན།

ཀུན་འབྱུང་བདེན་པ།

སྡུག་བསྔལ་དང་འབྲལ་བར་འདོད་ན་སྡུག་བསྔལ་སྐྱེད་བྱེད་ཀྱི་རྒྱུ་སྤང་བར་བརྩོན་དགོས་པ་རེད་མ་གཏོགས། སྡུག་བསྔལ་ཁོ་རང་ཐད་ཀར་སྤང་ཐབས་མེད། སྡུག་བསྔལ་གྱི་རྒྱུ་ནི་ཀུན་འབྱུང་ཡིན་ཞིང་། ཀུན་འབྱུང་ལ་ཉོན་མོངས་པ་དང་ལས་གཉིས་ཡོད། ཉོན་མོངས་པ་ཡང་རིགས་བསྡུ་ན་འདོད་ཆགས་དང་། ཞེ་སྡང་། གཏི་མུག་སྟེ་རྣམ་པ་གསུམ་ཡོད་པ་ལས། འདོད་ཆགས་ཞེས་པ་གང་ཡིན་ཞེ་ན། རྒྱུ་རྫས་ལོངས་སྤྱོད་དང་། ཐོབ་མངའ་ཐང་། གྲོགས་དགའ་མཛའ། མདོར་ན་ཡིད་འོང་གི་དངོས་པོ་གང་དང་གང་ལ་ཆགས་ཀྱང་དེ་ལ་འདོད་ཆགས་ཟེར་བ་ཡིན། དེའི་དབང་དུ་སོང་ན་སྡུག་བསྔལ་མུ་མཐའ་མེད་པ་འབྱུང་བ་ཡིན་པས། ཐོག་མར་འདོད་ཆགས་སྤང་བའི་ཐབས་ལ་བརྩོན་དགོས།

ཞེ་སྡང་ཞེས་པ་གཞན་ལ་ཁོང་འཁྲུགས་ནས་གཞན་གྱི་སྟེང་ལ་ཚིག་པ་ཟ་བ་ལ་ཟེར། ཞེ་སྡང་ནི་རྒྱུ་ཅི་ཞིག་གིས་བསྐྱེད་ཅེ་ན། རང་དང་རང་གི་དགའ་ས་མཐུན་གྲོགས་དང་ཉེ་རིང་རྩ་གསུམ་ཐམས་ཅད་ལ་གནོད་པ་བསྐྱལ་སོང་བསམ་པ་དང་། རང་གི་དགྲ་ལ་གཞན་གྱིས་ཕན་བཏགས་པ་དེ་ཡང་ཞེ་སྡང་སྐྱེ་བའི་རྒྱུ་ཡིན། དེ་ཐམས་ཅད་རྩ་བ་ནས་མ་སྤངས་ན་སྡུག་བསྔལ་མུ་མཐའ་མེད་པ་མྱོང་བས་ཞེ་སྡང་ཡང་སྤང་དགོས།

གཏི་མུག་ཅེས་པ་ནི་བླང་དོར་གྱི་གནས་ལ་རྨོངས་པས་དགེ་བ་བསྒྲུབ་མི་ཤེས་པ་དང་སྡིག་པ་སྤང་མི་ཤེས་པ་སོགས་ཅི་ཡང་མི་ཤེས་པ་ལ་ཟེར། གཏི་མུག་ལ་ནང་གསེས་སུ་མ་རྟོགས་པ་དང་ལོག་པར་རྟོགས་པ་གཉིས་ཡོད་པ་ལས། མ་རྟོགས་པ་ཟེར་བ་ནི་ད་ལྟའི་རང་ཅག་ཚང་མ་ལྷོ་རྒྱལ་འཛམ་བུ་གླིང་དུ་སྐྱེས། རིགས་བཟང་པོ་འགྲོ་བ་གཞན་དང་མི་འདྲ་བའི་མིའི་རིགས་སུ་སྐྱེས་ཡོད་ནའང་། དགེ་སྒྲུབ་སྡིག་སྤོང་གི་ཐབས་ལ་མི་བརྩོན་པ་དང་། གྲུབ་མཐའ་གཞན་གང་ལ་ཡང་མི་ཞུགས་པར་ཅི་འབྱུང་གང་ཤར་གྱིས་བསམ་བློ་ཅི་ཡང་མེད་པར་འདུག་པ་ནི། དཔེ་བཞག་ན་རྟ་དང་བ་གླང་ལྟ་བུ་རེད། རྟ་དང་བ་གླང་གིས་ཀྱང་ཟ་མ་ཟ་བ་དང་མི་འདོད་པ་ལ་གཟུར་བ་ཙམ་ཞིག་ཤེས་པ་ཡིན། དེས་ན་རྟ་དང་བ་གླང་ལ་གོན་པ་མེད་པ་དང་མི་རྣམས་ལ་གོན་པ་གྱོན་རྒྱུ་ཡོད་པ་ཙམ་མ་གཏོགས་ཁྱད་མེད་པ་ཡིན།

སྤྱིར་འཛམ་བུ་གླིང་འདིར་ཆོས་ལུགས་ཆེན་པོ་གསུམ་དང་ཆོས་ལུགས་ཆུང་ཆུང་མི་འདྲ་བ་མང་པོ་ཡོད། དེ་དག་གང་རུང་ཞིག་ལ་རང་ཉིད་ཞུགས་དགོས་པ་རེད་མ་གཏོགས། གང་ལའང་མི་ཞུགས་པར་རང་དགར་ཅི་འབྱུང་གང་ཤར་བྱས་ནས་བསྡད་ན་རྨོངས་པ་ཚབས་ཆེན་ཡིན། དཔེར་ན་ང་ཉེ་སྔོན་ཁཱ་ལི་ཧྥོར་ནེ་ཡ་(State of California)ཟེར་བའི་ཡུལ་ཁམས་ལ་ཐོན་དུས། དེ་ན་གསོད་ངེས་ཅན་གྱི་བ་གླང་མང་པོ་འདུག ཁོ་ཚོས་རྩྭ་ཁ་ན་སྐྱིད་སྐྱིད་ངང་རྩྭ་ཟོས་ནས་བསྡད་འདུག་པ་ལས། གཅིག་ཀྱང་འབྲོ་བའི་ཐབས་ལ་བརྩོན་གྱིན་མི་འདུག དེ་བཞིན་དུ་མི་རྣམས་ལ་ཕུགས་བསམ་ཅི་ཡང་མེད་ཅིང་ཆོས་ལུགས་གང་ཡང་མི་དགོས་བསམས་ནས་ཟ་རྒྱུ་འཐུང་རྒྱུ་རྐྱང་པ་བསྒྲུབས་ཏེ་བསྡད་ན། བ་གླང་ལས་ཀྱང་ཐ་ཆད་པ་ཡིན་པས་དེ་ལྟ་བུ་ནི་རྩ་བ་ནས་མི་རུང་།

ལོག་པར་རྟོགས་པ་ནི་དད་པ་ཅུང་ཟད་ཡོད་ཀྱང་དངོས་པོའི་གནས་ལུགས་ཕྱིན་ཅི་ལོག་ཏུ་རྟོགས་པ་ལ་ཟེར། དེ་ནས་རང་ཉིད་ཞུགས་སའི་ཆོས་ལུགས་ལའང་གཟབ་གཟབ་བྱས་ཏེ། ཡང་དག་ཡིན་མིན་ལ་རང་གིས་དཔྱད་པ་དང་གཞན་ལ་འདྲི་དགོས་པ་རེད་མ་གཏོགས། བརྟག་དཔྱད་ཅི་ཡང་མི་བྱེད་པར་ཆོས་ལུགས་གང་ཐུག་ལ་ཞུགས་པ་དེའང་བཟང་པོ་མ་རེད། དཔེར་ན་ངེད་ཅག་གིས་ཉིན་གཅིག་གི་ཟ་མ་ལའང་ཞིམ་མི་ཞིམ་དང་ཡག་བརྩོག དུག་སོགས་འདྲེས་ཡོད་མེད་ལ་བརྟག་དཔྱད་ཞིབ་མོར་དགོས་ན། ཚེ་རབས་གཏན་གྱི་དོན་ཆེན་ཆོས་ལ་ཞིབ་མོར་བརྟག་དགོས་པ་ནི་སྨོས་མ་དགོས་པ་ཡིན། མི་ལ་ལ་ཞིག་རྒྱུ་མཚན་ཅི་ཡང་མེད་པར་ཆོས་ལུགས་གཅིག་ལ་དགའ་བ་དང་ཆོས་ལུགས་གཞན་ལ་སྡང་བ་དེ་འདྲ་བྱ་མི་རུང་། རིགས་པ་དྲང་པོའི་ལམ་ནས་རང་གི་ཚེ་གང་གི་འགྲོ་ཆུས་འདུག་ཆུས་ལ་གཟབ་གཟབ་བྱས་ནས། ཆོས་ཡང་དག་པ་གང་ཡིན་དང་ཕྱིན་ཅི་ལོག་པ་གང་ཡིན། ཕན་འབྲས་ཆེ་བ་དང་ཕན་འབྲས་དེ་ཙམ་མེད་པའི་ཆོས་གང་རེད་བསམས་ནས་བརྟག་དཔྱད་ཞིབ་མོ་བྱེད་དགོས་པ་རེད་མ་གཏོགས། ཆོས་ལུགས་ལ་ཐད་ཀར་ཞུགས་པ་ལས་དཔྱད་པ་ཅི་ཡང་བྱེད་མི་ཤེས་པ་ལ་གཏི་མུག་ཟེར་བ་ཡིན་པས་དེ་ཡང་སྤང་དགོས།

དེ་ནས་འཛམ་བུ་གླིང་གི་ཆོས་ལུགས་ནང་དུའང་། འགའ་རེས་གཞན་ལ་ལོག་གཡེམ་བྱེད་པ་དང་གཞན་གྱི་རྒྱུ་རྫས་རྐུ་འཕྲོག་ལ་སོགས་པ་བྱས་ན་དགེ་བ་ཡིན་ཟེར་ནས་བཤད་མཁན་ཡོད་ལ། དེ་བཞིན་དུ་མི་མང་པོ་གསད་རྒྱུ་དང་སེམས་ཅན་གཞན་ལ་འཚེ་བ་བྱེད་པ་ཡང་དགེ་བ་ཡིན་ཟེར་ནས་བཤད་མཁན་ཡང་ཡོད་མོད། དེ་དག་ལ་བསམ་བློ་ཞིབ་པར་ཐོང་དང་། དེ་ལྟ་བུའི་འདོད་ཆགས་དང་ཞེ་སྡང་གི་ལས་ནི་ཚེ་འདིའི་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་ཡང་འགལ་བ་ཡིན་ན། ཕྱི་མའི་བདེ་བ་ཐོབ་ཐབས་ཤིག་མིན་པ་སྨོས་མ་དགོས། དེ་ལྟ་བུའི་ཆོས་ལུགས་ངན་པ་ལ་རྩ་བ་ནས་ཞུགས་མི་རུང་ལ། གཞན་ལ་གནོད་བསྐྱལ་བས་རང་ལ་ཕན་པ་མི་འབྱུང་བ་ཤེས་དགོས་པ་ཡིན། ཡང་ཆོས་ལུགས་འགའ་རེས་ནི་བདེ་བ་བསྒྲུབ་ཐབས་ལ་བརྩོན་གྱིན་ཡོད་ཀྱང་རང་ཉིད་གཅིག་པུ་དང་། རང་གི་འཁོར་འདབ། རང་གི་ཆོས་ལུགས་འཛིན་མཁན་རྐྱང་པ་ལ་ཕན་གདགས་རྒྱུ་མ་གཏོགས་གཞན་ལ་བསམ་བློ་མི་གཏོང་བ་ལྟ་བུའང་ཡོད། དེ་ནི་འཇིག་རྟེན་ཕལ་བ་ཞིག་ལས་ཅུང་ཙམ་བཟང་བ་ལྟ་བུ་ཡོད་ཀྱང་། རང་ཕྱོགས་ཁོ་ན་ལ་ཕན་པ་བསྒྲུབས་པས་ཆོས་ལུགས་བཟང་པོ་མིན།

དེས་ན་ཆོས་ལུགས་གང་དང་གང་ཡིན་ཡང་རང་དང་སེམས་ཅན་གཞན་ཚང་མ་ལ་ཕན་པ་སྒྲུབ་པའི་ཆོས་ནི་བཟང་པོ་ཡིན་པས། དེ་ལྟ་བུ་གང་ན་ཡོད་པ་དེ་དང་དུ་ལེན་དགོས་པ་ཡིན། དེ་བཞིན་རང་གཞན་གཉིས་ཀའི་དོན་དུ་བསམ་པ་བཟང་པོ་ཙམ་གྱིས་ཀྱང་ཕན་པ་རྒྱ་ཆེན་པོ་འབྱུང་ཐུབ་པ་མིན། དཔེར་ན་རྒན་མོ་ལག་རྡུམ་མའི་བུ་ཆུས་ཁྱེར་བ་ལྟ་བུ་སྟེ། རྒན་མོ་ལག་པ་གཉིས་ཀ་མེད་པ་ཞིག་གི་བུ་ཆུས་ཁྱེར་སོང་ན། བུ་འདི་ཆུས་མ་ཁྱེར་ན་སྙམ་པའི་སྙིང་རྗེ་ཚད་མེད་སྐྱེས་པ་ལས་ཕན་མི་ཐོགས། དེས་ན་ཕ་དཔའ་བོའི་བུ་གཡུལ་དུ་ལུས་པ་ལྟ་བུའི་སྙིང་སྟོབས་དང་ལྡན་པའི་སྒོ་ནས། རང་གཞན་གཉིས་ཀ་ལ་ཕན་པ་སྒྲུབ་བྱེད་ཀྱི་ཐབས་གང་ན་ཡོད་པ་དེ་ལ་ཞུགས་དགོས་པ་ཡིན།

དེ་ལྟ་བུའི་རང་གཞན་གཉིས་ཀར་ཕན་པའི་ཐབས་ཡང་དག་པ་ནི་རིགས་པ་རྣམ་དག་གིས་གྲུབ་ཅིང་། ཉམས་མྱོང་གིས་གྲུབ་པ། ཡིད་ཆེས་པའི་ཁུངས་དང་ལྡན་པ་སྟེ་ཚད་མ་གསུམ་གྱིས་གྲུབ་པ་ཞིག་ཡིན་དགོས། དེ་ཡང་སྔོན་ཆད་ཀྱི་མཁས་པ་དང་གྲུབ་པ་མང་པོས་གཏན་ལ་ཕབ་ཡོད་པའི་བསྟན་བཅོས་ཀྱི་ཁུངས་ཡོད་དགོས་པ་རེད་མ་གཏོགས། མི་གཅིག་དང་གཉིས་ཀྱིས་བསམ་བློ་བཏང་ནས་དེའི་སྟེང་དུ་ཚོད་འཇོག་བྱས་ཏེ་བཞག་པ་ཙམ་ཞིག་གིས་གནད་ཐོག་ཏུ་ཁེལ་མི་ཐུབ་པས་ཆོས་ལ་ཐོག་མར་ཁུངས་ཤིག་ཡོད་དགོས། དེ་བཞིན་རིགས་པས་མ་གྲུབ་ཀྱང་ཁོས་བཤད་པ་དེ་ཡིན་དགོས་ཟེར་བའི་དབང་ཆ་ཆེན་པོ་ཅན་གྱི་མི་ཞིག་གི་སྐད་ཆ་ལྟར། ཁོ་བོའི་ཆོས་ལ་འབྲེལ་བ་བཞག་ན་བདེ་མོ་སྐྱིད་པོ་ཡོང་རྒྱུ་དང་། འགལ་ན་སྡུག་བསྔལ་དང་མི་འདོད་པ་ཡོང་བ་རེད་ཟེར་བ་ཙམ་གྱིས་ཡིད་མི་ཆེས་པར་རིགས་པ་རྣམ་དག་གིས་གྲུབ་པ་ཞིག་ཡིན་དགོས། དེ་ནས་ཉམས་མྱོང་གིས་ཀྱང་གྲུབ་དགོས་ཏེ། ཆོས་ལུགས་འདི་བསྒྲུབས་ན་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་འདི་འདྲ་འབྱུང་ཞེས་པའི་ལོ་རྒྱུས་དང་ལྡན་པ་ཞིག་དགོས་པ་རེད་མ་གཏོགས། འབྲས་བུ་འདི་ཡིན་མེད་པར་རང་དགར་མང་པོ་ཞིག་བཤད་ཀྱང་ཕན་པ་མེད།

དེས་ན་འཛམ་བུ་གླིང་འདིར་སེམས་ཅན་ལ་ཕན་པ་དང་བདེ་བའི་ཐབས་ལ་བརྩོན་པའི་ཆོས་ལུགས་ཇི་སྙེད་ཅིག་ཡོད་པ་ཐམས་ཅད་ཀྱང་། སངས་རྒྱས་ཤཱཀྱ་ཐུབ་པའི་འཕྲིན་ལས་དང་ཐུགས་རྗེ་ཁོ་ནའི་དབང་གིས་དེ་ལྟར་སྣང་བ་ཡིན། དཔེར་ན་ཧུན་དྷུའི་ཆོས་ལུགས་རང་གི་ཟེར་སྲོལ་གྱི་དབང་དུ་བྱས་ན། ཤཱཀྱ་ཐུབ་པ་ཁྱབ་འཇུག་གི་སྤྲུལ་པ་ཡིན་ཟེར་བ་དང་། སངས་རྒྱས་ཆོས་ལུགས་ཀྱི་དབང་དུ་བྱས་ན། དབང་ཕྱུག་ཆེན་པོ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན་ཟེར། དེའང་ཆོས་ལུགས་དེར་གནས་སྐབས་སམ་ཚེ་འདིའི་བདེ་བ་སྒྲུབ་པ་ཙམ་ཡོད་པ་དེའང་སངས་རྒྱས་ཀྱི་ཐུགས་རྗེ་ཡིན། ཡེ་ཤུའི་ཆོས་ལུགས་ལྟ་བུ་ལ་མཚོན་ན། རྩ་བ་སེམས་ཅན་རྣམས་ལ་བྱམས་པ་དང་སྙིང་རྗེ་སྒོམ་པ་ཡིན་ལ། དེ་ནི་སངས་རྒྱས་ཆོས་ལུགས་ཀྱི་སྙིང་པོ་མཐར་ཐུག་པ་ཡིན། དེ་ཡང་ཕལ་ཆེར་སངས་རྒྱས་ཀྱི་འཕྲིན་ལས་ཀྱི་དབང་གིས་སྣང་བ་ཡིན།

དེས་ན་སུ་དང་སུ་ཡིན་ཡང་འཛམ་བུ་གླིང་འདིར་དར་བའི་ཆོས་ལུགས་ལ་ཕྱོགས་རིས་དང་ཆགས་སྡང་མི་བྱེད་པར། ཆོས་ལུགས་ཚང་མ་ཕན་ཚུན་འགྲིག་པོ་དང་མཐུན་མོ་བྱེད་པ་ནི་མེད་དུ་མི་རུང་བའི་རྩ་བ་ཞིག་ཡིན། ངོ་མ་བཤད་ན། ལུང་དང་རིགས་པ། ཉམས་མྱོང་གསུམ་གྱིས་གྲུབ་པ་ནི་སངས་རྒྱས་ཀྱི་གསུང་ཡིན་པ་ལས་གཞན་པ་ཚོ་ལ་ཅུང་དཀོན་མོ་ལྟ་བུ་ཡིན། དེ་ཞིབ་ཀྱིས་ཤེས་པར་འདོད་ན་གྲུབ་མཐའ་སོ་སོའི་ཆོས་ལུགས་ཀྱི་ཡིག་ཆ་ལ་བལྟས་ན་གོ་བ་སྐྱེ་རྒྱུ་ཡོད་པ་རེད་མ་གཏོགས། དེ་རིང་ཉི་མ་གཅིག་གིས་སངས་རྒྱས་ཆོས་ལུགས་ཀྱི་ཁྱད་ཆོས་དང་ཆོས་ལུགས་གཞན་པའི་འདོད་ཚུལ་འདི་ལྟ་བུ་ཡིན་ཞེས་འཆད་དགོས་ན་བཤད་ཐུབ་རྒྱུ་དཀའ་མོ་རེད། མདོར་ན་ལོ་སྟོང་ཕྲག་གཅིག་གཉིས་རིང་གི་ཡིག་བཞག་ཚང་མ་ལ་ལྟོས་དང་གསལ་པོར་ཡིད་ཆེས་སྐྱེ་ཡོང་བ་ཡིན།

ང་ལྟ་བུ་ལ་མཚོན་ན་སྐྱེས་ཙམ་ཉིད་ནས་སངས་རྒྱས་ཀྱི་བསྟན་པའི་ལྷག་ཞབས་སུ་སྐྱེས་པའི་ནང་པ་སངས་རྒྱས་པ་ཞིག་ཡིན་མོད། འོན་ཀྱང་ང་ནང་པ་སངས་རྒྱས་པ་ཡིན་བསམས་ནས་རང་ཕྱོགས་ལ་ཆགས་ཞེན་དང་གཞན་ཕྱི་རོལ་པའི་ཆོས་ལུགས་ལ་སྡང་བ་བྱེད་མ་མྱོང་། ངས་ཡུན་རིང་པོའི་བར་དུ་ཆོས་ལུགས་རྣམས་ལ་ཞིབ་འཇུག་བྱས་པའི་སྟོབས་ཀྱིས་བཟང་ངན་འབྱེད་ཤེས་པ་ཙམ་ཡིན།

སྤྱིར་དེང་སང་གི་དུས་སུ་སངས་རྒྱས་ཀྱི་བསྟན་པ་ལ་ལྷོ་ཕྱོགས་སུ་བརྒྱུད་པ་དང་། རྒྱ་ནག་ནས་བརྒྱུད་པ། བོད་བརྒྱུད་དང་གསུམ་ཡོད་པ་ལས། ངས་བོད་བརྒྱུད་ཀྱི་ནང་ཆོས་ལ་ཡུན་རིང་པོའི་བར་དུ་སློབ་སྦྱོང་དང་བརྟག་དཔྱད་བྱས་པའི་གྲུབ་འབྲས་ལ། སངས་རྒྱས་ཀྱི་བསྟན་པ་ནི་རྨད་དུ་བྱུང་བའམ་ཕུལ་དུ་བྱུང་བ་ཞིག་ཡིན་པར་ཡིད་ཆེས་རྙེད་པས་ཁྱེད་རྣམ་པ་ལ་དེ་ལྟར་ཞུས་པ་ཡིན། ཁྱེད་རྣམ་པ་ཚང་མས་ཀྱང་དུས་ད་ནས་བཟུང་ཆོས་ཀྱི་བཟང་ངན་ལ་བརྟག་དཔྱད་ཞིབ་མོ་གྱིས་ལ། རང་ཉིད་འཇུག་དགོས་ས་གང་ཡིན་སོགས་ལ་གཟབ་གཟབ་བྱས་ནས་ཞུགས་དགོས། རང་དགར་བརྟག་དཔྱད་ཅི་ཡང་མི་བྱེད་པར་ཆོས་སྒོར་འཇུག་རྒྱུ་ནི། ང་ཚོ་བོད་ཀྱི་གཏམ་དཔེ་ལ་ཁྱི་ལྟོགས་དང་གློ་བ་འཕྲད་པ་ལྟ་བུ་ཟེར་བ་ཡིན། སེམས་ཅན་གྱི་ཁོག་པའི་ནང་གི་གློ་བ་ནི་ཤ་གཞན་ལས་ཆེས་ངན་པ་དེ་ཡིན་ཡང་། ཁྱི་ལྟོགས་ཀྱིས་བརྟག་ལོང་མེད་པར་ཟ་བ་བཞིན་དུ། ཆོས་ལུགས་གང་གི་གྲུབ་མཐའ་དང་འཕྲད་ཀྱང་དཔྱད་པ་མི་བྱེད་པར་རྗེས་སུ་འཇུག་པ་ནི་རྩ་བ་ནས་མི་རུང་བ་ཡིན།

སྡུག་བསྔལ་གྱི་རྒྱུ་ཉོན་མོངས་པ་འདོད་ཆགས་དང་། ཞེ་སྡང་། གཏི་མུག་གསུམ་ཐོག་མར་ངོས་ཟིན་པར་བྱས་ནས་སྤོང་བའི་ཐབས་ལ་བརྩོན་དགོས། དེའི་འཕྲོར་སྡུག་བསྔལ་གྱི་རྒྱུ་གཉིས་པ་ནི་ལས་མི་དགེ་བ་ཡིན། དེ་ཡང་དང་པོ་འགྲོ་བ་གཞན་གྱི་སྲོག་གཅོད་པ་སུ་དང་སུ་ཡིན་རུང་སྤང་དགོས། ཆོས་ལུགས་གཞན་པ་འགའ་རེས་མི་མ་བསད་ན་གཞན་བསད་ཀྱང་སྐྱོན་མེད་ཟེར་བའང་ཡོད་མོད། དེ་ལ་བསམ་བློ་བཏང་ན། སེམས་ཅན་སུ་ཡིན་ཡང་འཆི་བ་ལ་འཇིགས་སྐྲག་དང་སྡུག་བསྔལ་ཡོད་པས་ཐམས་ཅད་གསོད་མི་རུང་། དཔེར་ན་གྲོག་མ་ཆུང་ཆུང་གཅིག་ལ་མཚོན་ན། རང་གི་སྲོག་ལ་ཕངས་སེམས་ཆེ་ཞིང་སྲོག་ལ་གནོད་པ་མི་འབྱུང་པའི་ཕྱིར་དུ་འབྲོ་བ་དང་སྲུང་བའི་ཐབས་ལ་བརྩོན་པ་བཞིན་ཐམས་ཅད་འདྲ་བ་ཡིན། རང་ལ་སྡུག་བསྔལ་ཅི་འདྲ་ཡོད་ན་གཞན་ལ་ཡང་དེ་ལྟར་ཡོད་པས་དོན་དང་པོ་སྲོག་གཅོད་པ་རྩ་བ་ནས་སྤང་དགོས།

གཉིས་པ་རྐུ་བྱེད་མི་རུང་སྟེ། གཞན་གྱིས་བདག་ཏུ་བཟུང་བའི་རྒྱུ་རྫས་ལོངས་སྤྱོད་ཅིག་རང་འདོད་ཡིད་བྱེད་ཀྱི་བསམ་པས་བརྐུས་ན། གཞན་སྡུག་བསྔལ་དང་གནོད་པ་ལ་སྦྱོར་བར་མ་ཟད་རང་ཡང་བརྒྱུད་ནས་སྡུག་བསྔལ་བར་འགྱུར་བའི་ཕྱིར་ན། གཞན་གྱི་རྒྱུ་ཆེ་ཕྲ་གང་ཡིན་ཡང་མི་བརྐུ་བའི་ཐབས་ལ་བརྩོན་དགོས།

གསུམ་པ་རྫུན་བཤད་མི་རུང་སྟེ། རྫུན་གྱིས་གཞན་ལ་མགོ་སྐོར་ཆེན་པོ་བཏང་ན་གཞན་ལ་གནོད་པ་ཚབས་ཆེན་དང་སྡུག་བསྔལ་ལ་སྦྱོར་བ། རང་ཡང་དམ་པའི་ཚུལ་ལུགས་ལས་ཉམས་པར་འགྱུར་བ་ཡིན་པའི་ཕྱིར་ན་རྫུན་སྨྲ་བ་དེའང་སྤང་དགོས།

བཞི་པ་འདོད་པས་ལོག་པར་གཡེམ་པ་ནི། གཞན་གྱིས་བདག་ཏུ་བཟུང་བའི་བུད་མེད་དང་སྐྱེས་པ་སུ་ཡིན་རུང་དེ་དག་ལ་ལོག་པར་སྤྱོད་ན། གོང་དུ་བཤད་པ་བཞིན་ཉེས་པ་ཚབས་ཆེན་ཡོད། རྒྱུ་མཚན་གཞན་ཕ་རོལ་པོར་རང་གི་ཆུང་མ་དང་རང་གི་སྐྱེས་པ་ལས་ཆེས་ཞེན་ཆགས་སྐྱེ་ས་དང་ཆེས་བདག་ཏུ་འཛིན་ས་ཞིག་མེད་པས་རྐུ་བ་ལས་ཀྱང་ཉེས་ཚབས་ཆེ་བ་ཡིན།

ལྔ་པ་ཉེས་པ་ཐམས་ཅད་ཀྱི་རྩ་བ་ཆང་སྤང་དགོས་པ་རེད་མ་གཏོགས། ཆང་འཐུང་ན་རང་གི་ལུས་ལ་ནད་མང་པོ་བསྐྱེད་པ་དང་ཆོས་སྒྲུབ་པའི་འགལ་རྐྱེན་དུ་འགྱུར་བ། སེམས་རང་དབང་དུ་མ་གྱུར་ནས་བསླབ་པ་གཞན་ཐམས་ཅད་ཀྱང་ཉམས་པར་འགྱུར་པས་སྤང་དགོས། དེ་ལྟར་སྤང་བྱ་ལུས་ངག་གི་མི་དགེ་བ་བཞི་དང་ཆང་བཅས་ལྔ་ལ་རྩ་བཞི་ཆང་ལྔ་ཟེར་བ་ཡིན་པས། དེ་དག་ཐམས་ཅད་ནི་ནང་པ་སངས་རྒྱས་པའི་ཆོས་ལ་ཞུགས་པའི་གང་ཟག་ཅིག་ཡིན་ནས་བཟུང་སྟེ་སུ་ཡིན་རུང་སྤང་དགོས། སྤངས་ན་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད། ཁྱད་པར་དུ་དགེ་བསྙེན་གྱི་སྡོམ་པ་རེ་བླངས་ནས་བསྲུངས་ན། ལྷག་པར་དུ་ཡང་ཕན་ཡོན་བརྒྱ་འགྱུར་སྟོང་འགྱུར་གྱིས་ཆེ་ལ། རྗེས་མ་ཁྱེད་རྣམ་པས་དགེ་བསྙེན་སོགས་ཀྱི་སྡོམ་པ་རེ་བླངས་ནས་དགེ་བ་བསྒྲུབ་ན་ཧ་ཅང་བཟང་པོ་ཡིན།

ཁྱེད་རྣམ་པ་འདིར་ཡོད་པའི་དགེ་ཚུལ་དང་དགེ་སློང་། དགེ་སློང་མ་དང་དགེ་ཚུལ་མ་ཚང་མའི་བསྲུང་བྱ་ཕལ་ཆེར་གཅིག་པ་ཡིན་ཡང་ཁྱིམ་པ་རྣམས་དང་མི་འདྲ་བའི་ཁྱད་པར་གཉིས་ཡོད། དང་པོ་ནི་བླ་སེར་གྱི་ན་བཟའ་རྒྱུན་དུ་གྱོན་དགོས་པ་རེད་མ་གཏོགས་ན་བཟའ་མ་གོན་ན་ཁྱིམ་པ་དང་འདྲ་འདྲ་ཡིན་པ་ལས། རབ་བྱུང་གི་རྟགས་ཅན་ཟེར་བ་མིན་པས། གཞན་ཐམས་ཅད་ལ་མེད་པའི་བསྲུང་བྱ་གཅིག་པུ་དེ་ན་བཟའ་རྒྱུན་དུ་གོན་དགོས་པ་ཡིན། གཉིས་པ་ནི་ཁྱིམ་པ་ཞིག་ཡིན་ན་རང་གི་ཆུང་མ་དང་ཁྱོ་བོར་འཁྲིག་པ་སྤྱོད་ནའང་ལོག་གཡེམ་གྱི་ཉེས་པ་མི་འབྱུང་མོད། རབ་ཏུ་བྱུང་བ་ཞིག་ཡིན་ནས་བཟུང་སྟེ་མི་ཚངས་སྤྱོད་པ་རྩ་བ་ནས་སྤང་དགོས། དེ་མ་སྤངས་ན་སྡོམ་པ་རྩ་བ་ནས་ཉམས་པར་འགྱུར་བ་ཡིན། ཁྱད་པར་དེ་རིང་གི་ཆོས་ཚོགས་འདིར་རབ་བྱུང་རྣམས་ཀྱི་གཙོས་མི་སྣ་ཤིན་ཏུ་མང་པོ་ཞུགས་ཡོད་པས། ངས་ཁྱེད་རྣམ་པའི་ཆེད་དུ་རྩ་བཞི་ཆང་ལྔ་གསལ་པོར་བཤད་པ་ཡིན། རྗེས་མ་ཁྱེད་རྣམ་པས་སེར་གོས་ཡག་པོ་མནབ་རྒྱུ་དང་རྩ་བཞི་ཆང་ལྔ་སྲུངས་དང་། དེ་ལས་གཞན་ཆེན་པོ་སྲུང་མ་ཐུབ་ཀྱང་སྐྱོན་རྒྱུ་མ་རེད།

སྤྱིར་བོད་ཀྱི་ལུང་པ་ལྟ་བུ་ལ་མཚོན་ན། དགེ་ཚུལ་གྱི་སྡོམ་པ་རྒྱུད་ལ་མ་བླངས་བར་སེར་གོས་གོན་རྒྱུའི་སྲོལ་ཆེར་མེད། འོན་ཀྱང་ཡུལ་ཁམས་འདི་ལྟ་བུ་ལ་གནས་སྐབས་སུ་ཟླ་བ་ཁ་ཤས་དང་ལོ་ཁ་ཤས་ལ་དགེ་ཚུལ་སྒྲུབ་པའི་མཐུན་རྐྱེན་མི་འཛོམས་ན། ན་བཟའ་རེ་གོན་ནས་དགེ་ཚུལ་གྱི་བསྲུང་བྱ་སྲུང་བསྡད་ན་དེ་ཡང་ཧ་ཅང་བཟང་པོ་རེད། སངས་རྒྱས་ཀྱི་ན་བཟའ་ལུས་ལ་གྱོན་པ་ཙམ་གྱིས་ཀྱང་། དེ་མཐོང་བའི་འགྲོ་བ་ཐམས་ཅད་ཀྱི་རྒྱུད་ལ་ཐར་བའི་ས་བོན་ཐེབས་པ་དང་། རང་ཉིད་ལ་འདྲེ་བགེགས་འབྱུང་པོ་ཐམས་ཅད་ཀྱི་བར་ཆད་ཀྱིས་མི་ཚུགས་པ། རྒྱུད་ལ་ཡང་ཉམས་རྟོགས་བདེ་མྱུར་དུ་སྐྱེ་བ་ཡིན། ནམ་ཞིག་མཐུན་རྐྱེན་འཛོམས་པའི་དུས་ན་ངེས་པར་དུ་ཉིན་གཅིག་ཀྱང་ཕྱིར་འགྱངས་མི་བྱེད་པར་དགེ་ཚུལ་སློང་གི་སྡོམ་པ་ཞུ་དགོས་པ་རེད་མ་གཏོགས། མཐུན་རྐྱེན་འཛོམས་བཞིན་དུ་དགེ་ཚུལ་སློང་གི་སྡོམ་པ་རང་རྒྱུད་ལ་མི་ལེན་པར་འདུག་པ་ནི་གཏན་ནས་མི་འགྲིག

འགོག་པ་དང་ལམ་གྱི་བདེན་པ།

དགེ་བའི་ལས་ཀྱི་འབྲས་བུ་མཐར་ཐུག་གང་ཡིན་ན། སངས་རྒྱས་བཅོམ་ལྡན་འདས་ཀྱི་གོ་འཕང་ཡིན། དེ་ནི་སྡུག་བསྔལ་མེད་པ་དང་བདེ་བ་མཐར་ཐུག་པ་ཡིན་པས། དེའི་གོ་འཕང་འཐོབ་པར་བྱེད་པ་ལ་འགོག་པ་མངོན་དུ་བྱའོ་ཞེས་གསུངས། དེ་ལྟ་བུའི་འགོག་པ་འཐོབ་པར་བྱེད་པ་ལ་ལམ་རྒྱུད་ལ་བསྟེན་པར་བྱའོ་ཞེས་གསུངས་ཡོད།

ལམ་རྒྱུད་ལ་བསྟེན་པ་ནི། ལམ་ཡང་དག་པ་རྒྱུད་ལ་བསྟེན་པར་བྱ་བ་ལ་འཛམ་བུ་གླིང་འདིར་སངས་རྒྱས་ཀྱི་བསྟན་པ་ལ་ཐེག་པ་དམན་པ་དང་ཐེག་པ་ཆེན་པོ་གཉིས་ཡོད་པ་ལས། ཐེག་ཆེན་ལའང་མདོ་དང་གསང་སྔགས་རྡོ་རྗེའི་ཐེག་པ་སྟེ་གསུམ་ཡོད། ཐེག་པ་དམན་པ་ཟེར་བ་ནི། སྟོན་པ་ཤཱཀྱ་ཐུབ་པ་ལ་སྐྱབས་སུ་སོང་ནས། དེའི་སྟེང་དུ་གཞན་ལ་གནོད་པའི་བསམ་པ་དང་སྤྱོད་པ་ཐམས་ཅད་སྤངས་ཤིང་རང་དོན་རྐྱང་པ་སྒྲུབ་པ་ཡིན། ཐེག་པ་དམན་པའི་ཆོས་ཉམས་སུ་ལེན་མཁན་ནི་དེང་སང་གི་དབང་དུ་བྱས་ན་སིངྒ་ལ་དང་འབར་མ། ཐེ་ལན་དི་སོགས་སུ་མང་པོ་ཡོད།

ཐེག་པ་ཆེན་པོའི་ཆོས་པ་རྣམས་ཀྱིས། རང་དོན་ལས་ཀྱང་གཞན་དོན་གཙོ་བོར་འཛིན་ཞིང་། གཞན་དོན་འབའ་ཞིག་ལ་བསམ་པ་དང་། སྤྱོད་པ་ཡང་གཞན་ལ་ཕན་པ་ཁོ་ན་སྒྲུབ་ལ། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་བཀོད་པའི་ལམ་གྱི་སྲོག་ཤིང་བྱམས་པ་དང་སྙིང་རྗེ་དང་དུ་ལེན་པ་ལ་ཐེག་པ་ཆེན་པོ་པ་ཟེར། ཐེག་པ་དམན་པ་ཡིན་ན་གཞན་གནོད་གཞི་བཅས་སྤོང་བ་དང་། ཐེག་པ་ཆེན་པོས་ནི་གཞན་གནོད་གཞི་བཅས་སྤོང་བར་མ་ཟད་གཞན་ལ་ཕན་པ་འབའ་ཞིག་སྒྲུབ་པ་ཡིན། དེ་ལྟ་བུའི་ཆོས་ཉམས་སུ་ལེན་མཁན་ད་ལྟ་རྒྱ་ནག་གི་ཡུལ་གྲུ་ཕལ་ཆེར་དང་ཉི་ཧོང་གི་ལུང་པ་སོགས་ན་ཡོད།

ཐེག་པ་ཆེན་པོ་ཡིན་པ་གཞིར་བཞག་སྟེ་མན་ངག་གི་ཁྱད་པར་ཆེས་མང་པོ་དང་ལྡན་པ་ལ་གསང་སྔགས་རྡོ་རྗེ་ཐེག་པ་ཟེར། གསང་སྔགས་རྡོ་རྗེ་ཐེག་པ་ནི། འབྲས་བུ་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པར་བྱེད་པ་ལ་ཡུན་རིང་པོའི་དཀའ་ཚེགས་མི་དགོས་པར། ཐབས་དང་ཤེས་རབ་མང་བའི་སྟོབས་ཀྱིས་ཚེ་ལུས་གཅིག་གིས་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པར་བྱེད་པ་ཡིན། ཐབས་བསྐྱེད་པའི་རིམ་པ་ནི་རང་ཉིད་ལྷ་རུ་བསྒོམ་རྒྱུ་ལྟ་བུ་དང་། ཤེས་རབ་རྫོགས་པའི་རིམ་པ་ཆོས་ཐམས་ཅད་སྟོང་ཉིད་དུ་སྒོམ་པ་སོགས་བསྐྱེད་རྫོགས་ཀྱི་ལམ་གཉིས་ལ་གསང་སྔགས་རྡོ་རྗེ་ཐེག་པ་ཟེར། དེ་ལྟ་བུའི་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཉམས་སུ་ལེན་མཁན་ནི་བོད་ཀྱི་ལུང་པ་དང་འབྲུག་ཡུལ་སོགས་སུ་དར་བ་ཡིན།

ད་ལྟ་ཨ་རི་ན་ཡང་བོད་བརྒྱུད་ཀྱི་བླ་མ་རྣམས་ཀྱི་ཆོས་ཚོགས་དང་སློབ་མ་མང་པོ་ཡོད་ལ། དེ་ཚང་མས་ཀྱང་གསང་སྔགས་རྡོ་རྗེ་ཐེག་པ་ཉམས་སུ་ལེན་གྱིན་ཡོད། ཡུལ་གཞན་ན་ཡང་བོད་ཀྱི་བླ་མ་རྣམས་ཀྱིས་ཆོས་ཚོགས་མང་པོ་སྤེལ་ནས་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་སྤེལ་དང་སྤེལ་བཞིན་པ་ཡིན།

གསང་སྔགས་རྡོ་རྗེའི་ཐེག་པ་ལའང་ལམ་ཐམས་ཅད་ཀྱི་མཐར་ཐུག སངས་རྒྱས་ཐམས་ཅད་ཀྱི་དགོངས་པ། མ་དང་མཁའ་འགྲོ་བྱེ་བའི་སྙིང་ཁྲག་གི་དྭངས་མ་ལྟ་བུ་དེ་གང་ཡིན་ན་འོད་གསལ་རྫོགས་པ་ཆེན་པོ་ཡིན། ཆོས་འདི་སྒྲུབ་ཐབས་ཀྱི་མན་ངག་དེ་ཡག་པོ་ཞིག་ཤེས་ན་ཆོས་རང་གི་ངོ་སྐལ་གྱིས་ཉིན་བསྒོམས་ན་ཉིན་སངས་རྒྱས། ནུབ་བསྒོམས་ན་ནུབ་སངས་རྒྱས། གང་ཟག་ལས་འཕྲོ་ཅན་ཡིན་ན་མ་བསྒོམས་ཀྱང་འཚང་རྒྱ་བར་བྱེད་པའི་ཆོས་ཡིན་གསུངས། ཆོས་འདི་ནི་རྣ་བར་ཐོས་པ་ཙམ་གྱིས་ཀྱང་ངན་སོང་གི་སྐྱེ་སྒོ་བཀག་ནས་གྲོལ་བར་བྱེད་པ་ཡིན། དེ་བཞིན་དུ་གླེགས་བམ་ལ་བྲིས་ཡོད་པ་མཐོང་བ་དང་རེག་པ། ཡིད་ལ་དྲན་པ་ཙམ་གྱིས་ཀྱང་སངས་རྒྱས་ཀྱི་སར་བདེ་མྱུར་དུ་བགྲོད་པར་བྱེད་པའི་ཕུན་སུམ་ཚོགས་པའི་ལམ་འདི་ལྟ་བུ་ནི། དུས་ཐམས་ཅད་དུ་བྱུང་མ་མྱོང་བ་ཡིད་བཞིན་གྱི་ནོར་བུ་ལྟ་བུ་ཡིན་གསུངས།

དེས་ན་ཆོས་འདི་ནི། དོན་མང་བའམ་བྱ་བ་མང་བ། ཚེ་འདིའི་བྱ་བ་བསྒྲུབ་དགོས་པའི་གང་ཟག་ཅིག་གིས་ཀྱང་ཉམས་སུ་བླང་ན་ལེན་བདེ་མོ་ཡིན་ལ། དུས་ཡུན་ཐུང་ཐུང་ཙམ་གྱིས་འབྲས་བུ་ཐོབ་པར་བྱེད་པའི་ལམ་རྨད་དུ་བྱུང་བ་ཞིག་ཡིན། ཆོས་འདི་ལ་སྐལ་བ་དང་ལྡན་པ་མ་གཏོགས་འཕྲད་མི་སྲིད་ལ། འཕྲད་ན་ཆོས་འདིས་མི་གྲོལ་བའང་མི་སྲིད་པ་ལྟ་བུ་ཡིན།

བོད་ཀྱི་ལུང་པ་ལ་བསམ་བློ་བཏང་ན། ཐོག་མར་གསང་སྔགས་ཀྱི་བསྟན་པ་འཛུགས་པ་པོ་ཨོ་རྒྱན་ཆེན་པོ་དང་བི་མ་ལ་མི་ཏྲ་ཁོང་གཉིས་ལས་ལྷག་པའི་གྲུབ་བརྙེས་ཀྱི་གང་ཟག་ཅིག་བོད་ལ་བྱོན་མ་མྱོང་ཞིང་། ཁོང་གཉིས་ཀྱིས་ཀྱང་སློབ་མ་སྙིང་དང་འདྲ་བ་རྣམས་ལ་གཅེས་ནོར་གྱི་ཚུལ་དུ་གནང་བའི་ཟབ་ཆོས་ཡིན། བོད་ཀྱི་ལུང་པའི་ནང་ནས་ཀྱང་ཆོས་འདི་འཐོབ་དགོས་ན་ཧ་ཅང་དཀའ། བོད་ཡུལ་དུ་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཟེར་བའི་ཆོས་མང་པོ་ཞིག་ཡོད་པ་ཐམས་ཅད་ཀྱི་ནང་ནས་འོད་གསལ་རྫོགས་པ་ཆེན་པོ་ནི་གསང་སྔགས་རྙིང་མ་པ་ཁོ་ནའི་སྒེར་ཆོས་ཡིན། ངས་དེ་སྔོན་སན་ཧྥི་རན་སའེ་སི་ཁོ་(San Francisco)ནས་སྐད་ཆ་འདི་འདྲ་བཤད་མྱོང་། ཁྱེད་ཨ་རི་ལུང་པ་ལྟ་བུ་ལ་མཚོན་ན་ཕལ་ཆེར་རྫོགས་པ་ཆེན་པོའི་གདུལ་བྱ་ཡིན་རྒྱུ་རེད། དཔེར་ན་ངས་ཆོས་གཞན་མང་པོ་བཤད་ཀྱང་ཐམས་ཅད་ཀྱིས་འདི་ལྟ་བུའི་དགའ་བསུ་མི་བྱེད་ཀྱང་། རྫོགས་པ་ཆེན་པོའི་ཆོས་བཤད་ཡོང་དུས་ཚང་མས་ཀྱང་དགའ་བ་དང་སྤྲོ་བའི་སྒོ་ནས་དད་གུས་ཀྱི་རྣམ་འགྱུར་ལྷག་པར་ཆེ་བས། ཁྱེད་རང་ཚོའི་ས་ཆ་འདི་སྟོབས་འབྱོར་ཆེ་བས་མི་རྣམས་ལ་བྱ་བ་དང་དོན་ཡང་མང་པོ་ཡིན། ཆོས་གཞན་བསྒྲུབས་ནས་དོན་འབྲས་མངོན་དུ་འགྱུར་དཀའ་མོ་ཡིན་ཡང་། བྱ་སླ་ལ་ཆོད་ཆེ་བའི་ཆོས་འདི་ལྟ་བུ་ནི་ཁྱེད་ཚོ་ལ་འོས་པ་ཞིག་རེད་བསམ་ནས། ཁྱེད་ནུབ་ཕྱོགས་ལུང་པའི་མི་སེར་ཆོས་ལ་དགའ་བ་ཕལ་ཆེར་རྫོགས་པ་ཆེན་པོའི་གདུལ་བྱ་ཡིན་རྒྱུ་རེད་ཅེས་ངས་ངོས་འཛིན་ཞིག་བྱས་ཡོད།

ཁྱེད་རྣམ་པ་ཚང་མས་ད་ལྟ་དང་རྗེས་མ་རྣམས་སུ་རྫོགས་པ་ཆེན་པོ་ལ་ཉམས་ལེན་རེ་བྱེད་པ་ནི་ངའི་རེ་བ་ཡིན། བཀྲ་ཤིས་བདེ་ལེགས།

ཀུན་བཟང་དཔལ་ཡུལ་ཆོས་གླིང་དུ་བཞུགས་པ།

ཝ་ཧྲིང་ཐོན་ནས་ཆོས་ཁྲིད་གསུང་བའི་རིང་ལ། ཆོས་རྗེ་ཉིད་ཀུན་བཟང་དཔལ་ཡུལ་ཆོས་གླིང་དུ་བཞུགས། གནས་འདིའི་ཁོར་ཡུག་ནི་ཤིན་ཏུ་དབེན་ཞིང་ཉམས་དགའ་ལ། རྩི་ཤིང་ནགས་ཚལ་གྱིས་མཐའ་ནས་བསྐོར་ཞིང་རི་དྭགས་མང་པོ་ཅི་དགར་རྒྱུ་བས། སྟོན་པའི་དུས་ཀྱི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་ཚལ་ལྟ་བུ་ཞིག་ཡིན།

ཆོས་ཚོགས་འདི་ནི་རྗེ་བཙུན་མ་ཨ་དཀོན་ལྷ་མོས་ཕྱག་བཏབ་གནང་བ་དང་། ཁོང་ནི་གྲུབ་དབང་པད་མ་ནོར་བུ་སྐུ་དངོས་ཀྱིས་ངོས་འཛིན་གནང་བའི་མཁའ་འགྲོ་མ་ཞིག་ཡིན། ལུས་རྟེན་ཁྱིམ་པ་ཡིན་ཡང་རབ་ཏུ་བྱུང་བ་མི་ཉུང་བ་གསོ་སྐྱོང་བྱས་འདུག་པ་ནི། ནུབ་ཕྱོགས་རྒྱལ་ཁབ་ལ་མཚོན་ན་ཆེས་མཐོང་བར་དཀོན་པ་ཡིན།

ཁོང་མཁའ་འགྲོ་མར་ངོས་མ་བཟུང་བའི་སྔོན་དུ། ཆུ་ཤེལ་སྣ་ཚོགས་བསྡུ་ཉར་བྱེད་པར་དགའ་པོ་ཡོད་པས། ཆོས་ཚོགས་ཀྱི་ལྷ་ཁང་སོ་སོའི་ནང་དུ་མདོག་དབྱིབས་མི་འདྲ་བའི་རང་བྱུང་གི་ཆུ་ཤེལ་ཆེས་མང་པོ་བཞག་འདུག ཁོང་གིས་ཆོས་རྗེ་ཉིད་ཆེད་དུ་གདན་ཞུ་བྱས་ཏེ་ཆུ་ཤེལ་རྣམས་ལ་གཟིགས་སྐོར་དང་བྱིན་རླབས་གནང་དུ་བཅུག ཆོས་རྗེ་ཉིད་ཀྱིས་རྫོགས་པ་ཆེན་པོའི་ཆོས་ཉམས་སུ་ལེན་པར་མཁོ་བའི་ཟུར་བརྒྱད་པའི་ཆུ་ཤེལ་ཞིག་བཙལ་གནང་མཛད་ཀྱང་ཐུགས་ལ་འབབ་པ་ཞིག་རྙེད་མ་སོང་།

དེ་རྗེས་ཉིན་འགའ་ཤས་ཀྱི་རིང་ལ། ཆོས་རྗེ་ཉིད་ཉིན་རེ་བཞིན་ཉིན་དཀར་ཝ་ཧྲིང་ཐོན་གྱི་ཡུལ་ལྗོངས་གྲགས་ཅན་རྣམས་སུ་སྤྲོ་གསེང་དང་གཟིགས་སྐོར་ལ་ཕྱིན་ཅིང་། དགོང་མོར་ཐམས་ཅད་ལ་དབང་ལུང་སོགས་ཆོས་ཁྲིད་གསུངས།

རྟེན་འབྲེལ་བཟང་པོའི་དུས་ཚེས།

ཕྱི་ཟླ་༧པའི་ཚེས་༢༥ཉིན་གྱི་ཕྱི་དྲོར། ཕུར་བ་མགུལ་ཁུག་མའི་དབང་གི་སྐབས་སུ་འདི་ལྟར་གསུང་།

ཟས་གང་ཟ་བའི་ཐོག་མར་མཆོད་ཅིག་དང་བྱ་བ་གང་བསྒྲུབ་པའི་ཐོག་མར་གཏམ་ཞིག་དགོས་ཟེར་བའི་དཔེ་ལྟར་དུ། ངས་ཆོས་དངོས་སུ་མ་བཤད་པའི་སྔོན་དུ་གཏམ་བཤད་མདོར་བསྡུས་ཙམ་ཞིག་ཞུ་བ་ཡིན།

ང་ཚོ་བོད་ཀྱི་སྲོལ་རྒྱུན་ལྟར་ཐོག་མར་ཆོས་ཚོགས་འདིའི་གཙོ་འཛིན་ལ་ཁམས་བདེ་དང་འཚམ་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་ཡིན། དེ་ནས་ཨ་རིའི་ལུང་པའི་མི་ཡུན་རིང་ལ་བོད་ཡུལ་ནས་ཆོས་ཞུས་ཤིང་གདམས་པ་ཉན་པའི་སློབ་མ་རྣམས་ལའང་བཀྲ་ཤིས་བདེ་ལེགས་ཞུ་བ་ཡིན། ང་ཚོ་བོད་ཡུལ་ནས་འོངས་པའི་ང་དང་ཕ་ཡུལ་གཅིག་པའི་གསེར་རྟའི་བན་དེ་དེ་དང་། ཁྱད་པར་དུ་བལ་བོའི་ཡུལ་ནས་ཁོ་དང་ལྷན་དུ་འགྲོགས་ནས་ཡོང་བའི་བོད་པ་སྟོད་གངས་དཀར་ཕྱོགས་ནས་ཡོང་བ་རྣམས་ལ་ཡང་བཀྲ་ཤིས་བདེ་ལེགས་ཞུ་བ་ཡིན། དེ་བཞིན་ཚོགས་ར་འདི་ན་ཡོད་པའི་ཆོས་ཞུ་རུ་ཡོང་མཁན་ཐམས་ཅད་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་ཡིན། དེ་ལས་གཞན་རྣམས་ནི་ང་རང་ཚོ་དང་ལྷན་དུ་ཡོང་བའི་མགྲོན་པོ་ཡིན་པས་བཀའ་དྲིན་ཞུ་དགོས་མི་འདུག ༼དགོད་སྒྲ།༽ ཁྱེད་རྣམས་ཀྱི་སྐུ་ཁམས་དྭངས་ཤིང་སངས་རྒྱས་ཀྱི་བསྟན་པ་རྒྱས་པའི་སྨོན་འདུན་ཞུ་བ་ཡིན།

ད་ཐེངས་ངེད་ཅག་གིས་གནས་འདིར་ཆོས་འཆད་པ་དེ་ཡང་། གཞན་དང་མི་འདྲ་བར་ཧ་ཅང་གི་རྟེན་འབྲེལ་བཟང་པོ་འགྲིགས་པས་དགའ་སྤྲོ་ཕུན་སུམ་ཚོགས་པར་གྱུར་པ་ཞིག་ཡིན། དེ་ཡང་གང་ཞེ་ན། ཁ་རྩང་ཞུས་པ་ནང་བཞིན་དུ་གནས་འདི་ལ་བསམ་བློ་བཏང་ན། འཛམ་བུ་གླིང་གི་མཆོག་ཏུ་གྱུར་པའི་ཨ་རིའི་རྒྱལ་ཁབ་ཀྱི་རྒྱལ་ས་ཝ་ཧྲིང་ཐོན་ཡིན། ཕྱོགས་འདིར་སངས་རྒྱས་ཀྱི་བསྟན་པ་རྒྱ་ཆེར་སྤེལ་བ་ནི་གནས་ཀྱི་སྒོ་ནས་ཀྱང་དགའ་འོས་པ་ཞིག་རེད།

དེ་ནས་ཆོས་དང་སྟོན་འཁོར་གྱི་དབང་དུ་བྱས་ན། དེང་སྐབས་འཛམ་བུ་གླིང་གི་སྟེང་དུ་སྟོབས་དང་འབྱོར་བ་ལ་ཨ་རིའི་རྒྱལ་ཁབ་བཟང་ཤོས་ཡིན་ཞིང་། ཆོས་ནི་འཛམ་བུ་གླིང་འདིར་བོད་ཁ་བ་ཅན་དེ་བཟང་ཤོས་ཡིན། དེས་ན་ཁ་བ་ཅན་གྱི་ཆོས་དང་ཨ་རིའི་སྟོབས་འབྱོར་གཉིས་ཀ་ཟུང་དུ་འཇུག་ཐུབ་ན། འཛམ་བུ་གླིང་ཀུན་ཏུ་བདེ་ཞིང་དགེ་བའི་དཔལ་ཕུན་སུམ་ཚོགས་པ་ཞིག་འཆར་རྒྱུ་ཡིན་པས། དུས་ཚོད་འདི་ལྟ་བུ་ལ་འཛོམས་པ་ནི་བཀྲ་ཤིས་ཤིང་དགའ་སྤྲོ་ཧ་ཅང་འཕེལ་བའི་གནས་ཤིག་ཡིན།

དུས་ཚོད་ཀྱི་དབང་དུ་བྱས་ན། ཁ་རྩང་གི་དུས་ཚོད་དེ་ནི་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱིས་ཆོས་ཀྱི་འཁོར་ལོ་དང་པོ་བསྐོར་བའི་དུས་ཆེན་ཡིན། འདིའི་ཚེས་པ་བཅུའི་ཉིན་ནི། ཨོ་རྒྱན་རིན་པོ་ཆེ་ལྷོ་ནུབ་འོ་མ་ཅན་གྱི་རྒྱ་མཚོའི་ནང་དུ་ཕ་ཡི་རྒྱུ་ལས་མ་བྱུང་མ་ཡི་རྐྱེན་ལས་མ་བྱུང་བར་རང་བྱུང་རིག་པ་ཐོལ་སྐྱེས་ཀྱི་ཚུལ་དུ་འཁྲུངས་བའི་དུས་ཆེན་དང་། དེར་མ་ཟད་རྔ་ཡབ་སྲིན་པོའི་གླིང་དུ་སྲིན་པོ་རྣམས་གདུལ་བར་བྱོན་པའི་དུས་ཆེན་ཁྱད་པར་ཅན་ཏེ་དུས་ཚོད་ཕུན་སུམ་ཚོགས་པ་ཞིག་ལ་ཐུག་འདུག

སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་སོ་འཚལ་གྱི་རབ་ཏུ་བྱུང་བ་ཚང་མས། གཙོ་བོ་འདུལ་བ་གཞི་གསུམ་གྱི་ཆོ་ག་ཉམས་བཞེས་མཛད་པའི་དུས་ཚེས་ཁྱད་པར་ཅན་ཏེ། ཟླ་འདིའི་ཚེས་བཅོ་ལྔ་ནས་བཟུང་དབྱར་ཟླ་བ་གསུམ་གྱི་བར་དུ་དབྱར་གནས་པར་བྱས། རིམ་བཞིན་གསོ་སྦྱོང་དང་དགག་དབྱེ་ལ་སོགས་པ་ལ་འཇུག་པའི་འདུལ་བའི་སྤྱོད་པ་རྒྱ་ཆེར་སྤེལ་བའི་དུས་ཚེས་ཁྱད་པར་ཅན་ཞིག་ཀྱང་ཡིན། སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་སོ་འཚལ་གྱི་སྔགས་པ་ཡོངས་རྫོགས་ལ་མཚོན་ན། ཚེས་བཅུ་ནི་དཔའ་བོ་དང་མཁའ་འགྲོ་ཐམས་ཅད་དབང་མེད་དུ་འདུ་བའི་དུས་ཁྱད་པར་ཅན་ཡིན་པས། ཨོ་རྒྱན་རིན་པོ་ཆེས་ཀྱང་། བྱུང་ངོ་ཟླ་བའི་ཚེས་བཅུ་ཐམས་ཅད་ལ། །ཨོ་རྒྱན་བོད་ཁམས་ཀུན་ཏུ་བྱོན་པར་འགྱུར། །དབང་ཆེན་སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་ལ། །སྤྲུལ་བས་བོད་ཁམས་ཁྱབ་པར་མི་འགྱུར་རེ། །ཞེས་བོད་ཁམས་གཙོ་བོར་གྱུར་པའི་འཛམ་བུ་གླིང་གི་ཡུལ་ཁམས་ཐམས་ཅད་ལ། ཨོ་རྒྱན་སངས་རྒྱས་གཉིས་པས་ཞབས་ཀྱིས་བཅགས། གསང་སྔགས་གསར་མའི་རྒྱུད་སྡེ་ཐམས་ཅད་ཀྱི་དགོངས་པ་ལྟར་ན་ཡང་། དཔའ་བོ་དང་མཁའ་འགྲོ་རང་བཞིན་གྱིས་འདུ་བའི་དུས་ཚེས་ཁྱད་པར་ཅན་འདི་ལ། སྔགས་པ་ཐམས་ཅད་ཀྱིས་ཀྱང་རང་བཞིན་གྱིས་གསང་སྔགས་ཀྱི་དཀྱིལ་འཁོར་གཉན་པོའི་སྒོ་ཕྱེ་བའི་དུས་ཡིན། ཁྱད་པར་དུ་རྫོགས་པ་ཆེན་པོ་ཉམས་བཞེས་མཛད་མཁན་ཐམས་ཅད་ཀྱིས། བོད་ཟླ་དྲུག་པའི་ཚེས་བཅོ་ལྔ་ནས་བཟུང་སྟེ་ཟླ་བ་དྲུག་གི་བར་དུ་ནམ་མཁའ་སུམ་སྤྲུགས་སོགས་རྫོགས་པ་ཆེན་པོའི་ལྟ་བ་ལ་གཙོ་བོར་ཉམས་བཞེས་མཛད་པའི་དུས་ཚེས་ཁྱད་པར་ཅན་ཞིག་ལ་ཐུག་ཡོད།

སྤྱིར་རྫོགས་པ་ཆེན་པོའི་ཆོས་འདི་ནམ་ཉམས་སུ་བླངས་ཀྱང་བྱིན་རླབས་དང་དངོས་གྲུབ་འབྱུང་བ་ཡིན། དཔེར་ན་རྒྱ་གར་གྱི་ཡུལ་དང་ཝ་ཧྲིང་ཐོན་ནི་ཚད་པ་ཧ་ཅང་ཆེན་པོ་རེད། ད་སྐབས་ཚད་པ་ཅུང་དམའ་རུ་ཕྱིན་ནས་འབྱུང་ཁམས་སྙོམས་པའི་དུས་ལ་ཐུག་འདུག འབྱུང་ཁམས་སྙོམས་པའི་དུས་སུ་ལས་དང་པོ་པ་རྣམས་ཀྱིས་ཟླ་འདིའི་ཚེས་བཅོ་ལྔ་ནས་ཟླ་བ་དྲུག་གི་རིང་ལ་བསྒོམས་ན། རིག་པ་ཧ་ཅང་འཆར་བདེ་བ་དང་ཉམས་ལེན་སྐྱོང་བདེ་བ་ཞིག་ཡོང་བས་ན། རིག་འཛིན་གོང་མ་ཐམས་ཅད་ཀྱིས་ཕྱག་བཞེས་གཙོ་བོ་ཟླ་བ་འདིའི་ཚེས་བཅོ་ལྔ་ཕན་ཆོད་ནས་ཉམས་ལེན་མཛད་པ་ཡིན། དེ་ལྟ་བུའི་དུས་ཚོད་ཁྱད་པར་ཅན་ལ་དགོངས་ནས། བསྟན་རྒྱམ་རིན་པོ་ཆེ་ཡང་བར་སྐབས་འདིར་གནས་འདིར་འབྱོན་པའི་ཐུགས་བཞེད་ཡོད་ཅེས་ཁྱེད་རྣམ་པའི་ངག་སྒོ་ནས་གོ་སོང་། འོན་ཀྱང་གནས་སྐབས་སུ་ཁོང་ཟླ་བ་རེ་རེ་དང་གཉིས་རེ་ཙམ་ལ་ཕྱིར་འགྱངས་སུ་གྱུར་ཀྱང་། ཁོང་གི་ཆོས་ཕྱོགས་ཀྱི་ཐུགས་བཞེད་མཐའ་དག་ཀྱང་རང་རེ་ཚང་མས་བསྒྲུབ་ཐུབ་རྒྱུ་རེད་སྙམ་པའི་ཡིད་ཆེས་ཡོད།

དེས་ན་བོད་ཀྱི་ཚིག་དཔེ་ལ། རྟེན་འབྲེལ་བསྒྲིགས་ན་འགྲིགས་པ་མིན། རྟེན་འབྲེལ་འགྲིགས་ན་འགྲིག་པ་ཡིན། ཟེར་བ་ལྟར། རྟེན་འབྲེལ་ཆེད་དུ་བསྒྲིགས་ནས་འགྲིགས་སོང་ན་དེ་ཙམ་བཟང་བ་མིན་པར། རྟེན་འབྲེལ་རང་ཤུགས་ཀྱིས་འགྲིགས་སོང་ན་ཧ་ཅང་བཟང་བས། ངས་ཀྱང་ཁྱད་པར་ཅན་གྱི་ཆུ་སྟོད་ཟླ་བའི་ཆོས་འཁོར་སྐོར་བའི་དུས་ཚེས་འདི་ལ། ཨ་མེ་རི་ཀའི་རྒྱལ་ས་འདིར་ཡོང་ནས་བདེན་བཞིའི་ཆོས་ཤིག་བཤད་རྒྱུ་བྱུང་ན་སྙམ་པའི་བསམ་པ་མེད་ལ། ཁྱེད་རྣམ་པ་ལ་ཡང་དེ་ལྟ་བུའི་བསམ་པ་ཡོད་རྒྱུ་མ་རེད། ཡིན་ན་ཡང་བླ་མ་དཀོན་མཆོག་གསུམ་གྱི་ཐུགས་རྗེ་ཡིས་རྟེན་འབྲེལ་འདི་རང་ཤུགས་ཀྱིས་འགྲིགས་སོང་བ་ནི། རང་གཞན་ཐམས་ཅད་དགའ་འོས་པའི་གནས་སུ་གྱུར་པ་ཞིག་ཡིན།

ང་རང་སྒེར་ལ་མཚོན་ན། རང་ལོ་ཉི་ཤུ་རྩ་ལྔའི་དུས་ནས་ད་ལ་མ་ཐུག་གི་བར་དུ། སྤྱིར་བསྟན་པ་དང་སེམས་ཅན་གྱི་དོན་གང་བསྒྲུབ་ཀྱང་ཕལ་ཆེར་ཟླ་བ་འདིའི་ནང་དུ་མགོ་རྩོམ་རྒྱུ་ཡིན། ཟླ་བ་འདིའི་ནང་དུ་མགོ་བརྩམས་པའི་བྱ་བ་ཐམས་ཅད་གེགས་མེད་བདེ་བླག་ཏུ་འགྲུབ་པ་དང་། འགལ་རྐྱེན་བར་ཆད་གང་ཡང་མ་བྱུང་བ་ཞིག་ཡིན། ངས་ཁྱེད་རྣམ་པ་ལ་འདས་པའི་ལོ་ཁ་ཤས་ཀྱི་ནང་དུ་བྱ་བ་ལེགས་འགྲུབ་ཡོང་བའི་ལོ་རྒྱུས་མདོ་ཙམ་ཞིག་ཞུ།

ཕྱི་ལོ་༡༩༨༥ལོར་ང་རང་གཏེར་སྟོན་ལས་རབ་གླིང་པའི་གདན་སར་སོང་ནས་ཁོང་གི་ཁྲི་སྟེང་དུ་བསྡད་ཅིང་ཆོས་ཀྱི་མཛད་པ་རྒྱ་ཆེན་པོ་བསྐྱངས། དུས་དེ་ནས་བཟུང་སྟེ་གངས་རིའི་ལྗོངས་ཀྱི་ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་དགེ་འདུན་པ་ཐམས་ཅད་ཀྱང་ཐུགས་མཐུན་པ་དང་ཁྲིམས་གཙང་བ། སྤོང་བ་བསམ་གཏན་དང་ཀློག་པ་ཐོས་བསམ་གྱི་ལས་ལ་བརྩོན་པའི་བྱ་བ་རྒྱ་ཆེ་ཞིང་ཤིན་ཏུ་བརྗོད་པར་དཀའ་བ། སྔོན་གྱི་དུས་ན་འགྲུབ་མ་མྱོང་བ་ལྟ་བུའི་བྱ་བ་ཡག་པོ་འགྲུབ་སོང་།

ཕྱི་ལོ་༡༩༨༦ལོའི་ཆུ་སྟོད་ཟླ་བའི་ཚེས་༤ཉིན། ང་རང་གིས་བསྟན་པ་དང་སེམས་ཅན་གྱི་དོན་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། དེ་ནས་རིམ་བཞིན་མདོ་ཁམས་སྨད་ཀྱི་གནས་ཆེན་ཉི་ཤུ་རྩ་ལྔ་དང་ཡུལ་ཁམས་སོ་སོའི་དགོན་སྡེ་རྣམས་ལ་ལྟ་སྐོར་ལ་སོང་བ་ཡིན། དེའི་སྐབས་སུ་གནས་ཆེན་ཉེར་ལྔ་རྣམས་སུ་ཡང་སྔོན་བྱུང་མ་མྱོང་བའི་ཡིག་འབྲུ་དུ་མ་དང་། སྐུ་གཟུགས་དང་མཆོད་རྟེན་ལ་སོགས་པ་རང་བྱུང་གི་ཚུལ་དུ་བརྡོལ། དེ་བཞིན་ཟབ་མོའི་གཏེར་ཁ་མང་པོ་བརྡོལ་བར་གྱུར་པ་ལ་སོགས་པའི་རྟགས་མཚན་བསམ་གྱིས་མི་ཁྱབ་པ་བྱུང་། ཕྱོགས་ཀྱི་དགེ་འདུན་པ་ལས་རབ་བྱུང་ངུར་སྨྲིག་འཛིན་པའི་སྡེ་རྐྱང་པ་ལ་བསམ་བློ་བཏང་ན། སྔོན་ཆད་རིག་གནས་གསར་བརྗེ་ཆེན་པོ་སོགས་ཀྱི་དུས་སུ་བསྟན་པ་ཉམས་དམས་སུ་གྱུར་སྐབས། ཡུལ་ཁམས་རེ་རེ་ལ་དགེ་སློང་དང་དགེ་ཚུལ་རེ་རེ་གཉིས་རེ་ཙམ་ལས་མེད། དེ་ནས་ང་རང་དང་གཙོ་བོ་ང་རང་གི་སློབ་མ་ཐམས་ཅད་ཀྱིས་སྤེལ་བའི་དགེ་ཚུལ་སློང་བསྒྲུབས་པ་དེ་དག ད་སྐབས་ང་རང་གི་ཕ་ཡུལ་གྱི་ཉེ་འཁོར་དུ་ཡང་གཙང་ངེས་ཅན་གྱི་འདུལ་བ་འཛིན་པའི་དགེ་འདུན་པ་ཁྲི་གཉིས་ཙམ་ཞིག་ཡོད་པའི་མཛད་པ་ཆེན་པོ་ཡང་འགྲུབ་པ་ཡིན།

ཕྱི་ལོ་༡༩༨༧ལོར་ང་རང་གིས་གཙོ་འགན་ཁུར་ནས། བོད་ཀྱི་གྲྭ་པ་དང་མི་སེར་ཁྲི་ཕྲག་གཅིག་ཙམ་ཞིག་དང་། གཞན་ཡང་རྒྱ་དང་སོག་པོ་ལ་སོགས་པའི་མི་ཆེས་མང་པོ་དང་མཉམ་དུ་ཤར་ཕྱོགས་རི་བོ་རྩེ་ལྔ་ལ་སོང་ནས་བཟང་སྤྱོད་སྨོན་ལམ་བྱེ་བ་ཁ་ཤས་བཏོན་པ་ཡིན། དེ་ལ་ཡོང་བའི་བོད་མི་ཚང་མས་ལས་དང་སྐལ་བ་དང་འཚམ་པར། རབ་རྣམས་ཀྱིས་མགོན་པོ་འཇམ་པའི་དབྱངས་ཀྱི་ཞལ་མཇལ་གསུང་ཐོས་ཐུགས་ཀྱི་བྱིན་རླབས་འཕོས་པ་དང་། ཐ་མ་རྣམས་ཀྱིས་ཀྱང་འཇའ་དང་འོད་དང་ཆོ་འཕྲུལ་གྱི་རྟགས་རྣམ་པ་སྣ་ཚོགས་པ་མ་མཐོང་བ་གཅིག་ཀྱང་མེད་པ་ལྟ་བུའི་གྲུབ་འབྲས་མངོན་དུ་གྱུར་བ་ཡིན།

ཕྱི་ལོ་༡༩༨༨ལོའི་དུས་ཚེས་འདི་ལ་ཉག་རོང་གི་དགོན་ཁག་བཅུ་གསུམ་གྱི་དགེ་འདུན་པ་རྣམས་ལ་དབང་ལུང་ཁྲིད་གསུམ་དང་བཤད་སྒྲུབ་ཀྱི་བསྟན་གཞི་བཙུགས།

ཕྱི་ལོ་༡༩༨༩ལོར་མི་ཉག་བེ་ལོའི་རི་ཁྲོད་དུ་འཁོར་སློབ་སུམ་སྟོང་ཙམ་ལ་སྙིང་ཐིག་ཡ་བཞིའི་དབང་བསྐུར་བ་ཡིན། ལོ་དེ་དག་གི་རིང་ལ་ངའི་སློབ་གླིང་གི་དགེ་འདུན་པའི་འདུ་བ་ཇེ་རྒྱས་ཇེ་འཕེལ་ལ་སོང་ནས། མང་བའི་གནས་སྐབས་ན་དགེ་འདུན་པ་སྟོང་ཕྲག་དྲུག་ཙམ་ཡོད་པའི་དུས་ཀྱང་ཡོད་ཅིང་། དུས་རྟག་ཏུ་དུས་ཚོད་འདི་ལ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་བྱ་བ་ལ་བརྩོན་པ་ཡིན།

ཕྱི་ལོ་༡༩༩༠ལོར་གྲུབ་དབང་པདྨ་ནོར་བུ་དང་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་སོགས་འགའ་ཞིག་གི་ཐུགས་བཞེད་བཞིན་དུ་ང་རང་རྒྱ་གར་དུ་སོང་ཞིང་། ཟླ་བ་འདིའི་ཚེས་བཞི་ཉིན་འདི་ན་ཡོད་པའི་མཁན་པོ་རྣམ་གྲོལ་དང་། དངོས་གྲུབ་རྡོ་རྗེ། བསོད་དར་རྒྱས་དང་ངེད་བཟའ་མི་གསུམ། གཞན་ཡང་བན་དེ་གཉིས་བཅས་ངེད་ཅག་དཔོན་གཡོག་བརྒྱད་པོ་ཚང་མ་བསྟན་རྒྱམ་རིན་པོ་ཆེའི་གཟིམས་ཆུང་ནང་མའི་ནང་དུ་སོང་ནས། སྐྱིད་གྲོང་ཇོ་བོ་ཝ་ཏི་ཤྭ་རའི་སྐུ་མདུན་ལ་སོང་སྟེ་བསྟན་རྒྱམ་རིན་པོ་ཆེ་དང་གདན་ཐོག་གཅིག་ཏུ་བསྡད་ནས། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་དུས་ཀྱང་ཟླ་བ་འདིའི་ཚེས་བཞིའི་ཉིན་ཡིན།

ཟླ་བ་འདིའི་ཚེས་བཅུའི་ཉིན་རྒྱ་གར་ལྷོ་ཕྱོགས་མའེ་སོར་(Mysore)གྱི་ས་ཆ་ལ་ཐོན་ནས། གྲུབ་དབང་པདྨ་ནོར་བུ་མཆོག་གི་གདན་ས་ཐེག་ཆེན་རྣམ་གྲོལ་དར་རྒྱས་གླིང་དུ། མཁན་སྤྲུལ་བཞི་བཅུ་ལ་ཉེ་བ་དང་བཅས་པའི་དགེ་འདུན་པ་སྟོང་ཕྲག་གཅིག་ལ་འཇམ་དཔལ་རྫོགས་པ་ཆེན་པོའི་དབང་བསྐུར་བ་ཡིན། དེ་ནས་བཟུང་སྟེ་ང་རང་གི་བྱ་བ་གང་བརྩམས་ཐམས་ཅད་ལམ་འགྲོ་ཡོད་པ་དང་འགལ་རྐྱེན་མེད་པ། ཕུན་སུམ་ཚོགས་པ་ཞིག་ཏུ་གྱུར་པ་ཡིན།

དེ་ཚོ་བཤད་དགོས་དོན་ནི་ང་རང་གི་ཆེ་བ་འདོན་པའི་ཆེད་ཙམ་ཡང་མིན་པར་ཁྱེད་རྣམས་དགའ་སྤྲོ་འཕེལ་བའི་ཆེད་ཡིན། དེས་ན་ད་རེས་ས་གནས་འདི་ནས་འུ་ཅག་གིས་རྟེན་འབྲེལ་མ་བསྒྲིགས་རང་འགྲིགས་སུ་གྱུར་ནས་ཆོས་འཆད་ཉན་བགྱིས་པས། བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་འགྲུབ་རྒྱུ་དང་ང་རང་ཉིད་ཀྱི་བསམ་པའི་དོན་ཐམས་ཅད་རྫོགས་རྒྱུ་རེད་བསམ། འདི་ལྟ་བུའི་བྱ་བ་ནི་ཧ་ཅང་དགའ་འོས་པ་དང་སྤྲོ་འོས་པ་ཞིག་རེད་མ་གཏོགས། རང་བཞིན་གྱི་སྟབས་ལྟེས་དབང་གིས་མ་ཡིན། དེས་ན་ངས་སྐད་ཆ་མདོར་བསྡུས་ཙམ་ཞིག་ཞུ་དོན་ཡང་ཁྱེད་རྣམ་པའི་དགའ་སྤྲོ་འཕེལ་བའི་ཆེད་དུ་ཡིན།

གོང་དུ་ཞུས་པ་ལྟར་ཁྱེད་ཨ་རི་བའི་སྟོབས་འབྱོར་ནི་ཟ་མ་བཟང་པོ་ལྟ་བུ་དང་ངེད་བོད་ཀྱི་ཆོས་ནི་སྤོད་ཡ་བཟང་པོ་ལྟ་བུ་ཡིན་པས་དེ་གཉིས་ཡ་བྲལ་མི་རུང་མ་གཏོགས། སྤོད་ཡ་མེད་པའི་ཟ་མ་ཇི་ལྟར་བཟང་ཡང་ཟ་སྙིང་མི་བྲོད་པ་བཞིན་དུ། སྟོབས་འབྱོར་ཇི་ལྟར་ཆེ་ཡང་ཆོས་ཀྱི་བྱ་བ་དང་མ་འབྲེལ་ན་ཚེ་འདི་ཙམ་ཞིག་ལ་སྐྱིད་ཀྱང་ཕྱི་མར་སྐྱིད་པོ་ཡོང་དཀའ། ཆོས་སྤོད་ཡ་བཟང་པོ་ལྟ་བུ་དེ་ཡང་སྟོབས་འབྱོར་གྱི་ཟ་མ་དང་སྦྱར་དགོས་པ་རེད་མ་གཏོགས། ཟ་མ་མེད་ན་སྤོད་ཡ་རྐྱང་པའང་ཟ་ལོ་རྒྱུ་མ་རེད། ད་སྐབས་སྤོད་ཡ་བཟང་པོ་དང་ཟ་མ་བཟང་པོ་མཉམ་དུ་བསྡེབས་ནས་ཟ་བའི་དུས་ཚོད་ལ་ཐོན་པ་ཡིན། ༼དགོད་སྒྲ།༽

ང་མ་ཡིན་པའི་འབྱོར་བ་ཅན་ཞིག་དེ་རིང་ས་གནས་འདི་ལ་ཐོན་ན། ཁྱེད་ཚོའི་ཆོས་ཚོགས་ཀྱི་ཆོས་པ་ཚང་མ་ལ་ཟས་ཀྱི་མགྲོན་སྟོན་ཆེན་པོ་ཞིག་བཤམ་སྲིད་ཀྱང་། ང་རང་གིས་ཁྱེད་རྣམ་པ་ཚང་མ་ལ་ཆོས་ཀྱི་མགྲོན་སྟོན་ཞིག་འགྱེད་པ་ཡིན་ན། ཁྱེད་རང་ཚོ་མགྲོན་སྟོན་དེར་རོལ་འདོད་དམ། ༼ཐལ་སྒྲ།༽

རྒྱལ་ཁབ་མདུན་ཐང་དུ་ཉིན་གཅིག་ལ་སྤྲོ་འཁྱམ་མཛད།

ཕྱི་ཟླ་༧པའི་ཚེས་༢༦ཉིན། ཆོས་རྗེ་ཉིད་ཝ་ཧྲིང་ཐོན་གྱི་ལྟེ་གནས་ཀྱི་རྒྱལ་ཁབ་མདུན་ཐང་(National Mall)དུ་བྱོན། འདི་ནི་ཨ་རིའི་རྒྱལ་ཁབ་རིམ་པའི་མཛད་སྒོ་གལ་ཆེན་སྤེལ་སའི་གནས་ཡིན་ཞིང་། སྤྲོ་འཁྱམ་བྱ་སའི་ལྗོངས་གནས་མང་པོ་ཞིག་ཀྱང་འདིར་འདུས་ཡོད།

ངེད་ཅག་གིས་ཐོག་མར་ལྗོར་ལྗི་ཝ་ཧྲིང་ཐོན་གྱི་རྗེས་དྲན་རྡོ་རིང་(Washington Monument)ལ་ལྟ་སྐོར་བྱས་པ་ཡིན། རྡོ་རིང་འདི་ནི་གྲོང་ཁྱེར་གྱི་མཚོན་རྟགས་ལྟ་བུར་གྱུར་འདུག་པ་དང་། ཨ་རིའི་སྲིད་འཛིན་དང་པོ་ལྗོར་ལྗི་ཝ་ཧྲིང་ཐོན་ལ་དྲན་རྟེན་དུ་བཙུགས་པ་ཡིན་ཞིང་མཐོ་ཚད་ལ་སྨི་༡༦༩འདུག སྔོན་ཆད་ཨ་རིའི་སྲིད་གཞུང་གིས། ཝ་ཧྲིང་ཐོན་གྲོང་ཁྱེར་གྱི་འཛུགས་སྐྲུན་གང་ཡིན་ཡང་དྲན་རྟེན་གྱི་རྡོ་རིང་འདི་ལས་མཐོ་མི་ཆོག་པའི་ཁྱབ་བསྒྲགས་ཀྱང་བྱས་མྱོང་། རྡོ་རིང་འདི་ནི་རྒྱ་ནག་གི་རྒྱལ་མོ་ཝུའུ་ཙེ་ཐེན་གྱི་ཡི་གེ་མེད་པའི་རྡོ་རིང་ཇི་བཞིན་ཡི་གེ་གཅིག་ཀྱང་བྲིས་མི་འདུག དེ་ལ་འགའ་རེས་ཁོང་གི་བྱས་རྗེས་རྣམས་ཚིག་གི་ལམ་ནས་མཚོན་དུ་མེད་པས་ཡིན་ཟེར། འགའ་རེས་ཁོང་གི་སྐྱོན་དང་ཡོན་ཏན་ལ་མི་རབས་ཕྱི་མ་དག་གིས་དཔྱད་འཇོག་བྱ་ཆེད་ཡིན་ཟེར།

དེ་ནས། སྲིད་འཛིན་ལིན་ཁིན་གྱི་དྲན་རྟེན་ཁང་(Lincoln Memorial)དུ་ཕྱིན། དྲན་རྟེན་ཁང་འདི་ནི་ཨ་རིའི་སྲིད་འཛིན་ཁྲི་རབས་བཅུ་དྲུག་པ་སྐུ་ཞབས་ཨེ་པཱར་ཧམ་ལིན་ཁིན་ལ་རྗེས་དྲན་བྱ་ཆེད་བཞེངས་པ་ཡིན་ལ། རྗེས་དྲན་ཁང་གི་དཀྱིལ་དུ་ཁོང་གི་བརྐོས་བརྙན་ཆེན་པོ་ཞིག་འདུག་ཅིང་། དེའི་སྟེང་ཕྱོགས་སུ་ཁོང་གིས་ཨ་རིའི་མི་དམངས་རྣམས་གཅིག་གྱུར་བྱས་པའི་དྲན་རྟེན་ཞུ་ཚིག་བྲིས་འདུག འདི་ནི་ཞི་བདེ་བརྩོན་ལེན་པ་མཱར་ཐིན་ལུའུ་དྷེར་ཁིང་(Martin Luther King)གིས་ང་ལ་རེ་བའི་རྨི་ལམ་ཞིག་ཡོད་ཅེས་པའི་སྤྱི་བསྒྲགས་གྲགས་ཅན་སྤེལ་བའི་གནས་ཀྱང་ཡིན།

དེ་རྗེས་ང་ཚོ་ཝེད་ནཱམ་དམག་འཁྲུག་གི་དྲན་རྟེན་རྡོ་རིང་(Vietnam Veterans Memorial)ལ་བལྟ་རུ་སོང་། རིང་ཚད་ལ་དབྱིན་ཁྲི་༥༠༠ལྷག་གི་རྡོ་ནག་པོའི་ངོས་སུ། ཝེད་ནཱམ་དམག་འཁྲུག་ཁྲོད་འདས་གྲོངས་སུ་སོང་བའི་དམག་དཔོན་དང་དམག་མི་རྣམས་ཀྱི་མིང་བཀོད་ཡོད་པ་དང་། ཆོས་རྗེ་མཆོག་གིས་དེར་དུས་ཡུན་རིང་ཙམ་དུ་ཤི་བོ་རྣམས་ལ་ཐུགས་བསྐྱེད་སྨོན་ལམ་གནང་།

མཇུག་ཏུ་རྒྱལ་ཚོགས་མཁར་ཆེན་(United States Capitol)དུ་ལྟ་སྐོར་ལ་ཕྱིན། འདི་ནི་ཨ་རིའི་དཀྱིལ་སྙིང་ལྟ་བུའི་འཛུགས་སྐྲུན་ཡིན་ལ་ཁྱོན་ཐོག་བརྩེགས་ལྔས་གྲུབ་ཡོད། སྲིད་འཛིན་མང་ཆེ་བའི་ཁྲི་འདོན་མཛད་སྒོ་ཡང་འདི་ནས་སྤེལ་བ་ཡིན། དེ་དག་ལས་ཆེས་མིག་དབང་འཕྲོག་པ་ནི་དཀྱིལ་གྱི་ཚོམས་ཆེན་སྒོར་དབྱིབས་ཅན་དེ་ཡིན་ཏེ། དེར་ཡོད་རྔམ་བརྗིད་ལྡན་པའི་ལྡེབས་རིས་དང་གསོན་ཉམས་ལྡན་པའི་མི་སྣའི་འཇིམ་བརྙན་སོགས་ཀྱིས་ཨ་རིའི་ལོ་རྒྱུས་ཐོག་ཏུ་བྱུང་བའི་རླབས་ཆེན་གྱི་མཛད་པ་རྣམས་གསལ་བར་མཐོང་ཐུབ། ཚོམས་ཆེན་གྱི་ལྷོ་བྱང་གཉིས་སུ་གྲོས་ཚོགས་ཁང་གོང་མ་དང་འོག་མ་གཉིས་ཡོད་ཅིང་། དེས་ཨ་རིའི་གལ་ཆེའི་ཇུས་གཞི་རྣམས་ཀྱི་མཐའ་མཇུག་གི་ཐག་གཅོད་ལ་མཐོང་དཔང་བྱས་ནས་ཡོད།

འཇམ་དཔལ་ཞི་སྒྲུབ་ཀྱི་བྱུང་བ།

ཉིན་དེའི་དགོང་མོར་ཆོས་རྗེ་ཉིད་ཀྱིས་འཇམ་དཔལ་ཞི་སྒྲུབ་ཀྱི་དབང་གནང་བའི་སྔོན་དུ་ཚང་མར་འདི་ལྟར་གསུང་།

འཇམ་དཔལ་ཞི་སྒྲུབ་བྱིན་རླབས་མྱུར་སྩོལ་ཞེས་བྱ་བ་འདི་ཉིད་ཀྱི་དབང་བསྐུར་བའི་སྐབས་སུ་བབས་པ་ཡིན།

ཆོས་འདིའི་ལོ་རྒྱུས་མདོར་བསྡུས་ཙམ་ཞུ་ན། ཁ་སང་བཤད་པ་བཞིན་ཐོག་མར་ཕྱི་ལོ་༡༩༨༧ལོར། ང་རང་བོད་ཀྱི་སེར་སྐྱ་ཁྲི་ཕྲག་གཅིག་དང་མཉམ་དུ་ཤར་ཕྱོགས་རི་བོ་རྩེ་ལྔའི་གནས། མགོན་པོ་འཇམ་པའི་དབྱངས་མངོན་སུམ་དུ་བཞུགས་པའི་ས་ཆ་ལ་ཕྱིན། དེའི་དུས་སུ་བོད་རིགས་ཙམ་དུ་མ་ཟད་རྒྱ་ནག་དང་། སོག་པོ། གཞན་ཡང་ལྟ་སྐོར་དུ་ཕེབས་པའི་ཕྱི་རྒྱལ་ལུང་པའི་མི་མང་པོ་དང་མཉམ་དུ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་རིང་བསྲེལ་མཆོད་རྟེན་གྱི་དྲུང་དུ་བཟང་སྤྱོད་སྨོན་ལམ་བྱེ་བ་ཁ་ཤས་བཏོན་པ་ཡིན། དེ་དུས་མགོན་པོ་འཇམ་པའི་དབྱངས་ཀྱི་ཐུགས་ཀྱི་རྩལ་ལས། དེར་འཁོད་པའི་སྐྱེ་བོ་མཆོག་དམན་རབ་འབྲིང་ཚང་མ་ལ་རང་རང་གི་ལས་དང་མཐུན་པར། རབ་མགོན་པོ་འཇམ་པའི་དབྱངས་ཀྱི་ཞལ་མཇལ་གསུང་ཐོས་ཐུགས་ཀྱི་བྱིན་རླབས་རྒྱུད་ལ་འཕོས་པ་དང་། འབྲིང་ཉམས་ལ་དེ་ལྟར་བྱུང་བ། ཐ་མ་རྨི་ལམ་དུ་མགོན་པོ་འཇམ་པའི་དབྱངས་ཀྱི་ཞལ་མཇལ་བ། ཡང་ཐ་རྣམས་ཀྱིས་ཀྱང་འཇམ་དཔལ་དབྱངས་ཀྱི་བྱིན་རླབས་ཀྱི་རྟགས་མཚན་རྣམ་པ་བཅུ་གནས་ཡིག་ཏུ་བཤད་པ་བཞིན་བྱིན་རླབས་མ་བྱུང་བ་གང་ཡང་མེད་པ་ལྟ་བུ་བྱུང་།

སྨོན་ལམ་ཆེན་མོ་མཇུག་དྲིལ་བ་དང་མཉམ་དུ། མི་སྐྱ་ཕལ་མོ་ཆེས་རང་རང་གི་ཚེ་འདི་དང་ཕྱི་མའི་རེ་འདོད་ཐམས་ཅད་གྲུབ་ནས་རང་ཡུལ་དུ་བདེ་འཚམས་ངང་ཕྱིར་ལོག་ཅིང་། ཚེ་གཅིག་གིས་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པར་འདོད་པའི་བླ་སེར་ལྔ་བརྒྱ་ལྷག་གནས་ཆེན་རི་བོ་རྩེ་ལྔ་དེ་ཉིད་དུ་ཞག་བརྒྱའི་བར་དུ་བཞུགས་ནས། མགོན་པོ་འཇམ་དབྱངས་རིགས་ལྔ་བཞུགས་པའི་རི་བོའི་རྩེ་ལྔ་ཀ་དང་། གཞན་ཡང་བྱང་ཆུབ་སེམས་དཔའ་དང་གྲུབ་པ་ཐོབ་པའི་གང་ཟག་མང་པོ་བྱོན་པའི་ས་ཆ་དུ་མ་ལ་སོང་ནས་སྒྲུབ་པ་ཉམས་ལེན་བྱས་པ་ཡིན།

ཁྱད་པར་དུ་ངེད་ཅག་བླ་སེར་མང་ཆེ་བ་སྡོད་པའི་ས་ཁུལ་འགའ་ཞིག་ཡོད་དེ། གཅིག་ནི་རི་བོ་རྩེ་ལྔའི་ནུབ་རིའི་ཕྱོགས་ཀྱི་མགོན་པོ་འཇམ་པའི་དབྱངས་ཀྱི་རྫུ་འཕྲུལ་གྱིས་བཞེངས་པའི་བཞུགས་ཁྲི་ཞིག་ཡོད་པ་དེའི་སྟེང་དུ། ང་རང་གིས་ཟླ་བ་འདིའི་ཚེས་བཞི་ནས་བཅུའི་བར་དུ་འཁོར་སློབ་མང་པོ་ལ་ཆོས་བཤད་པ་ཡིན། ཚེས་བཅུའི་ཉིན་ཚོགས་ཀྱི་འཁོར་ལོ་རྒྱ་ཆེར་སྐོར་པའི་གནས་སྐབས་ན། ནམ་མཁའ་ནས་འཇའ་དང་འོད་ཀྱི་རང་བཞིན་ཅན་གྱི་འཇམ་དཔལ་དབྱངས་ཀྱི་སྐུ་དང་། སེངྒེ་། ཡིག་འབྲུ། ཕྱག་མཚན་ལ་སོགས་པ་དེར་འཁོད་ཀྱི་བླ་སེར་ལྔ་བརྒྱ་པོ་ཚང་མས་ཀྱང་མ་མཐོང་བ་མེད་པར་མངོན་སུམ་དུ་མཇལ།

དེའི་སྔོན་དུ་ངེད་ཅག་རྣམས་ཤར་རིའི་ཉེ་འདབས། མགོན་པོ་འཇམ་པའི་དབྱངས་ཀྱི་སྐུ་དྲུང་དུ་གཞོན་ནུ་ནོར་བཟང་གིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། ཀུན་ཏུ་བཟང་པོའི་རྣམ་ཐར་རྒྱ་མཚོ་ལྟ་བུ་ལ་རང་དབང་འབྱོར་ནས། བཟང་སྤྱོད་སྨོན་ལམ་གསུངས་པའི་ས་གནས་ནོར་བཟང་ཕུག་པ་ཞེས་བྱ་བ་རུ་འགྲོ་བའི་སྐབས་སུ། དེར་འཁོད་ཀྱི་རྒྱ་རིགས་དད་ལྡན་མི་སྐྱ་དྲུག་བརྒྱ་ལྷག་ཙམ་ལ། ཕལ་ཆེར་གྱིས་ནམ་མཁའ་ནས་འཇམ་པའི་དབྱངས་གནས་དེར་གཤེགས་པའི་སྣང་བ་དང་། འགའ་ཞིག་གིས་སེངྒེ་སོགས་གཤེགས་པའི་སྣང་བ་ཡང་མཐུན་སྣང་དུ་གྲུབ་པ་ཡིན།

དེ་ནས་ངེད་ཅག་དཔོན་སློབ་རྣམས་སྡོད་གནས་གཞན་ཞིག་ནི། ཤར་རིའི་རྩེ་ཡི་ཉེ་འདབས་ཨ་སུ་ར་ཡི་ཕུག་པའམ་སྲེད་མེད་བུའི་ཕུག་པ་ཞེས་བྱ་བ་ཡིན། དེ་ནི་དེ་བཞིན་གཤེགས་པའི་མདོ་ཕལ་པོ་ཆེ་ལས། བསྐལ་པ་ཐོག་མའི་དུས་ནས་ཐ་མའི་བར་དུ་འཇམ་པའི་དབྱངས་འཁོར་ཁྲི་ཕྲག་དང་བཅས་པ་ཐམས་ཅད་རྟག་ཏུ་བཞུགས་ཡོད་པར་ལུང་གིས་བསྟན་པའི་གནས་ཡིན། ཕུག་པ་དེ་ནས་འཇམ་དཔལ་དབྱངས་ཀྱི་བྱིན་རླབས་རྒྱུད་ལ་ཞུགས་པའི་སྟོབས་ཀྱིས་ཆོས་འདི་ཉིད་ཡིག་ཐོག་ཏུ་ཕབ། ཆོས་འདི་ཉམས་སུ་ལེན་པའི་གང་ཟག་ཐམས་ཅད་ཀྱི་རྒྱུད་ལ་ཉམས་རྟོགས་རྩོལ་མེད་དུ་སྐྱེས་པ་དང་། ཐ་ན་ཡང་དད་པ་དང་སྙིང་རྗེ་སྔར་དང་མི་འདྲ་བ་སྐྱེས་པ་སོགས་ཆོས་འདིའི་ཁྱད་ཆོས་མངོན་སུམ་དུ་མཐོང་བར་གྱུར་པས། གངས་རིའི་ལྗོངས་ཀྱི་མཐའ་དབུས་ཀུན་ཏུ་དར་ཁྱབ་ཧ་ཅང་ཆེ་བར་གྱུར།

རྗེས་སུ་ཕྱི་ལོ་༡༩༩༠ལོར། ང་རང་རྒྱ་གར་དུ་འགྲོ་བའི་སྐབས་སུ་མཁས་ཤིང་གྲུབ་པ་བརྙེས་པའི་བསྟན་འཛིན་གྱི་སྐྱེས་ཆེན་དུ་མ་ལ། ཆོས་འདིའི་དབང་དང་ཁྲིད་དང་གདམས་པ་མ་ལུས་པ་ང་རང་གིས་ཕུལ་བ་ཡིན། དེའི་སྟོབས་ཀྱིས་ཆོས་འདི་སྔར་ལས་ཀྱང་རྒྱ་གར་དང་བལ་པོ། འབྲུག་པ། རྒྱ་ནག་ལ་སོགས་པའི་ཡུལ་ཀུན་ཏུ་དར་ཁྱབ་རྒྱ་ཆེ་བར་གྱུར།

ད་ལོའི་གནས་སྐབས་སུ་སྔོན་གྱི་ལས་དང་སྨོན་ལམ་གྱི་དབང་གིས་ཨ་རིའི་རྒྱལ་ཁབ་འདི་རུ་འབྱོར་བ་ན། ཐོག་མར་ང་རང་ལ་ཆོས་འདིའི་དབང་བསྐུར་འདོད་ཀྱི་བཀོད་སྒྲིག་ཆེར་མེད་ཀྱང་། ཁོང་རྣམ་པས་བསྐུལ་མ་ཡང་ཡང་བྱས་པ་དང་། སྨོན་ལམ་དུས་སུ་སྨིན་པའི་དབང་གིས། གནས་ཆུང་རྡོ་རྗེ་སྒྲ་དབྱངས་གླིང་དུ་ཐོན་ཏེ་ཆོས་འདི་ཉིད་སྤེལ་བའི་སྐབས་སུ། ཐམས་ཅད་ལ་དད་གུས་ཚད་མེད་པ་སྐྱེས་ནས་ཆོས་འདིའི་རྒྱུད་འཛིན་དངོས་ལྟ་བུ་ཉིད་དུ་གྱུར།

དེ་ནས་ཁོ་ལོར་རཱ་ཏོའི་ས་ཁུལ་གྱི་ཆོས་ཚོགས་སུ་སོང་ནས་འཁོར་ཚོགས་མང་པོ་ལ་དབང་འདི་ཉིད་སྐུར་བའི་དུས་སུ། སྔོན་ཆད་ང་རང་རི་བོ་རྩེ་ལྔ་ལ་ཐོན་སྐབས་གློ་བུར་དུ་བྲིས་པའི་ལུང་བྱང་ཡིད་ལ་དྲན་ནས་ཀུན་ལ་བསྒྲགས་པ་ཡིན། དེར་ཅི་ཞིག་གསུངས་ཡོད་ཅེ་ན། ཆོས་འདི་བྱུང་ས་ཤར་གྱི་ཕྱོགས་ཡིན་ཡང་འགྲོ་དོན་རྒྱ་ཆེན་དར་ས་ནུབ་ཀྱི་ཕྱོགས་ཡིན་པར་གསུངས་པས། ཁོང་རྣམས་ཀྱིས་ཀྱང་ཡིད་ཆེས་རྒྱ་ཆེན་པོ་ཐོབ་ནས་ཚང་མས་ཉམས་བཞེས་བྱེད་པར་ཁས་ལེན་དམ་བཅའ་བྱས་སོང་། དེས་ན་ཁོང་རྣམ་པའི་དད་པ་དེ་ལ་མོས་པ་ལས་བྱུང་བའི་དད་པ་ཟེར།

ཁྱད་པར་དུ་ཁཱ་ལི་ཧྥོར་ནེ་ཡའི་ནང་པའི་ཆོས་ཚོགས་ཁག་ཏུའང་ཆོས་འདི་ཉིད་ཀྱི་དབང་བསྐུར་ཞིང་ཁྲིད་བཤད་པ་ཡིན། ཆོས་ཚོགས་དེའི་བླ་མ་རྣམ་པར་མཚོན་ན། སངས་རྒྱས་ཆོས་ལུགས་ཀྱི་ནང་དུ་བཤད་པའི་ཡོན་ཏན་ལྡན་པའི་སྐྱེས་བུ་དམ་པ་རེད། སྐབས་དེར་ཆོས་འདི་ཉིད་ཐོབ་པའི་རྟེན་འབྲེལ་གྱི་དབང་གིས་དཔོན་སློབ་འཁོར་ཚོགས་མང་ཆེ་བའི་རྒྱུད་ལ། ཤེས་ནས་བྱུང་བའི་དད་པའམ་མི་ལྡོག་པའི་དད་པ་སྟེ་དབང་པོ་རྣོན་པོ་ལ་སྐྱེ་བའི་དད་པ་བླ་ལྷག་ཏུ་འཕེལ་བ་ཡིན།

དེས་ན་ཁྱེད་རྣམ་པ་ལའང་མོས་པ་ལས་བྱུང་བའི་དད་པ་ཙམ་སྐྱེས་པས་མི་ཆོག་པར། ཆོས་འདི་ལ་ཤེས་ནས་དད་པ་སྐྱེ་དགོས་པ་ཡིན། ཤེས་ནས་དད་པ་ཞེས་པ་ནི་ཆོས་འདི་ཆོས་གཞན་དང་མི་འདྲ་བར། ཚིག་དང་དོན་གྱི་ཆ་ལ་བྱིན་རླབས་ཁྱད་པར་ཅན་ཡོད་པ་ལ་ངེས་པ་འདྲོངས་ནས་གཟོད་དད་པ་སྐྱེ་དགོས་པ་མ་གཏོགས། རང་གར་མིའི་ཁ་ལ་ཉན་ནས་དད་པ་སྐྱེས་ན་དེ་ལྡོག་སླ་བ་སྟེ་དེ་རིང་དད་ཀྱང་སང་ཉིན་མི་དད་པ་ཡོང་སྲིད།

གཞན་ཡང་ཁྱེད་རྣམ་པས་བདག་ལ་དད་གུས་བྱེད་ཚུལ་འདི་ཡང་ཤེས་ནས་དད་པའི་ཕྱོགས་སུ་གཏོགས་ཆོག་པར་སྙམ། གང་ཡིན་ཞེ་ན། ཁྱེད་རྣམ་པའི་བླ་མ་དང་ངེད་གཉིས་བསྡུར་བ་བྱས་ན། མཚན་སྙན་གྲགས་དང་ཐོབ་གོ་གནས། ནང་གི་ཡོན་ཏན་སོགས་ཀྱི་ངོས་ནས་དངོས་གནས་བརྒྱ་འགྱུར་སྟོང་འགྱུར་གྱིས་བཟང་བ་ནི་ཁོང་ཡིན་ཡང་། ད་སྐབས་ཁོང་རྣམ་པ་ངའི་ཕྱི་བཞིན་དུ་འབྲངས་ནས། བྲན་གཡོག་ཐ་མ་ལས་ཀྱང་ཐ་མ་ལྟ་བུའི་གུས་བཀུར་ཁྱད་པར་ཅན་ཞུ་རྒྱུ་འདི་ནི། ཐམས་ཅད་ལ་གུས་པ་ཁྱུ་མཆོག་རྭ་ཆད་པ་ལྟ་བུའི་འདུ་ཤེས་བསྐྱེད་པར་བྱའོ་ཞེས་བཅོམ་ལྡན་འདས་ཀྱིས་སྡེ་སྣོད་ཀྱི་ནང་དུ་གསུངས་ཡོད་པས། དངོས་གནས་དད་གུས་ཁྱད་པར་ཅན་ཡོད་པས་རེད་མ་གཏོགས་འདི་ལྟ་བུ་རྩ་བ་ནས་འབྱུང་མི་སྲིད།

ཁོང་རྣམ་པ་ཙམ་དུ་མ་ཟད་ད་སྐབས་ང་རང་གི་འཁོར་དུ་གྱུར་པ་ལྔ་ཡོད་པ་ལས། མེ་སྒྲོན་དང་མུ་མཚོ་ངེད་ཅག་ཁྱིམ་ཚང་གཅིག་རེད། ཁོང་རྣམ་པ་གཉིས་ཀྱི་དད་གུས་ཀྱང་ངོ་མ་བསམ་གྱིས་མི་ཁྱབ་པ་ཞིག་ཡིན། དེ་བཞིན་མཁན་པོ་རྣམ་གྲོལ་དང་། མཁན་པོ་བསོད་དར་རྒྱས། དངོས་གྲུབ་རྡོ་རྗེ་ཁོང་རྣམ་པ་ཡིན་ཡང་། དགུ་ནིང་ངེད་ཅག་རྒྱ་གར་དུ་འགྲོ་སྐབས། ཟླ་བ་དྲུག་གི་རིང་དུས་རྟག་ཏུ་ང་ལ་གཡོག་པོ་ལྟ་བུ་བྱས་ནས་ཞབས་ཕྱི་བསྒྲུབས་ནས་སུན་པར་མ་གྱུར། ད་ལོ་ཡང་ཨ་རིའི་རྒྱལ་ཁབ་འདི་ནས་ཉིན་མཚན་ཀུན་ཏུ་སྐྱོ་ངལ་མེད་པར་ང་ནི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལྟ་བུ་དང་། ཁོང་རྣམ་པ་ནི་སྤྲང་པོ་མུ་ཏོ་བ་ལྟ་བུའི་འདུ་ཤེས་བཞག་ནས་ཞབས་ཕྱི་སྒྲུབ་པ་ནི་དངོས་གནས་མི་ལྡོག་པའི་དད་པ་ཡོད་པར་མཚོན་པ་ཡིན།

བླ་མ་ལ་གུས་པ་དང་དད་པ་ཡོད་པ་དེ་མི་ལྡོག་པའི་དད་པ་ཡིན་པའི་རྟགས་མཚན་གང་གིས་ཤེས་ཤེ་ན། སྔོན་གྱི་ལོ་རྒྱུས་ཀྱི་དབང་དུ་བྱས་ན་ཡང་ཤེས་པར་ནུས་ཏེ། སྔོན་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དངོས་སུ་བཞུགས་པའི་སྐབས་སུ། རྒྱལ་པོ་གཟུགས་ཅན་སྙིང་པོ་ཞེས་པའི་རྒྱལ་པོ་ཆེན་པོ་ཞིག་ཡོད། ཁོང་བཅོམ་ལྡན་འདས་ལ་མི་ལྡོག་པའི་དད་པ་སྐྱེས་ནས། བཅོམ་ལྡན་འདས་དངོས་མ་ཟད་དེའི་འཁོར་དུ་གྱུར་པ་ཡན་ཆད་མཐོང་ཡོང་སྐབས། དུས་རྟག་ཏུ་ཕྱག་འཚལ་བ་རེད། ཉིན་ཞིག་འཚོ་བ་པོ་མང་པོ་ཐོན་ཡོང་དུས། རྒྱལ་པོས་བཅོམ་ལྡན་འདས་ཀྱི་རྗེས་འཇུག་རེད་སྙམ་ནས་གླང་ཆེན་ལས་བབས་ཏེ་ཕྱག་འཚལ་བ་ན། ཡུལ་ཁམས་དེའི་མི་རྣམས་ཀྱིས། རྒྱལ་པོ་ཆེན་པོ་ཞིག་གིས་འཚོ་བ་པོ་མང་པོ་ལ་ཕྱག་འཚལ་མི་འོས་སོ་ཞེས་འཕྱ་བརྗོད་བྱས། དེས་ན་གཟུགས་ཅན་སྙིང་པོས་བཅོམ་ལྡན་འདས་ལ། ཁྱེད་ཀྱི་ཉན་ཐོས་ཐམས་ཅད་ལ་འཚོ་བ་པོ་དང་མི་འདྲ་བའི་ཆ་བྱད་ཅིག་གནང་བར་མཛད་དུ་གསོལ་ཞུས་པས། ད་ལྟ་བླ་སེར་རྣམས་ཀྱིས་མནབས་པའི་ཆོས་གོས་རྣམ་གསུམ་དེ་བཅོམ་ལྡན་འདས་ཀྱིས་སྐབས་དེར་གནང་བ་ཡིན། སྔོན་རྒྱ་གར་གྱི་དབང་དུ་བྱས་ན་ཡང་། བླ་མ་ལ་དད་པ་དང་གུས་པ་ཁྱད་པར་ཅན་ཡོད་པ་དེ་མི་ལྡོག་པའི་དད་པ་ཡོད་པའི་རྟགས་ཡིན།

བོད་ཡུལ་ལ་མཚོན་ན་སྔོན་ཆོས་རྒྱལ་ཁྲི་རལ་པ་ཅན་ཟེར་བ་ཞིག་ཡོད། ཁོང་ཡང་ཡུལ་གྲུ་མང་པོ་དབང་བསྒྱུར་བའི་རྒྱལ་པོ་ཆེན་པོ་ཉིད་དུ་གྱུར། ཁོང་ལ་རལ་པ་ཧ་ཅང་རིང་པོ་ཡོད་ལ། དགེ་འདུན་པ་རྣམས་འབྱོན་ཡོང་སྐབས་རལ་པ་དེ་ཉིད་གདན་དུ་བཏིངས་ནས་ཚང་མ་རལ་བའི་གདན་ཐོག་ནས་འབྱོན་པར་བྱེད་པ་ཡིན། ཁོང་དགེ་འདུན་པར་གུས་པ་ཆེན་པོ་ཡོད་པས་མཚན་ལ་ཡང་ཆོས་རྒྱལ་ཁྲི་རལ་པ་ཅན་ཞེས་ཡོངས་སུ་གྲགས། དེ་ལྟར་རྒྱལ་པོ་ལ་ཡང་བླ་མར་གུས་པ་ཁྱད་པ་ཅན་ཡོད་ན་མི་ལྡོག་པའི་དད་པ་ཡོད་པའི་རྟགས་ཡིན།

ང་ཨ་རིའི་ལུང་པར་ཐོན་རྗེས། ཧཱ་ཝ་ཡའེ་དང་ཁཱ་ལི་ཧྥོར་ནེ་ཡ་ལས་ལྷག་པའི་འགྲོ་དོན་རྒྱ་ཆེན་པོ་ཞིག་ཝ་ཧྲིང་ཐོན་ནས་ཡོང་རྒྱུ་རེད་བསམ་པའི་རེ་བ་ཡོད། རྒྱུ་མཚན་ཡང་ད་ལྟ་སྤྱི་ཁྱབ་ནས་བསམ་བློ་བཏང་ན། གྲུབ་དབང་པདྨ་ནོར་བུ་ཁོང་ནི་གསང་སྔགས་རྙིང་མ་པ་ཡོངས་སུ་རྫོགས་པའི་བསྟན་པའི་བདག་པོ་ཉིད་དུ་མངའ་གསོལ་ཡོད།

རྙིང་མ་པར་ཁོང་ལས་ལྷག་པའི་སྐད་ཆ་བཤད་མཁན་དང་དབང་ཆ་འཛིན་མཁན་ཞིག་ད་ལྟའི་དུས་ན་མེད། ང་རང་ཉིད་ལ་མཚོན་ན། ཡུན་རིང་པོའི་བར་དུ་ཁོང་གི་ཆོས་ཕྱོགས་ཀྱི་ཡོན་ཏན་དང་འཇིག་རྟེན་ཕྱོགས་ཀྱི་འགྲོ་སྟངས་གང་ཅིའི་ཐད་ནས་བརྟག་དཔྱད་ཞིབ་མོ་བྱས་མྱོང་བ་ཡིན། ཁོང་ནི་ཆོས་ལུགས་ཀྱི་ཐད་ནས་མཁས་པ་དང་གྲུབ་པ། བཟང་པོའི་མཛད་སྤྱོད་སུས་ཀྱང་འགྲན་དུ་མེད་པ་དང་། མི་ལུགས་ཀྱི་ཐད་ནས་ཀྱང་ངང་བཟང་བ་དང་ཕྱི་ཐག་རིང་བའམ་འདྲིས་རྟག་པོ། མངོན་ལྐོག་མེད་པའི་བླ་མ་ཁོང་འདྲ་བ་ནི། དེང་སང་སའི་སྟེང་དུ་དངོས་གནས་མི་འདུག་སྙམ་པའི་ཡིད་ཆེས་ཁྱད་པར་བ་སྐྱེས་སོང་།

གྲུབ་དབང་རིན་པོ་ཆེས་ངོས་འཛིན་མཛད་པའི་ཨ་དཀོན་ལྷ་མོ་ལ་མཚོན་ན། ད་ལྟ་སྐད་གྲགས་ཆེ་ལ་མཛད་འཕྲིན་ཡང་རྒྱས་འདུག དེས་ན་མིང་སྟོང་བ་ཙམ་དུ་མི་འགྱུར་བར་དོན་དངོས་ཐོག་ཏུ་གནས་པ་ཞིག་ཡོང་དགོས། རྩ་བའི་བླ་མ་བརྒྱ་ཡོད་ཀྱང་གཙུག་གི་ནོར་བུ་གཅིག་པུ་ནི་གྲུབ་དབང་པདྨ་ནོར་བུ་རེད། ཐོག་མཐའ་བར་གསུམ་ཀུན་ཏུ་ཁོང་གི་ཐུགས་བཞེད་རྒྱ་ཆེན་པོ་ཞིག་འགྲུབ་པར་འབད་བརྩོན་བྱེད་པ་ནི་དོན་དག་དང་པོ་ཡིན། ཁོང་གིས་སྒྲིབ་མེད་ཡེ་ཤེས་ཆེན་པོས་གཟིགས་ནས་ས་ཆ་འདི་ལུང་བསྟན། མོ་རང་ཡང་ས་ཆ་འདིའི་ཆོས་ཀྱི་བདག་པོ་ཉིད་དུ་མངའ་གསོལ་ཡོད་ན། ས་ཆ་འདི་ནི་ཡུལ་ཁམས་གཞན་དང་མི་འདྲ་བར་ཨ་རིའི་རྒྱལ་ས་ཡིན་པས། འདི་ལ་སངས་རྒྱས་ཀྱི་བསྟན་པ་གཞན་གང་དང་ཡང་མི་འདྲ་བའི་ཁྱད་ཆོས་ཅན་དང་བསྟན་པའི་རྨང་གཞི་ངེས་པར་དུ་གདིང་ཐུབ་དགོས་པ་དོན་དག་གཉིས་པ་ཡིན།

དེ་ལྟ་བུའི་བསྟན་འགྲོའི་དོན་སྒྲུབ་པར་བྱེད་པ་ཡང་རྒྱུ་མེད་རྐྱེན་མེད་དུ་མི་འབྱུང་ཕྱིར་དང་པོ་རང་ཉིད་ཡོན་ཏན་ལྡན་པར་བྱ་དགོས། དེས་ན་མོ་ལ་མཚོན་ནའང་། ལྷན་སྐྱེས་ཀྱི་ཡོན་ཏན་ནི་རང་ཤུགས་ཀྱིས་ཡོད་རྒྱུ་རེད་བསམ་པའི་ཡིད་ཆེས་ཁ་ཞེ་གཉིས་མེད་དུ་ཡོད་མོད། འོན་ཀྱང་འཁོར་སློབ་ཀྱི་ཚོགས་སྐྱོང་བར་བྱེད་པ་ལ། ལྷན་སྐྱེས་ཀྱི་ཡོན་ཏན་རྐྱང་བས་མི་ཆོག་པར་སྦྱངས་སྟོབས་ཀྱི་ཡོན་ཏན་ཡང་ངེས་པར་དུ་ཡོད་དགོས། སྦྱངས་སྟོབས་ཀྱི་ཡོན་ཏན་དགོས་པའི་རྒྱུ་མཚན་རྣམ་པ་གཉིས་ཡོད་དེ། དང་པོ་ནི། རང་ཉིད་ལ་མཁས་པ་དང་གྲུབ་པའི་ཡོན་ཏན་རྨད་དུ་བྱུང་བ་ཡོད་དུ་ཟིན་ཀྱང་། གཞན་གདུལ་བྱ་རྣམས་ཡིད་ཆེས་པ་དང་དད་པར་བྱ་བའི་ཕྱིར་དུ་ཆོས་ལ་སྦྱང་བ་རྒྱ་ཆེན་པོ་བྱ་དགོས།

དཔེར་ན་འཇིག་རྟེན་ཁམས་འདིར་མཚོན་ན། སྟོན་པ་ཤཱཀྱ་ཐུབ་པ་ལས་ལྷག་པའི་ལྷན་སྐྱེས་ཀྱི་ཡོན་ཏན་ཅན་ཞིག་ཡོད་མི་སྲིད། ཁོང་གིས་ཀྱང་འཇིག་རྟེན་པ་རྣམས་དད་པར་བྱ་བའི་ཕྱིར་དུ་རིང་འཕུར་དང་ལྷག་སྤྱོད་ཅེས་པའི་བླ་མ་གཉིས་བསྟེན་པ་དང་། ཨོ་རྒྱན་རིན་པོ་ཆེ་ལས་ལྷག་པའི་གྲུབ་པ་བརྙེས་པའི་གང་ཟག་ཅིག་ཡོད་མི་སྲིད་ཀྱང་། ཁོང་གིས་ཀྱང་གྲུབ་པ་ཐོབ་པའི་གང་ཟག་བརྒྱད་ལ་སོགས་པ་ཡུན་རིང་པོའི་བར་དུ་བླ་མར་བསྟེན། དེ་བཞིན་དུ་བི་མ་མི་ཏྲས་ཀྱང་སློབ་དཔོན་ཤྲཱི་སིངྷ་ལོ་ཉེར་གཅིག་གི་བར་དུ་བསྟེན་ནས་གདམས་པ་མ་ལུས་པ་ཞུས་པ་ཡིན། དེའི་ཕྱིར་ན་ལྷན་སྐྱེས་ཀྱི་ཡོན་ཏན་ཡོད་དུ་ཟིན་ཀྱང་བླ་མ་བསྟེན། གདམས་ངག་ཉན། དེ་ལ་སྦྱང་བ་མཐར་ཕྱིན་པར་བྱ་བ་ཅི་ནས་ཀྱང་གལ་ཆེ།

གཉིས་པ་ནི། བླ་མ་ཕལ་ཆེ་བ་ཞིག་ལ་བསམ་བློ་བཏང་ན། སྐུ་སྐྱེ་གོང་མར་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཡོད་དུ་ཟིན་ཀྱང་། བག་ཆགས་ཀྱི་སྒྲིབ་པ་དང་མངལ་གྱི་སྒྲིབ་པ་ལ་སོགས་པས་ཡོན་ཏན་ཕལ་ཆེར་སྒྲིབ་འགྲོ་བ་ཡིན་པས། དེ་བསལ་བར་བྱ་བའི་ཕྱིར་དུ། རང་ཉིད་ཡོན་ཏན་ཕུན་སུམ་ཚོགས་པ་ཡིན་ཡང་བླ་མ་བསྟེན་ཅིང་ཆོས་ལ་སྦྱང་པ་རྒྱ་ཆེན་པོ་བྱ་དགོས། སངས་རྒྱས་ཀྱིས་ཡོན་ཏན་ཡོངས་བཟུང་གི་རྒྱུད་ལས། བླ་མ་མེད་པའི་གོང་རོལ་ན། །སངས་རྒྱས་བྱ་བའི་མིང་ཡང་མེད། །བསྐལ་པ་སྟོང་གི་སངས་རྒྱས་ཀྱང་། །བླ་མ་དག་ལ་བསྟེན་ནས་བྱུང་། །ཞེས་གསལ་པོར་གསུངས་ཡོད།

ངས་རྒྱང་རིང་པོ་ནས་གོ་ཚོད་ལྟར་ན། མོ་རང་གིས་གྲུབ་དབང་པདྨ་ནོར་བུ་སོགས་བསྟེན་ནས་རིན་ཆེན་གཏེར་གྱི་མཛོད་ལ་སོགས་པའི་དབང་ལུང་ཁྲིད་གསུམ་ཞུས་ཤིང་། གཞན་ཡང་བོད་ཡུལ་ནས་བྱོན་པའི་བླ་མ་ཆེས་ཤིན་ཏུ་མང་པོ་བསྟེན་པ་རེད་ཅེས་གོ་སོང་། དེས་ན་ཁོང་ལ་སྦྱངས་པའི་ཡོན་ཏན་ཡང་ཡོད་རྒྱུ་རེད་བསམ་པའི་ཡིད་ཆེས་ཡོད། གལ་ཏེ་དེ་ལྟ་བུའི་ཡོན་ཏན་ལྡན་དུ་ཟིན་ཀྱང་། སློབ་མ་རྗེས་སུ་འཛིན་པར་བྱེད་པ་ལ་ཡོན་ཏན་དཀྱུས་མ་ཞིག་གིས་མི་ཆོག་པར་ཡོན་ཏན་ཕུལ་དུ་བྱུང་བ་ཡོད་དགོས། དེ་ལྟར་དགོས་ཚུལ་ཡང་། སངས་རྒྱས་སྣང་བ་མཐའ་ཡས་དངོས་སུ་མི་གཟུགས་སུ་ཤར་བ་མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་དཱི་པཾ་ཀ་རས་ཀྱང་། སྐུ་ཚེ་གཅིག་ལ་བླ་མ་བརྒྱ་དང་ལྔ་བཅུ་ཙམ་བསྟེན་ནས་གདམས་ངག་ཐམས་ཅད་ཞུན་མཐར་བཅད་པ་ཡང་སློབ་མ་སྐྱོང་བའི་ཆེད་ཡིན།

དེས་ན་གཞན་རྗེས་སུ་འཛིན་པར་བྱེད་པ་ལ། རང་ཉིད་འཚང་རྒྱ་བའི་ལམ་ཆ་ཚང་ཤེས་དགོས་པ་སྨོས་མ་དགོས་ཀྱང་། དེ་ཙམ་གྱིས་མི་ཆོག་པར་གདུལ་བྱ་དབང་པོ་རབ་འབྲིང་ཐ་གསུམ་དང་འཚམ་པའི་ཆོས་སྣ་ཚོགས་སྟོན་ཤེས་དགོས་པས་ཡོན་ཏན་སྣ་གཅིག་ཙམ་གྱིས་དོན་མི་ཐོན། དཔེར་ན་ནད་ཅིག་ལ་མཚོན་ན། ཚ་བའི་ནད་ལ་ཚ་བའི་སྨན་དང་གྲང་བའི་ནད་ལ་གྲང་བའི་སྨན་བསྟེན་དགོས་པ་ལྟར། ནད་སྣ་ཚོགས་ཡོད་པ་བཞིན་དུ་སྨན་ཡང་སྣ་ཚོགས་གཏོང་ཤེས་དགོས་པ་མ་གཏོགས། སྨན་གཅིག་གིས་ནད་ཐམས་ཅད་སེལ་མི་ནུས། ཨ་རིའི་ལུང་པའི་སྨན་ཁང་ཚང་མས་ཀྱང་ནད་སོ་སོ་ལ་སྨན་སོ་སོར་གཏོང་གིན་ཡོད་རྒྱུ་རེད་མ་གཏོགས། སྨན་གཅིག་གིས་ནད་ཐམས་ཅད་སེལ་རྒྱུ་མ་རེད་སྙམ། དེས་ན་གདམས་ངག་གཅིག་གིས་མི་ཆོག་པར་གདམས་ངག་མང་པོ་ཤེས་དགོས་པ་ཡིན།

མོ་རང་གིས་ཀྱང་སྔར་གྱི་ཡོན་ཏན་གྱི་སྟེང་ལ་ད་དུང་ཡོན་ཏན་གྱི་ཆ་ཚད་དང་ལྡན་པའི་བླ་མ་མང་པོ་བསྟེན་ཏེ། ཡོན་ཏན་གོང་ནས་གོང་དུ་འཕེལ་བར་བྱེད་པ་ལ་འབད་པ་ཅི་ནས་ཀྱང་གལ་ཆེ། སངས་རྒྱས་ཀྱིས་ཀྱང་། ཁྱོད་ཉིད་མི་སློབ་གྱུར་ཀྱང་སློབ་ཚུལ་སྟོན། །ཞེས་སངས་རྒྱས་ཀྱི་སར་ཐོན་ཚར་ཡང་ད་རུང་ཆོས་ལ་སློབ་ཚུལ་སྟོན་དགོས་པར་གསུངས་པ་ལྟར། མོ་རང་གིས་ཀྱང་ད་དུང་དམ་པའི་ཆོས་ལ་སྦྱང་པ་རྒྱ་ཆེན་པོ་བྱ་རྒྱུའི་རེ་བ་ཡོད།

ཁྱེད་འཁོར་སློབ་ཚང་མའི་དབང་དུ་བྱས་ན། ཚེ་འདིའི་ཟས་ནོར་དང་སྙན་གྲགས་ལ་སོགས་པ་གང་ཡང་གཙོ་བོར་མི་བསྒྲུབ་པར་ཐམས་ཅད་དོར་ནས་ཆོས་འདི་ཞུས་ཏེ་ཉམས་སུ་ལེན་པ་ནི། ངའི་ཆོས་འདི་ཉིད་གཏད་སའི་སྣོད་དུ་གྱུར་པ་ཡིན་རྒྱུ་རེད་སྙམ་ནས་དགའ་སྤྲོ་ཧ་ཅང་ཆེ། དེས་ན་ངས་དེ་རིང་དབང་བསྐུར་བ་དང་སང་ཉིན་ཁྲིད་འཆད་རྒྱུ་ཡིན། དེ་ཡང་ཁྱེད་རྣམ་པར་ཚིག་གཅིག་ཀྱང་མི་གསང་བར་ཚང་མ་འཆད་རྒྱུ་ཡིན་པས། ཁྱེད་རྣམ་པས་ཀྱང་ཆུད་ཟོས་སུ་མི་གཏོང་བ་གལ་ཆེ། ཉིན་གཅིག་གཉིས་ཙམ་ལ་ཉམས་སུ་ལེན་ཁུལ་བྱས་ནས། ང་སོང་རྗེས་སྣང་མེད་བྱེད་མི་རུང་མ་གཏོགས་ངས་ཆོས་བཤད་པ་དོན་མེད་དུ་འགྱུར་འགྲོ།

ད་རེས་ཁྱེད་གཙོ་འཁོར་ཚང་མ་ལ་ངས་རེ་བ་ཚིག་གསུམ་བཅོལ་རྒྱུ་ཡིན། དོན་དང་པོ་ནི་གྲུབ་དབང་རིན་པོ་ཆེ་གཙོ་བོར་གྱུར་པའི་བསྟན་འཛིན་གྱི་སྐྱེས་བུ་ཐམས་ཅད་ཀྱི་ཐུགས་བཞེད་ཅི་ནུས་སུ་སྐོང་བར་བྱེད་པ་དང་། གཉིས་པ་ནི་སངས་རྒྱས་ཀྱི་བསྟན་པ་ཡུལ་ཁམས་འདི་ལ་དར་རྒྱས་ཕུན་སུམ་ཚོགས་པ་ཞིག་འབྱུང་བའི་ཐབས་ལ་བརྩོན་པ། གསུམ་པ་ནི་འཇམ་དཔལ་རྫོགས་པ་ཆེན་པོའི་ཆོས་འདི་ཆུད་ཟོས་སུ་མི་གཏོང་བར་ཉམས་བཞེས་མཛད་རྒྱུའི་རེ་བ་ཡིན། རྗེས་མ་ཡང་ང་དངོས་སུ་ཨ་རིའི་ལུང་པ་འདིར་ཐོན་ཐུབ་རྒྱུ་དཀའ་མོ་ཡིན། གལ་ཏེ་མ་ཐོན་རུང་ཡི་གེ་ལ་བཀག་འགོག་མེད་པས། ཕན་ཚུན་ལ་ཡི་གེ་བསྐུར་ནས་ངས་ཁྱེད་ཅག་གིས་ཉམས་བཞེས་ཇི་ལྟར་བྱེད་ཚུལ་གསལ་པོར་གོ་དགོས། དེས་ན་ཁྱེད་རྣམ་པས་ཀྱང་མུ་མཐུད་དུ་ཉམས་བཞེས་མཛད་རྒྱུའི་རེ་བ་ཡིན།

དེ་ལྟར་ཡོན་ཏན་ཕུན་སུམ་ཚོགས་པའི་ཁྱེད་རྣམ་པ་ལ། ཡོན་ཏན་གྱི་ཆ་སྣ་གཅིག་མེད་ལ་སྐྱོན་གྱི་ཆ་ཡོངས་སུ་རྫོགས་པའི་ངས་སློབ་སྟོན་མང་པོ་བྱེད་པ་ནི། དཔེར་ན་ཁྱིས་སེངྒེ་ལ་ཁ་ཏའམ་སློབ་སྟོན་བྱས་པ་ལྟར་མི་འོས་པ་ཡིན་ནའང་། ཨ་རིའི་རྒྱལ་ས་འདི་སྐད་གྲགས་ཆེ་བ་དང་ང་རང་སྡོད་སའི་ཆོས་ཁྲི་འདི་དཔངས་མཐོ་བ། དེ་རིང་ནད་ཁམས་ཀྱང་ཧ་ཅང་དྲག་སྐྱེད་བྱུང་འདུག་པའི་དབང་གིས་སྐད་ཆ་མང་པོ་ཤོར་ཐལ། ཐུགས་ལ་འཕྲོད་ཡོད་ན་ཐུགས་ཀྱི་རྒྱན་དུ་བཞེས་པར་མཛོད། གལ་ཏེ་ཐུགས་ལ་མ་འཕྲོད་ན་བཟོད་པར་གསོལ།

མཁའ་འགྲུལ་དབྱིངས་བསྐྱོད་དངོས་མང་བཤམས་སྟོན་ཁང་དུ་བྱོན།

ཕྱི་ཟླ་༧པའི་ཚེས་༢༧ཉིན་གྱི་སྔ་དྲོར། ཆོས་རྗེ་ཉིད་ཨ་རི་རྒྱལ་ཁབ་ཀྱི་མཁའ་འགྲུལ་དབྱིངས་བསྐྱོད་དངོས་མང་བཤམས་སྟོན་ཁང་(National Air and Space Museum)དུ་བྱོན་ནས་གཟིགས་སྐོར་མཛད། མཁའ་འགྲུལ་དབྱིངས་བསྐྱོད་ཀྱི་བྱུང་འཕེལ་ལ་ལོ་ངོ་བརྒྱ་ཕྲག་ལྷག་གི་ལོ་རྒྱུས་ལས་མེད་པས། དེར་ལོ་རབས་མང་པོ་ལོན་པའི་ལོ་རྒྱུས་རིག་དངོས་བཤམས་སྟོན་བྱས་མི་འདུག་ཀྱང་། མིའི་རིགས་ཀྱི་ཆེས་ཐོག་མའི་ཚན་རྩལ་གྲུབ་འབྲས་ཡོངས་སུ་མངོན་ཡོད།

བཤམས་སྟོན་ཁང་གི་ཚོམས་ཆེན་གྱི་དཀྱིལ་དུ། ལོ་རྒྱུས་བསླབ་དེབ་ཏུ་བཀོད་པའི་རའེ་ཐུ་སྤུན་མཆེད་གཉིས་(Brother Wright)ཀྱིས་ཐོག་མར་བཟོས་པའི་མི་ཐེག་སྒུལ་ཤུགས་གནམ་གྲུ་འཕུར་སྐྱོད་པ་དང་པོ་དང་། སྒྲ་ལས་མྱུར་བའི་དངོས་བརྟག་གནམ་གྲུ་རབས་དང་པོ། ཨ་རིའི་འཁོར་སྐར་དང་པོ་སོགས་མཐོང་ཐུབ་ཅིང་། དེ་མིན་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་རྡོ་རིང་ལྟ་བུའི་ངོ་མཚར་ཆེ་བའི་གསར་གཏོད་དེ། གནམ་གྲུ་དང་མེ་ཤུགས་འཕུར་མདའ། བསྒྱུར་མདའ། འཇིག་རྟེན་འཕུར་གྲུ། དབྱིངས་འགྲུལ་པས་བེད་སྤྱོད་བཏང་མྱོང་བའི་འཕུར་སྐྱོད་ཡོ་བྱད་སོགས་བསྡུ་ཉར་བྱས་འདུག བཤམས་སྟོན་བྱས་པའི་དངོས་རྫས་ཕལ་མོ་ཆེ་ནི་དག་མ་ཡིན་ཞིང་། ལད་བཟོ་བྱས་པ་འགའ་ཡོད་པ་དག་ཀྱང་ཚད་མཐོའི་ལག་རྩལ་གྱིས་བཟོས་པས་ཕལ་ཆེར་དངོས་དང་ཁྱད་པར་མེད་པ་ལྟ་བུར་འདུག ཚད་ཡོད་པའི་བཤམས་སྟོན་ཁང་གི་བར་སྟོང་དེ་ནས། གནམ་གྲུ་དང་ཤེད་འཕྲུལ། མེ་ཤུགས་འཕུར་མདའ་སོགས་དངོས་སུ་མཐོང་བས་སེམས་ལ་གོ་རྟོགས་དང་ཚོར་སྣང་བརྗོད་ལས་འདས་པ་སྐྱེས་བྱུང་།

ཆོས་རྗེ་ཉིད་ཀྱིས་ཆེད་དུ་མིའི་རིགས་ཐོག་མར་ཟླ་བའི་གོ་ལའི་སྟེང་དུ་བསྐྱོད་པར་བཀོལ་བའི་ཨ་ཕོ་ལོ་ཟླ་འཛེག་འཕུར་གྲུ་ལ་ཞིབ་གཟིགས་གནང་། དེ་ནི་མཁའ་འགྲུལ་པ་མ་གྲུ་ལས་གྱེས་ཏེ་ཐད་ཀར་དུ་ཟླ་བའི་སྟེང་ལ་འབབ་བྱེད་ཀྱི་ཆ་ཤས་ཤིག་ཡིན། ཟླ་འཛེག་འཕུར་གྲུ་ནི་ཐེངས་གཅིག་མ་གཏོགས་བེད་སྤྱོད་མེད་ཅིང་། མཁའ་འགྲུལ་པ་ཟླ་བའི་ཐོག་ཏུ་བབས་ཚར་རྗེས་ཟླ་བའི་ཕྱི་ངོས་སུ་གཡུགས་པ་ཡིན། དེར་བརྟེན་བཤམས་སྟོན་ཁང་དུ་ཡོད་པ་དེ་ནི་ཐེབས་བཀོལ་གྱི་ཨ་ཕོ་ལོ་གཉིས་པ་ཡིན་པ་ལས། ཕྱི་ལོ་༡༩༦༩ལོར་ཐོག་དང་པོར་ཟླ་བའི་སྟེང་ལ་འཕུར་བའི་ཨ་ཕོ་ལོ་བཅུ་གཅིག་པ་དེ་མིན། ཟླ་འཛེག་འཕུར་གྲུའི་འཁྲིས་སུ་བརྙན་འཕྲུལ་ཞིག་ཏུ་ཨ་ཕོ་ལོ་བཅུ་གཅིག་པ་ཟླ་བའི་སྟེང་དུ་འཕུར་བའི་དངོས་ཟིན་གློག་བརྙན་བསྐྱར་ཟློས་སུ་གཏོང་གིན་འདུག

འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་དེབ་ཐེར་དུ་བཀོད་ཅིང་དུས་རབས་ཀྱི་དབྱེ་མཚམས་འབྱེད་པའི་དོན་སྙིང་ལྡན་པའི་ཟླ་འཛེག་གྲུབ་འབྲས་དེ་ནི། མི་སྒེར་གྱི་གོམ་ཆུང་ཞིག་མིའི་རིགས་ཀྱི་གོམ་ཆེན་ཉིད་དུ་གྱུར་ཅེས་ཤིན་ཏུ་གྲགས་ཆེ་བ་ཡིན། ཆོས་རྗེ་ཉིད་འདི་དག་ལ་ཐུགས་མོས་ཤིན་ཏུ་ཆེ་ཞིང་མིའི་རིགས་ཐེངས་དང་པོར་ཟླ་བའི་གོ་ལའི་ཐོག་ཏུ་འཕུར་བསྐྱོད་བྱས་པའི་བརྒྱུད་རིམ་ཧྲིལ་པོར་རྒྱུས་ལོན་ཞིབ་མོ་མཛད། ལྟད་མོ་འདི་དག་མཐོང་རྗེས། ཨ་རི་ནི་དངོས་གནས་ཚན་རྩལ་གྱི་རྒྱལ་ཁབ་སྟོབས་ཅན་ཞིག་ཡིན་པའི་ངེས་ཤེས་སྐྱེས་ཤིང་། ཁོ་ཚོའི་ཚན་རྩལ་གསར་གཏོད་ཀྱི་ལོ་རྒྱུས་འདི་ཡང་། ད་ལྟ་འཛམ་གླིང་གི་རྒྱལ་ཁབ་གཞན་དང་བསྡུར་ན་ཧ་ལས་པའི་བྱས་རྗེས་ཤིག་ཡིན་ངེས་པར་སེམས།

སངས་རྒྱས་ལག་སྟེར་གྱི་ཁྲིད་ཐུན་དང་པོ།

སྤྱིར་ཆོས་རྗེ་ཉིད་ནུབ་གླིང་དུ་ཕེབས་ནས་ཁྲིད་ཡིག་འདི་ཐེངས་ལྔར་གསུངས་ཤིང་། དེ་དག་ལས་དེང་དུས་ཀྱི་མིའི་ཁམས་དང་མཐུན་པའི་ཉམས་ལེན་སྟབས་བདེ་ལ་ཆ་ཚང་བ་ནི་འདི་ཉིད་ཁོ་ནར་མཐོང་བས། འདིར་ཆེད་དམིགས་ཀྱིས་བཀོད་པ་ཡིན།

ཁྱོན་ཁྲིད་ཐུན་གསུམ་ཡོད་པ་ལས་དགོང་མོ་འདིར་ཁྲིད་ཐུན་དང་པོ་གསུངས།

དེ་ལ་གང་གསན་པར་བྱ་བའི་ཆོས་ནི། འཇམ་དཔལ་རྫོགས་པ་ཆེན་པོའི་ཁྲིད་ཡིག་སངས་རྒྱས་ལག་སྟེར་ཞེས་བྱ་བ་འདི་ཉིད་འཆད་པའི་སྐབས་སུ་བབས་པ་ཡིན།

དེ་ལ་ལམ་གྱི་རིམ་པ་སྤྱིར་བསྟན་པ་དང་ཁྲིད་ཡིག་དངོས་བཤད་པ་གཉིས་ལས། ལམ་གྱི་རིམ་པ་སྤྱིར་བཤད་པ་ནི། འདི་ཉིད་ཀྱི་ཆ་ལག་སྙིང་གཏམ་སྙིང་གི་ཐིག་ལེ་ལས་ལམ་གྱི་གོ་རིམ་འདི་ལྟར་བཤད་པ་ཡིན་ཏེ། ཐོག་མར་འདོད་པ་ཆུང་ཞིང་ཆོག་ཤེས་པའི་གང་ཟག་ཅིག་གིས་ཆོས་འདི་ཉིད་ཉམས་སུ་ལེན་དགོས། དེ་ཡང་རང་ལ་རྒྱུ་རྫས་ལོངས་སྤྱོད་ཐོབ་མངའ་ཐང་ཅི་ཡོད་པ་དེ་ཁོ་ནས་ཆོག་ཤེས་པར་བྱེད་པ་ལ་ཆོག་ཤེས་པ་ཟེར། འདོད་པ་ཆུང་བ་ཞེས་བྱ་བ་ནི། གཞན་གྱི་རྒྱུ་རྫས་ལོངས་སྤྱོད་ལ་སོགས་པ་རང་གི་ལག་ཏུ་ཐོབ་ན་སྙམ་པའི་འདོད་ཆེན་མེད་པ་ལ་ཟེར་བ་ཡིན། ཚེ་འདིའི་རྒྱུ་རྫས་ལོངས་སྤྱོད་བདེ་འབྱོར་སྙན་གྲགས་ལ་སོགས་པ་གང་ལ་ཡང་སྙིང་པོ་མེད་པ་དང་། འདོད་པ་གང་དང་གང་ཡིན་ཡང་ལོངས་སྤྱད་ཅིང་སྤྱད་ཅིང་དེ་ལྟར་དུ་འདོད་པ་དང་ཆགས་པ་ལ་སོགས་པ་འཕེལ་ཡོང་བའི་ཕྱིར་ན་འདོད་པ་ལའང་དགོས་པ་ཡོད་པ་མིན། དེར་མ་ཟད་འདོད་པ་དེ་ཇི་ལྟར་བསྒྲུབས་ཀྱང་རང་གི་སྔོན་གྱི་བསོད་ནམས་ཙམ་མ་གཏོགས་འགྲུབ་པའི་སྐལ་བ་ཡང་མེད་པས། ཚེ་འདིའི་བདེ་འབྱོར་སྙན་གྲགས་གང་ལ་ཡང་འདོད་ཅིང་ཆགས་པ་མེད་པ་ཞིག་གིས་ལམ་དེ་བསྒྲུབ་དགོས།

རང་གི་ཁ་ལ་ཟ་རྒྱུ་དང་རྒྱབ་ལ་གོན་རྒྱུ་ཙམ་མི་བསྒྲུབ་ཐབས་མེད་ཡིན། དེ་མ་གཏོགས་རྒྱུ་རྫས་ལོངས་སྤྱོད་ཐམས་ཅད་ལ་རྩ་བ་ནས་ཞེན་པ་མེད་པ་ཞིག་དགོས། དེ་བཞིན་དུ་ཐོབ་མངའ་ཐང་ཡང་རང་བཞིན་ཤུགས་ཀྱིས་འབྱུང་བའི་ཐོབ་གོ་གནས་ཤིག་མ་གཏོགས། དེ་ལས་གཞན་པའི་ཐོབ་གོ་ས་ཆེན་པོ་ཞིག་ཨེ་རྙེད་བསམ་པའི་ཞེན་པའང་རྩ་བ་ནས་ཡོད་མི་ཉན་ལ། མཚན་སྙན་གྲགས་ལ་སོགས་པ་ཕྱོགས་ཀུན་ཏུ་རྒྱས་ན་སྙམ་པའི་བསམ་པ་ཡང་རྩ་བ་ནས་ཡོད་མི་རུང་།

ཀུན་མཁྱེན་བླ་མའི་ཆོས་བཞི་རིན་པོ་ཆེའི་ཕྲེང་བ་ལས། འདོད་པ་ཟད་ན་འཕགས་པ་དངོས་ཡིན་ལ། །འདོད་པ་ཆུང་བ་འཕགས་པའི་རིགས་ཞེས་བྱ། །ཞེས་འདོད་པ་ཆུང་བ་ནི་འཕགས་པའི་རིགས་ཡིན་ལ། འདོད་པ་ཟད་སོང་ཚེ་འཕགས་པ་དངོས་ཡིན་གསུངས། དེའི་དོན་ཅི་ཡིན་ཞེ་ན། སུ་དང་སུ་ཡིན་ཡང་ཟས་གོས་ལོངས་སྤྱོད་མཚན་སྙན་གྲགས་སོགས་ཚེ་འདི་འབའ་ཞིག་གི་དོན་དུ་གཡེང་འདུག་པ་དེ་ལ་ནི་འཕགས་པའི་ལམ་བསྒྲུབས་ཀྱང་འགྲུབ་པའི་སྐལ་བ་རྩ་བ་ནས་མེད། སུ་ཞིག་ཡིན་ཡང་འདོད་པ་ཆུང་ཞིང་ཆོག་ཤེས། ཚེ་འདིའི་བྱ་གཞག་ལ་ཞེན་པ་མེད་ཅིང་ཆོས་འབའ་ཞིག་ཉམས་སུ་ལེན་འདོད་པའི་གང་ཟག་ལ་ཆོས་འདི་སྒྲུབ་པའི་སྐལ་བ་ཡོད་པས་འཕགས་པའི་རིགས་ཟེར་བ་ཡིན།

དེས་ན་ཁྱེད་རྣམ་པ་ཚང་མས་ཀྱང་ཆོས་ལ་འཇུག་པའི་ཐོག་མར་རང་གི་རྒྱུད་ལ་བརྟག་དགོས། རང་ལ་འདོད་ཆུང་ཆོག་ཤེས་ཅི་འདྲ་ཞིག་ཡོད་འདུག གལ་ཏེ་ད་སྔོན་མེད་ཀྱང་ད་ཕྱིན་ཆད་འཇིག་རྟེན་ཚེ་འདིའི་བྱ་གཞག་ཐམས་ཅད་ཆེ་བཞག་ཆུང་བསྐྱུར་བྱེད་ཐུབ་པ་དང་། རང་ལ་ཆོས་འབའ་ཞིག་སྒྲུབ་ཐུབ་སྙམ་པའི་དམ་བཅའ་བརྟན་པོ་ཡང་དག་པ་ཞིག་ཡོད་ན་ཆོས་འདི་ལ་ཞུགས་ན་བཟང་བ་ཡིན། དེ་མིན་ཆོས་འདི་ནི་གལ་ཆུང་དང་ཞོར་ལ་སྒྲུབ་པ་ཙམ་མ་གཏོགས་མོས་པ་མེད་པར། འཇིག་རྟེན་ཚེ་འདིའི་ཟ་རྒྱུ་གོན་རྒྱུ་དང་དགྲ་འདུལ་གཉེན་སྐྱོང་ལ་སོགས་པའི་བྱ་བ་ལ་ཆེས་ཆེར་བརྩོན་དགོས་སྙམ་ན། ཆོས་འདི་ལ་འཇུག་ཁུལ་བྱས་ཀྱང་ཕན་པ་དེ་ཙམ་ཡོད་པ་མིན་པས། ཐོག་མར་རང་གི་རྒྱུད་ལ་འདོད་ཆུང་ཆོག་ཤེས་ཀྱི་བསམ་པ་བཟང་པོ་སྐྱེ་བར་འབད་དགོས་པ་ཡིན།

དེ་ལྟར་འདོད་པ་ཆུང་བ་དང་ཆོག་ཤེས་པའི་གང་ཟག་དེ་ལམ་ལ་འཇུག་པར་བྱེད་པ་ལ། ཐོག་མར་མཚན་ཉིད་དང་ལྡན་པའི་བླ་མ་དགེ་བའི་བཤེས་གཉེན་ཞིག་བསྟེན་དགོས། བླ་མ་དགེ་བའི་བཤེས་གཉེན་མ་བསྟེན་ན་ཡོན་ཏན་སྣ་གཅིག་ཀྱང་རང་གི་རྒྱུད་ལ་འབྱོར་བའི་གོ་སྐབས་མེད། དེ་ཡང་སུ་ཡིན་ཡིན་གྱི་གང་ཟག་ཐམས་ཅད་བླ་མ་རུ་བསྟེན་ན་མི་རིགས་ཏེ། བླ་མ་ལའང་ཡང་དག་པ་དང་ཕྱིན་ཅི་ལོག་ཡོད་པའི་ཕྱིར་ན་མཚན་ཉིད་དང་ལྡན་པའི་བླ་མ་བསྟེན་དགོས་ཤིང་། མཚན་ཉིད་དང་མི་ལྡན་པའི་བླ་མ་བསྟེན་མི་རུང་།

མཚན་ཉིད་དང་ལྡན་པའི་བླ་མ་དེ་ཅི་འདྲ་ཞིག་ལ་ཟེར་ཞེ་ན། དཔེར་ན་རྫོགས་པ་ཆེན་པོའི་ཆོས་འདི་ལྟ་བུ་བཤད་དགོས་ན་བླ་མ་ཁོང་གི་ཐུགས་རྒྱུད་ནའང་དེའི་ཉམས་རྟོགས་ཡོད་པ་དང་གཅིག གདུལ་བྱ་གཞན་ཐམས་ཅད་རྗེས་སུ་འཛིན་པར་མོས་པའི་བརྩེ་བའི་སྙིང་རྗེ་ཡོད་པ་དང་གཉིས། དེ་དག་གི་རྒྱུད་ཀྱི་ལོག་རྟོག་དང་ཐེ་ཚོམ་ཐམས་ཅད་སེལ་བར་ནུས་ཤིང་གཞུང་ལ་མཁས་པའི་ཤེས་རབ་དང་ལྡན་པ་དང་གསུམ་སྟེ། ཡོན་ཏན་དེ་གསུམ་ཆར་ཚང་ན་བླ་མ་བཟང་པོའམ་མཚན་ཉིད་དང་ལྡན་པ་ཟེར། དེ་གསུམ་པོ་ཁ་མ་ཚང་ཞིང་རེ་རེ་ཙམ་ལས་མེད་ན་ཡང་བླ་མ་ཡང་དག་པ་མིན། སྣ་གཅིག་ཀྱང་མེད་པ་ནི་རྩ་བ་ནས་བསྟེན་མི་རུང་བའི་བླ་མ་ཡིན། དེ་ལྟ་བུའི་མཚན་ཉིད་དང་ལྡན་པའི་བླ་མ་ནི་རང་གི་མིག་དང་སྙིང་ལས་ཀྱང་ལྷག་པར་གཅེས་ཤིང་དགའ་བ་དང་སྤྲོ་བའི་སྒོ་ནས་བསྟེན་དགོས།

བསྟེན་ཚུལ་དེ་ཡང་བླ་མའི་ཐུགས་མཉེས་བྱེད་ངོ་མ་དེ་རང་གི་སེམས་འདུལ་བ་དང་དགེ་བ་རྣམ་པར་དག་པ་ལ་བརྩོན་རྒྱུ་དེ་ཡིན་པས་རབ་སྒྲུབ་པའི་མཆོད་པ་དང་། དེ་ལྟ་བུའི་དགེ་བ་རྒྱ་ཆེན་པོ་བསྒྲུབ་པར་མ་ནུས་ཀྱང་། ཆོས་དང་མཐུན་པའི་བླ་མའི་བྱ་བ་ཐམས་ཅད་ཅི་ནུས་ཀྱི་སྒོ་ནས་སྒྲུབ་པ་ལ་འབྲིང་ཞབས་ཏོག་གི་མཆོད་པ་དང་། དེ་ཡང་མི་ཐུབ་ན་ཆོས་དང་མཐུན་པའི་བླ་མའི་བྱ་བ་དགེ་སྒྲུབ་སྡིག་སྤོང་གི་ཕྱོགས་སུ་རང་གིས་ཀྱང་རྒྱུ་རྫས་ལོངས་སྤྱོད་ཐམས་ཅད་ཀུན་ཕངས་པ་མེད་པར་ཅི་ནུས་ཅི་ལྕོགས་སུ་འབུལ་རྒྱུ་དེ་ནི་ཐ་མ་ཟང་ཟིང་གི་མཆོད་པ་ཡིན། དེ་རྣམ་པ་གསུམ་གྱི་སྒོ་ནས་བླ་མ་ཡུན་རིང་པོའི་བར་དུ་བསྟེན་དགོས།

བླ་མ་བསྟེན་ནས་ཅི་ཞིག་བྱ་ཞེ་ན། བླ་མའི་དྲུང་ནས་ཆོས་མཉན་དགོས་པ་ཡིན། ཆོས་ཉན་ཚུལ་ཡང་དད་པ་རྣམ་པར་དག་པའི་སྒོ་ནས་མཉན་དགོས། དད་པ་དེ་ཡང་ཅི་ལྟ་བུ་ཞིག་དགོས་ཤེ་ན། མདོ་ཡི་ཆོས་ཤིག་ཉན་ན་བླ་མ་དང་སངས་རྒྱས་གཉིས་ཀ་མཉམ་པའམ་ཁྱད་པར་མེད་པའི་མོས་པ་བསྐྱེད་ནས་མཉན་དགོས་ལ། སྔགས་སྤྱི་ཁྱབ་ཀྱི་ཆོས་ཤིག་ཉན་ན་བླ་མ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་བཞག་ནས་མཉན་དགོས། འོད་གསལ་རྫོགས་པ་ཆེན་པོའི་ཆོས་འདི་ཉན་པར་བྱེད་པ་ལ་ནི་བཀའ་དྲིན་གྱི་ངོས་ནས་སངས་རྒྱས་སྟོང་ལས་ཀྱང་བླ་མ་བཀའ་དྲིན་ཆེ་བ་ཡིན་པར་ཤེས་པར་བྱས་ཏེ། སངས་རྒྱས་ལས་ཀྱང་ལྷག་པའི་དད་པ་དང་གུས་པ་བཞག་སྟེ་བླ་མའི་དྲུང་ནས་ཆོས་མཉན་དགོས་པ་ཡིན།

དེས་ན་རང་རེ་ལྟ་བུ་ཞིག་ལ་དཔེ་མཚོན་ན་རྫོགས་པ་ཆེན་པོའི་ལམ་ཉམས་སུ་ལེན་པའི་གང་ཟག་ཡིན་པས། བླ་མ་ལ་སངས་རྒྱས་ལས་ཀྱང་ལྷག་པའི་དད་པ་ཡོད་དགོས་ཀྱང་། དེ་རང་གི་རྒྱུད་ལ་ཡོད་དམ་མེད། རང་གི་རྩ་བའི་བླ་མ་རྣམས་ལ་སངས་རྒྱས་ཤཱཀྱ་ཐུབ་པ་དང་ཨོ་རྒྱན་རིན་པོ་ཆེ་བས་ཀྱང་དགའ་ཞིང་། དེ་ལས་ཀྱང་ལྷག་པའི་དད་པ་ཡོད་ན་གོང་ན་མེད་པ་རེད། མིན་ན་ཡང་དེ་དག་དང་ཁྱད་པར་མེད་པ་ཞིག་དགོས། དེ་ཡང་མ་ཡོད་ན་བླ་མ་མི་རུ་བཟུང་ན་བྱིན་རླབས་ཆུ་ལས་མེད་ཟེར་བ་ལྟར་དུ། བླ་མ་དེ་རང་བཞིན་གྱི་མི་ཕལ་བ་ཞིག་ཡིན་པར་བཟུང་ན་བླ་མའི་རྒྱུད་ཀྱི་བྱིན་རླབས་རང་རྒྱུད་ལ་འཇུག་ཐབས་ཡོད་པ་མིན། གལ་ཏེ་བྱིན་རླབས་ཤིག་ཡོད་དུ་ཆུག་ཀྱང་དེ་ནི་ཐང་ན་བཞུར་བའི་ཆུ་ཙམ་ལས་བྱིན་རླབས་དངོས་གྲུབ་གཞན་འབྱུང་བ་མིན།

འདིའི་སྐབས་སུ་ཁྱེད་རྣམ་པས་གོ་དགོས་པ་ཞིག་ལ། འདི་དག་ནི་ལམ་རིམ་ཡིན་ཞིང་། ངས་གོང་དུ་བཤད་པ་དེ་དག་རེ་རེ་བཞིན་དུ་གོ་རིམ་བྱས་ནས་འགྲོ་དགོས་ཏེ། དེ་ཡང་དང་པོ་འདོད་ཆུང་ཆོག་ཤེས་ཡོད་པ་དང་། དེ་ནས་རིམ་བཞིན་བླ་མ་ཚོལ། བླ་མ་བསྟེན། བླ་མ་ལ་དད་པ་བསྐྱེད་པ་སོགས་ད་དུང་འོག་ཏུ་བཤད་པ་ཚང་མ་ཡང་ལམ་རིམ་ཡིན། སྔ་མ་སྔ་མ་ཐམས་ཅད་ཡོད་པ་གཞིར་བཞག་གི་སྟེང་ནས་ཕྱི་མ་ཕྱི་མ་ཐམས་ཅད་ལ་འཇུག་དགོས་པས་ཐམས་ཅད་ཀྱིས་ཐུགས་ལ་འཛིན་དགོས།

བླ་མ་ལ་དད་པ་བཞག་རྗེས་ཅི་དགོས་ཟེར་ན། ཐོག་མར་ལམ་གྱི་གཞི་རྟེན་ཚུལ་ཁྲིམས་སམ་སྡོམ་པ་ཞིག་རང་རྒྱུད་ལ་ལེན་དགོས། སྡོམ་པ་རྣམ་པར་དག་པ་ཞིག་མ་ཡོད་ན་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་འཐོབ་རྒྱུ་ག་ལ་ཡོད་དེ། གནས་སྐབས་ལྷ་དང་མིའི་བདེ་བ་ཡང་འཐོབ་པའི་གོ་སྐབས་རྩ་བ་ནས་མེད། དེ་བཞིན་དུ་སྡོམ་པའམ་ཚུལ་ཁྲིམས་ཉམས་པར་གྱུར་པའི་གང་ཟག་དེས་ཡར་དཀོན་མཆོག་གི་ཞིང་ས་ལ་མཆོད་པ་དང་། མར་ངན་སློང་ལ་སྦྱིན་པ་ལ་སོགས་པ་ལོ་འབུམ་ཕྲག་མང་པོའི་བར་དུ་བྱས་ནའང་། ངེས་པར་དུ་ངན་སོང་གི་ལུས་རྟེན་དུ་སྐྱེ་བ་མ་གཏོགས་མཐོ་རིས་ལྷ་མིའི་ལུས་རྟེན་འཐོབ་མི་ཐུབ། དེས་ན་སྡོམ་པ་དེ་རང་རྒྱུད་ལ་བླངས་རྗེས་ཉམས་པར་གྱུར་པའི་གང་ཟག་ནི་ངེས་པར་དུ་ངན་སོང་གི་གནས་སུ་འགྲོ་བར་འགྱུར་བ་མ་གཏོགས་དེ་ལ་འགྲོ་ས་གསུམ་པ་ཞིག་གང་ནའང་ཡོད་པ་མིན།

རང་གི་རྒྱུད་ལ་བྱང་ཆུབ་སེམས་དཔའི་ཐེག་པ་དང་། གསང་བ་རྡོ་རྗེ་ཐེག་པའི་ལམ་ནས་བཤད་པའི་ཡོན་ཏན་གང་དང་གང་ཞིག་སྐྱེ་དགོས་ཀྱང་། ངེས་པར་དུ་ཚུལ་ཁྲིམས་རྣམ་པར་དག་པ་རྒྱུད་ལྡན་གྱི་གང་ཟག་ཁོ་ན་མ་གཏོགས་གཞན་ལ་འབྱུང་ཐབས་མེད། བཅོམ་ལྡན་འདས་ཀྱིས་ཀྱང་ཚུལ་ཁྲིམས་ཟེར་བ་དེ་དཔེར་ན་ས་གཞི་ལྟ་བུ་ཞིག་ཡིན་པར་གསུངས། ས་འདིའི་སྟེང་ལ་འགྲོ་ཐུབ་པའི་མི་དང་རྟ་ནོར་ལ་སོགས་པ་དང་། འགྲོ་མི་ཐུབ་པའི་རྩི་ཤིང་ནགས་ཚལ་ཐམས་ཅད་ཀུན་ཀྱང་བརྟེན་ཡོད། གལ་ཏེ་ས་གཞི་གཏན་ནས་མེད་ན། དེ་དག་གང་ཡང་གནས་པའི་གོ་སྐབས་མེད་པ་བཞིན་དུ་ཚུལ་ཁྲིམས་རྣམ་པར་དག་པ་མེད་ན་ཡོན་ཏན་གང་ཡང་རྒྱུད་ལ་འབྱུང་བའི་གོ་སྐབས་མེད་ཅེས་གསུངས་ཡོད།

སྤྱིར་ཚུལ་ཁྲིམས་ལ་ཡང་ནང་གསེས་ཀྱིས་སོ་སོར་ཐར་པའི་ཚུལ་ཁྲིམས་དང་། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས། གསང་བ་སྔགས་ཀྱི་ཚུལ་ཁྲིམས་གསུམ་ཡོད་པ་ལས། ད་རེས་ངེས་པར་ཡོད་དགོས་ཟེར་བ་ནི་སོ་སོར་ཐར་པའི་ཚུལ་ཁྲིམས་འདི་ཡིན། འོ་ན་སོ་ཐར་གྱི་ཚུལ་ཁྲིམས་རྐྱང་བ་མེད་པར་གྱུར་ཀྱང་། བྱང་སེམས་དང་སྔགས་ཀྱི་ཚུལ་ཁྲིམས་ཡོད་ན་དེས་ཀྱང་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་ཐུབ་བམ་སྙམ་ན། དེ་ནི་རྩ་བ་ནས་འཐོབ་ཐབས་ཡོད་པ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའི་སྡོམ་པ་ནི་ཐོག་མར་སོ་སོར་ཐར་པའི་སྡོམ་པ་རྒྱུད་ལྡན་གྱི་སྟེང་ནས་ལེན་དགོས། གསང་བ་སྔགས་ཀྱི་དབང་གང་ཞུས་ཀྱང་། སོ་ཐར་བྱང་སེམས་གཉིས་ཀྱི་སྡོམ་པ་གཞིར་བཞག་གི་སྟེང་ནས་དེའི་དམ་ཚིག་དང་སྡོམ་པ་ཐམས་ཅད་ལེན་དགོས་པ་ཡིན། དེའི་ཕྱིར་ན་བྱང་སེམས་དང་སྔགས་ཀྱི་སྡོམ་པ་གཉིས་ཀ་ཡང་གཙོ་བོ་སོ་སོར་ཐར་པའི་སྡོམ་པ་རྒྱུད་ལྡན་གྱི་གང་ཟག་ལ་འབྱུང་བ་ཡིན།

འོ་ན་དེ་ལྟ་བུའི་སོ་སོར་ཐར་པའི་སྡོམ་པ་དེ་རྒྱུད་ལ་ཡོད་དགོས་ན། གྲྭ་པ་དང་བཙུན་མ་ཁོ་ན་མ་གཏོགས། གཞན་མི་སྐྱ་ཕོ་མོའི་རྒྱུད་ན་སོ་སོར་ཐར་པའི་སྡོམ་པ་མེད་པས་ཡོན་ཏན་རྒྱུད་ལ་མི་སྐྱེ་བ་ཡིན་ནམ་ཞེ་ན། དེ་ཡང་མ་ཡིན་ཏེ། གཙོ་བོ་ནི་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་ཞུས་ཡོད་ན་འཇིག་རྟེན་ལྷ་དང་བཅས་པའི་མཆོད་སྡོང་ཟེར་བ་ཡིན་ལ། ཐམས་ཅད་ཀྱིས་མཆོད་པའི་གནས་སུ་གྱུར་ཅིང་གོང་ན་མེད་པ་ཡིན། དེ་མིན་ཁྱིམ་པའི་ཕྱོགས་ཀྱི་དགེ་བསྙེན་ཕ་མ་དང་། གསོ་སྦྱོང་གི་སྡོམ་པ་བླངས་ན་ཡང་སོ་སོར་ཐར་པའི་སྡོམ་པ་ཟེར།

དེ་ལྟར་ཡུལ་ཁམས་ཀྱི་དབང་དུ་བྱས་ན། དཔེར་ན་བོད་དང་རྒྱ་གར། འབྲུག་པ་ལ་སོགས་པར་ཆོས་རྣམ་དག་སྒྲུབ་མཁན་གྱི་དགེ་ཚུལ་སློང་རབ་ཏུ་བྱུང་བ་ཆེས་མང་པོ་ཡོད་ལ། ཁྱད་པར་དུ་ཨ་རིའི་ལུང་པ་འདི་ལྟ་བུ་ལ་མཚོན་ན་དགེ་ཚུལ་སློང་སྒྲུབ་ཟེར་བ་ནི་ཡུལ་དུས་ཀྱི་དབང་གིས་ཧ་ཅང་དཀའ་མོར་གྱུར་འདུག ངས་ཀྱང་ཨ་རིའི་ལུང་པ་འདིར་ཐོན་ནས་དགེ་ཚུལ་སློང་བསྒྲུབ་དགོས་ཟེར་བའི་ཚིག་ཅིག་རྩ་བ་ནས་བཤད་མ་མྱོང་བར། གཙོ་བོ་དགེ་བསྙེན་དང་གསོ་སྦྱོང་གི་སྡོམ་པ་ལེན་དགོས་ཞེས་རྒྱ་ཆེར་བཤད་པ་ཡིན། འོན་ཀྱང་ཆོས་ཚོགས་འདི་ལྟ་བུ་ལ་མཚོན་ན་དགེ་ཚུལ་སློང་ཡང་ཤིན་ཏུ་མང་པོ་འདུག དེ་ནི་ཧ་ཅང་ངོ་མཚར་བའི་འོས་སུ་གྱུར་པ་ཞིག་ཡིན་ཞིང་། ད་རུང་ཡང་སྲ་ཞིང་བརྟན་པ་དང་རྗེས་མ་གོང་འཕེལ་དུ་འགྱུར་རྒྱུ་ནི་ཧ་ཅང་གལ་ཆེ་བ་ཡིན་པས། འཁོར་སློབ་དང་གཙོ་འཛིན་ཚང་མས་ཐུགས་ལ་ནན་ཟབ་ཅིག་འཛིན་པ་ནི་ང་རང་ཉིད་ཀྱི་རེ་བ་ཡིན།

ངའི་ངོས་ནས་བསམ་བློ་བཏང་ན་ཡང་། ཁྱིམ་པ་དང་རབ་ཏུ་བྱུང་བ་གཉིས་ཀ་ལས་གཙོ་བོ་རབ་ཏུ་བྱུང་བའི་སྡེ་ཧ་ཅང་མང་ན་དགའ་ཚོར་ཆེ་འདུག དེའི་རྒྱུ་མཚན་ཡང་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་ཁྱིམ་པ་ལས་རབ་ཏུ་བྱུང་བ་གཙོ་བོ་ཡིན། དེ་བཞིན་དུ་གྲུབ་དབང་པདྨ་ནོར་བུ་དང་། བསྟན་རྒྱམ་རིན་པོ་ཆེ་ལ་སོགས་པ་ཚང་མའི་རྒྱུད་འཛིན་གཙོ་བོ་དང་ཐུགས་ཀྱི་བུ་ཆུང་ལྟ་བུ་དེ་དག་ཀྱང་རབ་ཏུ་བྱུང་བ་ཤ་སྟག་ཡིན།

རབ་ཏུ་བྱུང་བའི་སྡོམ་པ་ལེན་པ་ལ། སྡོམ་པ་སྐྱེ་བ་དང་གནས་པ། ཁྱད་པར་དུ་གྱུར་པའི་བར་ཆད་བཅས་གསུམ་པོ་མེད་པ་གཞིར་བཞག་གི་སྟེང་ནས་དགེ་ཚུལ་སློང་སྒྲུབ་དགོས་པ་ལས། རང་བཞིན་གྱིས་ཅི་འབྱུང་གང་ཤར་དུ་དགེ་ཚུལ་སློང་བསྒྲུབ་མི་རུང་། དེ་ཡང་སྡོམ་པ་རྒྱུད་ལ་གཏན་ནས་མི་སྐྱེ་བའི་གང་ཟག་ནི་ཕ་བསད་པ་དང་མ་བསད་པ་ལ་སོགས་པ་ཡིན་ཞིང་། དེ་དག་ལ་མི་སྐྱེ་བར་གཞུང་དུ་བཤད་ཡོད་པས་དེས་ཀྱང་སྡོམ་པ་ལེན་མི་རུང་།

གནས་པའི་བར་ཆད་ཅེས་པ་ནི། སྡོམ་པ་ཡུན་རིང་དུ་གནས་པ་ལ་བར་ཆད་དུ་གྱུར་པ་སྟེ། ཕ་མས་མ་གནང་བ་དང་། ཁྱོ་ཕོ་དང་ཁྱོ་མོ་སྟེ་བཟའ་རོགས་ཀྱིས་མ་གནང་བ། དབང་ཆེ་བའི་རྒྱལ་པོས་མ་གནང་བ་སྟེ། དེ་དག་གིས་མ་གནང་བཞིན་དུ་རབ་ཏུ་བྱུང་ན། རྗེས་མར་བསླབ་པ་ལ་བར་ཆད་དུ་སོང་ནས་ཕྱིར་ཁྱིམ་དུ་འབབ་དགོས་ཐུག་པས། དེ་འདྲ་མེད་པ་ཡང་གལ་ཆེ་བ་ཡིན། འོ་ན་རྒྱལ་པོ་དང་ཕ་མ་དང་བཟའ་རོགས་རྣམས་ཀྱིས་མ་གནང་བའི་གང་ཟག་གི་རྒྱུད་ལ་སྡོམ་པ་བླངས་ནའང་མི་སྐྱེ་བ་ཡིན་ནམ་ཞེ་ན། མི་སྐྱེ་བ་མིན་ཡང་སྡོམ་པ་ལ་བར་ཆད་དུ་འགྱུར་བ་ཡིན། གལ་ཏེ་བར་ཆད་དུ་མ་སོང་ན་དེ་ལ་ཉེས་འགལ་ཆེན་པོ་མེད་དེ། ཕ་མས་མ་གནང་ན་ཡང་རབ་ཏུ་འབྱུང་ཆོག་ལ། བཟའ་རོགས་ཀྱིས་མ་གནང་ན་ཡང་རབ་ཏུ་འབྱུང་ཆོག གཙོ་བོ་དེ་ལ་བར་ཆད་འབྱུང་མི་འབྱུང་ལ་བསམ་བློ་གཏང་དགོས།

སྡོམ་པའི་ཡོན་ཏན་ཁྱད་པར་དུ་གྱུར་པའི་བར་ཆད་ཟེར་བ་ནི། ནད་པ་ཚབས་ཆེན་དགེ་བ་གཏན་ནས་བསྒྲུབ་མི་ཐུབ་པའི་གང་ཟག་རབ་ཏུ་འབྱུང་མི་རུང་། དེ་བཞིན་དུ་འཇིག་རྟེན་གྱི་བྱ་བ་མང་པོ་བསྒྲུབ་དགོས་མཁན་ལ་དགེ་བ་སྒྲུབ་པའི་སྐལ་བ་གཏན་ནས་མེད་པ་ཡིན་པས་རབ་ཏུ་འབྱུང་མི་རུང་མ་གཏོགས་སྡོམ་པ་གནས་ཀྱང་བསླབ་པ་ལ་སྦྱོར་མི་བཟོད་པས་ཡོན་ཏན་ཁྱད་པར་དུ་འཕགས་མི་ནུས་པ་ཡིན། དེ་ཡང་བར་ཆད་དུ་མ་གྱུར་ན་རབ་ཏུ་འབྱུང་ཆོག་པ་ཡིན།

ཁྱེད་ཆོས་ཚོགས་ཀྱི་དགེ་ཚུལ་སློང་ལས་གཞན་པ་རྣམས་ཀྱིས་རབ་ན་དགེ་བསྙེན། ཐ་ན་ཡང་གསོ་སྦྱོང་ཡན་ལག་བརྒྱད་པའི་སྡོམ་པ་རེ་མ་བླངས་ཐབས་མེད་རེད་མ་གཏོགས་མི་ལུས་ཐོབ་པ་དོན་མེད་ཡིན། དེ་དག་གི་བསྲུང་བྱ་ནི། ཉེ་ཆར་འུ་ཅག་གིས་རྒྱལ་ས་ཝ་ཧྲིང་ཐོན་ནས་ཆོས་འཆད་སྐབས་རྒྱ་ཆེར་བཤད་པ་ཡིན། རབ་ཏུ་བྱུང་བ་ཞིག་ཡིན་ན་སེར་གོས་གོན། འདོད་པ་རྩ་བ་ནས་སྤང་དགོས། ཁྱིམ་པ་ཞིག་ཡིན་ནས་བཟུང་སྟེ་དགེ་བསྙེན་དང་གསོ་སྦྱོང་ཡིན་ན་ཡང་རབ་ཏུ་བྱུང་བའི་ཆས་གོས་གོན་མི་དགོས་ལ། རང་གི་བཟའ་རོགས་ལ་འདོད་པ་ཡང་སྤང་མི་དགོས། དེ་ཙམ་གྱི་ཁྱད་པར་མ་གཏོགས་ཧ་ལམ་གཅིག་པ་ཡིན།

དེ་རིང་སྡོམ་པ་རྒྱུད་ལ་ལེན་ཚུལ་རྒྱས་པར་འཆད་དགོས་པའི་རྒྱུ་མཚན་ནི། ས་གནས་གཞན་དང་མི་འདྲ་བར་ཆོས་ཚོགས་འདི་ན་རབ་བྱུང་དང་ཁྱིམ་པ་གཉིས་ཀ་ཧ་ཅང་མང་པོ་ཞིག་ཡོད་པས་ཆེད་དུ་གསལ་བཤད་བྱས་པ་ཡིན། རྗེས་མར་སྐབས་གང་བདེ་ཞིག་ལ་དགེ་ཚུལ་སློང་ཁ་ཤས་བསྒྲུབ་རྒྱུ་ཡིན། ད་རུང་བསྒྲུབ་འདོད་ཡོད་པ་ཚང་མས་ཀྱང་གོང་གི་བར་ཆད་གསུམ་པོ་ཡོད་མེད་ལ་ཞིབ་པར་བརྟགས་ཏེ་གཟོད་རབ་ཏུ་བྱུང་ན་ཧ་ཅང་བཟང་པོ་ཡིན། མ་འོངས་པར་བླ་མ་རྣམས་ས་ཆ་འདི་ལ་འབྱོན་སྐབས་ཀྱང་དགེ་ཚུལ་སློང་བསྒྲུབ་རྒྱུ་རེད།

རབ་ཏུ་བྱུང་བའི་སྡེ་འདི་ཇེ་མང་ཇེ་རྒྱས་སུ་སོང་ན་དགོས་པ་ཁྱད་པར་ཅན་ཡོད། དགོས་པ་ཅི་ཞིག་ཡོད་ཅེ་ན། བཅོམ་ལྡན་འདས་ཀྱི་བསྟན་པ་དར་བའི་ཡུལ་དབུས་དང་མི་དར་སའི་མཐའ་འཁོབ་གཉིས་ཡོད་པ་ལས། ཡུལ་དབུས་ནི་གང་དུ་དགེ་སློང་ཕ་མ་དང་དགེ་བསྙེན་ཕ་མ་སྟེ་འཁོར་རྣམ་པ་བཞི་ཡོད་ས་དེ་ལ་ཟེར། དེ་གང་རུང་མེད་པའམ་གཏན་ནས་མེད་པའི་ཡུལ་ཡིན་ན་མཐའ་འཁོབ་ཟེར་བ་ཡིན་པས། དེ་ལྟར་བསམ་བློ་བཏང་ན་ཨ་རིའི་ལུང་པ་འདི་ཡང་དེ་སྔོན་ཡན་ཆད་དུ་ཧ་ལམ་མཐའ་འཁོབ་ཀྱི་ཡུལ་ལྟ་བུར་གྱུར་ཡོད། ཡིན་ཡང་རྗེས་སུ་ཆོས་ཚིགས་ཀྱི་ཡུལ་དབུས་ཤིག་ཏུ་གྱུར་སོང་བ་ཡིན་ལ། དེ་ལ་དགོས་པ་ཧ་ཅང་ཆེན་པོ་ཡོད་པས། ད་རེས་དང་རྗེས་མའི་གནས་སྐབས་ན་ཡང་ཐམས་ཅད་ཀུན་གྱིས་འབད་རྩོལ་ཆེར་བཞེས་སུ་མཛད་པར་མ་འཆུགས།

འོ་ན་ཚུལ་ཁྲིམས་རྣམ་པར་དག་པ་ལྡན་ན་དེ་རྐྱང་པས་ཆོག་གམ་ཞེ་ན། དེ་རྐྱང་པས་ཆོག་པ་མིན། ད་རུང་དེའི་སྟེང་དུ་ཐོག་མར་ཐོས་པ་འཚོལ་དགོས་ཏེ། མཚན་ཉིད་དང་ལྡན་པའི་བླ་མའི་དྲུང་ནས་མདོ་སྔགས་རིག་གཞུང་དང་བཅས་པའི་ཆོས་ཐོས་པར་བྱེད་དགོས། ཐོས་པས་རང་གི་རྒྱུད་ལ་ཐར་བའི་ས་བོན་འཇོག་པ་དང་། མ་རིག་པའི་རྨོངས་པའི་མུན་པ་ཐམས་ཅད་སེལ་བ། སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་འདག་པར་འགྱུར་བའི་དགོས་པ་ཡོད། སངས་རྒྱས་ཀྱི་ཆོས་ཐོས་པའི་ཕན་ཡོན་ལ་བསམ་བློ་བཏང་ན། ཆོས་དངོས་སུ་ཐོས་པ་ལ་ཕན་ཡོན་ལོས་ཡོད་དེ་ཐ་ན་ཆོས་ཉན་པའི་དུས་ཚོད་སྟོན་པའི་ཕྱིར་དུ་རྔ་བརྡུངས་བ་དང་། དུང་བུས་པའི་སྒྲ་ཐོས་པའི་དུད་འགྲོ་ཡན་ཆད་ལའང་ཐར་བའི་གོ་འཕང་འཐོབ་པར་འགྱུར་བར་གསུངས་ཡོད་པས། བཅོམ་ལྡན་འདས་ཀྱི་གསུང་རབ་དགོངས་འགྲེལ་དང་བཅས་པ་ཐམས་ཅད་མཉན་པ་ལ་ལྷག་པར་བརྩོན་པ་བྱ་རྒྱུ་དེ་གལ་ཆེ་བ་ཡིན།

འོ་ན་ཐོས་པ་རྐྱང་པས་ཆོག་གམ་ཞེ་ན་ཆོག་པ་མིན་ཏེ། ཐོས་པའི་དོན་ལ་བསམ་བློ་གཏོང་བའི་བསམ་པའི་ཤེས་རབ་བསྐྱེད་དགོས། དཔེར་ན་དེ་རིང་འུ་ཅག་གིས་ཆོས་བཤད་པ་ཐོས་ཀྱང་མར་སོང་རྗེས་ལས་ཀར་གཡེངས་ནས་བསྡད་པ་ཙམ་གྱིས་མི་འགྲིག་པར། ཚིག་ཅི་གསུངས་དང་དོན་ཅི་ཡིན་ལ་རང་གིས་ཡང་ནས་ཡང་དུ་བསམ་བློ་བཏང་། གཞན་ལ་དྲིས། དེ་ལ་ཐེ་ཚོམ་མེད་པའི་བརྟག་དཔྱད་བྱ་དགོས། བསམ་པའི་ཤེས་རབ་མེད་ན། འུ་ཅག་གིས་ཁྲིད་ཡིག་སངས་རྒྱས་ལག་སྟེར་ད་ལྟ་བཤད་མ་རག་པ་རེད། ཆོས་འདི་ནི་ཚིག་ཉུང་ལ་དོན་འདུས་པ་གཞན་ལ་མེད་པ་ལྟ་བུ་ཡིན་ཡང་། རང་གར་བསམ་བློ་མ་བཏང་བར་ཚར་གཅིག་ཐོས་པ་ཙམ་གྱིས་སུས་ཀྱང་ཉམས་སུ་ལེན་མི་ཤེས། དེའི་ཕྱིར་ན་སངས་རྒྱས་ཀྱི་བཀའ་སྤྱི་དང་ཁྱད་པར་དུ་རང་གི་རྒྱུད་ལ་ཕན་པའི་ཆོས་དེ་ལ་བསམ་བློ་ཡང་དག་པ་ཞིག་བཏང་ནས་ཉམས་སུ་ལེན་ངེས་ཅན་ཞིག་བྱ་དགོས་མ་གཏོགས། ཚོད་འཇོག་དང་དེ་འདྲ་ཞིག་ཡིན་ན་ཐང་སྙམ་པ་ལྟ་བུས་སྒོམ་ཁུལ་བྱས་ནའང་དོན་ཡོད་པ་མིན།

དེ་ནས་སྒོམ་པའི་སྐབས་སུ། དང་པོ་བསམ་པ་སྔོན་དུ་སོང་ནས་ཐེ་ཚོམ་མེད་པར་ཡང་དག་པ་ཞིག་ཤེས་དགོས། ཇི་ལྟར་ཤེས་པར་བྱ་ཚུལ་ནི་བླ་མའི་ཞལ་ནས་གསུངས་པའི་ཚིག་དང་། ཡིག་ཐོག་གི་དོན། རང་གི་རྒྱུད་ཀྱི་ཉམས་ལེན་གསུམ་པོ་ཕན་ཚུན་བསྡུར་ནས་སྦྱོང་བརྡར་ཡང་དག་པ་ཞིག་སྔོན་དུ་འགྲོ་དགོས། འཇིག་རྟེན་གྱི་བྱ་གཞག་ཕལ་བ་ཞིག་ལ་བསམ་བློ་ཐོང་དང་། དེ་ལ་ཡང་བསམ་པ་ཞིག་སྔོན་དུ་འགྲོ་དགོས་ཏེ། དཔེར་ན་རླངས་འཁོར་ཞིག་སྐོར་དགོས་ཀྱང་དེ་ལ་དུས་ཡུན་ངེས་ཅན་ཞིག་ལ་སྦྱོང་བརྡར་མ་བྱས་ན་སྐོར་མི་ཤེས། སྒོམ་ཟེར་བ་དེ་བས་ཀྱང་དཀའ་བ་ཡིན། སྔོན་ལ་རླངས་འཁོར་སྦྱོང་པ་ལྟ་བུ་དེ་བསམ་བྱུང་གི་ཤེས་རབ་བསྐྱེད་པ་ཡིན། རྗེས་སུ་རླངས་འཁོར་གཞུང་ལམ་དུ་སྐོར་ཤེས་པ་དེ་སྒོམ་པ་ཡིན། སྒོམ་པ་ལ་དང་པོ་བསམ་པ་ལ་ཤིན་ཏུ་གཟབ་ནན་དགོས་པ་རེད་མ་གཏོགས། བསམ་པ་སྔོན་དུ་མ་སོང་བར་སྒོམ་ཁུལ་བྱས་ན་ཕན་པ་ལས་ཀྱང་གནོད་པ་ཆེ་བ་ཡིན།

བསམ་བྱུང་གི་ཤེས་རབ་ཡང་དག་པ་ཞིག་སྔོན་དུ་མ་སོང་བར་སྒོམ་ཁུལ་བྱས་པ་ལ། བོད་ཀྱི་བླ་མ་ས་སྐྱ་པཎྜི་ཏ་ཟེར་བ་དེས། བླུན་པོས་ཕྱག་རྒྱ་ཆེན་པོ་བསྒོམ་པ་ནི་ཕལ་ཆེར་དུད་འགྲོར་སྐྱེ་བྱེད་ཡིན་ཞེས་བསམ་བློ་མ་བཏང་། བླ་མ་མ་བསྟེན་པར་ཚོད་འཇོག་བྱས་ནས་སྒོམ་ཁུལ་བྱས་པ་ཕལ་ཆེར་ནི། རི་བོང་དང་འཕྱི་བ་སོགས་ཀྱི་སྐྱེ་བ་ལེན་བྱེད་མ་གཏོགས་དགོས་པ་མི་འདུག་པར་གསུངས་ཡོད་ཅིང་། དེ་ནི་དན་དན་ཏིག་ཏིག་གི་གསུང་ཡིན་པའི་ཕྱིར་ན། དང་པོ་ནས་གཟབ་གཟབ་བྱས་ཏེ་སྒོམ་ཤེས་ཐག་ཆོད་ཅིག་དགོས་པ་ལས། ཅི་ཡང་མ་ཤེས་པར་ཙོག་པུར་བསྡད་པ་ལ་སྒོམ་རྩ་བ་ནས་ཟེར་བ་མིན།

དེས་ན་སྒོམ་ཡང་དག་པ་ཞིག་ཤེས་ན་གོང་ན་མེད་པ་ཡིན་པས་བརྩོན་འགྲུས་བསྐྱེད་ནས་བསྒོམ་དགོས། གལ་ཏེ་སྒོམ་ཡང་དག་པ་ཞིག་མ་ཤེས་ན། མ་ཎི་དང་སིདྡྷི་བཏོན། དཀོན་མཆོག་གསུམ་ལ་གསོལ་བ་བཏབ་ན་དེའི་ཁེ་ཆེ་བ་ཡིན། སྒོམ་ཅི་ཡང་མི་ཤེས་པར་ཙོག་པུར་འདུག་པ་ནི་སྐེད་པ་ན་བྱེད་ཡིན་པས། སྒོམ་དེ་ཡང་དག་པ་ཤེས་དགོས། ཤེས་ནས་སྒོམ་དགོས་པ་རེད་མ་གཏོགས། ཤེས་པ་ཙམ་ལས་ཉམས་སུ་མ་བླངས་ན་ཕན་པ་ཡོད་པ་མིན།

དེ་ཡིས་ལམ་གྱི་རིམ་པ་སོང་ནས་ད་སྒོམ་དངོས་ལ་ཐུག་པ་ཡིན། སྒོམ་ཚུལ་ངོ་མ་དེ་སྔོན་འགྲོ་བློ་ལྡོག་རྣམ་བཞི་ནས་བཟུང་སྟེ་རྫོགས་པ་ཆེན་པོའི་བར་རིམ་པ་བཞིན་དུ་བསྒོམ་དགོས། དེ་སྒོམ་ཚུལ་གྱི་ཉམས་ལེན་དངོས་ནི་སངས་རྒྱས་ལག་སྟེར་འདི་ཡིན། ཁྱེད་རྣམ་པས་ཡི་གེའི་ཁ་ཕྱེས་ནས་ལྟོས་དང་རིམ་བཞིན་དུ་འགྲེལ་ཡོང་།

འཇམ་དཔལ་ཞི་སྒྲུབ་ཀྱི་ཆ་ལག་ཁྲིད་ཡིག་སངས་རྒྱས་ལག་སྟེར་ཞེས་བྱ་བ་བཞུགས་སོ། །

ཞེས་འཇམ་དཔལ་ཞི་སྒྲུབ་ཟེར་བ་ནི། སྤྱིར་འཇམ་པའི་དབྱངས་ལ་ཞི་བའི་སྒྲུབ་ཐབས་དང་། དྲག་པོ་གཤིན་རྗེ་གཤེད་ཀྱི་སྒྲུབ་ཐབས་གཉིས་ཡོད་པ་ལས། འདིར་འཇམ་དཔལ་ཞི་སྒྲུབ་ཀྱི་དབང་དང་ལས་བྱང་ཐམས་ཅད་ཁ་སང་སྔོན་དུ་སོང་ཟིན་པ་ཡིན། དེའི་ཆ་ལག་ལ་ཁྲིད་ཡིག་འདི་ནི་སངས་རྒྱས་ལག་ནང་དུ་དངོས་སུ་སྦྱིན་འོང་བྱེད་ཀྱི་ཁྲིད་ཡིན་ཞེས་པའི་དོན་ཡིན།

རིག་སྟོང་གདོད་མའི་མགོན་པོ་འཇམ་པའི་དབྱངས། །

འདུ་འབྲལ་མེད་པར་རྟོགས་པས་ཕྱག་འཚལ་ཏེ། །

ཞེས་རང་གི་སེམས་ཀྱི་ཆོས་ཉིད་མ་ནོར་བར་རྟོགས་ན་མགོན་པོ་འཇམ་པའི་དབྱངས་ཀྱང་དེ་ལ་ཟེར་བ་ཡིན། དེ་རང་གི་སེམས་ཀྱི་སྟེང་དུ་གསར་དུ་འདུ་ཡོང་བ་དང་ཕར་འབྲལ་འགྲོ་བ་ཞིག་མ་ཡིན་པར། མགོན་པོ་འཇམ་པའི་དབྱངས་དེ་ཉིད་རང་དང་ཡེ་ནས་དབྱེར་མེད་ཀྱི་ཚུལ་དུ་བཞུགས་ཡོད་པར་རྟོགས་པ་ལ་རབ་ལྟ་བ་མཇལ་བའི་ཕྱག་ཟེར་བས་ཕྱག་འཚལ་ཏེ་གསུངས་པ་ཡིན།

གནད་ཀྱི་མན་ངག་སྙིང་གི་བུ་ལ་གདམ། །

དེས་ཀྱང་ཡལ་བར་མ་འདོར་ཉམས་སུ་ལོངས། །

ཞེས་གནད་ཀྱི་མན་ངག་ཟེར་བ་དེ་རྫོགས་པ་ཆེན་པོའི་རྒྱུད་ལུང་མན་ངག་ཇི་སྙེད་ཡོད་པ་ཐམས་ཅད་ཀྱི་གནད་ཚུར་བསྡུས་པའི་ཚིག་ཉུང་ལ་དོན་འདུས་པ་དང་། དཀའ་མོ་ཞིག་བདེ་མྱུར་དུ་རྟོགས་འགྲོ་བ་ལ་ཟེར། དེ་ནི་སྙིང་དང་འདྲ་བའི་སློབ་མ་ཁྱེད་རྣམས་ལ་གདམས་པ་ཡིན་པས། ཁྱེད་རྣམས་ཀྱིས་ཀྱང་འདི་ཐོས་པ་ཙམ་གྱིས་སྐྱུར་མི་འཇོག་པར་ཉམས་སུ་ལོངས་ཤིག་ཅེས་གསུངས།

དེ་ཡང་སྐལ་བ་དང་ལྡན་པ་རྣམས་ཀྱིས་ཐོག་མ་ཁོ་ནར་འདི་ལྟར་བསམ་པར་བྱ་སྟེ།

ཞེས་ཆོས་འདི་ཉམས་སུ་ལེན་པའི་སྐལ་བ་ལྡན་ཞིང་ཆོས་འདི་ལ་མོས་པའི་གང་ཟག་སྣོད་ལྡན་རྣམས་ཀྱིས་དང་པོ་འདི་ལྟར་བསམ་དགོས་གསུངས།

ད་རེས་རྒྱུ་དཔེ་གྲངས་གསུམ་གང་ནས་བསམས་ཀྱང་རྙེད་པར་དཀའ་ཞིང་།

ཞེས་དལ་འབྱོར་བཅོ་བརྒྱད་ཚང་བའི་མི་ལུས་རིན་པོ་ཆེ་འདི་རྙེད་པར་དཀའ་བ་ཡིན། ཇི་ལྟར་རྙེད་པར་དཀའ་ན། རྒྱུའི་སྒོ་ནས། ཚུལ་ཁྲིམས་རྣམ་པར་དག་པ་བསྲུངས། སྨོན་ལམ་རྣམ་པར་དག་པས་མཚམས་སྦྱར། སྦྱིན་པ་ལ་སོགས་པས་གྲོགས་མ་བྱས་པར་མི་འཐོབ། དཔེའི་སྒོ་ནས། གྱང་ངོས་འཇམ་པོ་ལ་སྲན་མ་གཏོར་ན་ཆགས་སྲིད་པ་དེ་བས་ཀྱང་རྙེད་པར་དཀའ་བ་ཡིན། གྲངས་ཀྱི་སྒོ་ནས། ངན་སོང་གསུམ་གྱི་སེམས་ཅན་རྣམས་ནི་ས་ཆེན་པོའི་རྡུལ་ཙམ་ཞིག་ཡོད་ན། ལྷ་མི་གཉིས་ལ་ནི་སེན་མོའི་སྟེང་གི་རྡུལ་ཙམ་ཞིག་ལས་མེད། དེ་བས་ཀྱང་ཆོས་སྒྲུབ་པའི་གང་ཟག་ནི་ཧ་ཅང་དཀོན་མོ་ཡིན། དེའི་ཕྱིར་ན་རྒྱུ་དཔེ་གྲངས་གསུམ་གང་ཅིའི་ཐད་ནས་བསམ་བློ་བཏང་ན་ཡང་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་འདི་རྙེད་པར་དཀའ་བ་ཡིན་གསུངས།

སྐྱེས་བུ་གསུམ་གྱི་གོ་འཕང་གང་བསྒྲུབས་ཀྱང་འགྲུབ་ནུས་པའི་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ།

ཅེས་མི་ལུས་དེ་ཡང་རྙེད་དཀའ་བ་ཙམ་གྱིས་མི་ཚད་པར་རྙེད་ན་དོན་ཆེ་བ་ཡིན། ཇི་ལྟར་དོན་ཆེ་ཞེ་ན། དེ་ལ་སྐྱེས་བུ་ཆུང་ངུ་ཞེས་ངན་སོང་གསུམ་གྱི་སྡུག་བསྔལ་དང་བྲལ་ནས། མཐོ་རིས་ལྷ་མིའི་གོ་འཕང་ཙམ་ཞིག་བསྒྲུབ་པར་འདོད་ན་ཡང་དེ་སྒྲུབ་པའི་རྟེན་ཁྱད་པར་ཅན་ཞིག་ཐོབ་ཡོད། སྐྱེས་བུ་འབྲིང་ཞེས་འཁོར་བ་མཐའ་དག་གི་སྡུག་བསྔལ་དང་བྲལ་ནས་རང་དོན་དུ་ཉན་རང་དགྲ་བཅོམ་པའི་གོ་འཕང་འཐོབ་པར་འདོད་ན་ཡང་ལུས་རྟེན་འདི་ཡིས་འགྲུབ་པ་ཡིན། སྐྱེས་བུ་ཆེན་པོ་ཞེས་རང་གཞན་སེམས་ཅན་ཐམས་ཅད་གཏན་བདེ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་འཐོབ་པར་འདོད་ན་ཡང་ལུས་རྟེན་འདིའི་སྟེང་ནས་འགྲུབ་ནུས། དེའི་ཕྱིར་ན་སྐྱེས་བུ་གསུམ་གྱི་ལམ་གང་བསྒྲུབས་ཀྱང་འགྲུབ་པར་ནུས་པའི་མི་ལུས་རིན་པོ་ཆེ་དེ་ད་རེས་རང་ལ་ཐོབ་ཡོད་གསུངས།

མ་ཟད་མཚན་ཉིད་དང་ལྡན་པའི་དགེ་བའི་བཤེས་གཉེན་དང་འཕྲད་དེ།

ཞེས་མི་ལུས་ཐོབ་པ་ཙམ་གྱིས་མ་ཚད་པར་བླ་མ་དགེ་བའི་བཤེས་གཉེན་དང་འཕྲད་པ་འདི་དེ་བས་ཀྱང་ཧ་ཅང་རྙེད་པར་དཀའ་བ་ཡིན་གསུངས།

ཟབ་མོའི་ཆོས་ཀྱི་གདམས་པ་སྟོན་པའི་མཐུན་རྐྱེན་ཕུན་སུམ་ཚོགས་པའི་སྐབས་འདིར།

ཞེས་ད་རུང་འཇིག་རྟེན་གྱི་ཁམས་འདིར་སངས་རྒྱས་བྱོན། ཆོས་གསུངས། བསྟན་པ་གནས། མ་ཚད་བླ་མ་དགེ་བའི་བཤེས་གཉེན་གྱིས་རང་ཉིད་རྗེས་སུ་བཟུང་། རང་གི་སྐལ་བ་དང་འཚམ་པའི་ཆོས་རྣམ་པར་དག་པ་གསུང་རྒྱུ་འདི་ག་ཤིན་ཏུ་རྙེད་པར་དཀའ་བ་ཡིན་ཡང་། ད་རེས་མཐུན་རྐྱེན་ཚང་མ་རང་ལ་འབྱོར་ཡོད་པ་ཡིན་གསུངས།

དམ་པའི་ལྷ་ཆོས་སྒྲུབ་པ་ལ་ཐང་ལྷོད་མི་བྱ་སྙམ་དུ་དམ་བཅའ་ཡང་ཡང་བྱ།

ཞེས་འདི་ལྟ་བུའི་ལུས་རྟེན་ཁྱད་པར་ཅན་ཐོབ་ཡོད་ཚེ། དོན་མེད་དུ་མི་གཏོང་བར་ངས་དམ་པའི་ལྷ་ཆོས་རྣམ་པར་དག་པ་ཞིག་བསྒྲུབ་དགོས་བསམས་ནས་དམ་བཅའ་བྱ་དགོས། དེ་ནི་དལ་འབྱོར་རྙེད་པར་དཀའ་བ་ལ་བསམས་ནས་ཆོས་སྒྲུབ་པར་དམ་བཅའ་བ་སྟེ་ཁྲིད་རྐང་དང་པོ་ཡིན།

ལུས་རྟེན་དེ་ཡང་ངེས་པར་འཆི་བ། ནམ་འཆི་ཆ་མེད། འཆི་ཚེ་ཆོས་མིན་པ་གང་གིས་ཀྱང་མི་ཕན་པའི་ཚུལ་ལ་བསམས་ནས།

ཞེས་དེ་ལྟ་བུའི་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ་ཀྱང་། དེ་ཡང་ངེས་པར་འཆི་བ་ཡིན། སྐྱེ་བ་ཡོད་པ་ནས་བཟུང་སྟེ་འཆི་བ་མ་གཏོགས་འགྲོ་ས་གཞན་མེད། འཆི་རྐྱེན་དེ་ཡང་ངེས་པ་མེད་ཅིང་ཧ་ཅང་མང་པོ་ཡིན་ཏེ། དཔེར་ན་ནད་དང་གདོན། དགྲ་མེ་གཅན་གཟན་གཡང་ས་ལ་སོགས་པ་ཆེས་ཤིན་ཏུ་མང་པོ་ཞིག་གིས་འཆི་བར་འགྱུར་བ་ཡིན། གསོན་བྱེད་ཀྱི་རྐྱེན་ནི་ཆེས་ཉུང་ཉུང་ཡིན། ཟ་མ་དང་གོན་པ་རྐྱང་བ་ཙམ་ཞིག་གསོན་རྐྱེན་ཡིན་ཡང་། དེ་ཡང་ཟས་ཟ་ཉེས་ཀྱིས་གཤེད་དུ་འགྱུར་བ་དང་། གོས་ཀྱི་ཕྱིར་དུ་དགྲ་དང་འཐབ་ནས་འཆི་བར་འགྱུར་བས་འཚོ་རྐྱེན་ཡང་འཆི་རྐྱེན་ཉིད་དུ་འགྱུར་མིན་མི་ཤེས། དེས་ན་གསོན་རྐྱེན་ཉུང་ལ་འཆི་རྐྱེན་མང་བའི་ཕྱིར་འཆི་རྐྱེན་ཡང་ངེས་མེད་ཡིན། སྔ་ཕྱིའི་འགྲོ་བ་ལ་བསམས་ན་ནམ་འཆི་ཆ་མེད་ཡིན་ཏེ། ད་སྔོན་ཡན་ཆད་ཀྱི་ས་སྟེང་གི་འགྲོ་བ་འདི་དག་ཐམས་ཅད་ཀུན་ཀྱང་མི་རྟག་པ་ཡིན། ལོ་བརྒྱའི་གོང་རོལ་གྱི་མི་གཅིག་ཀྱང་ད་ལྟ་ས་སྟེང་འདི་ན་མེད་པ་ལྟ་བུར་གྱུར་པ་ཡིན་ན། རང་རེ་ཚང་མ་ཡང་དེའི་རང་བཞིན་ལས་མ་འདས། དེ་བཞིན་དུ་འཛམ་བུ་གླིང་གི་སེམས་ཅན་སྤྱི་ལ་བསམས་ན་ཡང་དེ་ལྟ་བུ་ཡིན་ཏེ། ད་སྐབས་ཨ་རིའི་རྒྱལ་ཁབ་ཆེན་པོ་འདི་དབུ་བརྙེས་ནས་ལོ་ཉིས་བརྒྱ་བཅུ་བདུན་ཙམ་ཞིག་སོང་བ་ཡིན། ཐོག་མའི་སྐབས་ཀྱི་མི་རྣམས་ད་ལྟ་ཚང་མ་ཤི་ཚར་ལ། ཨ་རིའི་སྲིད་འཛིན་ཁྲི་རབས་བཞི་བཅུ་ཞེ་གཉིས་ལ་ཐོན་ཡོད་ཀྱང་ད་ལྟ་འགའ་རེ་ཙམ་མ་གཏོགས་ཕལ་ཆེར་ཤི་ཚར་བ་ཡིན། དེས་ན་སྔར་གྱི་སྐྱེ་འགྲོ་ལ་བསམ་བློ་བཏང་ན་ཡང་ཚང་མ་མི་རྟག་པ་ཡིན། ཕྱིས་འབྱུང་གི་སྐྱེ་འགྲོ་ལ་བསམས་ན་ཡང་། ལོ་བརྒྱ་སོང་བའི་རྗེས་སུ་ས་སྟེང་གི་འགྲོ་བ་འདི་དག་གཅིག་གཉིས་ཙམ་མ་གཏོགས་ཐམས་ཅད་ཤི་ཚར་བ་བཞིན་རང་ཉིད་ཀྱང་དེའི་རང་བཞིན་ལས་མ་འདས། ཁྱད་པར་དུ་སང་ཕོད་ད་ཚོད་ཀྱི་དུས་སྐབས་ལ་མི་མང་པོ་ཞིག་ཕྱི་མའི་ཡུལ་ལ་འགྲོ་དགོས་ཐུག་པ་ཡིན། དེའི་ཁྲོད་དུ་རང་ཉིད་མེད་ཟེར་ནས་སྨྲ་ཐག་ཆོད་པ་མིན། དེའི་ཕྱིར་ན་རང་ཡང་ངེས་པར་འཆི་བ་དང་ནམ་འཆི་ཆ་མེད་ཀྱི་བདག་ཉིད་ཅན་ཡིན་པ་ཤེས་དགོས། དེ་ནས་བཅོམ་ལྡན་འདས་ཀྱི་བཀའ་ཡི་ནང་དུ་སང་ཉིན་ཙམ་ན་ཁྱོད་མི་འཆི་ཟེར་བའི་དཔའ་གདེང་ཅི་ཞིག་ཡོད་དེ། འཆི་བདག་གཤིན་རྗེ་དང་ཁྱོད་གཉིས་ཀ་ཁ་ཐུག་པའམ་གྲོས་བྱས་པ་ནི་མེད། ཁྱོད་ཀྱི་དགའ་ས་མཐུན་གནས་ཡིན་པས་ཁྱེད་མི་འཆི་བའི་ཐམ་ག་ནི་བརྒྱབས་མེད། དེས་ན་ཁྱོད་སང་ཉིན་ཙམ་ན་ཡང་ཡོད་པའི་དཔའ་གདེང་ཅི་ཡང་ཡོད་པ་མིན་པས། དེའི་སྔོན་དུ་དགེ་བ་བསྒྲུབ་དགོས་གསུངས།

མྱུར་བ་ཉིད་དུ་དགེ་བ་སྒྲུབ་པར་དམ་བཅའ་ནན་པོ་བྱ།

ཞེས་ནམ་འཆི་མི་གོ་ཞིང་མགྱོགས་མྱུར་དུ་ཨེ་འཆི་ཡང་མི་ཤེས་པས། ཆོས་དེ་སང་ཕོད་ལ་བསྒྲུབ། གནངས་ཕོད་ལ་བསྒྲུབ། ངས་ཟླ་བ་སྔོན་མའི་ནང་ལ་ལས་ཀ་མང་པོ་བསྒྲུབས་ནས་སྒོར་མོ་མང་པོ་བསགས། ཟླ་བ་རྗེས་མའི་ནང་ལ་གནང་བ་ཞུས་ནས་གཟོད་ཆོས་བསྒྲུབ་བསམས་ནས་དེ་ལྟར་ཕྱི་འགྱངས་བྱ་མི་རུང་ཞིང་། ཤི་བ་ཟེར་བ་ནམ་ཐོན་མི་ཤེས་པས་མྱུར་བ་ཉིད་དུ་ངས་དགེ་བ་ཞིག་བསྒྲུབ་དགོས་བསམས་ནས་དམ་བཅའ་བྱ་དགོས་གསུངས། དེ་ནི་ཚེ་མི་རྟག་པ་ལ་བསམས་ནས་མྱུར་དུ་དགེ་བ་སྒྲུབ་པར་ཐག་བཅད་པ་སྟེ་ཁྲིད་རྐང་གཉིས་པ་ཡིན།

ཤི་ནས་མེད་དུ་མི་འགྲོ་བར་ལས་དཀར་ནག་གི་རྗེས་སུ་འབྲངས་ཏེ། བདེ་སྡུག་བསླུ་མེད་དུ་མྱོང་དགོས་ཤིང་།

ཞེས་ཤི་ཚར་དུས་མེ་ཤི་བ་དང་ཆུ་ཆད་པ་ལྟ་བུ་ཞིག་ཡིན་ན་དྲག་ཀྱང་། དེ་ལྟར་མ་ཡིན་པར་ལས་དགེ་བ་བསྒྲུབས་ན་བདེ་འགྲོ་ལྷ་དང་མི་ལ་སོགས་པའི་བདེ་བ་ཁྱད་པར་ཅན་འཐོབ་ཡོང་བ་དང་། མི་དགེ་བ་བསྒྲུབས་ན་ངན་སོང་གསུམ་གྱི་སྡུག་བསྔལ་ལ་སོགས་པ་མྱོང་ཡོང་བ་ཡིན། དེའི་ཕྱིར་ན་རྒྱུ་འབྲས་ནམ་ཡང་བསླུ་བ་མེད་པ་རེད་གསུངས། བཅོམ་ལྡན་འདས་ཀྱིས་ཀྱང་། རྒྱ་མཚོ་ཆེན་པོ་ལ་རླབས་དང་བྲལ་འགྲོ་བའི་གནས་སྐབས་ཤིག་སྲིད་ཀྱང་། ལས་རྒྱུ་འབྲས་ལ་འགྱུར་བ་གཏན་ནས་འབྱུང་མི་སྲིད་གསུངས། དེས་ན་ལས་དགེ་བ་ཆུང་ངུ་ནས་ཀྱང་བསྒྲུབས། མི་དགེ་བ་ཆུང་ངུ་ནས་ཀྱང་སྤངས་ནས་ལས་རྒྱུ་འབྲས་ལ་ཡིད་ཆེས་ཀྱི་སྒོ་ནས་དགེ་སྡིག་སྤང་བླང་ནན་ཏན་བྱེད་པ་ནི་ཅི་ནས་ཀྱང་གལ་ཆེ་བ་ཡིན། དེ་ནི་ལས་རྒྱུ་འབྲས་བསླུ་བ་མེད་པ་ལ་བསམས་ནས་དགེ་སྡིག་བླང་དོར་ལ་བསྐུལ་བ་སྟེ་ཁྲིད་རྐང་གསུམ་པ་ཡིན།

ཁྱད་པར་འཁོར་བའི་སྡུག་བསྔལ་ཐམས་ཅད་རྒྱ་ཆེ་ཞིང་རྒྱུན་རིང་བ་བཟོད་མི་ནུས་པའི་ཚུལ་བློ་ལ་ངེས་པར་བྱས་ཏེ།

ཞེས་ལས་རྒྱུ་འབྲས་ཀྱི་དབང་གིས་འཁོར་བའི་གནས་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ཡིན་ལ། ཁྱད་པར་དུ་ངན་སོང་གསུམ་གྱི་སྡུག་བསྔལ་ནི་རྒྱ་ཆེན་པོ་དང་རྒྱུན་རིང་བ་ཡིན། དེ་རང་གི་བློ་ཡུལ་དུ་ལེན་དགོས། དེ་ཡང་འཁོར་བའི་སྡུག་བསྔལ་དེ་རྒྱ་ཅི་ཙམ་ཆེ་ཞེ་ན། དཔེར་ན་ངན་སོང་དམྱལ་བའི་སྡུག་བསྔལ་ལ་མཚོན་ན། དེ་ལ་མགོན་པོ་ཀླུ་སྒྲུབ་ཀྱིས། འདི་ན་ཉིན་གཅིག་མདུང་ཐུང་སུམ་བརྒྱ་ཡིས། །རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ལགས་པ། །དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུ་ལའང་། །འོལ་ཡང་མི་བགྱིད་ཆར་ཡང་མི་ཕོད་དོ། །ཞེས་དཔེར་ན་འཇིག་རྟེན་ཁམས་ཀྱི་མི་ཉེས་ཆེན་ཞིག་ལ་ཉིན་རེ་བཞིན་དུ་མདའ་མདུང་གྲི་ལ་སོགས་པས་གསོན་བཤའ་བྱས་ནས་བསད། སླར་ཡང་ཚུར་ལ་སོས། དེ་ལྟར་ངན་གསོད་བྱས་ན་ཐམས་ཅད་ཀྱིས་སྡུག་བསྔལ་ཆེ་བར་བརྩི་ཡང་། དེ་ཡིས་ནི་དམྱལ་བའི་སྡུག་བསྔལ་ཆེས་ཆུང་ངུ་ཞིག་གི་དཔེ་ཙམ་ཡང་མི་འོས་ཤིང་། ངན་སོང་གི་སྡུག་བསྔལ་ནི་དེ་ལས་ཤིན་ཏུ་ཆེ་བར་གསུངས།

ཁྱད་པར་དུ་ཚ་དམྱལ་ལྟ་བུ་ཞིག་ལ་སྐྱེས་སོང་ན། ས་གཞི་ཐམས་ཅད་ཀྱང་ལྕགས་སྲེག་གི་མེ་ལྕེ་རབ་ཏུ་འབར་བའི་སྟེང་དུ། རང་ལུས་དེ་ཡང་ཧ་ཅང་ཆེན་པོ་སྡུག་བསྔལ་མི་བཟོད་མཁན་ཞིག་ཏུ་གྱུར་ནས། ལས་མཁན་རྣམས་ཀྱིས་སྟ་རེ་དང་སོག་ལེ་ལ་སོགས་ཀྱིས་ལུས་སྟོད་འདྲ་གཅོད་བྱེད་པའི་གནས་སྐབས་ན་ལུས་སྨད་ཡར་ལ་སོས། སྨད་གཅོད་པ་ན་སྟོད་སོས། དེ་ལྟ་བུའི་སྡུག་བསྔལ་བཟོད་མི་ནུས་པ་ཡུན་རིང་པོའི་བར་དུ་མྱོང་དགོས། རྒྱུན་རིང་ཚད་ལ་བསམས་ན་ཡང་། དམྱལ་བ་ཡང་སོས་ནི་དམྱལ་བའི་ནང་གི་ཚེ་ཐུང་ཤོས་ཡིན། མི་ལོ་འབུམ་ཕྲག་མང་པོ་སོང་ཡང་དམྱལ་བ་ཡང་སོས་ཀྱི་ཞག་མ་གཅིག་ཀྱང་སོང་མེད། དེ་ལྟར་མི་ལོ་བྱེ་བ་མང་པོའི་བར་དུ་སྡུག་བསྔལ་བར་མ་ཆད་པར་མྱོང་ནས་སྡོད་དགོས་ཤིང་། དམྱལ་བ་ཡང་སོས་ནི་སྡུག་བསྔལ་ཡང་ཤོས་ཡིན་པར་བཤད་ཀྱང་། དེ་ལ་ཡང་དེ་ལྟ་བུའི་སྡུག་བསྔལ་ཡོད། དེ་བཞིན་དུ་བསྡུས་འཇོམས་དང་ངུ་འབོད་སོགས་ཚ་དམྱལ་གཞན་ཐམས་ཅད་དེ་ལས་ཀྱང་རིམ་བཞིན་བདུན་འགྱུར་གྱིས་སྡུག་བསྔལ་ཆེ་བ་ཡིན། གཞན་ཡང་གྲང་དམྱལ་བརྒྱད་ཟེར་བ་ཞིག་ཡོད་པ་དེར་ཡང་གྲང་བའི་སྡུག་བསྔལ་ཤིན་ཏུ་བཟོད་པར་དཀའ་བའི་ཕྱིར་ན། ངན་སོང་དམྱལ་བའི་གནས་ན་ཚ་བ་དང་གྲང་བའི་སྡུག་བསྔལ་བཟོད་དུ་མེད་པ་ཡོད།

དེ་ནས་ཡི་དྭགས་ལ་བསམ་བློ་བཏང་ན། ཡི་དྭགས་ཀྱི་འགྲོ་བ་རྣམས་ཀྱིས་ཟས་ལྟ་ཅི། ཕལ་ཆེར་ལོ་བཅུ་གཉིས་རེ་ལའང་ཆུ་ཐིགས་པ་ཙམ་རེ་ཡང་འཐུང་རྒྱུ་མི་རྙེད་པའི་སྡུག་བསྔལ་ཡོད། ཟ་མ་དང་བཏུང་བ་མ་རྙེད་ཀྱང་ད་རུང་ལས་ཀྱི་དབང་གིས་འཆི་མི་ཐུབ་ཅིང་སྡུག་བསྔལ་མྱོང་དགོས། གལ་ཏེ་ཟ་མ་ཅུང་ཟད་ཙམ་རེ་རྙེད་ཀྱང་དེ་ལས་མེ་ལྕེ་འབར་ནས་ལུས་ཀྱི་ཕྱི་ནང་ཐམས་ཅད་བསྲེགས། སླར་ཡང་སོས་ནས་བཀྲེས་སྐོམ་གྱི་སྡུག་བསྔལ་མྱོང་དགོས་པ་ཡིན།

དུད་འགྲོ་ལ་བསམ་བློ་བཏང་ན། བྱིངས་ན་གནས་པའམ་རྒྱ་མཚོ་ཆེན་པོའི་ནང་དུ་གནས་པའི་དུད་འགྲོ་ནི། སྲོག་ཆགས་ཆེན་པོའི་ལུས་ལ་ཆུང་ཆུང་རྣམས་ཀྱིས་ཚང་བཅས་ནས་དེའི་ཤ་ལ་རྟག་ཏུ་རོལ་བ་དང་། ཆེན་པོ་དག་གིས་ཆུང་ཆུང་རྣམས་ཁྱུར་མིད་བྱས་ནས་ཟ་བ། ཕན་ཚུན་གཅིག་གིས་གཅིག་ཟ་བའི་སྡུག་བསྔལ་ཡང་བཟོད་དུ་མེད་པ་ཡོད། ཁ་འཐོར་བ་ནི་དཔེར་ན་མིའི་ཡུལ་ན་ཡོད་པའི་རི་དྭགས་དང་གཡུང་དྭགས་ལྟ་བུ་ཡིན། ལ་ལ་ཤ་ཡི་དོན་དུ་གསོད། ལ་ལ་པགས་པའི་དོན་དུ་གསོད། ལ་ལ་རུས་པའི་དོན་དུ་གསོད། ལ་ལ་བཀོལ་ཞིང་སྤྱོད་ནས་འགྲོ་འདོད་ཀྱང་འགྲོ་དབང་མེད། འདུག་བསམ་ཡང་འདུག་དབང་མེད་པར། ཁལ་བཀལ། ཞོན་པ་སོགས་ཀྱི་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་དགོས།

དེ་ལྟར་དགེ་བ་མ་བསྒྲུབས་པའི་སྐྱེ་བོ་ཐམས་ཅད་ཀྱི་མདུན་ན་ངན་སོང་གསུམ་གྱི་སྡུག་བསྔལ་གྱིས་བསྒུག་ནས་བསྡད་ཡོད་པ་ལྟ་བུ་ཡིན་པས། རང་རང་སོ་སོས་བསམ་བློ་ཐོང་དང་། ཁྱོད་ཀྱིས་མི་ཚེ་གང་པོར་དགེ་བ་ཅི་འདྲ་བསྒྲུབས་ཡོད། སྡིག་པ་ཅི་འདྲ་ཞིག་བསགས་འདུག ངས་བསམས་ན་རེ་རེ་གཉིས་རེ་མ་གཏོགས་དགེ་བ་ཉུང་ཉུང་ལས་བསྒྲུབས་ཡོད་རྒྱུ་མ་རེད། མི་དགེ་བ་གྲངས་མང་པོ་བསགས་ཡོད་ན་ཐང་། དེས་ན་ཁྱོད་འགྲོ་ས་ངན་སོང་ལས་མེད། ངན་སོང་ན་དེ་ལྟ་བུའི་སྡུག་བསྔལ་ཡོད་པས་ད་ལྟ་རང་དབང་ཡོད་པའི་གནས་སྐབས་ན་ཁྱོད་ཀྱི་ཚེ་སྟོད་དོན་མེད་དུ་གྱུར་ཀྱང་། ཚེ་སྨད་ལ་དགེ་བ་རྣམ་དག་རེ་བསྒྲུབ་པར་ཐམས་ཅད་ཀྱིས་འབད་དགོས། དེ་ནི་འཁོར་བའི་སྡུག་བསྔལ་ལ་བསམས་ནས་ཆོས་སྒྲུབ་པར་བསྐུལ་བ་སྟེ་ཁྲིད་རྐང་བཞི་པ་ཡིན།

འཁོར་བ་མཐའ་དག་ལས་གྲོལ་བར་ནུས་པའི་ཆོས་རྒྱ་ཆེན་པོ་ཞིག་སྒྲུབ་པར་དམ་བཅའ།

ཞེས་འཁོར་བའི་ཉེས་དམིགས་དང་ལས་རྒྱུ་འབྲས་ལ་བསམ་བློ་བཏང་ནས། ཆོས་རྒྱ་ཆེན་པོ་ཞིག་བསྒྲུབ་པར་དམ་བཅའ་དགོས་གསུངས།

དེ་ལྟར་དམ་བཅའ་གསུམ་པོ་དེ་ཡང་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་དུ་བླ་མ་དང་ཡི་དམ་ལ་གསོལ་བ་དྲག་ཏུ་གདབ་པར་བྱའོ། །

ཞེས་གོང་དུ་དལ་འབྱོར་རྙེད་དཀའ་ལ་བསམས་ནས་ཆོས་སྒྲུབ་པར་དམ་བཅའ། ཚེ་མི་རྟག་པ་ལ་བསམ་སྟེ་ཆོས་མྱུར་དུ་སྒྲུབ་པར་དམ་བཅའ། ལས་རྒྱུ་འབྲས་དང་འཁོར་བའི་ཉེས་དམིགས་ལ་བསམ་སྟེ་ཆོས་རྒྱ་ཆེན་པོ་ཞིག་སྒྲུབ་པར་དམ་བཅའ་བ་སྟེ། དམ་བཅའ་གསུམ་པོ་དེ་ཡང་མྱུར་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་དུ་རྩ་བའི་བླ་མ་དང་ཡི་དམ་ལ་གསོལ་བ་གདབ། བླ་མའི་བཀའ་བཞིན་དུ་སྒྲུབ་པ་ནི་གཙོ་བོ་བཤེས་གཉེན་བསྟེན་པའི་ཁྲིད་ཡིན།

དེ་ལྟར་བློ་ལྡོག་རྣམ་པ་བཞི་པོ་ནི་ཐེག་དམན་ཉན་རང་རྣམས་དང་ཐུན་མོང་གི་ཕྱིའི་སྔོན་འགྲོའི་ཁྲིད་ཡིན་ལ། དེ་ལྟ་བུའི་བློ་ལྡོག་རྣམ་པ་བཞིས་ནི་འཁོར་བ་མཐའ་དག་ལ་ཞེན་པ་མེད་པའི་བློ་སྐྱོ་སང་ངེ་བ་ཞིག་སྐྱེས་དུས་གཟོད་ཐེག་པ་ཆེན་པོའི་ལམ་ལ་འཇུག་དགོས། དེ་རིང་གི་ཁྲིད་མཚམས་དེ་ཡིན།

སྤང་ལྗོངས་སྟེང་གི་ཆོས་གོས་དམར་སེར།

ཕྱི་ཟླ་༧པའི་ཚེས་༢༨ཉིན། ཆོས་རྗེ་ཉིད་ཀྱིས་ཆོས་ཚོགས་འདིའི་རབ་ཏུ་བྱུང་བ་རྣམས་ལ་ཚུལ་ཁྲིམས་བསྲུངས་བའི་ཕན་ཡོན་དང་ཉམས་པའི་ཉེས་དམིགས་སྐོར་གྱི་གསུང་བཤད་གནང་། ཁོང་གིས་དུས་རྟག་ཏུ་འདུལ་སྡོམ་ལ་ཤིན་ཏུ་གཙིགས་ཆེན་མཛད་ཅིང་། དུས་རབས་དམིགས་བསལ་བའི་ནང་ལ་བོད་ཡུལ་དུ་ཚུལ་ཁྲིམས་རྣམ་པར་དག་པའི་རབ་བྱུང་བ་ཆེས་མང་པོ་གསོ་སྐྱོང་མཛད་པ་ཡིན། ཆོས་ཚོགས་འདིར་སྔར་ནས་རབ་ཏུ་བྱུང་བ་ཅུང་མང་པོ་ཡོད་ལ། ཆོས་རྗེ་ཉིད་བྱོན་རྗེས་སླར་ཡང་རབ་ཏུ་བྱུང་ནས་སྡོམ་པ་ལེན་མཁན་ཡང་གང་མང་བྱུང་། འདིར་ཁྱོན་བསྡོམས་རབ་བྱུང་བཅུ་ཕྲག་འགའ་ཞིག་ལས་མེད་པས། བོད་ཡུལ་གྱི་དགེ་འདུན་པ་ཁྲི་སྟོང་མང་པོ་དང་བསྡུར་ཐབས་ཁྱོན་ནས་མེད་ཀྱང་། ཨ་རིའི་ས་ཆ་འདི་ལ་མཚོན་ན། རབ་བྱུང་བའི་ཚོགས་པ་འདི་འདྲ་ཞིག་ཡོད་པ་ནི་དངོས་གནས་ལས་སླ་པོ་ཞིག་གཏན་ནས་མིན།

ངས་ད་ལྟའི་བར་དུ་ནམ་ཡང་བརྗེད་དུ་མེད་པ་ཞིག་ལ། ཉིན་དེར་ཆོས་རྗེ་ཉིད་སྤང་ཐང་གི་ལྗོན་པའི་བསིལ་གྲིབ་འོག་ཏུ་བཞུགས་ཏེ་འདུལ་བའི་གནང་བཀག་སྐོར་གྱི་བསླབ་བྱ་གནང་ཞིང་། ཆོས་གོས་དམར་སེར་མནབས་པའི་དགེ་འདུན་པ་རྣམས་ཀྱིས་དད་གུས་དང་བཅས་མཐའ་སྐོར་དུ་བསྡད་ནས་ཆོས་ཉན་བཞིན་པའི་སྣང་ཚུལ་དེ་མཐོང་བ་ན། སྔོན་སྟོན་པ་ཐུགས་རྗེ་ཅན་གྱིས་ཡུལ་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་འཁོར་ལྔ་སྡེ་བཟང་པོ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ངང་ཚུལ་ཡང་འདི་འདྲ་ཞིག་ཡིན་ཤས་ཆེ་སྙམ་པའི་ཚོར་བ་བྱུང་། བདག་གིས་ཚེ་འདིར་དགེ་འདུན་པའི་འདུ་བ་སྣ་ཚོགས་པ་ཞིག་མཐོང་མྱོང་ཡང་། དེ་འདྲའི་ནུབ་ཕྱོགས་པའི་བཞིན་རས་ཅན་གྱི་རབ་ཏུ་བྱུང་བ་མང་པོ་ལྷན་དུ་འདུས་པ་ཐོག་དང་པོར་མཐོང་བས། དགའ་བ་དང་ཡིད་སྨོན་གྱི་ཚོར་སྣང་ཁྱད་པར་བ་ཞིག་སྐྱེས།

ཉིན་དེར། ཆོས་རྗེ་ཉིད་ཀྱིས་རབ་ཏུ་བྱུང་བའི་ཕན་ཡོན་དང་འབྲེལ་བའི་གསུང་བཤད་གནང་བ་ན། དེར་འདུས་ཀྱི་དགེ་འདུན་པ་རྣམས་ལ་དགའ་སྤྲོ་དཔག་མེད་སྐྱེས་ཤིང་། ཆོས་ཚོགས་འདི་ལའང་སྔ་ན་མེད་པའི་ཁ་དོག་གསར་པ་ཞིག་བྱིན་པར་སྣང་ངོ་། །

སངས་རྒྱས་ལག་སྟེར་གྱི་ཁྲིད་ཐུན་གཉིས་པ།

ཉིན་དེའི་དགོང་མོར་སངས་རྒྱས་ལག་སྟེར་མུ་མཐུད་དུ་གསུང་།

དེ་རིང་གི་སྐབས་འདི་འཛམ་གླིང་གི་ཡུལ་གྲུ་ཀུན་ལ་ཤིན་ཏུ་དགེ་བའི་དུས་ཚེས་ཧ་ཅང་བཟང་པོ་ཡིན་ཏེ། བོད་ཡུལ་ལུང་པའི་གསང་སྔགས་རྙིང་མ་པ་ཡོད་དོ་ཅོག་གིས་ཨོ་རྒྱན་རིན་པོ་ཆེའི་རྗེས་དྲན་གྱི་དུས་མཆོད་འཚོགས་བཞིན་པའི་སྒང་ཡིན། དཔེར་ན་ང་ཚོའི་རི་ཁྲོད་དམ་སློབ་གླིང་ལ་དཔེ་མཚོན་ན། ན་ནིང་དགེ་འདུན་པ་སྟོང་ཕྲག་གསུམ་གྱིས་མཉམ་དུ་འཇམ་དཔལ་རྒྱུད་ལུགས་ཀྱི་ཚོགས་ཀྱི་འཁོར་ལོ་བསྐོར་བ་ལ་ལོངས་སུ་སྤྱོད་པའི་དུས་ཚོད་ཡིན། ད་ལོའི་གནས་སྐབས་ལ་མཚོན་ན་ཡང་། དེ་རིང་གི་ཉི་མ་འདི་ལ་སྐལ་བ་ཧ་ཅང་བཟང་པོའི་དུས་ཚོད་ཅིག་ཤར་ཐལ། དེ་ཡང་གཙོ་བོ་མཁན་པོ་ཁོང་རྣམ་པའི་བདག་རྐྱེན་ལ་བརྟེན་ནས་རབ་ཏུ་བྱུང་བའི་སྡེ་ཡང་ཁྱོན་བསྡོམས་སུམ་ཅུ་ལྷག་བསྒྲུབས་འདུག་པས། ངས་སྙིང་ཐག་པ་ནས་ཚང་མ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

སྤྱིར་ཨ་རིའི་རྒྱལ་ཁབ་ལ་ཆོས་སྒོར་ཞུགས་པ་མང་ཡང་རབ་ཏུ་བྱུང་བའི་སྡེ་ཟེར་བ་དེ་ཧ་ཅང་དཀོན་མོ་རེད། དེ་རིང་གི་ཉི་མ་འདི་ལ་མཚོན་ན། བསྟན་པའི་སྒོར་ཞུགས་པ་ཙམ་དུ་མ་ཟད་སླར་ཡང་རབ་ཏུ་བྱུང་མཁན་ཡང་མང་པོ་ཞིག་ཡོད། དེ་ཡང་བསྟན་པའི་སྒོར་ཞུགས་ཟེར་བ་ནི། ནང་པ་སངས་རྒྱས་པའི་ཆོས་ལ་དད་པ་སྐྱེས། སྐྱབས་འགྲོའི་སྡོམ་པ་བླངས། དཀོན་མཆོག་གསུམ་གྱི་རྗེས་སུ་ཞུགས་ནས་ཆོས་རྣམ་པར་དག་པ་སྒྲུབ་པ་དེ་ལ་ཟེར། རབ་ཏུ་བྱུང་བའི་སྡེ་དེ་ནམ་ཚུགས་ན་དེ་ནས་བཟུང་སྟེ་བསྟན་པའི་གཞི་ཚུགས་ཟེར་བ་ཡིན། གཞན་ནང་པ་སངས་རྒྱས་པ་ལ་སྐྱབས་སུ་སོང་བ་དང་དད་པ་སྐྱེ་བ་ཙམ་ནི་གཞན་དུ་འགྱུར་འགྲོ་བའི་ཉེན་ཁ་ཆེ། རབ་ཏུ་བྱུང་ཚར་ནས་བཟུང་སྟེ་བཅོམ་ལྡན་འདས་ཀྱི་བསྟན་འཛིན་དག་མར་གྱུར་ཚར་བ་སྟེ། རབ་ཏུ་བྱུང་བ་དེ་ཕྱི་རོལ་པར་གྱུར་པ་ལྟ་བུ་དཀོན་པ་ཡིན།

དེས་ན་རབ་ཏུ་བྱུང་བའི་སྡེ་འདི་ལྟ་བུ་ཞིག་ཨ་རིའི་ལུང་པར་ཚུགས་ཡོད་པ་ནི། ངས་ལོ་རྒྱུས་གསལ་བོ་གོ་བ་མིན་ཡང་ཧ་ལམ་ཚོད་འཇོག་བྱས་ན། ཨ་རིའི་རྒྱལ་ཁབ་ཀྱི་ལོ་རྒྱུས་སྟེང་དུའང་ངོ་མཚར་དང་གཟི་བརྗིད་ཆེ་བའི་དོན་ཞིག་ཡིན་རྒྱུ་རེད་བསམ། དཔེར་ན་བོད་ཡུལ་དུ་ཆོས་དར་བའི་ལོ་རྒྱུས་ཀྱི་དབང་དུ་བྱས་ན། བོད་ལ་རྒྱལ་པོ་ཐམས་ཅད་ཀྱི་ཐོག་མ་རྒྱལ་པོ་གཉའ་ཁྲི་བཙད་པོ་ཟེར་བ་དེ་བྱོན་ཅིང་། དེ་ནས་རྒྱལ་རབས་ཉི་ཤུ་རྩ་བརྒྱད་པ་ལྷ་ཐོ་ཐོ་རི་སྙན་བཙན་གྱི་རིང་ལ་དམ་པ་ཆོས་ཀྱི་དབུ་བརྙེས་པ་ཡིན། དེའི་སྔོན་ལ་གནམ་ལ་ཁྲི་བདུན་དང་། སྟོད་ཀྱི་སྟེང་གཉིས། ས་ལ་ལེགས་དྲུག ཆུ་ལ་ལྡེ་བརྒྱད། བར་གྱི་བཙན་ལྔ་བཅས་རྒྱལ་པོ་མང་པོ་བྱོན་ཅིང་། ལྷ་ཐོ་ཐོ་རི་ནས་རིམ་བཞིན་སངས་རྒྱས་ཀྱི་བསྟན་པའི་སྒོར་ཞུགས་པའི་ཆོས་ལ་དད་མཁན་དང་དགའ་མཁན། སྐྱབས་སུ་འགྲོ་བའི་སྡོམ་པ་ལེན་མཁན་མང་པོ་བྱུང་ཡང་། རབ་ཏུ་བྱུང་བའི་གཞི་དེ་རྩ་བ་ནས་ཚུགས་མ་ཐུབ་པ་ཡིན། དེའི་རྗེས་སུ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ། མཁན་པོ་བོ་དྷི་ས་ཏྭ་རྒྱ་གར་ནས་སྤྱན་དྲངས་ཏེ་བོད་ཀྱི་སད་མི་མི་བདུན་ཞེས་རབ་ཏུ་བྱུང་བ་བདུན་ཐོག་མར་བྱུང་། དེ་ནས་བཟུང་སྟེ་བསྟན་པའི་གཞི་ཚུགས་ཞེས་བོད་ལ་ཡོངས་སུ་གྲགས་པ་ཡིན།

དེས་ན་ཁྱེད་རྣམ་པའི་ཡུལ་འདིར་རབ་ཏུ་བྱུང་བའི་སྡེ་ལེགས་པོར་ཚུགས་ཡོད་པས། རྗེས་མ་ཡང་བོད་དུ་བསྟན་པ་དར་བ་བཞིན་དུ་རབ་ཏུ་བྱུང་བའི་སྡེ་ཕུན་སུམ་ཚོགས་པ་ཞིག་འབྱུང་བ་ལ་དཔོན་སློབ་ཚང་མས་འབད་རྩོལ་བརྒྱ་འགྱུར་དུ་བསྐྱེད་དགོས། དེས་ན་ཁྱེད་རྣམ་པ་ཤུལ་ན་ཡོད་པ་ཚང་མས་ཀྱང་ད་རུང་ཞིབ་ཏུ་བསམ་བློ་ཐོང་དང་། རབ་ཏུ་བྱུང་བར་བྱེད་པ་ལ་བར་ཆད་གསུམ་པོ་མེད་ཅིང་། རང་མོས་ཀྱི་སྒོ་ནས་རབ་ཏུ་བྱུང་མཁན་རེ་ཡོད་ན་མྱུར་དུ་བསྒྲུབས་ན་ཧ་ཅང་ཡག་པོ་རེད། ངེད་ཅག་ཀྱང་ད་ནི་ཉིན་གསུམ་མ་གཏོགས་འདུག་ཁོམ་མི་འདུག དེའི་རིང་ལ་རབ་བྱུང་སྒྲུབ་མཁན་ཡོད་ན་མཁན་པོ་རྣམ་པ་བཞུགས་ཡོད་པས་རབ་ཏུ་བྱུང་ཆོག་པ་ཡིན། རྗེས་མ་ཁྱེད་རྣམ་པས་བསྒྲུབ་བསམས་ན་ཡང་། རབ་ཏུ་བྱུང་བའི་རྟགས་རེ་འཆང་ནས་ལོ་ཁ་ཤས་ལ་སྒུག་རྒྱུ་མ་གཏོགས། རབ་ཏུ་བྱུང་བ་སྒྲུབ་མཁན་དེ་ས་ཆ་འདིར་ཐད་ཀར་འབྱོན་ཟེར་བ་ཧ་ཅང་དཀའ་མོ་ཡིན། གལ་སྲིད་བླ་མ་རེ་རེ་གཉིས་རེ་བྱོན་ཡང་དེས་ཨེ་བསྒྲུབ་མི་ཤེས་ལ། སྒྲུབ་ཨེ་ཁོམ་ཡང་མི་ཤེས། དེས་ན་ད་རེས་ཁོམ་ལོང་ཡོད་པ་ཐམས་ཅད་ཀྱིས་ད་རུང་ཡང་རབ་ཏུ་བྱུང་བ་རེ་རེ་གཉིས་རེ་བསྒྲུབ་རྒྱུ་བྱུང་ན་ཧ་ཅང་བཟང་པོ་རེད།

ཁྱེད་རྣམ་པ་ཁྱིམ་པ་རྣམས་ཀྱིས་ཀྱང་། དུས་རྒྱུན་དུ་རབ་ཏུ་བྱུང་བའི་སྡེ་འདི་ལ་གང་ཅིའི་ཐད་ནས་རྒྱབ་སྐྱོར་དང་རོགས་རམ་ཕུན་སུམ་ཚོགས་པ་རེ་ཡོང་ཐུབ་ན། རང་གི་འདི་ཕྱི་ཀུན་ཏུ་བྱས་པ་དོན་དང་ལྡན་པ་ཡིན་ཞེས་ངས་རེ་བ་བཅོལ་བ་ཡིན། དེས་ན་ཁྱེད་རྣམ་པ་རབ་ཏུ་བྱུང་བ་ཐམས་ཅད་ཀྱིས་ཀྱང་བསླབ་པ་དོ་དོ་ཏན་ཏན་གྱིས་སྲུངས་དང་། རང་ངོས་ནས་ངན་པར་མ་གྱུར་ན་ཡུལ་རྐྱེན་དེ་ནི་ཧ་ཅང་བཟང་པོ་རེད་བསམ། ངས་ཁ་སང་ཁ་ཉིན་སྐད་ཆ་འདི་འདྲ་ཚོར། ཆོས་ཚོགས་འདིའི་གཟན་ཤམ་གྱོན་པའི་ཨ་ནེ་ཇོ་མོ་ཞིག་གིས་ཕོ་བྲང་དཀར་པོའི་ནང་དུ་ལས་ཀ་བྱེད་ཀྱིན་ཡོད་ཟེར། དེ་ཡང་ཧ་ཅང་གཟི་བརྗིད་ཆེན་པོ་ཡིན། སྲིད་འཛིན་རྒན་གཞོན་རྣམས་ཡོད་པའི་དྲུང་དུ་སངས་རྒྱས་ཀྱི་ན་བཟའ་གོན་ནས་ལས་ཀ་བྱེད་བཞིན་ཡོད་པ་ནི་འཛམ་གླིང་གི་རྒྱལ་ཁབ་རྣམས་ཀྱི་ནང་ན་ཧ་ཅང་དཀོན་མོ་ཡིན། ཁོང་གིས་སངས་རྒྱས་ཀྱི་ན་བཟའ་གོན་ནས་ཕོ་བྲང་དཀར་པོའི་ནང་དུ་ལས་ཀ་བྱེད་ཀྱིན་ཡོད་པ་ལ། ངས་དགའ་རྟགས་ཀྱི་ཚུལ་དུ་དར་ཁ་ཞིག་ཁོང་ལ་འབུལ་བ་ཡིན། བཀྲ་ཤིས་བདེ་ལེགས། ༼ཐལ་སྒྲ།༽ དེ་དག་ནི་འཕྲོས་དོན་ཡིན། ད་ཆོས་ངོ་མ་འཆད་རན་པ་ཡིན།

དེ་ལ་གང་གསན་པར་བྱ་བའི་ཆོས་ནི། འཇམ་དཔལ་ཞི་སྒྲུབ་ཀྱི་ཁྲིད་ཡིག་སངས་རྒྱས་ལག་སྟེར་འདི་ཉིད་འཆད་པར་བྱེད་པ་ལ། ཐོག་མར་བློ་ལྡོག་རྣམ་བཞིའི་ཁྲིད་བཤད་གྲུབ་ནས། ཐུན་མིན་གྱི་སྔོན་འགྲོ་ལས་ཐོག་མར་སྐྱབས་སུ་འགྲོ་བའི་ཁྲིད་ཀྱི་སྐབས་ཡིན།

དེ་ནས་ལམ་ཐམས་ཅད་ཀྱི་གཞི་རྟེན།

ཞེས་སྐྱབས་སུ་འགྲོ་བ་འདི་ནི་སངས་རྒྱས་ཀྱིས་གསུངས་པའི་ཆོས་གང་ཞིག་ཉམས་སུ་བླངས་ཀྱང་དེའི་གཞི་རྟེན་མེད་དུ་མི་རུང་བ་ཡིན། སྐྱབས་འགྲོ་མ་ཡོད་ནས་བཟུང་སྟེ་སངས་རྒྱས་ཀྱིས་གསུངས་པའི་ཆོས་གང་ཡང་ཉམས་སུ་ལེན་ཐབས་མེད་གསུངས།

ནང་པ་སངས་རྒྱས་པའི་གྲལ་དུ་འཛུད་པར་བྱེད་པ་ནི།

ཞེས་སྐྱབས་སུ་འགྲོ་བ་འདི་ཡོད་ན་ནང་པ་སངས་རྒྱས་པ་ཡིན། སྐྱབས་སུ་འགྲོ་བ་འདི་མ་ཡོད་ནས་བཟུང་སྟེ་ནང་པ་སངས་རྒྱས་པ་མི་ཟེར། དེའི་ཕྱིར་ན་སྐྱབས་སུ་འགྲོ་བ་འདི་ནི་ནང་པ་སངས་རྒྱས་པའི་གྲལ་དུ་འཛུད་བྱེད་ཡིན་གསུངས།

སྐྱབས་སུ་འགྲོ་བ་འདི་ཁོ་ན་ཡིན་པས་ན་འདི་ལྟར་བསྒོམ་པར་བྱ་སྟེ།

ཞེས་སྐྱབས་འགྲོ་སྒོམ་ཚུལ་དེ་ལ་དང་པོ་ཚོགས་ཞིང་གསལ་གདབ་དགོས་ལ་ཚོགས་ཞིང་འདི་ལྟར་བསྒོམ་པར་བྱ་སྟེ་ཞེས་གསུངས།

རང་མདུན་ནམ་མཁར་འཇའ་འོད་སྤྲིན་དཀར་གྱི་བཀོད་པ་ཤིན་ཏུ་མཛེས་པའི་ཀློང་ན། ངོ་བོ་རྩ་བའི་བླ་མ་ལ་རྣམ་པ་འཇམ་དཔལ་ཡེ་ཤེས་སེམས་དཔའ་རྒྱན་ཆ་ལུགས་སྒྱུ་འཕྲུལ་གྱི་བཀོད་པ་ཐམས་ཅད་གཞུང་བཞིན་གསལ་ལ།

ཞེས་རང་གི་མདུན་དུ་འཇའ་དང་འོད་དང་སྤྲིན་དཀར་པོ་དཔག་ཏུ་མེད་པ་འཁྲིགས་པའི་དབུས་ན། ངོ་བོ་རང་གི་རྩ་བའི་བླ་མ་ཡིན་པར་བསྒོམ་དགོས་ཤིང་། རྣམ་པ་འཇམ་དཔལ་ཡེ་ཤེས་སེམས་དཔའ་སྐུ་མདོག་རྒྱན་ཆ་ལུགས་དང་བཅས་པ་གཞུང་བཞིན་དུ་གསལ་ལ་ཞེས་ཏེ། འཇམ་དཔལ་ཞི་སྒྲུབ་ཀྱི་སྐབས་ན་བཤད་པ་ལྟ་བུའི་འཇམ་དཔལ་ཡེ་ཤེས་སེམས་དཔའ་སྐུ་མདོག་སེར་པོ་དང་ཞལ་གཅིག་ཕྱག་གཉིས། ཕྱག་གཡས་ཤེས་རབ་ཀྱི་རལ་གྲི་མཁའ་ལ་ཕྱར་བ། གཡོན་པས་ཨུཏྤལ་གྱི་སྟེང་ན་གླེགས་བམ་བསྣམས་པ། སྐུ་ལ་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་པད་ཟླའི་གདན་ལ་བཞུགས་པ། སྐུ་ལ་རང་བྱུང་རྒྱུད་སྡེའི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་རྫོགས་པ། སྟེང་གི་ཆ་ལ་བླ་མ། བར་གྱི་ཆ་ལ་མཁའ་འགྲོ། འོག་གི་ཆ་ལ་ཆོས་སྐྱོང་སྲུང་མ་ཐམས་ཅད་བཞུགས་ཡོད་པ་ཞིག་བསྒོམ་དགོས་གསུངས།

དུས་ད་ནས་བྱང་ཆུབ་སྙིང་པོའི་བར་དུ།

ཞེས་ད་ནས་བཟུང་བྱང་ཆུབ་སྙིང་པོའམ་སངས་རྒྱས་ཀྱི་ས་མ་ཐོབ་བར་དུ། དྲིན་ཆེན་རྩ་བའི་བླ་མ་འཇམ་དཔལ་ཡེ་ཤེས་སེམས་དཔའ་དང་དབྱེར་མེད་པ་ཁྱེད་ཁོ་ན་ལ་བསྟེན་གསུངས།

ཁྱེད་ཁོ་ན་ལ་བསྟེན་ཏེ་ཅི་གསུང་གི་བཀའ་ཉམས་སུ་བླངས་ནས་རང་དང་ལྟ་སྤྱོད་མཐུན་པའི་གྲོགས་རྣམས་དང་ལྷན་ཅིག་ཏུ།

ཞེས་དྲིན་ཆེན་རྩ་བའི་བླ་མ་ཁྱེད་མ་གཏོགས་སྐྱབས་དང་སྐྱོབ་པ། མགོན་དང་དཔུང་གཉེན་གཞན་གང་ཡང་དངོས་སུ་མི་འཚོལ་བར་མ་ཟད། ཐ་ན་རྨི་ལམ་དུ་ཡང་མི་འཚོལ་བར་ཁྱེད་ཁོ་ན་ལ་བསྟེན་བསམ་པ་དེ་ནི་སངས་རྒྱས་ལ་སྟོན་པའི་འདུ་ཤེས་བཞག་ནས་སྐྱབས་སུ་འགྲོ་བ་དང་ཕྱོགས་འདྲ་བ་ཡིན། བླ་མ་དེས་ཅི་གསུངས་ཀྱང་དེ་ཁོ་ན་བསྒྲུབ་པ་མ་གཏོགས་གཞན་བྱ་བ་གང་ཡང་མི་བསྒྲུབ་ཟེར་བ་དེ། ཆོས་ལ་ལམ་གྱི་འདུ་ཤེས་བཞག་སྟེ་སྐྱབས་སུ་འགྲོ་བ་དང་གཅིག་ཡིན། དེ་ནས་བླ་མ་ཁྱེད་ཀྱི་རྗེས་སུ་འཇུག་པའི་སློབ་མ་རྣམས་དང་ལྟ་སྤྱོད་མཐུན་པར་བྱས་ནས། བྱང་ཆུབ་ཀྱི་ལམ་བསྒྲུབ་བསམ་པ་དེ་དགེ་འདུན་པ་ལ་གྲོགས་ཀྱི་འདུ་ཤེས་བཞག་ནས་སྐྱབས་སུ་འགྲོ་བ་སྟེ། སྤྱི་ཁྱབ་ཀྱི་སྐྱབས་འགྲོ་དང་ཁོག་འདྲ་བ་ཡིན་པ་ལ་ད་རེས་བླ་མ་ཁོ་ནར་བརྟེན་ནས་སྐྱབས་སུ་འགྲོ་བ་ཡིན་ཞེས་གསུངས།

མགོན་པོ་ཁྱེད་དང་སྐལ་བ་མཉམ་པར་གྱུར་གྱི་བར་དུ་འབད་པར་བྱ་སྙམ་དུ།

ཞེས་དེ་ལྟ་བུའི་སྟོན་པ་ལམ་གྲོགས་ཀྱི་ཚུལ་དུ་ལམ་ཡང་དག་པ་ཞིག་བསྒྲུབས་པ་དེ་རྒྱུའི་སྐྱབས་འགྲོ་ཡིན། མགོན་པོ་འཇམ་དཔལ་དབྱངས་དང་དབྱེར་མེད་པ་དྲིན་ཆེན་རྩ་བའི་བླ་མ་ཁྱེད་ཀྱི་གོ་འཕང་མ་ཐོབ་བར་སྒྲུབ་བསམ་པ་དེ་ནི་འབྲས་བུའི་སྐྱབས་འགྲོ་ཡིན། དེ་འདྲའི་དམ་བཅའ་དེ་རྒྱུད་ལ་བསྟེན་དགོས་གསུངས།

དམ་བཅའ་བ་མདོ་དང་ཐུན་མོང་དང་།

ཞེས་དེ་ལྟར་རྒྱུའི་སྐྱབས་འགྲོ་དང་འབྲས་བུའི་སྐྱབས་འགྲོ་གཉིས་ཀྱི་ཚུལ་གྱིས་སྐྱབས་སུ་འགྲོ་བ་དེ་ནི་མདོ་ཕར་ཕྱིན་ཐེག་པ་དང་འདྲ་བར་ཐུན་མོང་ཡིན་པར་གསུངས།

རང་རིག་ཀ་དག་ཆེན་པོ་ངེས་དོན་འཇམ་དཔལ་དཔའ་བོའི་བདག་ཉིད་དུ་ཤེས་པའི་ངང་སྐྱོང་བ་ཐུན་མིན་རང་ལམ་གྱི་སྐྱབས་འགྲོའི་འདུན་པ་དང་མ་བྲལ་བའི་ངང་ནས།

ཞེས་རང་གི་སེམས་ཉིད་ཡེ་ནས་སྐྱེ་བ་མེད་པ་སྟོང་ཉིད་ཀྱི་རང་བཞིན་ཅན་དེ་ནི། ངེས་པ་དོན་གྱི་དབང་དུ་བྱས་ན་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཟེར་བ་ཡིན། དེ་ཡིན་པར་ངོ་ཤེས་ནས་རང་སེམས་རྣལ་མའི་ངང་དུ་རྩེ་གཅིག་ཏུ་མཉམ་པར་འཇོག་པ་ནི་རྫོགས་པ་ཆེན་པོ་རང་རྐང་གི་སྐྱབས་སུ་འགྲོ་ཚུལ་ཡིན་གསུངས།

གཞི་དབྱིངས་ཀ་དག་སོགས། སྐྱབས་སུ་མཆི། ཞེས་ཅི་མང་བསགས།

ཞེས་གོང་གི་སྐྱབས་འགྲོ་ཚིག་བཞི་དེ་བརྒྱ་སྟོང་ཁྲི་འབུམ་ཅི་ནུས་བསོག་དགོས། དེ་ལྟར་སྐྱབས་སུ་སོང་བའི་བསླབ་བྱ་ནི། བླ་མ་དང་དཀོན་མཆོག་གསུམ་ལ་དུས་རྒྱུན་དུ་གསོལ་བ་འདེབས་པ་ལས་མི་འདའ་བར་བྱ་བ་དང་། སེམས་ཅན་མཆོག་དམན་རབ་འབྲིང་གང་ལའང་གནོད་པའི་ལས་མི་བྱ་བ། འཕགས་པའི་དགེ་འདུན་པ་ཐམས་ཅད་ལ་དད་གུས་ཕུན་སུམ་ཚོགས་པའི་སྒོ་ནས་འགྲོག་པར་བྱ་བ་ཡིན། སྐྱབས་སུ་སོང་བའི་ཕན་ཡོན་ནི། ཚེ་འདིར་ནད་དང་། གདོན། དགྲ། གཅན་གཟན་ལ་སོགས་པའི་འཇིགས་པ་བརྒྱད་དང་བཅུ་དྲུག་སོགས་ཐམས་ཅད་ཀུན་ཀྱང་ཞི། ཕྱི་མར་ངན་སོང་གནས་གསུམ་ལ་སོགས་པའི་སྡུག་བསྔལ་ཐམས་ཅད་དང་འབྲལ་བར་འགྱུར་བར་མ་ཟད། གནས་སྐབས་སུ་ལྷ་དང་མི་ཡི་ཡུལ་དུ་ཡིད་ལ་དགའ་བ་དང་ལུས་ལ་བདེ་བ་ཇི་སྙེད་ཡོད་པ་ཐམས་ཅད་ལ་ལོངས་སྤྱད། མཐར་ཐུག་ཏུ་རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་གོ་འཕང་འཐོབ་པར་འགྱུར་བ་ཡང་སྐྱབས་སུ་འགྲོ་བ་འདི་ཁོ་ནར་བརྟེན་དགོས་པའི་ཕྱིར་ན། ཐམས་ཅད་ཀྱིས་འབད་པར་བྱ་དགོས་པ་ཡིན་གསུངས།

དེ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཁྲིད་ནི། སླར་ཡང་སེམས་བསྐྱེད་པ་ནི།

སྡུག་བསྔལ་མུ་མཐའ་མེད་པ་ལ་ཁོར་མོར་སྤྱོད་པའི་སེམས་ཅན་རྣམས་སྡུག་བསྔལ་དེ་དང་བྲལ་ན་ཅི་མ་རུང་སྙམ་པའི་སྙིང་རྗེ་ཤུགས་དྲག་པོ་མིག་ནས་མཆི་མ་ཐོན་གྱི་བར་ལ་བསྒོམ།

ཞེས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཟེར་བ་དེ་ཅི་འདྲ་ཞིག་དགོས་ཟེར་ན། ནམ་མཁས་གར་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཕ་མར་མ་གྱུར་པ་གཅིག་ཀྱང་མེད། ཕ་མར་གྱུར་པའི་དུས་སུ་ད་ལྟའི་ཕ་མ་བཞིན་དུ་ཟས་ཀྱི་ཕུད་བྱིན། གོས་ཀྱི་རྩེས་གཡོགས། ཤིན་ཏུ་བྱམས་པའི་བསམ་སྦྱོར་གྱིས་སྐྱེད་བསྲིངས་པའི་དྲིན་ཆེན་ཤ་སྟག་ཡིན། དྲིན་ཆེན་དེ་དག་ཐམས་ཅད་ཀྱིས་འདོད་པ་བདེ་བ་འདོད་ཀྱང་བདེ་བའི་རྒྱུ་དགེ་བ་ནི་སྒྲུབ་མི་ཤེས། མི་འདོད་པ་དེ་སྡུག་བསྔལ་ཡིན་ཡང་སྡུག་བསྔལ་གྱི་རྒྱུ་སྲོག་གཅོད་པ་དང་མ་བྱིན་པ་ལེན་པ་སོགས་ལ་ཁོར་མོ་ཡུག་ཏུ་སྤྱད་ནས། ཞེ་ལ་འདོད་པ་དང་ལག་ལ་ལེན་པ་གཉིས་ཀ་རྒྱབ་འགལ་དུ་གྱུར་ཡོད། དེའི་ཕྱིར་ན་ཕ་མར་གྱུར་པའི་སེམས་ཅན་དེ་དག་ཐམས་ཅད་སྐྱབས་མེད་མགོན་མེད་ལོང་བ་ཐང་དཀྱིལ་དུ་ལུས་པ་འདྲ་བར་གྱུར་ཡོད་པ་རེད་བསམས་ནས་ཐམས་ཅད་ལ་སྙིང་རྗེ་བསྐྱེད་དགོས་གསུངས།

སྙིང་རྗེ་ཟེར་བ་དེ་ཅི་འདྲ་ཞིག་ལ་ཟེར་ཞེ་ན། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་སོང་ན་སྙམ་པའི་བསམ་པ་དེ་ཡིན། དེ་ཡང་སེམས་ཅན་རེ་རེ་བཞིན་དུ་སྡུག་བསྔལ་དང་བྲལ་ན་བསམ་པ་དེ་ཡུན་ཏུ་བསྒོམས་ན། ནམ་ཞིག་སེམས་ཅན་སྡུག་བསྔལ་ཅན་ཞིག་མཐོང་ཚེ་མིག་ནས་མཆི་མ་ཤོར་ཡོང་བ་ཡིན། དེ་མ་ཡོང་གི་བར་དུ་བསྒོམ་དགོས། སྙིང་རྗེ་སྐྱེས་པའི་ཚད་ཅི་འདྲ་རེད་ཟེར་ན། ད་ལྟའི་ལུས་རྟེན་གྱི་དྲིན་ཆེན་ཕ་མ་གང་ཞིག་རྒྱལ་པོ་དབང་ཡོད་ཅིག་གིས་བཟུང་ནས། དེ་ལ་མདའ་མདུང་མཚོན་ཆ་རྣམ་པ་སྣ་ཚོགས་ཀྱིས་ངན་གསོད་བྱེད་ཀྱིན་ཡོད་ན། དེ་སྐྱོབ་པའི་ཐབས་དང་ནུས་པ་ནི་བདག་ལ་མེད་པས། དེ་ལ་ཤ་ཚ་ནས་རང་དབང་མེད་པར་མིག་ནས་མཆི་མ་ཐོན་ཡོང་བ་ལྟར། མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཕ་མ་དངོས་ཀྱི་འདུ་ཤེས་མ་སྐྱེས་བར་དུ་སྙིང་རྗེ་བསྒོམ་དགོས་པ་ཡིན། དེ་ནི་སེམས་བསྐྱེད་ལ་ཟུར་གཉིས་བརྩི་རྒྱུ་ཡོད་པ་ལས་ཟུར་དང་པོ་སྙིང་རྗེས་གཞན་དོན་ལ་དམིགས་པའི་ཟུར་ཟེར་བ་དེ་ཡིན་གསུངས།

འགྲོ་ཀུན་སྒྲོལ་ནུས་པ་སངས་རྒྱས་ཀྱི་གོ་འཕང་དམ་པ་བདག་གིས་བསྒྲུབ་པར་བྱ།

ཞེས་དེ་ལྟར་བསམ་བློ་བཏང་ན། འགྲོ་བ་སེམས་ཅན་ཐམས་ཅད་སྙིང་རྗེ་ཡང་འགྲོ་ཀུན་སྒྲོལ་བའི་ནུས་པ་ནི་ད་ལྟ་བདག་ལ་མི་འདུག ད་འགྲོ་ཀུན་སྒྲོལ་ནུས་བྱེད་ཅིག་ལ་ཅི་ཡིས་དགའ་བསམས་ན་སངས་རྒྱས་ཀྱི་གོ་འཕང་ལས་གཞན་མེད། དེའི་ཕྱིར་ན་རང་གིས་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་སྙམ་པ་དེ་ཤེས་རབ་རྫོགས་བྱང་ལ་དམིགས་པའི་ཟུར་ཡིན། དེ་ལྟར་སྙིང་ཐག་པ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་སྙམ་པའི་དམ་བཅའ་ཡང་དག་པ་ཞིག་རྒྱུད་ལ་སྐྱེས་ན། དེ་ནི་སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཡིན་ཞེས་གསུངས།

དེ་ཉིད་ཡུན་རིང་པོའི་ཚེགས་ལ་མི་ལྟོས་པར་བདེ་མྱུར་དུ་འགྲུབ་པའི་ལམ་ནི་འོད་གསལ་རྫོགས་པ་ཆེན་པོ་ཁོ་ན་ཡིན་པས་ཉམས་སུ་བླང་བར་བྱའོ་སྙམ་དུ།

ཞེས་སྤྱིར་མདོ་ཕར་ཕྱིན་ཐེག་པ་ལ་སོགས་པའི་ལམ་ཉམས་སུ་བླངས་ན་ཡུན་རིང་པོ་ཞིག་ནས་སངས་རྒྱས་ཀྱི་གོ་འཕང་འཐོབ་རྒྱུ་ཡོད་ཀྱང་། དེ་དང་མི་འདྲ་བར་མྱུར་བ་ཉིད་དུ་སྟེ་ཟླ་བ་ཁ་ཤས་ཀྱིས་སངས་རྒྱས་ཀྱི་གོ་འཕང་འགྲུབ་པར་བྱེད་པའི་ཐབས་ནི་འོད་གསལ་རྫོགས་པ་ཆེན་པོ་ཡིན། དེའི་ཕྱིར་ན་རང་གིས་འོད་གསལ་རྫོགས་པ་ཆེན་པོའི་ལམ་དེ་ཉམས་སུ་བླང་བར་བྱ་སྙམ་པ་དེ་འཇུག་པ་སེམས་བསྐྱེད་ཡིན་གསུངས།

མཐའ་གྲོལ་ཅོག་གཞག་གི་ངང་ལ་གནས་བཞིན་དུ། གློ་བུར་འཁྲུལ་སྣང་སོགས། སེམས་བསྐྱེད་དོ། །ཞེས་ཅི་མང་བསགས་མཐར།

ཞེས་རྫོགས་པ་ཆེན་པོའི་ལམ་ཉམས་སུ་ལེན་བསམ་པ་ཙམ་གྱིས་མི་ཆོག་པར་མཐའ་གྲོལ་ཅོག་གཞག་གི་ངང་དུ་འཇོག་དགོས། འཇོག་བཞིན་དུ་གཞི་དབྱིངས་ཀ་དག་ཅེས་པའི་གཞུང་གི་སེམས་བསྐྱེད་ཀྱི་ཚིག་དེ་ཡང་བརྒྱ་སྟོང་ཁྲི་འབུམ་གྱི་བར་དུ་བསོག་དགོས་གསུངས།

སྐྱབས་ཡུལ་གྱི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། རང་དང་སེམས་ཅན་རྣམས་ལ་ཕོག སྡིག་སྒྲིབ་ཐམས་ཅད་ལྷག་མེད་དུ་སྦྱངས། རང་ལུས་ཀྱང་འོད་དུ་ཡལ་ཏེ་སྐྱབས་ཡུལ་ལ་ཐིམ་པར་བསམས་ལ་འཛིན་མེད་དུ་མཉམ་པར་གཞག་གོ །

ཞེས་དེ་ནས་སྐྱབས་འགྲོ་དང་སེམས་བསྐྱེད་གང་ཡིན་ཡང་རྗེས་སུ་སྐྱབས་ཡུལ་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཏེ། རང་དང་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་ཐམས་ཅད་དག མཐར་རང་དང་སེམས་ཅན་ཐམས་ཅད་ཀུན་ཀྱང་འོད་དུ་ཞུ་ནས་བླ་མའི་ཐུགས་ཀར་ཐིམ་སོང་བར་བསམས་ནས་འཛིན་མེད་ཀྱི་ངང་དུ་མཉམ་པར་གཞག མཐར་དགེ་རྩ་བྱང་ཆུབ་ཏུ་བསྔོ་བ་དེ་ནི་སྐྱབས་འགྲོ་དང་སེམས་བསྐྱེད་གང་ཡིན་ཡང་རྗེས་སུ་ཐུན་འཇོག་རན་ཁར་དེ་ལྟར་བསྔོ་དགོས།

སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་ཀྱི་སྡོམ་པ་ནི། དོ་ཞག་དབང་སྐུར་བའི་དུས་སུ་ཐོབ་ཚར་བ་ཡིན། དེའི་རྗེས་སུ་ཡང་སྐྱབས་འགྲོ་དང་སེམས་བསྐྱེད་བརྒྱ་སྟོང་ཁྲི་འབུམ་མང་པོ་གསོག་དུས། སྔོན་ཆད་བདག་ལ་དབང་བསྐུར་བའི་སྐབས་སུ་སྡོམ་པ་ཐོབ་ཡོད་སྙམ་པའི་བསམ་པ་རེ་རྒྱུད་ལ་སྐྱེ་དགོས། བྱང་ཆུབ་སེམས་ཀྱི་སྡོམ་པ་ཐོབ་དུས་བསླབ་བྱ་ལ་སྤྱིར་མང་པོ་ཡོད་ཀྱང་། མདོར་བསྡུས་ན་ཚད་མེད་པ་བཞི་ལ་དུས་རྟག་ཏུ་གོམས་པར་བྱེད་པ་འདིའི་ནང་དུ་འདུ་བ་ཡིན།

ཚད་མེད་པ་བཞི་གང་ཡིན་ཞེ་ན། སེམས་ཅན་ཐམས་ཅད་ཀྱི་སེམས་ལ་དགའ་བ་དང་ལུས་ལ་བདེ་བ་ཐོབ་སོང་ན་སྙམ་པའི་བསམ་པ་རྒྱུད་ལ་སྐྱེས་པ་ལ་བྱམས་པ་ཟེར། སེམས་ཅན་ཐམས་ཅད་ཀྱི་ལུས་ལ་ན་ཚ་དང་སེམས་ལ་སྡུག་བསྔལ་སོགས་མི་འདོད་པ་གང་ཡང་མ་བྱུང་ན་སྙམ་པ་དེར་སྙིང་རྗེ་ཟེར། སེམས་ཅན་ཐམས་ཅད་བདེ་སྐྱིད་ཕུན་སུམ་ཚོགས་པ་དང་ལྡན་པ་དེ་ལ་སྙིང་ཐག་པ་ནས་དགའ་བ་སྐྱེས་པ་ལ་དགའ་བ་ཟེར། དེ་ནས་རང་གི་ཉེ་རིང་རྩ་གསུམ་ལ་ཆགས་པ་དང་གཞན་དགྲ་བོ་སོགས་ལ་སྡང་བ་མེད་པར། ཐམས་ཅད་མཉམ་པར་བདེ་བ་དང་ལྡན་ལ་སྡུག་བསྔལ་དང་བྲལ་ན་སྙམ་པ་དེ་ལ་བཏང་སྙོམས་ཟེར། དེ་ལྟ་བུའི་བསམ་པ་ལ་ཉིན་མཚན་དུས་དྲུག་ཏུ་སྒོམ་པར་བྱེད་པ་ནི་རྩ་བ་ཡིན།

སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་གཉིས་ཆར་གྱི་སྡོམ་པ་གཏོང་བྱེད་ཅིག་ཡོད་པས་དེ་ལ་ནི་གཟབ་གཟབ་བྱ་དགོས། སྐྱབས་འགྲོའི་སྡོམ་པ་དེ་ཅི་ཞིག་གིས་གཏོང་བ་ཡིན་ཞེ་ན། གང་ཟག་སུ་ཡིན་ཡང་། བདག་ནི་ནང་པ་སངས་རྒྱས་པ་མིན། དཀོན་མཆོག་གསུམ་ལ་སྐྱབས་སུ་མི་འགྲོ། དམ་པའི་ཆོས་ཀྱང་ཉམས་སུ་མི་ལེན་བསམ་ནས་དཀོན་མཆོག་གསུམ་ལ་རྒྱབ་འགལ་གྱི་ལས་དེ་དངོས་སུ་བསྒྲུབས་པའམ་སེམས་ཀྱིས་བསམས་ནའང་འདྲ། དུས་དེ་ནས་བཟུང་སྟེ་སྐྱབས་འགྲོའི་སྡོམ་པ་དེ་ཉམས་འགྲོ་བ་ཡིན། སྐྱབས་འགྲོའི་སྡོམ་པ་དེ་ཉམས་སོང་ན་ཉེས་པ་ཅི་ཞིག་ཡོད་ཟེར་ན། སྐྱབས་འགྲོའི་སྡོམ་པ་ཉམས་པའི་གང་ཟག་དེར་ངན་སོང་གནས་གསུམ་མ་གཏོགས་མཐོ་རིས་ལྷ་མིའི་གོ་འཕང་ཡང་རྩ་བ་ནས་འཐོབ་མི་ཐུབ་པའི་ཉེས་པ་ཚད་མེད་པ་ཡོད་གསུངས།

བྱང་ཆུབ་སེམས་ཀྱི་སྡོམ་པ་ཉམས་བྱེད་ཀྱི་རྒྱུ་གང་ཡིན་ཞེ་ན། རང་གིས་སེམས་ཅན་ཐམས་ཅད་བདེ་བ་ལ་དགོད་ཐུབ་ཀྱང་མི་འགོད་སྙམ་པ་དང་། སེམས་ཅན་ཐམས་ཅད་ལ་སྙིང་ཐག་པ་ནས་སྡུག་བསྔལ་དང་ལྡན་ན་བསམ་པའམ་སྡུག་བསྔལ་ལ་སྦྱོར་བར་བྱེད་པ་རྣམས་ཀྱིས་བྱང་ཆུབ་སེམས་དཔའི་བསླབ་པ་དེ་ཉམས་པར་འགྱུར་བ་ཡིན། བྱང་ཆུབ་སེམས་ཀྱི་སྡོམ་པ་ཉམས་པར་གྱུར་ན་རང་གཅིག་པུའི་རྒྱུད་ཀྱི་དགེ་བ་ཉམས་པས་མི་ཚད། མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ་ཕན་བདེ་སྒྲུབ་པའི་སྤྱོད་པ་ལས་ཉམས་སོང་བ་ཡིན་པས། སྡིག་པ་དེ་ནི་འཇིག་རྟེན་ཁམས་ཀྱི་སྡིག་པ་གཞན་གང་གིས་ཀྱང་འགྲན་དུ་མེད་པའི་སྡིག་པ་ཚབས་ཆེན་ཡིན། རྣམ་སྨིན་ཡང་ཤིན་ཏུ་ལྕི་བ། ཡུན་རིང་པོའི་བར་དུ་འཁོར་བའི་གནས་སུ་འཁོར་བྱེད་དང་སྡུག་བསྔལ་མི་བཟད་པ་མྱོང་བྱེད་ཡིན།

དེ་ནས་བྱང་ཆུབ་སེམས་ཀྱི་ཕན་ཡོན་དེ་ཡང་མདོར་བསྡུས་ཏེ་ཚིག་ཁ་ཤས་ཀྱིས་ཞུས་ན། དེ་བཞིན་གཤེགས་པས་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས་ཀྱང་། དེ་ཐམས་ཅད་ཀྱི་ནང་ནས་ཟབ་པ་མཐར་ཐུག་པ་དེ་ནི་བྱང་ཆུབ་ཀྱི་སེམས་བསྒོམ་པ་འདི་ཁོ་ན་ཡིན། བྱང་ཆུབ་ཀྱི་སེམས་དེ་རྒྱུད་ལ་སྐྱེས་པར་གྱུར་ན། འཁོར་བའི་གནས་ཀྱི་ལུས་དང་སེམས་ཀྱི་སྡུག་བསྔལ་ཐམས་ཅད་ཀུན་ཀྱང་ཡོངས་སུ་ཞི་བར་འགྱུར་བ་དང་། བདེ་བ་དང་དགའ་བ། ཡོན་ཏན་དཔག་ཏུ་མེད་པ་ཡང་དེ་མ་ཐག་ཏུ་འབྱུང་བར་འགྱུར་བ་ཡིན་པའི་ཕྱིར་ན། གཞན་གང་གིས་ཀྱང་འགྲན་དུ་མེད་པའི་ཡོན་ཏན་ཚད་མེད་པ་ཡོད།

བྱང་ཆུབ་ཀྱི་སེམས་འདི་ཉིད་རྒྱུད་ལ་སྐྱེས་པ་ཙམ་གྱི་མོད་ལ་གང་དེའི་མིང་ལའང་བྱང་ཆུབ་སེམས་དཔའ་ཟེར། དོན་གྱི་ངོས་ནས་བསམ་བློ་བཏང་ན་ཡང་། བྱང་ཆུབ་སེམས་དཔའ་དེ་དངོས་སུ་བཞུགས་ན་འཇིག་རྟེན་གྱི་ལྷའི་དབང་པོ་བརྒྱ་བྱིན་དང་ཚངས་པ། གནོད་སྦྱིན་ལ་སོགས་མངོན་ཤེས་དང་ལྡན་པ་ཐམས་ཅད་ཀྱིས་ཕྱག་འཚལ་བ་སྨོས་མ་དགོས། ཐ་ན་བྱང་ཆུབ་སེམས་དཔས་ཞབས་རྐང་གིས་བཅགས་པའི་སའི་རྡུལ་ལ་ཡང་སྤྱི་བོའི་གཙུག་ཏུ་མཆོད་པར་བྱེད་པ་ཡིན།

བྱང་ཆུབ་སེམས་ཀྱིས་མ་ཟིན་པའི་ལུས་ཀྱིས་ཕྱག་འཚལ་བ་དང་སྐོར་བ་བྱེད་པ། ངག་གིས་ཁ་ཏོན་བཟླས་བརྗོད་ལ་སོགས་པ་བྱས་པའི་དགེ་རྩ་རྣམས་ནི་ཁོང་ཁྲོ་ངན་པ་སྐྱེས་ན་ཟད་པར་འགྱུར་ཀྱང་། བྱང་ཆུབ་སེམས་ཀྱིས་ཟིན་ནས་བཟུང་སྟེ་ཁོང་ཁྲོ་ལ་སོགས་པ་གཞན་གང་གིས་ཀྱང་གནོད་པ་མི་ཚུགས་པར་དགེ་བ་དེ་གོང་ནས་གོང་དུ་འཕེལ་བར་འགྱུར། བྱང་ཆུབ་སེམས་ཀྱིས་མ་ཟིན་ན་དགེ་བ་རང་གི་ཚོད་ཀྱི་འབྲས་བུ་ཞིག་སྨིན་ཡང་། འབྲས་བུ་དེ་ལན་གཅིག་སྨིན་ནས་ཟད་པར་འགྱུར་བ་ཡིན། དཔེར་ན་མ་ཎི་ཚིག་གཅིག་མ་གཏོགས་མ་བཏོན་ཀྱང་། བྱང་ཆུབ་སེམས་ཀྱིས་ཟིན་པའི་དགེ་རྩ་ནི་གནས་སྐབས་སུ་མིའི་གནས་སུ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དང་། ལྷའི་གནས་སུ་ཚངས་པ་དང་བརྒྱ་བྱིན་ལ་སོགས་པའི་སྐྱེ་བ་མང་དུ་བླངས། དེར་མ་ཟད་རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་གོ་འཕང་ཡང་འཐོབ་པར་འགྱུར་བ་ཡིན།

བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་ན་རང་གའི་སྡིག་པ་ཆུང་ངུ་དག་ནི་རྩ་བ་ནས་འདག་པར་འགྱུར་བ་མ་ཟད། སྡིག་པ་ཆེན་པོ་ཕ་བསད་པ་དང་མ་བསད་པ་ལྟ་བུ་ངན་སོང་གི་གནས་སུ་སྐྱེ་ངེས་ཀྱི་ལས་ཡིན་ཡང་། སེ་གོལ་རྡེབ་ཡུན་ཙམ་མ་གཏོགས་ངན་སོང་གི་སྡུག་བསྔལ་མྱོང་མི་དགོས་པར་ཐར་བར་འགྱུར་བ་སོགས་ཕན་ཡོན་དཔག་ཏུ་མེད་པ་ཡོད། དེས་ན་འདས་མ་འོངས་ད་ལྟ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་གཤེགས་ཤིང་འབྱོན་པར་འགྱུར་བའི་ལམ་མམ། ཐམས་ཅད་ཀྱི་ཉམས་སུ་བླང་བྱ་མཐར་ཐུག་པ་ནི་བྱང་ཆུབ་ཀྱི་སེམས་འདི་ཁོ་ན་ཡིན། འདི་ལ་བརྟེན་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་གོ་འཕང་འཐོབ་པར་འགྱུར་བ་ཡིན། བྱང་ཆུབ་ཀྱི་སེམས་འདི་ཉིད་མེད་ན་དེ་དག་གི་གོ་འཕང་ཐོབ་པའི་རྒྱུ་རྩ་བ་ནས་ཡོད་པ་མིན།

རང་རེ་རྣམས་ཀྱིས་བླ་མ་བཟང་པོ་དང་བླ་མ་ངན་པ་ཟེར་བ་དེ་ཡང་། གང་ལ་བྱང་ཆུབ་ཀྱི་སེམས་འདི་ཉིད་ཐུགས་རྒྱུད་དུ་ཡོད་ན་དེ་བླ་མ་བཟང་པོ་ཡིན། བྱང་ཆུབ་ཀྱི་སེམས་འདི་ཉིད་རྩ་བ་ནས་མེད་པ་ཞིག་ཡིན་ན་དེ་ལ་བླ་མ་སྡུག་པོ་ཟེར། བླ་མ་བཟང་མི་བཟང་ཟེར་བ་འདི་ཡང་བྱང་ཆུབ་ཀྱི་སེམས་འདི་ཡོད་མེད་ཁོ་ནས་ཕྱེ་དགོས་པ་ཡིན། བྱང་ཆུབ་ཀྱི་སེམས་ཐུགས་རྒྱུད་ན་ཡོད་པའི་བྱང་ཆུབ་སེམས་དཔའ་ཁོང་རང་བདེ་ཞིང་སྐྱིད་པ་ཡིན་པ་བཤད་མི་དགོས་ཀྱང་། དེར་མ་ཟད་དེ་ཉིད་གང་དུ་བཞུགས་པའི་ཡུལ་ཁམས་ཀུན་ཏུ་བདེ་ཞིང་སྐྱིད་པར་འགྱུར་བའི་ཕན་ཡོན་ཡོད། དེར་བརྟེན་པའི་སེམས་ཅན་ཐམས་ཅད་ལ་བདེ་སྐྱིད་དང་སངས་རྒྱས་ཀྱི་ལུང་དང་རྟོགས་པའི་བསྟན་པ་རིན་པོ་ཆེ་ཡང་རང་ཤུགས་ཀྱིས་དར་ཞིང་རྒྱས་པར་འགྱུར་བ་ཡིན། དཔེར་ན་ཉི་མ་ཤར་ན་མུན་པ་རང་ཤུགས་ཀྱིས་དེངས་ནས་འོད་སྣང་གསལ་ཡོང་བ་ལྟ་བུ་ཡིན་གསུངས།

དེ་དག་གིས་བྱང་ཆུབ་སེམས་ཀྱི་ངོ་བོ་དང་། བསླབ་བྱ། སྡོམ་པ་ཉམས་བྱེད་ཀྱི་རྒྱུ། ཕན་ཡོན་ལ་སོགས་པ་ཐམས་ཅད་ཅུང་ཟད་རྒྱས་པའི་ཚུལ་དུ་བཤད་བ་ཡིན།

དེ་བཤད་དགོས་པའི་རྒྱུ་མཚན་ནི། འུ་ཅག་གི་ལས་རིམ་ནང་དུ་བྱང་ཆུབ་སེམས་ཀྱི་ཁྲིད་དེ་ལས་རིམ་གཅིག་ལ་བཞག་འདུག་ཀྱང་། ཁ་སང་ཉིན་དང་པོའི་སྐབས་གཙོ་བོ་བདེན་བཞིའི་ཆོས་ཁྲིད་བཤད་ནས་དུས་ཚོད་ཀྱི་ཁ་གང་སོང་བས། བྱང་ཆུབ་སེམས་ཀྱི་ཕན་ཡོན་དང་བསླབ་བྱ་ལ་སོགས་པ་རྒྱ་ཆེར་བཤད་ཁོམ་མ་སོང་། དེ་རྗེས་ཀྱང་ཁྲིད་ཡིག་སངས་རྒྱས་ལག་སྟེར་ལ་སོགས་པའི་ཁྲིད་ཀྱིས་དུས་ཚོད་རྫོགས་སོང་བས་ཁྱེད་རྣམ་པའི་ཐུགས་བཞེད་དེ་བསྐངས་མ་ཐུབ། དེས་ན་དེ་རིང་གི་སྐབས་འདིར་ཧ་ཅང་བདེ་མོ་རེད་བསམས་ནས་རྒྱས་སྤྲོས་ཀྱི་ཚུལ་དུ་ཅུང་ཟད་ཞུས་པ་ཡིན།

བླ་མའི་རྣལ་འབྱོར་ནི་བླ་མ་སྔར་ལྟར་དུ་གསལ་ལ།

ཞེས་བླ་མའི་རྣལ་འབྱོར་གྱི་ཁྲིད་ནི། སྔར་སྐྱབས་འགྲོའི་ཚོགས་ཞིང་གི་སྐབས་སུ་བཤད་པ་བཞིན་དུ་མདུན་གྱི་ནམ་མཁའ་ལ་བསྒོམ་དགོས་གསུངས།

ད་ནས་ཚེ་རབས་ཀུན་ཏུ་སྐྱབས་གནས་ཀུན་འདུས་དྲིན་ཆེན་རྩ་བའི་བླ་མ་ཁྱེད་ལས་གཞན་པའི་རེ་ས་རྨི་ལམ་དུ་ཡང་མི་འཚོལ།

ཞེས་དུས་ད་ནས་བྱང་ཆུབ་སྙིང་པོ་མ་ཐོབ་ཀྱི་བར་དུ། བླ་མ་ཁྱེད་ཁོ་ན་མ་གཏོགས་སྐྱབས་དང་སྐྱོབ་པ་མགོན་དང་དཔུང་གཉེན་རྨི་ལམ་དུ་ཡང་མི་འཚོལ་བསམ་པ་དེ་བླ་མའི་སྐུ་ལ་སངས་རྒྱས་ཀྱི་འདུ་ཤེས་བཞག་སྟེ་སྐྱབས་སུ་འགྲོ་བ་ཡིན་གསུངས།

ཁྱེད་ཁོ་ན་སྐྱབས་གནས་སུ་བསྟེན་ནས་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་བ་མཐའ་དག་ཁྱེད་ལ་འབུལ།

ཞེས་དྲིན་ཆེན་རྩ་བའི་བླ་མ་ཁྱེད་ཁོ་ན་སྐྱབས་གནས་སུ་བསྟེན། རང་གི་གཅེས་པར་འཛིན་ཞིང་སེམས་ཀྱིས་རྩ་བ་ནས་གཏོང་མི་ཐུབ་པ་དེ་གང་ཡིན་ན་རང་གི་ལུས་པོ་འདི་ཡིན། དྲིན་ཆེན་རྩ་བའི་བླ་མ་ཁྱེད་ལ་རང་གི་ལུས་པོ་འདི་ཡང་འབུལ། དེ་ནས་གཅེས་རྒྱུ་དམར་རྒྱུ་དེ་རང་གི་རྒྱུ་རྫས་ལོངས་སྤྱོད་ཡིན། ལོངས་སྤྱོད་དེ་ཡང་རྩ་བའི་བླ་མ་ཁྱེད་ལ་འབུལ། དེ་རྗེས་ཆགས་ཤིང་ཞེན་འདུག་ས་དེ་རང་གི་དུས་གསུམ་གྱི་དགེ་རྩ་ཅུང་ཟད་བསགས་པ་དེ་ཡིན། དུས་གསུམ་གྱི་དགེ་རྩ་ཡང་ཁྱེད་ལ་འབུལ་ཞེས་བདག་ཏུ་འཛིན་པའི་གཞི་གསུམ་པོ་ཁྱེད་ལ་འབུལ་བ་ཡིན། དེ་རྣམས་ཀྱིས་གཙོ་བོ་བྱས་ནས་འཇིག་རྟེན་གྱི་ཁམས་འདི་ན། བདག་ཏུ་བཟུང་བ་དང་མ་བཟུང་བའི་ཡིད་འོང་གི་དངོས་པོ་ཡོད་ཚད་ཐམས་ཅད་ཀྱང་དྲིན་ཆེན་རྩ་བའི་བླ་མ་ཁྱེད་ལ་འབུལ་བསམ་ནས། དངོས་སུ་ཡང་ཡོན་ཆབ་བཤམས་པ་དང་། མར་མེ་འབུལ་བ། བདུག་སྤོས་བདུགས་པ་སོགས་མཆོད་པ་འབུལ་རྒྱུ་དེ་ནི་གཙོ་བོ་བླ་རྣམ་དང་འབྲེལ་བའི་མཎྜལ་གྱི་ཁྲིད་ཡིན་གསུངས།

ཐོག་མེད་ནས་བསགས་པའི་སྡིག་ལྟུང་མ་ལུས་པ་མཐོལ་ཞིང་བཤགས་ན།

ཞེས་ཚེ་རབས་འཁོར་བ་ཐོག་མ་མེད་པའི་དུས་ནས་ད་ལ་མ་ཐུག་གི་བར་དུ། སེམས་ཉོན་མོངས་པ་འདོད་ཆགས་ཞེ་སྡང་གཏི་མུག་གི་དབང་གིས་མི་དགེ་བ་ཇི་སྙེད་ཅིག་བསགས་པ་ཐམས་ཅད་བློ་ཡུལ་དུ་བླངས་ནས། རྒྱལ་བ་སྲས་བཅས་ཐམས་ཅད་ལ་མཐོལ་ཞིང་། སྔར་བྱས་ཀྱི་སྡིག་པ་ལ་འགྱོད་པ་སྐྱེས། ཕྱིན་ཆད་མི་བྱ་སྙམ་པའི་དམ་བཅའ་བཞག་ནས་ཡོངས་སུ་བཤགས་པའི་གཉེན་པོ་སྟོབས་བཞི་ཚང་བའི་སྒོ་ནས་བཤགས། དེ་ལྟར་ཡོངས་སུ་བཤགས་པར་བྱེད་པ་དེ་ནི་བླ་རྣམ་ལ་བརྟེན་ནས་སྒྲིབ་སྦྱོང་གི་ཁྲིད་ཡིན་གསུངས།

བདག་གི་རྒྱུད་སྨིན་ཅིང་གྲོལ་བར་མཛད་དུ་གསོལ། འོད་གསལ་རྫོགས་པ་ཆེན་པོའི་ལམ་མཐར་ཕྱིན་ཏེ་འདྲེན་མཆོག་ཁྱེད་ཀྱི་གོ་འཕང་འཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་དུ།

ཞེས་འོད་གསལ་རྫོགས་པ་ཆེན་པོའི་ལམ་ཟབ་མོས་དང་པོ་རང་གི་རྒྱུད་མ་སྨིན་པ་དེ་དབང་གིས་སྨིན་པར་བྱས། མ་གྲོལ་བ་དེ་གདམས་ངག་གིས་གྲོལ་བར་བྱས། འོད་གསལ་རྫོགས་པ་ཆེན་པོའི་ཀ་དག་ཁྲེགས་ཆོད་དང་ལྷུན་གྲུབ་ཐོད་རྒལ་གྱི་ལམ་དེ་མཐར་ཕྱིན་ནས། མཐར་ཐུག་དྲིན་ཆེན་བླ་མ་ཁྱེད་དང་སྐལ་བ་མཉམ་པའམ་ཁྱེད་ཀྱི་གོ་འཕང་འཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་ནས་གདུང་ཤུགས་དྲག་པོས་འོག་ནས་འབྱུང་བའི་གསོལ་འདེབས་འདི་གདོན་དགོས་གསུངས།

གཞོན་ནུའི་སྐུ་ལུས་འཆང་བ་པོ། །ཡེ་ཤེས་སྒྲོན་མེས་རབ་ཏུ་བརྒྱན། །

འཇིག་རྟེན་གཏི་མུག་མུན་སེལ་བ། །འཇམ་པའི་དབྱངས་ལ་གསོལ་བ་འདེབས། །

ཞེས་རྩེ་གཅིག་ཏུ་གསོལ་བ་བཏབ་མཐར།

ཞེས་མགོན་པོ་འཇམ་པའི་དབྱངས་ཁྱེད་ནི་ཕར་ལྟར་སྣང་ལ་ལོ་བཅུ་དྲུག་ལོན་པའི་ན་ཚོད་ཅན་གྱི་གཞོན་ནུའི་སྐུ་ལུས་འཆང་བ་དང་། སངས་རྒྱས་ཀྱི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྒྲོན་མེས་རབ་ཏུ་བརྒྱན་པ། འཇིག་རྟེན་པ་ཐམས་ཅད་ཀྱི་རྒྱུད་ཀྱི་མ་རྟོགས་ལོག་རྟོག་ཐེ་ཚོམ་གྱི་མུན་པ་ཐམས་ཅད་སེལ་བར་བྱེད་པ། མགོན་པོ་འཇམ་པའི་དབྱངས་ཁྱེད་ལ་གསོལ་བ་འདེབས་སོ་བདག་གི་རྒྱུད་བྱིན་གྱིས་བརླབ་པར་མཛད་དུ་གསོལ་ཟེར་ནས་ཚིགས་བཅད་དེ་བརྒྱ་སྟོང་ཁྲི་འབུམ་གྱི་བར་དུ་ཅི་ནུས་སུ་བསོག་དགོས་གསུངས།

བླ་མའི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་བྱུང་། རང་གི་གནས་གསུམ་དུ་ཐིམ་པས་སྒོ་གསུམ་གྱི་སྒྲིབ་པ་དག སྐུ་གསུང་ཐུགས་ཀྱི་ཡོན་ཏན་མཐའ་དག་མངོན་དུ་གྱུར། མཐར་བླ་མའང་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསམས་ལ་བློ་འདས་གཉུག་མའི་ངང་དུ་མཉམ་པར་གཞག

ཅེས་ཐུན་འཇོག་རན་ཁར་བླ་མའི་སྤྱི་བོའམ་དཔྲལ་བ་ལས་འོད་ཟེར་དཀར་པོ་བྱུང་། མགྲིན་པ་ལས་འོད་ཟེར་དམར་པོ་བྱུང་། སྙིང་ཁ་ལས་འོད་ཟེར་མཐིང་ག་བྱུང་སྟེ། རང་གི་དཔྲལ་བ་མགྲིན་པ་སྙིང་ཁ་གསུམ་ལ་ཐིམ་པའི་སྟོབས་ཀྱིས་རང་གི་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག བླ་མའི་སྐུ་གསུང་ཐུགས་གསུམ་གྱི་ཡོན་ཏན་ཐམས་ཅད་རང་ལ་ཐོབ། དེའི་རྗེས་སུ་བླ་མ་ཡང་འོད་ཀྱི་གོང་བུ་གཅིག་ཏུ་གྱུར་ནས་རང་གི་སྤྱི་བོ་ནས་མར་ཞུགས་ཏེ་སྙིང་དབུས་སུ་ཐིམ་པས། བླ་མའི་ཐུགས་དང་རང་སེམས་དབྱེར་མེད་པའི་ངང་ལ་ཅི་གནས་སུ་འཇོག་དགོས་གསུངས།

སླར་དེ་ལས་ལྡང་བ་ན་སྣང་སྲིད་བླ་མའི་ངོ་བོར་མོས་ལ། དགེ་རྩ་བྱང་ཆུབ་ཏུ་བསྔོ་བར་བྱའོ། །

ཞེས་ཅི་གནས་སུ་བཞག སླར་ཡང་ཏིང་ངེ་འཛིན་དེ་ཡི་ངང་ལས་ལྡང་བ་ན་སྣང་སྲིད་ཐམས་ཅད་བླ་མ་ཡིན་པར་བསམ། ཕྱི་སྣོད་ཀྱི་འཇིག་རྟེན་ཡང་བླ་མ་ཡིན། ནང་བཅུད་ཀྱི་སེམས་ཅན་ཡང་བླ་མའི་རྣམ་རོལ་ཡིན་བསམས་ནས་དག་སྣང་འབའ་ཞིག་གི་ངང་དགེ་རྩ་བྱང་ཆུབ་ཏུ་བསྔོ་དགོས་གསུངས།

དེ་ནས་རྫོགས་རིམ་ནི། རང་ལུས་ཐ་མལ་དུ་གནས་པའི་དབུས་དྲང་པོར་དབུ་མ་སྔོ་བསངས་མདའ་སྨྱུག་ཙམ་ཡར་སྣེ་སྤྱི་བོ་དང་མར་སྣེ་ལྟེ་འོག་ཏུ་ཟུམ་པ།

ཞེས་རྫོགས་རིམ་གྱི་ཁྲིད་ནི། དང་པོ་རང་གི་ལུས་དེ་ལྷ་སྐུ་ལྟ་བུར་གསལ་མི་དགོས་པར། རང་གི་ལུས་དེ་ཅི་འདྲ་ཡིན་པ་དེ་འདྲ་ཞིག་སྒོམ་རྒྱུ་དེར་རང་ལུས་ཐ་མལ་དུ་གནས་པ་ཟེར། དེའི་དབུས་སུ་ཡ་ཡོ་འཁྱག་འཁྱོག་མེད་པར་དྲང་པོར་གནས་ཡོད་པ་དེ་ལ་རྩ་དབུ་མ་ཟེར། དེ་མདོག་སྔོ་མདངས་ཅན་དང་སྦོམ་ཕྲ་མདའ་སྨྱུག་ཙམ་མམ་རང་གི་སྲིན་མཛུབ་ཀྱི་ཚད་ཙམ་ཞིག་བསྒོམ། དེའི་ཡར་སྣེ་སྤྱི་བོར་ཁ་ཕྱེས་ཡོད་པ་དང་། མར་སྣེ་ལྟེ་འོག་ན་ཚུར་ཁ་ཟུམ་ཡོད་པ་དེ་འདྲ་ཞིག་བསྒོམ་དགོས་གསུངས།

གཡས་སུ་རོ་མ་དམར་པོ་དང་གཡོན་དུ་རྐྱང་མ་དཀར་པོ་མར་སྣེ་དབུ་མ་དང་ཡི་གེ་ཆ་ཡི་དབྱིབས་སུ་འབྲེལ། ཡར་སྣེ་སྣ་བུག་གཉིས་ལ་ཟུག་པར་བསྒོམས་ལ་རླུང་རོ་བསལ།

ཞེས་གཡས་སུ་རོ་མ་དམར་པོ་དང་གཡོན་དུ་རྐྱང་མ་དཀར་པོ་དེ་གཉིས་ཀ་ཡང་ཡར་སྣེ་སྣ་བུག་གཡས་གཡོན་གཉིས་ལ་ཟུག་ཡོད་པ་དང་། མར་སྣེ་ལྟེ་འོག་ན་དབུ་མ་དང་འབྲེལ་ནས་བོད་ཀྱི་ཡི་གེ་ཆ་ཡི་དབྱིབས་འདྲར་གྲུབ་ནས་ཐམས་ཅད་འདུས་མདོ་གཅིག་ཏུ་སོང་ཡོད་པ་དེ་འདྲ་ཞིག་བསྒོམ་དགོས། དེ་ནས་ལུས་ཀྱི་ནང་གི་ནད་གདོན་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་བསམས་ནས། སྣ་བུག་གཉིས་ནས་རླུང་ལན་གསུམ་གྱི་བར་དུ་ཕྱིར་བུས་ནས་རླུང་རོ་བསལ་དགོས་གསུངས།

རླུང་ཚུར་རྔུབ་པ་སྣ་བུག་གཉིས་ནས་རོ་རྐྱང་གི་ལམ་བརྒྱུད་དེ་ལྟེ་འོག་རྩ་གསུམ་འདུས་མདོར།

ཞེས་རླུང་ཚུར་རྔུབ་པའི་གནས་སྐབས་ན་རོ་རྐྱང་གཉིས་ཀའི་ལམ་ནས་ཚུར་བརྒྱུད་དེ་ལྟེ་འོག་རྩ་གསུམ་འདུས་མདོར་ཐོན་ཡོང་བར་བསམ་དགོས་གསུངས།

གཏུམ་མོ་ཡེ་ཤེས་ཀྱི་མེ་རྩ་བ་བརྟན་པ། རྩེ་མོ་རྣོ་བ། རེག་བྱ་ཤིན་ཏུ་ཚ་བ་ནས་འབྲུ་ཙམ་ལ་ཕོག་པས་མེ་ལྕེ་ཆེར་འབར། ཟག་བཅས་ཀྱི་ལུས་རྩ་རླུང་ཐིག་ལེ་དང་བཅས་པ་ལྷག་མེད་དུ་བསྲེགས་ཏེ་མི་དམིགས་པར་ཡལ།

ཞེས་ལྟེ་འོག་དེ་ན་གཏུམ་མོའི་མེ་རྩ་བ་བརྟན་པ། རྩེ་མོ་ཕྲ་བ། རེག་བྱ་ཤིན་ཏུ་ཚ་བ་ཅན་ཞིག་ཡོད་པ་ལ་རླུང་དེ་ཕོག་སོང་བར་བསམ། དེ་ནས་རླུང་གི་སྟོབས་ཀྱིས་མེ་ལྕེ་ཆེར་འབར་བས་རང་གི་ལུས་མ་དག་པའི་རྩ་རླུང་ཐིག་ལེ་དང་བཅས་པ་ཐམས་ཅད་བསྲེགས་ཏེ་མི་དམིགས་པ་སྟོང་པ་ཉིད་ཀྱི་ངང་དུ་ཡལ་སོང་བར་བསམ་དགོས་གསུངས།

སྟོང་པའི་ངང་ལས་རང་ཉིད་འཇམ་དཔལ་རྡོ་རྗེའི་སྐུ་ཕྱི་ནང་ཟང་ཐལ་བ་ཕྲུ་མ་ཕུས་བཏབ་པ་ལྟ་བུའི་དབུས་སུ།

ཞེས་སྟོང་པའི་ངང་ལས་རང་ཉིད་འཇམ་དཔལ་རྡོ་རྗེའི་སྐུ་ལུས་ཕྱི་གསལ་ནང་གསལ་ཕྲུ་མ་ཕུས་བཏབ་པ་ལྟ་བུའམ། ཤེལ་སྒོང་ལྟ་བུ་རྒྱན་ཆ་ལུགས་ལ་སོགས་པ་གཞུང་བཞིན་དུ་བསྒོམ་པ་དེ་ནི་ཕྱི་ལུས་ལ་དམིགས་པ་ཡིན་གསུངས།

རྩ་གསུམ་འཁོར་ལོ་བཞི་ལྟེ་བའི་ཨ་ཐུང་དང་བཅས་པ། དབུ་མའི་ཡར་སྣེར་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་དྲན་པ་ཙམ་གྱིས་བདེ་སྟོང་བསྐྱེད་ནུས་པ་ཧཾ་ཡིག་དཀར་པོ་མགོ་ཐུར་ལ་བསྟན་པ་གསལ་བཏབ་ལ།

ཞེས་སྔར་བཤད་པའི་དབུས་སུ་དབུ་མ་དང་། གཡས་སུ་རོ་མ། གཡོན་དུ་རྐྱང་མ་སྟེ་རྩ་གསུམ་པོ་དང་། འཁོར་ལོ་བཞི་ཞེས་སྤྱི་བོ་བདེ་ཆེན་གྱི་འཁོར་ལོར་རྩ་འདབ་དཀར་པོ་སུམ་ཅུ་སོ་གཉིས་ཡོད་པ་དང་། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོར་རྩ་འདབ་དམར་པོ་བཅུ་དྲུག་ཡོད་པ། སྙིང་ཁ་ཆོས་ཀྱི་འཁོར་ལོར་རྩ་འདབ་མཐིང་ག་བརྒྱད་ཡོད་པ། ལྟེ་བ་སྤྲུལ་པའི་འཁོར་ལོར་རྩ་འདབ་སེར་པོ་དྲུག་ཅུ་རྩ་བཞི་ཡོད་པ་ཞིག་ཡིན། རྩ་འདབ་ཟེར་བ་དེ་ཡང་གདུགས་ཀྱི་རྩིབས་མ་ལྟ་བུར་རྩ་བ་རེ་རེ་ནས་ཕར་ལ་གྱེས་ཡོད་པ་དང་། སྤྱི་བོ་དང་མགྲིན་པ་གཉིས་ཀའི་རྩ་འདབ་རྣམས་ཧ་ལམ་ཁ་ཡར་མར་ལ་འཁོར་ནས་སྦྱར་ཡོད་ཅིང་། ལྟེ་བ་དང་སྙིང་ཁ་གཉིས་ཀའི་རྩ་འདབ་ཀྱང་ཁ་སྦྱར་ཡོད་པ་དེ་འདྲ་ཞིག་ཏུ་བསྒོམ། དེའི་སྤྱི་བོ་ན་དབུ་མའི་ཡར་སྣེར་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ། དྲན་པ་ཙམ་གྱིས་བདེ་སྟོང་གི་ཡེ་ཤེས་བསྐྱེད་ནུས་པའི་བོད་ཀྱི་ཡི་གེ་ཧཾ་ལྟ་བུ་ཞིག་བསྒོམ། མདོར་ན་ཐིག་ལེ་དཀར་པོའི་རྣམ་པ་ཡིན་ཞིང་ཐིག་ལེ་ཟག་ལ་ཁད་པ་དེ་ལྟ་བུ་ཞིག་བསྒོམ་རྒྱུ་ནི་ནང་རྩ་ལ་དམིགས་པ་ཡིན་གསུངས།

སྣ་ནས་རླུང་རྔུབ་པ་ལྟེ་བའི་ཨ་ཤད་ལ་ཕོག དེ་ལས་མེ་ལྕེ་རྒྱ་ཁབ་ཙམ་ཡར་སོང་། སྤྱི་བོའི་ཧཾ་ལ་ཕོག་པའི་ཐིགས་པ་མེ་ལ་ཕོག་སྟེ་མེ་ལྕེ་ཆེར་འབར་བས་བདུད་རྩི་རྟག་ཏུ་བབས། མེ་དང་ཐིག་ལེ་བྲོས་དེད་ཀྱི་ཚུལ་དུ།

ཞེས་སྣ་བུག་གཉིས་ནས་རླུང་ཚུར་རྔུབ་དུས་ལྟེ་འོག་རྩ་གསུམ་འདུས་མདོ་ན་གཏུམ་མོ་ཡེ་ཤེས་ཀྱི་མེ་ཡོད་པ་དེ་ལ་ཕོག་ཚེ་མེ་ལྕེ་དབུ་མའི་ནང་ནས་གྱེན་དུ་འབར། སྤྱི་བོའི་ཧཾ་ལ་རེག་དུས་ཧཾ་ཞུ་ནས་ཐིགས་པ་གཅིག་མེ་ལྕེའི་སྟེང་ལ་བབས་པས། མེ་འབར་བ་ལ་སྣུམ་རེག་པ་ལྟར་མེ་ལྕེ་ལྷག་པར་འབར་བ་སྤྱི་བོའི་ཧཾ་བཞུས་ཡོང་དུས། ཇི་ལྟར་ཞུ་བ་དེ་བཞིན་དུ་རྩ་གནས་ཐམས་ཅད་རིམ་བཞིན་བདུད་རྩིས་གང་ཡོང་བ་ཡིན། མེ་དང་ཐིག་ལེ་བྲོས་དེད་ཀྱི་ཚུལ་དུ་མར་མར་འབབ་ཡོང་གིན་ཡོད་པ་དེ་ལ་སེམས་འཛིན་དགོས་གསུངས།

འཁོར་ལོ་བཞི་རིམ་བཞིན་གང་བས་དགའ་བ་བཞི་དང་སྟོང་བཞིའི་ཡེ་ཤེས་ཉམས་སུ་མྱོང་། བདེ་སྟོང་དོན་གྱི་ཡེ་ཤེས་མངོན་དུ་གྱུར་པའི་ངང་ལ་ཅི་གནས་སུ་བཞག་མཐར་དགེ་བསྔོ་བྱ།

ཞེས་ཐིག་ལེ་མར་བབས་ནས་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་གང་། དེ་ལྟར་རིམ་བཞིན་མར་བབས་ནས་མགྲིན་པ་དང་སྙིང་ཁ། ལྟེ་བའི་རྩ་འཁོར་ཐམས་ཅད་གང་། དེའི་སྟོབས་ཀྱིས་སྤྱི་བོ་ལ་སོགས་པར་རིམ་བཞིན་སྦྱར་ནས་དགའ་བ་དང་། མཆོག་དགའ། ཁྱད་པར་གྱི་དགའ་བ། ལྷན་སྐྱེས་ཀྱི་དགའ་བ་བཞི་ཐོབ། དེ་ནི་དགའ་བ་བདེ་བའི་ངོ་བོ་ཡིན། དགའ་བ་དེ་རབ་ཏུ་མ་གྲུབ་པའི་ཆ་ནས་སྟོང་པ་བཞི་ཟེར། དེ་བཞི་རིམ་པ་བཞིན་དུ་སྤྱི་བོ་ལ་བབས་དུས་སྟོང་པ་དང་། མགྲིན་པ་ལ་བབས་དུས་ཤིན་ཏུ་སྟོང་པ། སྙིང་ག་ལ་བབས་དུས་སྟོང་པ་ཆེན་པོ། ལྟེ་བ་ལ་བབས་དུས་ཐམས་ཅད་སྟོང་པའི་བདག་ཉིད་ཅན་ཏེ་དགའ་བ་བཞི་དང་སྟོང་པ་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམས་ནས་བརྗོད་མེད་ཀྱི་ངང་ལ་མཉམ་པར་འཇོག་དགོས་གསུངས།

རྫོགས་རིམ་དེ་ཡང་ལན་གཅིག་ཙམ་མ་ཡིན་པར། རང་གི་རྒྱུད་ལ་དགའ་བ་དང་སྟོང་བའི་ཉམས་མྱོང་ཁྱད་པར་ཅན་མ་སྐྱེས་ཀྱི་བར་དུ་ཡང་ནས་ཡང་དུ་བསྐྱར་ནས་བསྒོམ་དགོས། མཐར་དེ་ལས་ལྡང་བ་ན་རྫོགས་རིམ་བསྒོམས་པའི་དགེ་བའི་རྩ་བ་དེ་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ་བའི་ཕྱིར་དུ་བསྔོ་དགོས་གསུངས།

བླ་རུང་ལ་བྱིན་རླབས་གནང་།

ཝ་ཧྲིང་ཐོན་དུ་བཞུགས་པའི་རིང་ལ། ནུབ་གཅིག་ཆོས་རྗེ་ཉིད་རྨི་ལམ་སྒྱུ་ལུས་ལ་བརྟེན་ནས་ཕྱིར་བླ་རུང་ལ་ཐེངས་གཅིག་བྱོན་ཡོད་ཚོད་འདུག

ཕྱི་ཉིན་ནངས་མོར། ཆོས་རྗེ་ཉིད་ཀྱིས་ངེད་ཅག་སློབ་མ་འགའ་ལ། མདང་དགོང་ང་རང་རྨི་ལམ་སྒྱུ་ལུས་ལ་བརྟེན་ནས་ཕྱིར་སློབ་གླིང་དུ་སོང་སྣང་ཤར། གྲྭ་པ་འགའ་རེ་ལ་ནད་ཚབས་ཆེན་ཞིག་ཕོག་གིན་ཡོད་ཤས་ཆེ་བས། ངེད་ཅག་གིས་ཚང་མ་ལ་ཐུགས་གཏད་སྐྱབས་འཇུག་རེ་བྱ་དགོས་གསུངས་ནས་འདོན་པ་འགའ་རེ་གསུངས།

གཞན་ཡང་སྐབས་དེར་ཁོང་མཁན་པོ་སྒེག་རྡོར་སོགས་ཀྱི་གྲྭ་ཤག་ཏུ་བྱོན་ནས་དེ་ཚོས་ཁ་བརྡ་གནང་བར་གསན་པ་སོགས་སློབ་གླིང་གི་གནས་ཚུལ་རྣམས་ལ་རྒྱུས་ལོན་མཛད་ཚུལ་གསུངས་པ་འགའ་རེ་ད་ལྟའང་དྲན་གྱིན་འདུག

རྗེས་སོར་ཕྱིར་སློབ་གླིང་དུ་འབྱོར་དུས་གནས་ཚུལ་དེ་དག་ལ་རྒྱུས་ལོན་བྱས་པ་ན། སྐབས་དེ་དུས་དངོས་གནས་འགོས་ནད་ཅིག་མཆེད་ཀྱང་ཉིན་ཁ་ཤས་ལས་མ་འགོར་བར་སངས་དྲག་ཏུ་སོང་བར་བཤད། དེ་དང་ཆོས་རྗེ་ཉིད་རྨི་ལམ་ནས་བླ་རུང་དུ་བྱོན་པ་གཉིས་ཀྱི་དུས་ཚོད་ཏག་ཏག་ཐོ་ཐུག་ནས་འདུག

སངས་རྒྱས་ལག་སྟེར་གྱི་ཁྲིད་ཐུན་གསུམ་པ།

ཕྱི་ཟླ་༧པའི་ཚེས་༢༩ཉིན་ཆོས་རྗེ་ཉིད་ཀྱིས་སངས་རྒྱས་ལག་སྟེར་གྱི་ཁྲིད་ཐུན་རྗེས་མ་འདི་ལྟར་གསུང་།

ད་རེས་ཕྱི་ནང་གསང་གསུམ་གྱི་མཐུན་རྐྱེན་ཕུན་སུམ་ཚོགས་པའི་སྐབས་འདིར། ཁྱེད་རང་རྣམས་ཀྱིས་རང་མགོ་རང་གིས་མི་སྐོར་བར་རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་འཇུག་པར་བྱེད་པ་ནི་ཅི་ནས་ཀྱང་གལ་ཆེ་བ་ཡིན། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལ་འཇུག་པར་བྱེད་པ་ལ། དེའི་ངོ་བོ་ངོས་མ་ཟིན་ན་གང་ལ་འཇུག་པའི་ཡུལ་མི་ཤེས་པས། ཐོག་མར་དེ་ངོས་ཟིན་པ་གལ་ཆེ་བ་ཡིན། སངས་རྒྱས་ཀྱི་བསྟན་པ་ལ་ཐོག་མར་འཇུག་པའི་སྒོ་འབྱེད་པར་བྱེད་པ་ནི་དད་པ་ཡིན། བར་དུ་ཉམས་སུ་ལེན་པའི་གཞུང་ཤིང་ནི་བྱམས་པ་དང་སྙིང་རྗེ་གཉིས་ཡིན། མཐར་ཐུག་གི་འབྲས་བུ་ནི་སེམས་ཅན་གྱི་དོན་ཡོངས་སུ་འགྲུབ་པའི་བྱེད་པ་ཡིན།

ཐོག་མར་དད་པ་ཞེས་བྱ་བ་ནི་སངས་རྒྱས་དཀོན་མཆོག་ལ་དམིགས་ནས་དང་བའི་དད་པ་དང་། ཆོས་དཀོན་མཆོག་ལ་དམིགས་ནས་འདོད་པའི་དད་པ། དགེ་འདུན་དཀོན་མཆོག་ལ་དམིགས་ནས་ཡིད་ཆེས་པའི་དད་པ་གསུམ་བསྐྱེད་དགོས་པ་ཡིན། དེ་ལ་སངས་རྒྱས་དཀོན་མཆོག་ལ་དམིགས་པ་སྟེ་མཁྱེན་བརྩེ་ནུས་པའི་ཡོན་ཏན་གཞན་གང་གིས་ཀྱང་འགྲན་དུ་མེད་པའམ་ཕུལ་དུ་བྱུང་བ་ཡོད་པའི་རྒྱུ་མཚན་ཡོངས་སུ་ཤེས་པའི་སྒོ་ནས་དང་བ་བསྐྱེད་པ་ལ་དང་བའི་དད་པ་དང་། ཆོས་དཀོན་མཆོག་ལ་དམིགས་པ་སྟེ་སངས་རྒྱས་ཀྱི་གསུང་ཡོངས་སུ་རྫོགས་པ་བདེན་པ་བཞིའི་ནང་དུ་འདུ་ལ། དེ་ཡང་སྡུག་བསྔལ་དང་ཀུན་འབྱུང་གཉིས་སྤང་བར་འདོད་པ་དང་། འགོག་པ་དང་ལམ་གཉིས་རང་རྒྱུད་ལ་སྐྱེ་བར་འདོད་པའི་འདོད་པ་ཡང་དག་པ་ཞིག་བསྐྱེད་པ་ནི་འདོད་པའི་དད་པ་དང་།

དགེ་འདུན་དཀོན་མཆོག་ལ་དམིགས་པ་སྟེ་ལྷ་དང་བཅས་པའི་འཇིག་རྟེན་པ་གང་དང་ཡང་མི་འདྲ་བར་ཚོགས་རྣམས་ཀྱི་མཆོག་ཏུ་གྱུར་པའི་དགེ་འདུན་པ་ཞིག་ཡིན་ན། རང་རྒྱུད་ལ་ཚུལ་ཁྲིམས་དང་ཉམས་རྟོགས་ཀྱི་ཡོན་ཏན་ལྡན་ཞིང་ཉེས་པའི་སྐྱོན་ལས་གྲོལ་བའི་ལྡན་གྲོལ་གྱི་ཡོན་ཏན་གཉིས་དང་ལྡན་པ་ཡིན་པའི་ཕྱིར་ན། དེ་ལ་ཡིད་གཏིང་ནས་ཆེས་པར་བྱེད་པ་ནི་ཡིད་ཆེས་པའི་དད་པ་བསྐྱེད་ཚུལ་ཡིན།

བར་དུ་བསྟན་པའི་གཞུང་ཤིང་ནི་རིས་སུ་མ་ཆད་པར་མཐའ་ཡས་པའི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་འདོད་པའི་བྱམས་པ་དང་། སྡུག་བསྔལ་དང་འབྲལ་བར་འདོད་པའི་སྙིང་རྗེ་འདི་རང་གི་རྒྱུད་ལ་རྩེ་གཅིག་ཏུ་གོམས་པར་བྱ་བ་གལ་ཆེ་བ་ཡིན། ཆོས་ལུགས་དང་གྲུབ་མཐའ་གཞན་ཁ་ཅིག་གིས་འདོད་ཆགས་ཆོས་སུ་སྨྲ་བ་དང་ཞེ་སྡང་ཆོས་སུ་སྨྲ་བ། གཏི་མུག་ཆོས་སུ་སྨྲ་བ་ལྟ་བུ་ཐམས་ཅད་ནི་ཆོས་ལོག་པའམ་ཆོས་མ་ཡིན་པ་ཞེས་བྱ་བ་ཡིན།

ཁ་ཤས་ཀྱིས་བྱམས་སྙིང་རྗེ་ཙམ་ཆོས་སུ་སྨྲ་བ་ཡོད་ཀྱང་དེ་ནི་རང་གི་ཉེ་རིང་རྩ་གསུམ་ཙམ་ལ་བྱམས་སྐྱོང་བྱེད་པ་ལས་གཞན་རྣམས་ལ་སྡང་བ་དེ་ཡང་བྱམས་བརྩེ་ཉི་ཚེ་བ་ཡིན། ཁ་ཅིག་གིས་འགྲོ་བ་མིའི་རིགས་མཐའ་དག་ལ་བྱམས་བརྩེ་བྱེད་ཀྱང་། གཞན་དུད་འགྲོ་ལ་སོགས་པ་ལ་བྱམས་བརྩེ་མེད་པ་ཡང་བྱམས་བརྩེ་ཉི་ཚེ་བ་ཡིན། སངས་རྒྱས་པས་ནི་སེམས་ཅན་ཡོད་དོ་ཅོག་ཐམས་ཅད་རང་དང་ཁྱད་པར་མེད་པར་བདེ་བ་དང་ལྡན་པར་འདོད་པ་དང་། སྡུག་བསྔལ་དང་འབྲལ་བར་འདོད་པའི་བསམ་པ་བཟང་པོ་དེ་དུས་རྟག་ཏུ་སྒོམ་པར་བྱེད་པ་ཡིན་ཕྱིར་ཁྱད་པར་དུ་འཕགས་པའི་ཆོས་ཡིན།

མཐར་སངས་རྒྱས་ཀྱི་བསྟན་པའི་གྲུབ་དོན་ནམ་གྲུབ་འབྲས་མཐར་ཐུག་པ་དེ་གང་ཡིན་ཞེ་ན། སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པའི་ས་ལ་འགོད་ཐུབ་ན་དེ་ཡིན། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་ལ་སྡུག་བསྔལ་དང་འབྲལ་དགོས་ན། ཐབས་གཞན་གང་གིས་ཀྱང་མི་ནུས་པས། རྒྱལ་བའི་ལུང་དང་རྟོགས་པའི་བསྟན་པ་རིན་པོ་ཆེ་འདི་ཉིད་དར་བར་བྱེད་པ་ཁོ་ནའི་ནང་དུ་འདུ་བ་ཡིན།

སངས་རྒྱས་ཀྱི་བསྟན་པ་ཞེས་བྱ་བ་དེ་ཡང་ལུང་དང་རྟོགས་པའི་བསྟན་པ་གཉིས་ཡིན་ཏེ། ལུང་གི་བསྟན་པ་ལ་འཆད་ཉན་བྱེད་པ་དང་རྟོགས་པའི་བསྟན་པ་ལ་སྒོམ་སྒྲུབ་བྱེད་པའི་གང་ཟག་དེ་ལ་བསྟན་འཛིན་གྱི་སྐྱེས་བུ་ཆེན་པོ་ཞེས་འཇིག་རྟེན་གྱི་ཁམས་ན་ཡོངས་སུ་གྲགས་པ་ཡིན། དེ་གཉིས་འཛིན་མཁན་ཁོ་ན་མ་གཏོགས་གཞན་ལ་བསྟན་འཛིན་གྱི་སྐྱེས་བུ་ཆེན་པོ་ཞེས་ཐ་སྙད་འདོགས་པ་མིན།

དེས་ན་བདག་ཅག་གི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱིས་ཀྱང་། དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། བར་དུ་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས། མཐའ་མར་མངོན་པར་རྫོགས་པར་སངས་རྒྱས་པའི་གྲུབ་དོན་མཐར་ཐུག་པ་དེ་ཡང་སེམས་ཅན་ཐམས་ཅད་བདེ་བའི་ཆེད་དུ་ཡིན་ལ། སེམས་ཅན་རྣམས་བདེ་བར་བྱེད་པ་ལ་ལུང་དང་རྟོགས་པའི་བསྟན་པ་དར་ཞིང་རྒྱས་པར་བྱེད་པ་འདི་ཁོ་ན་ཡིན། རང་རེ་ཡང་ཐུགས་རྗེ་ཆེན་པོ་དང་ལྡན་ཞིང་བཀའ་དྲིན་ཅན་གྱི་སྟོན་པའི་རྗེས་སུ་འཇུག་པ་ཁོ་ན་ཡིན་པའི་ཕྱིར་ན། ཚང་མས་ཀྱང་ལུང་གི་ཆོས་ལ་འཆད་ཉན་དང་རྟོགས་པའི་ཆོས་ལ་སྒོམ་སྒྲུབ་བྱེད་པ་ཅི་ནས་ཀྱང་གལ་ཆེ།

ད་སངས་རྒྱས་ལག་སྟེར་གྱི་གཞུང་དོན་གྱི་མཚམས་ནས་འཆད་རྒྱུ་ཡིན།

འདི་ལ་ཐོག་མར་དགེ་བ་དང་བར་དུ་དགེ་བ། ཐ་མར་དགེ་བའི་ཁྲིད་གསུམ་ཡོད་དེ། ཐོག་མར་དགེ་བ་མདོ་དང་མཐུན་པའི་ཁྲིད་དང་། བར་དུ་དགེ་བ་སྔགས་སྤྱི་ཁྱབ་དང་མཐུན་པའི་ཁྲིད་གཉིས་པོ་ནི་ཁ་སང་དང་ཁ་ཉིན་གཉིས་ལ་གྲུབ་ཚར་བ་ཡིན། ཐ་མར་དགེ་བ་རྫོགས་པ་ཆེན་པོ་དངོས་ཀྱི་ཁྲིད་ལ། སྔོན་འགྲོ་དང་དངོས་གཞི་དང་རྗེས་ཀྱི་ཁྲིད་བཅས་རྣམ་པ་གསུམ་ཡོད།

དེ་ནས་རྫོགས་པ་ཆེན་པོ་ལ་སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བ་ལ་གསུམ། དང་པོ་སྒོ་གསུམ་གྱི་སྣ་འཁྲིད་པ་ལུས་ངག་ཡིད་ཀྱི་སྔོན་འགྲོ་སྟེ། འདི་ལའང་གསུམ་ལས།

ཞེས་རྫོགས་ཆེན་སྔོན་འགྲོ་ལ་ནང་གསེས་སུ་རྣམ་པ་གསུམ་ཡོད་པ་ལས། དང་པོ་སྒོ་གསུམ་གྱི་སྣ་འཁྲིད་པར་བྱེད་པ་ལ་ལུས་ངག་ཡིད་གསུམ་གྱི་སྔོན་འགྲོ་ཟེར་གསུངས།

ཐོག་མར་རང་ལུས་རྡོ་རྗེ་སྔོན་པོ་མེ་ཡི་ཚ་ཚ་འཕྲོ་བ་ཅན་དུ་བསྒོམས་ལ།

ཞེས་དང་པོ་རང་ལུས་རྡོ་རྗེ་སྔོན་པོ་རྩེ་གསུམ་པ་ཞིག་ཏུ་བསྒོམས།

དེ་ནས་རྡོ་རྗེའི་འདུག་སྟངས་བྱས་ནས་ཡུན་རིང་པོའི་བར་དུ་བསྒོམ་དགོས་པར་གསུངས། རྡོ་རྗེའི་འདུག་སྟངས་ཡུན་རིང་པོར་བྱས་པས་ལུས་དབང་མེད་དུ་འགྱེལ། རྣམ་རྟོག་གི་འཕྲོ་བ་རྒྱུན་ཆད་པར་གྱུར་ཚེ་རང་བབས་སུ་བཞག་ལ་ངལ་གསོ། དེ་ལྟར་ཡང་ཡང་བྱ།

ཞེས་རྡོ་རྗེའི་འདུག་སྟངས་ཡུན་རིང་དུ་བྱས་པས། ལུས་དབང་མེད་དུ་འགྱེལ་མ་སོང་གི་བར་དུ་བྱ། ལུས་དབང་མེད་དུ་འགྱེལ་སོང་དུས་འགྱེལ་དུ་བཅུག་ནས་སེམས་ཀྱི་ངོ་བོ་ལ་བལྟས་ནས་རང་བབས་སུ་འཇོག་དགོས་གསུངས།

གཉིས་པ། སྙིང་ནང་དུ་གཞི་གནས་ཀྱི་རིག་པ་ཧཱུྃ་སྔོན་པོའི་རྣམ་པར་གནས་པ་ལས།

ཞེས་གཉིས་པ་ངག་གི་སྔོན་འགྲོ་ནི། རང་གི་སེམས་དང་རླུང་རྣམས་དབྱེར་མེད་རོ་གཅིག་ཏུ་གྱུར་པ་དེ་སྙིང་ནང་དུ་ཧཱུྃ་སྔོན་པོ་ཞིག་ཡོད་པར་བསྒོམ་དགོས་གསུངས།

ཧཱུཾ་ཡིག་ཕྲ་མོ་གྲངས་མེད་པ་གཅིག་རྗེས་གཅིག་མཐུད་དུ་འཕྲོས།

ཞེས་གཞི་གནས་ཀྱི་ཧཱུྃ་དེ་ལས་ཧཱུྃ་ཕྲ་མོ་གྲངས་མེད་པ་གཅིག་གི་མཇུག་ལ་གཅིག་མཐུད་དུ་འཕྲོས་གསུངས།

རི་གླིང་ཁང་ཁྱིམ་སོགས་ལ་ཕོག་པས་ཐམས་ཅད་ཧཱུྃ་འབའ་ཞིག་ཏུ་གྱུར། ཞེས་རི་བོ་དང་། གླིང་། ཁང་པ། ཁྱིམ་ཡོད་ཚད་ལ་ཕོག་པས་ཐམས་ཅད་ཧཱུྃ་འབའ་ཞིག་ཏུ་གྱུར་བར་བསྒོམས་གསུངས། སླར་ཕྱིའི་ཧཱུྃ་རྣམས་རང་གི་ལུས་ལ་ཞུགས། རང་ལུས་ཀྱང་ཧཱུྃ་དུ་གྱུར་མཐར་ཧཱུྃ་མཐའ་དག་དབྱིངས་སུ་ཡལ་བར་བསམ་ལ་རང་བབས་སུ་ངལ་གསོ།

ཞེས་དང་པོ་ཕྱི་སྣོད་ཐམས་ཅད་ཧཱུྃ་དུ་གྱུར་སོང་བསམ། ཧཱུྃ་ཐམས་ཅད་ཚུར་བསྡུས་ནས་རང་གི་ལུས་ལ་ཐིམ། རང་གི་ལུས་ཀྱང་ཧཱུྃ་འབའ་ཞིག་ཏུ་གྱུར་སོང་བསམ། མཐར་ཧཱུྃ་ཐམས་ཅད་གཅིག་ལ་གཅིག་བསྡུས་ནས་གཞི་གནས་ཀྱི་ཧཱུྃ་ལ་ཐིམ་སྟེ་དབྱིངས་སུ་ཡལ་སོང་བར་བསམ་གསུངས། དེ་ཐམས་ཅད་ཀྱི་ཚེ་ཧཱུྃ་གླུ་སྙན་ལ་རིང་བ་བྱ། ཞེས་དེ་ཐམས་ཅད་ཀྱི་ཚེ་ངག་ནས་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཟེར་བཞིན་ཧཱུྃ་གླུ་སྙན་ལ་རིང་བ་ལེན་པ་དང་མཉམ་དུ་སྔོན་གྱི་སྒོམ་རིམ་དེ་བསྒོམ་དགོས་གསུངས།

གསུམ་པ་འཁོར་འདས་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་དུ་ཐག་བཅད།

ཅེས་གསུམ་པ་སེམས་ཀྱི་སྔོན་འགྲོ་ནི། དཔེར་ན་རྨི་ལམ་གྱི་གནས་སྐབས་སུ་རྨི་ལམ་ཇི་ལྟར་རྨིས་ཀྱང་སེམས་ཀྱི་ཆོ་འཕྲུལ་ཙམ་ལས་ཕྱི་རོལ་ན་རི་མཐོན་པོ་དང་། ཆུ་ཆེན་པོ། འཕྲང་དོག་མོ་གང་ཡང་མེད་པར་སེམས་ཀྱི་ཆོ་འཕྲུལ་ཡིན། དེ་བཞིན་དུ་ད་ལྟའི་སྣང་བ་སྣ་ཚོགས་པ་འདི་ཡང་སེམས་ཀྱི་བག་ཆགས་ཀྱིས་སྣང་བ་ཙམ་ལས། ཕྱི་རོལ་དུ་མེད་པར་ཤེས་རྒྱུ་དེ་རྩ་བ་སེམས་སུ་ཐག་ཆོད་དགོས་གསུངས།

སེམས་ཁོ་རང་གང་ལས་བྱུང་། གང་ལ་གནས། གང་དུ་འགྲོ་དཔྱད་པས།

ཞེས་སེམས་ཁོ་རང་དང་པོ་གང་ལས་བྱུང་། ད་ལྟ་གང་ལ་གནས། མཐའ་མར་གང་དུ་བུད་འགྲོ་བསམ་ནས་དཔྱད་པ་བཏང་བས་གསུངས།

བེམ་པོ་རྣམས་ནི་རགས་པ་རྡུལ་ཕྲན། རྡུལ་ཕྲན་ཆ་མེད། ཆ་མེད་གཞི་མེད་དུ་གཏན་ལ་ཕབ་པས་སྐྱེ་འགག་གནས་པ་མེད་པར་ཐག་ཆོད།

ཅེས་སེམས་དེ་བེམ་པོ་རྡུལ་དུ་གྲུབ་པ་རགས་པ་ཀ་བ་ལྟ་བུ་ཞིག་ལས་བྱུང་བར་འདོད་ན། དེ་དུམ་བུ་གསུམ་དུ་བྱས་ཚེ། དེ་གསུམ་པོ་ལས་སེམས་གསུམ་བྱུང་ཐབས་མེད། དེའི་དབུས་མ་ལྟ་བུ་གཅིག་ལས་བྱུང་ན། དེ་ཡང་དུམ་བུ་གསུམ་དུ་བྱོས། དེ་ལྟར་རགས་པ་རྣམས་རྡུལ་ཕྲན་དང་། རྡུལ་ཕྲན་ཆ་མེད། དེ་ཡང་གཞི་མེད་ཀྱི་བར་དུ་གཏན་ལ་དབབ་དུས། བེམ་པོའི་སྟེང་དུ་སེམས་བྱུང་ས་དང་གནས་ས། འགྲོ་ས་ཡང་མེད་པར་ཐག་ཆོད་པ་ཡིན་གསུངས།

སེམས་ནི་དབྱིབས་དང་ཁ་དོག་སྒྲ་དང་དྲི་རོ་རེག་བྱ་གང་ཡིན་བརྟགས་ན་གང་དུའང་མ་གྲུབ། གསལ་རིག་ཙམ་པོའང་ངག་གིས་བརྗོད་པ་ཙམ་མ་གཏོགས། བདེན་པར་ངེས་པའི་གཏད་སོ་ཅན་ཞིག་རྙེད་པའི་ཐབས་མེད་པས། བདེན་ཞེན་གྱི་ཁང་བུ་བཤིགས་ལ་བདག་མེད་ཀྱི་དོན་ལ་ངེས་པ་འདྲོང་བར་བྱའོ། །

ཞེས་སེམས་ཁོ་རང་ལ་བརྟག་ན་གྲུ་བཞི་ཟླ་གམ་ལ་སོགས་པའི་དབྱིབས་རྙེད་རྒྱུ་མེད་ལ། དཀར་པོ་དམར་པོ་སེར་པོ་མཐིང་ཁ་ལ་སོགས་ཁ་དོག་ཀྱང་མེད་པས་གཟུགས་མིན་པར་ཡང་ཐག་ཆོད། དེ་བཞིན་སེམས་ལ་སྙན་མི་སྙན་བར་མའི་སྒྲ་མེད་པས་སེམས་དེ་སྒྲ་མིན་པར་ཐག་ཆོད། སེམས་ལ་དྲི་ཞིམ་དང་མི་ཞིམ་བར་མ་ཨེ་ཡོད་བལྟས་ན་དེ་ཡང་མི་འདུག་པས་སེམས་དྲི་མིན་པར་ཐག་ཆོད། དེ་བཞིན་དུ་ལྕེ་ཡིས་མྱོང་བའི་རོ་མངར་བ་སྐྱུར་བ་ཁ་བ་བསྐ་བ་ཚ་བ་ལན་ཚྭ་དེ་དག་ཀྱང་སེམས་ལ་མེད་པས་རོ་མ་ཡིན་པར་ཐག་ཆོད། དེ་ནས་ལུས་ཤེས་ཀྱི་ཡུལ་དུ་གྱུར་བའི་རེག་བྱ་འཇམ་པ་ལྕི་བ་ཡང་བ་དྲོ་བ་སོགས་མེད་པས་རེག་བྱ་མ་ཡིན་པར་ཐག་ཆོད། སེམས་གསལ་ཞིང་རིག་པ་ཙམ་ཞིག་འདུག་ཟེར་ན། གསལ་ཞིང་རིག་པ་དེ་ཡང་ཁ་ཡིས་བརྗོད་པ་ཙམ་མ་གཏོགས་དོན་ལ་གཏན་ནས་མ་གྲུབ་པ་ཞིག་ཡིན། མ་གྲུབ་པ་དེས་ནི་བདེན་པར་ཞེན་པའི་སེམས་ཀྱི་ཁང་བུ་འདྲ་བ་དེ་བཤིག་པ་ལ། སྔོན་འགྲོ་སེམས་ཀྱི་ཁང་བུ་བཤིགས་པ་ཞེས་པ་ཡིན། དེ་ལྟ་བུའི་བདག་མེད་ཀྱི་དོན་ལ་ངེས་པ་འདྲོང་བར་འབད་དགོས་གསུངས།

གཉིས་པ་སྐུ་གསུམ་གྱི་སྣ་འཁྲིད་པ་འབྱུང་བཞིའི་རྣལ་འབྱོར་ནི། ས་ཆུ་མེ་རླུང་གི་སྒྲ་ལ་སེམས་ཐིམ་འགྲོ་བ་ལྟར་གཏད་ལ་བཞག་པས།

ཞེས་གཉིས་པ་སྐུ་གསུམ་གྱི་སྣ་འཁྲིད་པའི་སྔོན་འགྲོ་འབྱུང་བཞིའི་རྣལ་འབྱོར་ནི། དཔེར་ན་ལག་པ་ས་ལ་བརྡབས་པའི་ས་ཡི་སྒྲ་ལྟ་བུ་དང་། ཆུ་བཞུར་བཞིན་པའི་སྒྲ། མེ་འབར་གྱིན་ཡོད་པའི་སྒྲ། ནམ་མཁའི་ཁམས་སུ་རླུང་གཡུག་པའི་སྒྲ་ཐམས་ཅད་ལ་སེམས་ཐིམ་འགྲོ་བ་ལྟ་བུར་གཏད་ལ་བཞག་པས་གསུངས།

འཛིན་རྟོག་གང་ཡང་མི་འཕྲོ་བ་ལྟར་གྱུར་དུས། དེའི་ངང་དུ་རང་བབས་སུ་གློད་ལ་སེམས་ཀྱི་རང་བཞིན་ཇི་འདྲ་ཡིན་ངོས་ཟིན་པར་བྱའོ། །

ཞེས་ཅི་ཡང་མི་བསམ་པར་འདུག་དུས་དེར་སེམས་ཀྱི་རང་བཞིན་ཅི་འདྲ་ཡིན་པ་ཤེས་དགོས་གསུངས།

གསུམ་པ་རིག་པའི་སྣ་འཁྲིད་པ་འཁོར་འདས་རུ་ཤན་ནི། འགྲོ་དྲུག་གི་བསམ་སྤྱོད་བརྗོད་པ་ཐམས་ཅད་བྱུང་རྒྱལ་དུ་མངོན་དུ་བྱས་ལ་འཕྲོ་བདོ་བ་ན་ཕཊ་སྒྲ་དྲག་པོ་རེས་འཕྲོ་བཅད་ལ། ཤེས་པའི་ངོ་བོ་ལ་བལྟས་པས་གཞི་མེད་རྩ་བྲལ་ལ་ངེས་པ་མ་རྙེད་བར་དུ་ཡང་ཡང་སྦྱང་།

ཞེས་འཁོར་འདས་རུ་ཤན་འབྱེད་པ་སྟེ། འཁོར་བའི་རུའམ་མཐའ་དང་། མྱང་འདས་ཀྱི་རུའམ་མཐའ་དེ་གཉིས་ཤན་འབྱེད་དགོས། ཤན་འབྱེད་པར་བྱེད་པ་ལ། ཐོག་མར་སེམས་ཀྱིས་དམྱལ་བ་ཡི་དྭགས་དུད་འགྲོ་སོགས་འགྲོ་དྲུག་གིས་སྡུག་བསྔལ་མྱོང་བཞིན་ཡོད་པ་ལྟ་བུ་བློ་ཡུལ་ལ་བླངས། ངག་གིས་ཀྱང་འགྲོ་དྲུག་གི་སྐད་སྣ་ཚོགས་བརྗོད། ལུས་ཀྱིས་ཀྱང་འགྲོ་དྲུག་གི་སྤྱོད་ལམ་མང་པོ་བྱས། དེའི་སྐབས་སུ་ཕཊ་སྒྲ་དྲག་པོ་རེ་བྱས་ནས་སེམས་ཀྱི་ངོ་བོ་ལ་བལྟས་པའི་གནས་སྐབས་ན་གཞི་མེད་རྩ་བྲལ་ཡིན་པར་ཤེས་པ་ལ་མྱང་འདས་ཟེར་བ་ཡིན། དེའི་ངང་དུ་ཡང་ཡང་རྒྱུན་བསྐྱང་དགོས་གསུངས། མཐར་སྒོ་གསུམ་གཡོ་མེད་དུ་རྣལ་དུ་ཕབ་ལ། ཞེས་རྣལ་དབབ་ཀྱི་ཁྲིད་ཟེར་བ་ཡང་རུ་ཤན་གྱི་མཇུག་དེར་ལུས་མི་གཡོ། ངག་མི་སྨྲ། སེམས་ཀྱིས་མི་བསམ་པར་ཐང་ཆད་དུས་ངལ་གསོ་བ་ལྟར་རྣལ་དུ་ཕབ་ནས་འཇོག་པ་དེ་ལ་རྣལ་དབབ་ཀྱི་ཁྲིད་ཟེར་གསུངས།

སེམས་གནས་པའི་ངོ་བོ་ལ་རང་བབས་སུ་བལྟས་པས་མི་རྟོག་ཆོས་སྐུའི་ལྟ་བ་ལ་ངེས་པ་འདྲོང་པར་འགྱུར་རོ། །དེ་ནས་ཉན་ཐོས་ལྟར་སྤྱོད་པ་ཞི་བ། བྱང་སེམས་ལྟར་སྤྱོད་ལམ་འབྲིང་པོ། ཁྲོ་བོ་ལྟར་སྤྱོད་པ་དྲག་པོ་དང་བསྲེས་ལ་སྔོན་འགྲོའི་དུས་སུ་རྒྱུད་ལ་འབྱོར་པའི་ཞི་ལྷག་ལམ་དུ་བཅུད་དེ་སོར་གཞུག་པར་བྱའོ། །

ཞེས་དང་པོ་སྤྱོད་ལམ་ཞི་ཞིང་དུལ་བ་དང་རྣམ་སྣང་ཆོས་བདུན་བྱས་པའི་སྟེང་དུ་ཞི་ལྷག་གི་ངང་ལ་འདུག་ཨེ་ཐུབ་བལྟ། བར་དུ་འགྲོ་འདུག་ལ་སོགས་པ་སྤྱོད་ལམ་འབྲིང་པོ་ཙམ་བྱས་ནས་དེའི་ངང་དུ་ཞི་ལྷག་བསྲེ་ཨེ་ཐུབ་བལྟ། མཐར་སྤྱོད་ལམ་དྲག་པོ་ཧ་ཧ་དང་ཧི་ཧི་ཟེར་བཞིན་རྒྱུག་མཆོང་རྩེད་འཇོ་ལ་སོགས་བྱེད་པའི་གནས་སྐབས་སུའང་ཞི་ལྷག་གི་ངང་དུ་འདུག་ཐུབ་དུས། དེར་སོར་གཞུག་པའམ་ལམ་དུ་བཅུག་ཐུབ་པ་ཡིན་པས། དེའི་བར་དུ་བསྒོམ་པར་བྱ་དགོས་གསུངས།

སྤྱིར་སྔོན་འགྲོ་འབུམ་ལྔ་གསོག་ལུགས་ནི་ད་ལྟ་ཚང་མ་ལ་ཕྱག་བཞེས་ཡོད་པས་གསར་དུ་བཤད་དགོས་མི་འདུག ཁྱད་པར་དུ་རྫོགས་ཆེན་གྱི་སྔོན་འགྲོ་ནི་ཧ་ཅང་ཞག་ཡུན་རིང་པོ་ལ་སྦྱང་དགོས། དེ་རིང་ང་ཚོས་ཁྲིད་བཤད་པའི་དབང་དུ་བྱས་པ་ལས་ཁྲིད་སྦྱོང་བྱས་པ་མིན། ཁྲིད་སྦྱོང་བྱེད་པའི་དུས་སུ་རེ་རེ་ལ་ཞག་གྲངས་ཧ་ཅང་མང་པོ་དགོས་ཏེ། དཔེར་ན་རུ་ཤན་ལྟ་བུ་གཅིག་ལ་མཚོན་ན། སྔོན་གྱི་རིག་འཛིན་རྣམས་ཀྱིས་ནི་ལོ་བདུན་གྱི་རིང་ལ་རུ་ཤན་སྦྱངས་བའི་ལོ་རྒྱུས་ཡོད། ཐ་མ་དེང་སང་གི་དུས་སུ་ཇི་ལྟར་དམན་ཡང་རུ་ཤན་རྐྱང་བ་དེ་ཞག་བརྒྱ་ལས་ཉུང་བར་བྱས་ན་རུ་ཤན་གྱི་གོ་ཆོད་པ་མིན། ལུས་ངག་ཡིད་ཀྱི་སྔོན་འགྲོ་དང་། འབྱུང་བཞིའི་རྣལ་འབྱོར་ཡང་དེ་དང་མཚུངས་པ་ཡིན་པས་རྗེས་མར་ཚང་མས་ཡུན་རིང་པོའི་བར་དུ་སྦྱང་རྒྱུ་གལ་ཆེ་གསུངས།

གཉིས་པ་དངོས་གཞི་ཀ་དག་ཁྲེགས་ཆོད་ནི།

ཞེས་གཉིས་པ་དངོས་གཞི་ལ་ཀ་དག་ཁྲེགས་ཆོད་ནི། ཆོས་ཐམས་ཅད་སྐྱེ་མེད་དུ་གཏན་ལ་དབབ་པར་བྱེད་པ་ཡིན་གསུངས།

རང་གི་སེམས་འདི་མ་བཅོས་རང་སར་བཞག་ལ།

ཞེས་དང་པོ་རང་གི་སེམས་འདི་གང་ལ་ཡང་མི་བསམ་པར་རང་བབས་སུ་འཇོག་དགོས་གསུངས།

རང་གཤིས་ལ་བབས་ཀྱིས་བལྟས་ཚེ། ཡེ་སྟོང་རྩ་བྲལ་ཟང་ཐལ་ལེ་བ། ཕྱི་ནང་མཐའ་དབུས་དང་བྲལ་བ། རང་གདངས་འགག་པ་མེད་པ། འགྱུ་དྲན་གྱི་རྣམ་རྟོག་ཐམས་ཅད་དང་བྲལ་བ། བརྗོད་མེད་ཀྱི་དོན་ལ་ཁོ་ཐག་ཆོད་པས་དུས་གསུམ་རྒྱལ་བའི་ཐུགས་དང་མ་དག་སེམས་ཅན་གྱི་སེམས་ལ་བཟང་ངན་མེད་པར་རིག་སྟོང་ཡེ་ཤེས་དེའི་ཀློང་དུ་འུབ་ཆུབ་པར་ངོ་ཤེས་པ་ལྟ་བ་རི་བོ་ཅོག་གཞག་ཅེས་བྱའོ། །

ཞེས་རང་གི་སེམས་འདི་སྐྱེ་མེད་དུ་ཤེས་པ་ནི་ངོ་བོ་སྟོང་པ་ཆོས་ཀྱི་སྐུ་ཡིན། སྐྱེ་བ་མེད་བཞིན་དུ་རང་གཤིས་ལ་སེམས་ཐག་ཆོད་པ་ནི་རང་བཞིན་གསལ་བ་ལོངས་སྐུ་ཡིན། དེ་ནས་སངས་རྒྱས་ཀྱི་ཐུགས་དང་སེམས་ཅན་གྱི་སེམས་ལ་ཡང་བཟང་ངན་མེད་པར་གསལ་སྟོང་གི་ངང་དུ་རོ་གཅིག་ཡིན་པ་དེ་ནི་ཐུགས་རྗེ་ཀུན་ཁྱབ་སྤྲུལ་བའི་སྐུ་ཡིན། དེ་ནི་ལྟ་སྒོམ་སྤྱོད་འབྲས་བཞི་ཡོད་པའི་ནང་གི་ལྟ་བ་རི་བོ་ཅོག་གཞག་ཟེར་གསུངས།

ལྟ་བ་དེའི་རང་ངོ་ཤེས་བཞིན་རང་བབས་སུ་བཞག་ཚེ་ཡོད་མེད་ཡིན་མིན་དུ་འཛིན་པའི་དམིགས་གཏད་ཀྱི་བསྒོམ་བྱ་གང་ཡང་མེད་ལ། དགག་སྒྲུབ་རྟོག་དཔྱོད་ཀྱི་བསླད་དང་བྲལ་བས་ཡེངས་པ་མེད་པར་ཆོས་ཉིད་བབས་ཀྱི་བསམ་གཏན་དང་རང་ངོ་རང་གསལ་གྱི་ལྷག་མཐོང་ཟུང་དུ་འཇུག་པ་སྒོམ་པ་རྒྱ་མཚོ་ཅོག་གཞག་ཅེས་བྱའོ། །

ཞེས་ལྟ་བ་དེའི་ངང་དུ་རང་བབས་སུ་བཞག་ན་ཡོད་མེད་ཡིན་མིན་གྱི་འཛིན་སྟངས་གང་ཡང་མེད། སྒོམ་དུ་ཡང་མེད། རྣམ་རྟོག་གི་རྗེས་སུ་འབྲང་སོང་ཟེར་བའི་ཡེངས་པ་ཡང་མེད། སྒོམ་དུ་མེད་པ་ལ་ཆོས་ཉིད་དུ་རྟོགས་པ་ལ་ལྷག་མཐོང་དང་། རང་བབས་སུ་འཇོག་པ་ལ་ཞི་གནས་ཟེར་བ་ཡིན། ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག་པའི་ངང་དུ་རྒྱུན་སྐྱོང་བ་ནི་སྒོམ་པ་རྒྱ་མཚོ་ཅོག་གཞག་ཅེས་བྱ་བ་ཡིན་གསུངས།

སྒོམ་པའི་རྒྱུན་སྐྱོང་བ་དེའི་ཚེ་ཚོགས་དྲུག་གི་སྣང་ཤེས་གང་ཤར་ཐམས་ཅད་ལ་བཅོས་བསྒྱུར་སྤང་བླང་མི་བྱ་བར་རིག་སྟོང་གཉུག་མའི་རང་ཚུགས་མ་ཤོར་བར་བྱས་པས་རྩལ་སྣང་གང་གིས་ཀྱང་ཕན་གནོད་མེད་པ་རྦ་རླབས་རྒྱ་མཚོར་ཐིམ་པ་ལྟར་གྱུར་པ་སྤྱོད་པ་སྣང་བ་ཅོག་གཞག་ཅེས་བྱའོ། །

ཞེས་སྒོམ་པའི་རྒྱུན་སྐྱོང་བའི་སྐབས་སུ། ཚོགས་དྲུག་ནི། མིག་རྣ་བ་སྣ་ལྕེ་ལུས་ཡིད་རྣམས་ཡིན། ཡུལ་ཅན་གྱི་རྣམ་རྟོག་གང་ཡིན་ཡང་རུང་། དེ་དག་ལ་ཡུལ་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ཀྱི་ཁམས་གང་སྣང་ན་ཡང་ཐམས་ཅད་ལ་ཞེན་འཛིན་དང་དགག་སྒྲུབ་ཅི་ཡང་མི་བྱ་བར་རིག་པ་ཁོ་རང་གི་ངང་བསྐྱངས་ན། དཔེར་ན་རྒྱ་མཚོའི་རྦ་རླབས་དེ་རྒྱ་མཚོ་ལ་ཐིམ་འགྲོ་བ་ལྟར་རྣམ་རྟོག་ཐམས་ཅད་ཕན་གནོད་མེད་པར་རིག་པའི་ཀློང་དུ་ཐིམ་འགྲོ་བ་ལ་སྤྱོད་པ་སྣང་བ་ཅོག་གཞག་ཟེར་གསུངས།

དེ་ལྟར་གོམས་ཚེ་དང་པོ་རིག་པ་ངོ་ཤེས་ཚེ་རྣམ་རྟོག་རང་གྲོལ་བ་སྦྲུལ་གྱི་མདུད་པ་ལྟ་བུ།

ཞེས་སྒོམ་པའི་སྐབས་སུ་ཐོག་མར་རྣམ་རྟོག་གང་སྐྱེས་ན་དེ་ངོས་ཟིན་ཚེ་རྣམ་རྟོག་དེའི་རྒྱུན་མཐུད་མི་ཐུབ་སྟེ། དཔེར་ན་སྦྲུལ་ལ་མདུད་པ་བརྒྱབ་ན་རྒྱག་ལོང་མེད་པར་ཞིག་འགྲོ་བ་བཞིན། རྣམ་རྟོག་རང་སར་རང་གྲོལ་དུ་འགྲོ་བ་ཡིན་གསུངས།

བར་དུ་རྩལ་རྫོགས་ཚེ་རྟོག་ཚོགས་གང་གིས་ཀྱང་ཕན་གནོད་མེད་པ་ཁང་སྟོང་དུ་རྐུན་མ་ཞུགས་པ་ལྟ་བུ།

ཞེས་བར་དུ་སེམས་སྟོང་ཉིད་དུ་ཤེས་ཤིང་རྟོགས་པའི་རྩལ་རྫོགས་དུས། རྣམ་རྟོག་བཟང་པོ་ཤར་བས་དགའ་བ་དང་སྡུག་པོ་ཤར་བས་སྡུག་རྒྱུ་གང་ཡང་ཡོད་པ་མིན། དཔེར་ན་ཁང་སྟོང་དུ་རྐུན་མ་ཞུགས་ན། དེར་འཁྱེར་འགྲོ་བའི་རྒྱུ་རྫས་ཅི་ཡང་མེད་པས་སྡུག་རྒྱུ་ཅི་ཡང་མི་འདུག་ལ། མ་ཞུགས་ནས་དགའ་རྒྱུའང་མེད། དེ་འདྲ་བའི་ཉམས་བར་གྱི་དུས་སུ་འབྱུང་བ་ཡིན་གསུངས།

མཐར་བརྟན་པ་ཐོབ་ཚེ་མ་དག་པའི་ཆོས་བཙལ་ཀྱང་མི་རྙེད་པ་རང་བཞིན་དོན་གྱི་ཡེ་ཤེས་མངོན་དུ་གྱུར་པས་གསེར་གླིང་དུ་ས་རྡོ་མི་རྙེད་པ་ལྟར་གྱུར་པ་འབྲས་བུ་རིག་པ་ཅོག་གཞག་ཅེས་བྱའོ། །

ཞེས་མཐར་ཐ་མལ་བའི་རྣམ་རྟོག་གང་ཡང་མི་སྐྱེ་བར་རིག་པ་འབའ་ཞིག་མ་གཏོགས་སྐྱེ་བ་མེད་པ་དེ། དཔེར་ན་གསེར་གླིང་དུ་ཐོན་དུས་གསེར་མ་གཏོགས་ས་རྡོ་ཕལ་བ་བཙལ་ཀྱང་རྙེད་རྒྱུ་མེད་པ་ལྟར། ཆོས་སྐུ་འབའ་ཞིག་ཏུ་གྱུར་སོང་བ་ནི་ཁྲེགས་ཆོད་ཀྱི་ལྟ་བ་མཐར་ཕྱིན་པའི་འབྲས་བུ་རིག་པ་ཅོག་གཞག་ཡིན་གསུངས།

གསུམ་པ་རྗེས་ལྷུན་གྲུབ་ཐོད་རྒལ་ནི། རིག་པ་འོད་གསལ་བའི་སྦུབས་ཡིད་དཔྱོད་བློ་ཡིས་བཞག་པ་མིན་པར་མངོན་སུམ་དུ་མཐོང་བར་བྱ་བའི་ཆེད་དུ།

ཞེས་གསུམ་པ་རྗེས་ལྷུན་གྲུབ་ཐོད་རྒལ་གྱི་ཁྲིད་ནི། རང་གི་སྙིང་གི་དབུས་ན་ཆོས་སྐུ་ཀུན་ཏུ་བཟང་པོ་ཡེ་ནས་གནས་ཡོད། དེ་ཡང་ཡོད་ན་ཐང་བསམ་པའམ་ཡོད་ཤས་ཆེ་སྙམ་དུ་དཔྱད་པས་བཞག་པ་ཙམ་མ་ཡིན་པར། མངོན་སུམ་དུ་མཐོང་རྒྱུ་ཡོད་པ་དེ་མཐོང་བའི་ཆེད་དུ་ལྷུན་གྲུབ་ཐོད་རྒལ་གྱི་ལམ་སྒོམ་པ་ཡིན་གསུངས།

ལུས་གནད་སྐུ་གསུམ་གྱི་བཞུགས་སྟངས་གང་རུང་ལྡན་པས།

ཞེས་ཐོད་རྒལ་སྒོམ་པར་བྱེད་པ་ལ་ནང་གསེས་སུ་གནད་རྣམ་པ་དྲུག་ཡོད་པ་ལས། ལུས་གནད་ནི་ཆོས་སྐུའི་བཞུགས་སྟངས་སེང་གེ་ལྟ་བུ་དང་། ལོངས་སྐུའི་བཞུགས་སྟངས་གླང་ཆེན་ཉལ་བ་ལྟ་བུ། སྤྲུལ་སྐུའི་བཞུགས་སྟངས་དྲང་སྲོང་ཙོག་པུ་ལྟ་བུ་གང་རུང་དང་ལྡན་པའི་སྒོ་ནས་སྒོམ་པས་གསུངས།

ངག་གནད་སྨྲ་བ་བཅད་ལ་རླུང་དལ་བུར་ཁ་ནས་གདོན།

ཞེས་ངག་གི་གནད་ནི་ངག་བཅད་དམ་ཁ་ཡིས་སྐད་ཆ་མང་པོ་མི་བཤད་པར་རླུང་དལ་བུར་ཁ་ནས་འདོན་པ་ཡིན་གསུངས།

སེམས་གནད་ཁྲེགས་ཆོད་ཅོག་གཞག་ཤེས་རབ་རང་བྱུང་གི་སྒྲོན་མའི་ངང་ནས།

ཞེས་སེམས་ཀྱི་གནད་ནི། གོང་དུ་ཁྲེགས་ཆོད་ཀྱི་སྐབས་སུ་བཤད་པ་དེ་ལྟ་བུའི་ངང་དུ་འཇོག་པ་ལ་ཤེས་རབ་རང་བྱུང་གི་སྒྲོན་མ་ཟེར་ཞིང་། གནད་དེའི་ངང་ནས་འདུག་དགོས་གསུངས།

ཡུལ་གནད་ནམ་མཁའ་རྐྱེན་བྲལ་དང་ཉི་ཟླ་མར་མེ་སོགས་ལ།

ཞེས་ཡུལ་གྱི་གནད་ནི་ནམ་མཁའ་རྐྱེན་བྲལ་ལ་གཏད་ན་ཆོག་ལ། ཡང་ན་ཉི་མ་ཟླ་བ་མར་མེ་གསུམ་གང་རུང་ལ་གཏད་དགོས་གསུངས།

སྒོ་གནད་ལྡོག་ཕབ་ཟུར་གྱིས་བལྟས་པས།

ཞེས་སྒོའི་གནད་ནི་ཆོས་སྐུའི་གཟིགས་སྟངས་གྱེན་དུ་སྨིན་མཚམས་སུ་བལྟ་བ་དང་། སྤྲུལ་སྐུའི་གཟིགས་སྟངས་ཕབ་ནས་བལྟ་བ་དང་། ལོངས་སྐུའི་གཟིགས་སྟངས་མིག་གཉིས་ཀྱིས་ཟུར་གཉིས་ལ་མཉམ་པོར་བལྟ་བ་ཡིན་གསུངས།

སྣང་བའི་གནད་དབྱིངས་རྣམ་དག་གི་སྒྲོན་མ་མཐིང་དབྱིངས་ཁྱབ་པ་ཆེན་པོ་འོད་ལྔའི་མུ་ཁྱུད་ཅན་དང་། ཐིག་ལེ་སྟོང་པའི་སྒྲོན་མ་འོད་ལྔའི་ཐིག་ཟླུམ་ཕྱི་ནང་རིམ་པ་མང་པོ་ཅན་གྱི་དབུས་སུ། རིག་གདངས་ལུ་གུ་རྒྱུད་གསེར་གྱི་སྐུད་པ་དུ་མ་ལ་ཤེལ་ཕྲེང་གིས་བརྒྱན་པ་ལྟ་བུ་དེ་གཡོ་འགུལ་མེད་པར་བཙོན་དུ་བཟུང་ལ། རླུང་མིག་ཡིད་གསུམ་དེར་ཐིམ་འགྲོ་བ་ལྟར་གཏད་ལ་ཡིད་དཔྱོད་མཚན་མའི་རྟོག་ཚོགས་གང་ཡང་མེད་པར་ཡུན་རིང་དུ་གོམས་པས་དབྱིངས་ཐིག་རིག་པ་རྣམས་གསལ་བར་མཐོང་བ་ཆོས་ཉིད་མངོན་སུམ།

ཞེས་རྣམ་རྟོག་ཐམས་ཅད་བྲལ་ནས་དབྱིངས་ཐིག་རིག་པ་གསལ་བར་མཐོང་བ་ནི་སྣང་བ་བཞིའི་ནང་གི་ཆོས་ཉིད་མངོན་སུམ་ཟེར་བ་ཡིན་གསུངས།

དེ་དག་ཇེ་གསལ་ཇེ་བརྟན་ཇེ་རྒྱས་སུ་མཆེད་དེ་འོད་སྣང་དཔག་ཏུ་མེད་པར་སྣང་བ་ཉམས་གོང་འཕེལ། ཞེས་དབྱིངས་ཐིག་རིག་པ་ཐམས་ཅད་ཇེ་གསལ་ཇེ་བརྟན་ཇེ་རྒྱས་ཇེ་མང་དུ་ཡར་འཕེལ་ཡོང་བ་དེ་ལ་ཉམས་གོང་འཕེལ་ཟེར་བ་ཡིན་གསུངས། དབྱིངས་སྣང་ཞིང་ཁམས་སུ་དག་ཐིག་ལེ་གཞལ་ཡས་ཁང་དུ་རྫོགས། རིག་པ་སྐུར་སྨིན་ནས་དག་པ་འབའ་ཞིག་གི་གདངས་མངོན་དུ་གྱུར་པ་རིག་པ་ཚད་ཕེབས།

ཞེས་དབྱིངས་རྣམ་དག་གི་སྒྲོན་མ་ཞིང་ཁམས་སུ་དག ཐིག་ལེ་སྟོང་པའི་སྒྲོན་མ་གཞལ་ཡས་ཁང་དུ་རྫོགས། རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་སྐུ་རུ་སྨིན་ནས་མ་དག་པ་གཅིག་ཀྱང་མེད་པར་ཤར་བ་རིག་པ་ཚད་ཕེབས་ཟེར་བ་ཡིན་གསུངས།

སྐུ་དང་ཡེ་ཤེས་ཀྱི་སྣང་བ་མུ་མེད་པའི་ཆོས་ཅན་གྱི་སྣང་བ་ཐམས་ཅད་ཆོས་ཉིད་གཞོན་ནུ་བུམ་སྐུའི་ཀློང་དུ་བཙན་ས་ཟིན་ཏེ་མི་སྣང་བར་གྱུར་པ་ཆོས་ཉིད་ཟད་སའོ། །

ཞེས་མ་དག་པའི་སྣང་བ་ཐམས་ཅད་རིག་པ་ཚད་ཕེབས་སྐབས་སུ་ཟད་ཚར་ཡང་། དག་པ་སྐུ་དང་ཡེ་ཤེས་ཀྱི་སྣང་བ་ཐམས་ཅད་ཀུན་ཀྱང་ནང་དབྱིངས་སུ་བཙན་ས་ཟིན་དགོས་ཤིང་། ནང་ཀློང་དུ་མི་སྣང་བར་ཐིམ་འགྲོ་བ་ལ་ཆོས་ཉིད་ཟད་སའི་སྣང་བ་ཟེར་གསུངས།

སླར་ཡང་གདུལ་བྱའི་ཞིང་དུ་སྐུ་གསུམ་གྱི་བཀོད་པ་ཅིར་ཡང་ངོམ་པར་འགྱུར་བ་ནི་ལེགས་སྨོན་ཟུང་དུ་ཚོགས་པའི་རང་འབྲས་བསླུ་བ་མེད་པ་ཡིན་ནོ། །

ཞེས་སངས་རྒྱས་ཆོས་སྐུའི་གོ་འཕང་མངོན་དུ་བརྙེས་ཀྱང་། གདུལ་བྱའི་ཁམས་ལ་སངས་རྒྱས་ཀྱི་སྨོན་ལམ་དང་གདུལ་བྱའི་ལེགས་ཚོགས་ཀྱི་དགེ་བ་རྣམ་པར་འཕེལ་བའི་སྟོབས་ཀྱིས། སྤྲུལ་སྐུ་དང་ལོངས་སྐུ་སོགས་ཅིར་ཡང་སྣང་བ་ནི་ལེགས་སྨོན་ཟུང་དུ་ཚོགས་པའི་རྟེན་འབྲེལ་གྱིས་སྣང་བ་ཡིན་གསུངས།

ཚེ་འདི་ལ་བརྟན་པ་མཆོག་མ་ཐོབ་ན་འཆི་ཁར་རང་སེམས་ཨ་དཀར་པོ་སྙིང་གར་གནས་པ་རླུང་གིས་བསྐྱོད་དེ་སྤྱི་གཙུག་ན་བཞུགས་པའི་བླ་མའི་ཐུགས་ཀར་ཐིམ། བླ་མའང་ཇེ་མཐོ་ཇེ་མཐོར་བདེ་བ་ཅན་གྱི་ཞིང་དུ་གཤེགས་པར་མོས་ལ་རང་སེམས་བླ་མའི་ཐུགས་དང་དབྱེར་མེད་དུ་མཉམ་པར་བཞག་ལ་འཕོ་བར་བྱའོ། །

ཞེས་འཆི་ཁ་བར་དོའི་ཁྲིད་ནི། གཟོད་འཆི་ཁར་རང་སེམས་སྙིང་ནང་དུ་ཨ་དཀར་པོ་ཞིག་ཏུ་སྒོམ། དེ་ནས་སྤྱི་གཙུག་ན་བཞུགས་པའི་བླ་མ་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་པས་ཨ་དེ་ཡང་ཡར་བླ་མའི་ཐུགས་ཀར་ཐིམ་སོང་བར་བསམ། བླ་མ་ཡང་ཇེ་མཐོ་ནས་ཇེ་མཐོར་བདེ་བ་ཅན་གྱི་ཞིང་ཁམས་སུ་གཤེགས། དེ་ལྟར་རང་སེམས་དང་བླ་མའི་ཐུགས་དབྱེར་མེད་ཀྱི་ངང་དུ་མཉམ་པར་བཞག་ནས་འཕོ་བར་བྱས་ན་ཆོས་སྐུའི་གཏན་སྲིད་ཟིན་ཡོང་བ་ཡིན་གསུངས།

ཆོས་ཉིད་བར་དོའི་སྣང་བ་སྒྲ་འོད་ཟེར་གསུམ་སྐུ་དང་ཡེ་ཤེས་ཀྱི་རོལ་པ་གང་ཤར་ཡང་རང་སྣང་དུ་ངོ་ཤེས་པར་བྱས། ཤེས་ཐོག་དེར་ཅོག་གཞག་ལྟ་བས་བཙན་ས་བཟུང་ལ་གནས་པར་བྱ། རྩལ་སྣང་ཐམས་ཅད་གཞི་ཀློང་དུ་མ་ཐིམ་བར་དུ་གནས་པ་ལས་སླར་མི་ལྡོག་པར་བྱའོ། །

ཞེས་ཆོས་ཉིད་བར་དོ་རུ་སྒྲ་ཡི་སྣང་བ། འོད་ཀྱི་སྣང་བ། ཟེར་གྱི་སྣང་བ། སྐུའི་སྣང་བ། ཡེ་ཤེས་ཀྱི་སྣང་བ་སོགས་མང་པོ་ཤར་ཡོང་བ་ཡིན། སྐབས་དེར་ཐམས་ཅད་ཀུན་ཀྱང་རང་སྣང་ཡིན་པ་ཤེས་པར་བྱས་ལ། དེའི་ངང་དུ་བཞག་ནས་རྣམ་རྟོག་ཐམས་ཅད་དབྱིངས་སུ་ཐིམ་དུ་འཇུག་པ་དེ་ཆོས་ཉིད་བར་དོའི་ཁྲིད་ཀྱི་སྙིང་པོ་ཡིན་གསུངས།

སྲིད་པ་བར་དོའི་སྣང་བ་རྨི་ལམ་ལྟར་ཤར་དུས་ལྷ་དང་བླ་མ་ལ་མོས་གུས་རྩེ་གཅིག་ཏུ་བྱས་ལ། འཆི་ཁ་བར་དོའི་མན་ངག་གནད་དུ་བསྣུན་པས་རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་དབྱུང་བར་འགྱུར་རོ། །

ཞེས་སྲིད་པ་བར་དོར་འགྲོ་དྲུག་གི་ལས་སྣང་ཤར་ཡོང་དུས་ལྷ་དང་བླ་མ་ལ་གསོལ་བ་བཏབ། འཆི་ཁ་བར་དོའི་མན་ངག་གྲོང་འཕོ་གྲོང་འཇུག་རང་སེམས་ཨ་དཀར་པོར་གསལ་ནས་བླ་མའི་ཐུགས་ཀར་བསྟིམས། བླ་མ་བདེ་བ་ཅན་གྱི་ཞིང་ཁམས་སུ་གཤེགས་པར་བསྒོམ་ན་རང་བཞིན་སྤྲུལ་སྐུའི་ཞིང་དུ་གྲོལ་བར་འགྱུར་རོ་གསུངས།

དེ་ལྟར་ཁྲིད་ཡིག་སངས་རྒྱས་ལག་སྟེར་འདིའི། །

སྙིང་པོའི་གནད་རྣམས་རིག་སྟོང་ཀློང་ནས་རྡོལ། །

ཚིག་ཚོགས་ཕལ་ཆེར་རྟོག་དཔྱོད་བློ་ཡིས་བཟོས། །

འོན་ཀྱང་དང་པོའི་ལས་ཅན་འགའ་རེ་ལ། །

ཕན་པ་ཅུང་ཟད་སྲིད་སྙམ་ཡི་གེར་བཀོད། །

དགེ་འདིས་མཁའ་ཁྱབ་འགྲོ་བ་མ་ལུས་ཀུན། །

ཕྱམ་གཅིག་གདོད་མའི་དབྱིངས་སུ་དབུགས་དབྱུང་ཤོག །

ཅེས་སངས་རྒྱས་ལག་སྟེར་གྱི་གནད་ངོ་མ་ནི་རིག་སྟོང་རྫོགས་པ་ཆེན་པོའི་ཀློང་ནས་ཤར་ཡོང་བ་ཞིག་ཡིན་ཀྱང་། རྗེས་སུ་ཚིག་ཇི་མ་ཇི་བཞིན་དུ་ཞེ་ལ་ཤར་མ་ཐུབ་ཀྱང་། ལས་དང་པོ་པ་ཐམས་ཅད་ལ་ཕན་པ་རེ་འབྱུང་སྲིད་རྒྱུ་རེད་བསམ་ནས་ཚིག་ཚོགས་ཁ་ཤས་བསམ་བློ་བཏང་ནས་ཡི་གེར་བཀོད་པ་ཡིན། བོད་ལ་མཚོན་ན། འདི་ལས་དང་པོ་བའི་ཉམས་ལེན་ཞིག་ཡིན་ལ། ད་དུང་ཡང་རྫོགས་པ་ཆེན་པོའི་རྒྱུད་ལུང་མན་ངག་ཧ་ཅང་མང་པོ་ལ་བལྟ་དགོས་པ་ཡིན་ཡང་། ནུབ་ཕྱོགས་རྒྱལ་ཁབ་ཕལ་ཆེར་ལ་མཚོན་ན། ཐོག་མཐའ་བར་གསུམ་དུ་འདི་ལས་གཞན་པའི་ཆོས་ཤིག་དགོས་རྒྱུ་མ་རེད། འདི་ལས་མང་པོ་ཞིག་ལ་བལྟ་མི་ཐུབ་ལ་སྒོམ་ཡང་ཐུབ་རྒྱུ་མ་རེད། ད་དུང་སྒོམ་ལོང་ཡང་དཀོན་མོ་ཡིན། དེ་ལྟར་བརྩམས་པའི་དགེ་བ་འདིས་འགྲོ་བ་ཐམས་ཅད་ཀུན་ཀྱང་ཆོས་སྐུའི་གོ་འཕང་འཐོབ་པར་གྱུར་ཅིག་གསུངས།

ཅེས་འཇམ་དབྱངས་སྤྲུལ་པའི་ཞིང་མཆོག་རི་བོ་རྩེ་ལྔའི་ཡང་དབེན་ཨ་སུ་རའམ་སྲེད་མེད་བུའི་བྲག་ཕུག་ཏུ་ངག་དབང་བློ་གྲོས་མཚུངས་མེད་པས་སྔ་དྲོའི་ཐུན་གསེང་དུ་ཡི་གེར་བཀོད་པ་དགེའོ།། །།

ཞེས་ཁྲིད་ཡིག་སངས་རྒྱས་ལག་སྟེར་གྱི་ཁྲིད་ཆ་ཚང་རྫོགས་པ་ཡིན་ལ། ཁྱེད་ཅག་རྣམས་ཀྱི་བཞེད་དོན་དང་མཐུན་པར་འུ་ཅག་གིས་ཆོས་འཆད་ཉན་བྱས་པའི་ལས་རིམ་ཚང་མ་ཡང་ལེགས་པར་རྫོགས་པ་ཡིན།

ཨ་རིའི་སྲིད་འཛིན་གཞོན་པས་བསྐུར་བའི་འཕྲིན་ཡིག

ཆོས་རྗེ་ཉིད་ཀྱིས་ཆོས་ཚོགས་འདིར་ཆོས་ཁྲིད་གསུང་བཞིན་པའི་སྐབས་སུ། ཨ་རིའི་སྲིད་འཛིན་གཞོན་པ་སྐུ་ཞབས་ཨལ་བྷེར་ཐི་ཀོར་(Albert Arnold Gore Jr.)གྱིས་ཕྱི་ལོ་༡༩༩༣ལོའི་ཟླ་༧པའི་ཚེས་༢༣ཉིན་བྲིས་པའི་འཕྲིན་ཡིག་ཅིག་འབྱོར་བའི་ནང་དོན་གཙོ་བོ་ནི་འདི་ལྟར།

སྐྱབས་རྗེ་འཇིགས་མེད་ཕུན་ཚོགས་མཆོག་ཨ་རིའི་རྒྱལ་ཁབ་ལ་འཚམས་འདྲིར་ཐོན་པར་ཧ་ཅང་དགའ་སྤྲོ་ཆེ། དེ་ལྟ་ནའང་ང་རང་གཟའ་འཁོར་འདིའི་གཟའ་མཇུག་ལ་ཚོགས་འདུར་ཞུགས་དགོས་པས། སྤྱི་ཟླ་༧པའི་ཚེས་༣༠དང་ཚེས་༣༡སྟེ་ཉིན་གཉིས་ལ་ཝ་ཧྲིང་ཐོན་དུ་མེད། དེ་བས་ད་ལན་སྐྱབས་རྗེ་འཇིགས་མེད་ཕུན་ཚོགས་མཆོག་དང་མཇལ་འཕྲད་མ་བྱུང་བར་ཡིད་ཧ་ཅང་ཕམ་པོ་བྱུང་། འོན་ཀྱང་། བདག་གིས་ཁྱེད་རང་ཕོ་བྲང་དཀར་པོ་ལ་ལྟ་སྐོར་དུ་འབྱོན་པར་སྣེ་ལེན་གྱི་ལས་སྒྲུབ་པ་བཀོད་སྒྲིག་བྱས་ཡོད་ཅིང་། ད་དུང་དོན་དག་གཞན་གང་ཡོད་རྣམས་ནམ་ཡིན་ཡང་བདག་ལ་འབྲེལ་གཏུག་གནང་རོགས།

འཚམས་འདྲིའི་སྨོན་འདུན་བཟང་པོ་དང་བཅས།

ཨལ་བྷེར་ཐི་ཀོར་ནས།

དེའི་རྗེས་སུ་ཆོས་རྗེ་མཆོག་གིས་ཆོས་ཁྲིད་ཀྱི་མཇུག་ལེགས་པར་གྲུབ་ནས། ཨ་རིའི་སྲིད་འཛིན་གཞོན་པའི་བཀོད་སྒྲིག་ལྟར་ཕོ་བྲང་དཀར་པོར་བྱོན།

ཕོ་བྲང་དཀར་པོར་གཟིགས་སྐོར་དུ་ཕྱིན་པ།

ཕྱི་ཟླ་༧པའི་ཚེས་༣༠ཉིན། ཆོས་རྗེ་ཉིད་ཕོ་བྲང་དཀར་པོར་(The White House)གཟིགས་སྐོར་དུ་ཕེབས། ཕོ་བྲང་དཀར་པོ་ནི་ཨ་རིའི་སྲིད་འཛིན་རིམ་བྱོན་གྱི་སྡོད་གནས་དང་རྒྱལ་ཁབ་ཀྱི་སྲིད་དོན་ལས་ཀ་ཐག་གཅོད་བྱ་སའི་གཞུང་སྒྲུབ་ཁང་ཡིན་པས། གནས་འགའ་རེར་གཏན་ཁེལ་གྱི་དུས་ཚོད་ནང་དུ་ལྟ་སྐོར་བྱ་ཆོག་ཅིང་། དེའང་ཨ་རིའི་མངའ་ཁོངས་ཀྱི་སྤྱི་དམངས་མ་གཏོགས་ཕྱི་རྒྱལ་ནས་ཡོང་བ་དག་ལ་ཐད་ཀར་དུ་སྒོ་འབྱེད་ཀྱིན་མི་འདུག

སྲིད་འཛིན་གཞོན་པ་ཨལ་བྷེར་ཐི་ཀོར་གྱིས་མངགས་བཅོལ་གནང་བ་ལྟར། སྣེ་ལེན་མཁན་ལྕམ་ཁཱ་རཱེན་ཝའེ་ལེམ་སི་(Karen Williams)ཡིས་ང་ཚོ་ཕོ་བྲང་དཀར་པོར་ལྟ་སྐོར་དུ་ཁྲིད། ཕོ་བྲང་དཀར་པོ་འདི་ནི་རྩ་བའི་ཐོག་ཁང་དང་ཤར་ཁང་། ནུབ་ཁང་བཅས་ཀྱིས་གྲུབ་ལ། ཤར་ཁང་ནི་གསོལ་སྟོན་ཁང་དང་ནུབ་ཁང་ནི་སྲིད་འཛིན་གྱི་གཞུང་སྒྲུབ་ཁང་རེད། ཕྱི་ནས་བལྟས་ན་ཐོག་བརྩེགས་རིམ་པ་གསུམ་ཡོད་པ་ལྟར་སྣང་ཡང་དོན་དུ་བརྩེགས་རིམ་དྲུག་དང་ཁང་མིག་བརྒྱ་དང་སོ་གཉིས་ཀྱིས་གྲུབ་འདུག སྣེ་ལེན་མཁན་གྱིས་ངེད་ཅག་ལ་བཅད་ཁུལ་རེ་རེ་བཞིན་ངོ་སྤྲོད་ཞིབ་ཅིང་རྒྱས་པར་བྱས་པ་མ་ཟད། ནམ་རྒྱུན་ལྟ་སྐོར་པ་རྣམས་ལ་སྒོ་མི་ཕྱེ་བའི་གནས་དག་ལའང་གཟིགས་སྐོར་ཕྱིན་པ་ཡིན། མོ་ནི་ཨ་རིའི་རབ་བྱུང་བ་ཞིག་ཡིན་ལ། བོད་བརྒྱུད་ནང་བསྟན་གྱི་སེར་གོས་གྱོན་ནས་རྒྱུན་དུ་ཕོ་བྲང་དཀར་པོའི་ནང་དུ་ལས་ཀ་སྒྲུབ་བཞིན་ཡོད་པ་ནི་ཤིན་ཏུ་ངོ་མཚར་ཞིང་མཐོང་དཀོན་པ་ཞིག་རེད།

ཕོ་བྲང་དཀར་པོའི་གྱང་ལྡེབས་ངོས་སུ། སྲིད་འཛིན་རིམ་བྱོན་དང་ཁོང་ཚོའི་ལྷ་ལྕམ་གྱི་འདྲ་པར་ཆེ་ཆུང་མང་པོ་གོ་རིམ་མེད་པར་བཤམས་འདུག་ལ། བར་ཁྱམས་དང་ཁང་པའི་ནང་ཐམས་ཅད་དུ། ཕོ་བྲང་དཀར་པོ་རུ་བེད་སྤྱོད་བྱས་མྱོང་བའི་སྤུས་ལེགས་རྫ་ཆས་དང་ཤེལ་སྣོད། གསེར་དངུལ་གྱི་ཟས་ཆས་སོགས་ལོ་རྒྱུས་རིག་གནས་ཀྱི་བྲོ་བ་སྟུག་པོ་མངའ་བའི་སྒྱུ་རྩལ་ཐོན་རྫས་སྣ་ཚོགས་བཤམས་སྟོན་བྱས་ཡོད། སྐབས་དེ་དུས་ཨ་རིའི་ལས་ཐོག་སྲིད་འཛིན་ནི་ཁཱི་ལིན་ཐོན་(william jefferson clinton)ཡིན་པས། ཁོང་དང་ཁོང་གི་ཁྱིམ་མིའི་འདྲ་པར་དང་བརྙན་ཐུང་སོགས་ཀྱང་མང་ཙམ་ཡོད།

ཕྱི་དྲོར་ཆོས་རྗེ་ཉིད་དང་ངེད་ཅག་ཨ་རིར་བཅའ་སྡོད་བྱས་པའི་ཀྲུང་གོའི་གཞུང་ཚབ་ཁང་དུ་ཕྱིན་པ་དང་། ང་ཚོར་སྣེ་ལེན་བྱེད་མཁན་གྱི་གཞུང་ཚབ་མགོ་དཔོན་ནི་མི་ཞི་དུལ་ངག་འཇམ་ཞིག་རེད། ང་ཚོས་གནས་འདིར་ཡོང་བའི་ལས་རིམ་ནང་དོན་དང་ཕྱི་སྡོད་དུས་ཡུན་སོགས་འབྲེལ་ཡོད་ཀྱི་དོན་རྣམས་གསལ་བཤད་བྱས་ཤིང་། ཁོས་ཀྱང་ཞིབ་ཕྲའི་གནས་ཚུལ་གང་མང་དྲིས་བྱུང་། མཐར་ང་ཚོ་ཕྱིར་ཆོས་ཚོགས་སུ་ལོག་པ་ཡིན།

གྱེས་ཁའི་ཞལ་གདམས།

ཕྱི་ཟླ་༧པའི་ཚེས་༣༡ཉིན། ཆོས་རྗེ་ཉིད་ཀྱིས་གནས་འདི་ནས་ཆོས་ཁྲིད་གསུང་པའི་མཛད་རིམ་རྣམས་ལེགས་པར་གྲུབ་སྟེ་དགའ་སྟོན་རྟེན་འབྲེལ་མཚོན་པའི་ཆེད་དུ། པགས་མདོག་མི་གཅིག་ཅིང་རྒྱལ་ཁབ་ཐ་དད་པའི་ཆོས་པ་རྣམས་ཀྱིས་སྔོ་ལྗང་གི་སྤང་ཐང་དུ་སྦྲ་གུར་ཕུབ་ནས་སྤྲོ་སྐྱིད་ཀྱི་རང་འདེམས་གསོལ་སྟོན་བཤམས།

ཉིན་དེར། གནམ་གཤིས་དྭངས་ཤིང་བསིལ་ལ་ལྗོན་པའི་གཡུ་མདངས་ལྷག་པར་མིག་ལ་མཛེས་པ་དང་། བྱ་རིགས་སྣ་ཚོགས་ཀྱིས་སྙན་འཇེབས་ཀྱི་གྲེ་འགྱུར་སྒྲོག་པ། མེ་ཏོག་གི་དྲི་བསུང་མངར་མོས་དྲི་འཛིན་དབང་པོའི་བརྟན་པ་དབང་མེད་དུ་འཕྲོག་པའི་ཁོར་ཡུག་དེ་ནས། ཚང་མས་ལྷན་ཅིག་ཏུ་གུ་ཡངས་བག་ཕེབས་ཀྱིས་ཟས་མཆོག་ལ་རོལ་ཞིང་སེམས་པའང་ཧ་ཅང་སྐྱིད་པོ་བྱུང་།

ཆོས་རྗེ་ཉིད་དེར་ཡོད་དད་ལྡན་རྣམས་དང་ཞལ་གྱེས་ལ་ཉེ་བའི་སྔོན་དུ་ཐམས་ཅད་ལ་ཞལ་གདམས་འདི་ལྟར་གསུང་།

དེ་རིང་གི་སྐབས་སུ་ངས་ཁྱེད་རྣམ་པ་ལ་སློབ་སྟོན་ནམ་རེ་འདུན་ཚིག་ཀ་འགའ་ཞུ་རྒྱུ་ཡོད།

སྤྱིར་ང་ལྟ་བུའི་ཡོན་ཏན་མེད་ཅིང་སྐྱོན་ཆེ་བའི་གང་ཟག་ཅིག་གིས་ཁྱེད་རྣམ་པ་ལྟ་བུར་སློབ་སྟོན་བྱེད་པ་དེ་མི་འོས་པའི་གནས་ཤིག་ཡིན་ཡང་། ད་རེས་ཀྱི་གནས་སྐབས་ན་ང་ཚོ་ཚང་མ་བླ་མ་དང་སློབ་མའི་དམ་ཚིག་གིས་འབྲེལ་ནས་ཚེ་འདི་ཙམ་དུ་མ་ཟད་སྐྱེ་བ་ཚེ་རབས་ཀྱི་བར་དུ་འབྲལ་བ་མེད་པར་གྱུར་བ་ཡིན། དེས་ན་ངས་ཀྱང་སྙིང་སྟོབས་བསྐྱེད་ནས་ཚིག་ཀ་འགའ་ཞུ་རྒྱུ་ཡིན།

ཐོག་མར་ཚོགས་གཙོ་ཨ་དཀོན་ལྷ་མོ་ལགས་ལ་རེ་བ་གཉིས་ཞུ་རྒྱུ་ཡོད། ཁོང་གི་ཡོན་ཏན་ཐམས་ཅད་རིགས་བསྡུ་ན། རང་རྒྱུད་ལ་ཉམས་རྟོགས་ཀྱི་ཡོན་ཏན་ཡོད་པ་དང་། གཞན་དོན་དུ་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པའི་ཕྲིན་ལས་གཉིས་ཡོད་རྒྱུ་རེད་བསམ། ཡོན་ཏན་དེ་གཉིས་པོ་སྔར་ཡོད་མི་ཉམས་པའི་ཐབས་ལ་བརྩོན་པ་དང་། སྔར་མེད་ཀྱི་ཡོན་ཏན་ད་དུང་མང་པོ་འཐོབ་རྒྱུ་ཡོད་པས་དེ་འཐོབ་པར་བརྩོན་ཐུབ་པའི་རེ་བ་ཡིན།

དེ་ནས་རབ་ཏུ་བྱུང་བ་ཁོང་རྣམས་ལའང་རེ་བའི་ཚིག་ཀ་གསུམ་ཞུ་རྒྱུ་ཡོད། དེ་གང་ཡིན་ཞེ་ན། ཁྱེད་རྣམ་པ་ཐུགས་མཐུན་པ་དང་ཁྲིམས་གཙང་བ། སྤོང་ཀློག་གི་ལས་ལ་བརྩོན་པ་དང་གསུམ་ཡིན།

དང་པོ་ཐུགས་མཐུན་པ་ཟེར་བ་ནི། ནང་པ་སངས་རྒྱས་པ་ཙམ་མ་ཡིན་པར། ཡེ་ཤུ་དང་ཧིན་དྷུའི་ཆོས་ལུགས་སོགས་ལའང་མཐུན་འབྲེལ་ལེགས་པོ་བྱེད་པ་ལས་ཐམས་ཅད་ལ་འཁྲུག་སློང་བྱས་ན་གནོད་པ་མ་གཏོགས་བདེ་བའི་རྒྱུ་རུ་འགྱུར་མི་སྲིད། དོན་དང་པོ་ནི་ཆོས་ལུགས་ཡོངས་སུ་རྫོགས་པ་ལ་མཐུན་འབྲེལ་བྱེད་པ་དེ་རྩ་བ་ཡིན། ཁྱད་པར་དུ་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་སོ་ཅོག་ཐམས་ཅད་ལ་མཐུན་འབྲེལ་དམ་ཟབ་བྱེད་པ་དང་། ཡང་དགོས་སུ་བོད་ཡུལ་ནས་དར་ཡོང་བའི་གྲུབ་མཐའ་ཆེན་པོ་བཞི་ལ་སོགས་པ་མང་པོ་ཡོད། དེ་ཚང་མར་ཡང་མཐུན་འབྲེལ་ལེགས་པོ་བྱེད་པ་ནི་མེད་དུ་མི་རུང་བ་ཡིན།

སྔོན་ཆད་ལོ་ཉི་ཤུ་དང་སུམ་ཅུའི་གོང་རོལ་དང་བསྡུར་ན། ད་སྐབས་འཛམ་གླིང་གི་རྒྱལ་ཁབ་གང་ལ་ཡང་སངས་རྒྱས་ཀྱི་བསྟན་པ་འདི་ཧ་ཅང་དར་བ་ཡིན་ཡང་། འདི་ལ་ད་སྐབས་སྲི་ཆེན་པོ་ཞིག་ཞུགས་ཡོད་པ་ནི་མཐུན་འབྲེལ་མེད་པ་དེ་ཡིན། ངོ་མ་བཤད་ན་བླ་མ་གཉིས་ས་ཆ་གང་དང་གང་ལ་སོང་ན་ཡང་མཐུན་མོ་ཡོང་བ་དཀོན་པོ་ཡིན་ལ། ཆོས་ཚོགས་ཁག་གཉིས་ཡོད་ན་ཡང་མཐུན་པོ་ཡོང་རྒྱུ་དཀའ་མོ་ཡིན། དེ་བཞིན་དུ་དགེ་འདུན་གྱི་སྡེ་གཉིས་ཡོད་ན་ཡང་མཐུན་པོ་ཡོང་བ་དེ་དཀའ་མོ་ཡིན་པས་མཐུན་པོ་བྱ་རྒྱུ་དེ་ནི་ཅི་ནས་ཀྱང་གལ་ཆེ་བ་ཡིན། བཅོམ་ལྡན་འདས་ཀྱིས། དགེ་འདུན་མཐུན་པ་བདེ་བ་སྟེ། །མཐུན་པ་རྣམས་ཀྱི་དཀའ་ཐུབ་བདེ། །ཞེས་དགེ་འདུན་པ་མཐུན་པ་དེ་བདེ་བ་ཐམས་ཅད་ཀྱི་མཆོག་ཐོབ་བྱེད་ཡིན་ལ། དགེ་འདུན་པ་མཐུན་ནས་དགེ་སྒྲུབ་སྡིག་སྤོང་བྱེད་པ་དེ་བས་ཀྱང་བདེ་བ་ཆེན་པོ་ཡིན་པས། དེ་ནི་མེད་དུ་མི་རུང་བ་ཡིན་པར་གསུངས།

གཉིས་པ་ཚུལ་ཁྲིམས་གཙང་རྒྱུ་དེ་རྩ་བ་ཡིན། ཁྱེད་རྣམ་པའི་རྒྱུད་ལ་ཚུལ་ཁྲིམས་ཀྱི་སྡོམ་པ་བླངས་ཟིན། སྡོམ་པ་དེ་བསྲུངས་ན་འདི་དང་ཕྱི་མ་ཀུན་ཏུ་བདེ་བ་མ་གཏོགས་སྡུག་བསྔལ་འབྱུང་རྒྱུ་ཡོད་པ་མིན། གལ་སྲིད་ཚུལ་ཁྲིམས་དེ་འཆལ་སོང་ན་ངེས་པར་དུ་ངན་སོང་གི་གནས་སུ་འགྲོ་བ་ལས་འགྲོ་ས་གཞན་ཡོད་པ་མིན། དེའི་ཕྱིར་ན་ཁེ་ཉེན་ཆེ་བ་ཞིག་ཏུ་གྱུར་ཡོད་པས་གཟབ་གཟབ་བྱས་ནས་སྡོམ་པ་བསྲུང་དགོས།

གསུམ་པ་སྤོང་ཀློག་གི་ལས་ལ་བརྩོན་པ་ནི། སྤོང་ཟེར་བ་ཅི་འདྲ་ཞིག་ཡིན་ཞེ་ན། སྒོམ་ཉམས་ལེན་ལ་དོ་དོ་ཏན་ཏན་བྱེད་པ་ལ་ཟེར། ཀློག་ཅེས་པ་ནི་ཐོས་བསམ་སྟེ་ཆོས་འཆད་ཉན་གྱི་ལས་ལ་ཅི་ནུས་ཅི་ལྕོགས་བྱ་དགོས་ཏེ། ཕར་ཆོས་འཆད་ཐུབ་ན་བཟང་པོ་རེད། དེ་མ་ཐུབ་ན་ཡང་རང་གིས་ཆོས་མཉན་པར་བརྩོན་དགོས། གལ་ཏེ་གཉིས་ཀ་ཡོད་ན་གོང་ན་མེད་པ་ཡིན། གཉིས་ཀ་མེད་ན་ཡང་གང་རུང་རེ་མེད་དུ་མི་རུང་བ་ཡིན།

ཁྱིམ་པའི་ཚོགས་ལའང་རེ་བ་གཉིས་ཡོད། ཁྱེད་རྣམས་ཀྱིས་ཀྱང་སྲོག་མི་གཅོད་པ་དང་མ་བྱིན་པ་མི་ལེན་པ་སོགས་དགེ་བ་ལ་གནས་ནས་ཕྱག་སྐོར་ཁ་ཏོན་ལ་སོགས་པའི་ལས་ལ་ཅི་ནུས་སུ་འབད་པར་བྱེད་པ་དེ་དོན་དང་པོ་ཡིན། ཁྱད་པར་དུ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་དང་། དེའི་ནང་ནས་ཀྱང་དགེ་འདུན་དཀོན་མཆོག་ལ་དད་པ་ཞོག གསོལ་འདེབས་གྱིས། ཞབས་ཞུ་སྒྲུབས། རྒྱུ་རྫས་ཅུང་ཟད་རེ་ཡོད་ན་དགེ་འདུན་པ་རྣམས་ཀྱི་ཕྱོགས་སུ་ཅི་ནུས་ཀྱིས་ཕུལ་ནས་རང་གི་འདི་ཕྱི་ཀུན་གྱི་དོན་སྒྲུབ་པ་དེ་དོན་གཉིས་པ་ཡིན།

དེ་ནས་ཚང་མ་ལ་ཐུན་མོང་དུ་རེ་བ་གཅིག་ཡོད། ཁྱེད་རྣམ་པ་ཐམས་ཅད་ཀྱིས་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། སྒོས་ཆོས་ཚོགས་འདི་ལ་ཁ་ཆག་སྣ་རལ་དང་མི་ཁ་ཁྲེལ་གྱོང་མི་འོང་བའི་ཐབས་ལ་ཅི་ནུས་སུ་འབད་དགོས། ཁྱད་པར་དུ་ཆོས་ཚོགས་འདི་ལ་སྙད་ཅིག་ཞུགས་ཡོང་ན་ཁྱེད་རྣམ་པ་མི་སྔུན་ལ་འབུད་མི་ལོ་བ་སྨོས་མ་དགོས་ཀྱང་། སངས་རྒྱས་ཀྱི་བསྟན་པ་སྤྱི་ལའང་དམའ་འབེབ་ཆེན་པོ་ཞིག་ཡོང་བ་ཡིན། དེ་ལ་ཧ་ཅང་གིས་གཟབ་གཟབ་བྱ་དགོས།

ཁྱེད་རྣམ་པའི་ཆོས་ཚོགས་འདི་ལ་ཉེན་ཁ་འབྱུང་བའི་གཟབ་དགོས་ས་དང་དོ་སྣང་བྱེད་དགོས་ས་འགའ་རེ་ཡོད། དེ་གང་ཡིན་ཞེ་ན། དང་པོ་ནི་བླ་སེར་དང་ཇོ་མོ་འདི་ཚོས་སྡོམ་པ་བསྲུང་རྒྱུ་ལ་ངོ་མ་གཟབ་དགོས་པ་རེད་མ་གཏོགས། འདི་ལ་སྙད་ཅིག་བྱུང་ན་དེ་ལས་སྡུག་གང་ཡང་ཡོད་པ་མིན།

དེའི་ཐབས་སུ་ནི་ཚོགས་གཙོ་ཁོང་གིས་སྒྲིག་ཁྲིམས་དམ་པོ་ཞིག་འཇོག་དགོས་པ་ཡིན་ལ། མཐུན་རྐྱེན་འཛོམས་ན་བླ་སེར་དང་ཇོ་མོ་རྣམས་ཀྱི་སྒྲུབ་ཁང་དེ་ཡང་ཁ་ཁ་གྱིས། བར་དུ་འདབས་འབྲེལ་མི་ཡོང་བར་དང་པོ་ནས་སྔོན་འགོག་ཡང་དག་པར་བྱེད་པ་ཅི་ནས་ཀྱང་གལ་ཆེ་བ་ཡིན། དེ་ལ་གཟབ་གཟབ་མ་བྱས་པར་ཇོ་སེར་དང་ཁྱིམ་པ་ཕོ་མོ་ཚོ་ལྷན་དུ་བསྲེས་ནས་བསྡད་ན། སྡོམ་པ་བསྲུང་ཐུབ་མཁན་དེ་ཧ་ཅང་དཀའ་མོ་ཡིན།

ང་རང་ལ་དཔེ་མཚོན་ན། ངའི་སློབ་གླིང་ལ་ཇོ་མོ་སྟོང་དང་བརྒྱ་ཕྲག་འགའ་ཞིག་ཡོད་ལ། བླ་སེར་ཡང་དེ་ཙམ་ཞིག་ཡོད་རྒྱུ་རེད། ཁོང་རྣམ་པས་ཆོས་ཞུ་བའི་སྐབས་སུ་འདུག་ས་ཁ་ཁར་ཕྱེས་ནས་བར་ཐག་རིང་པོར་འདུག་པ་མ་གཏོགས་ལྷན་དུ་འདུག་མི་ཆོག འགྲོ་བའི་གནས་སྐབས་ན་ཡང་ཁང་སྒོ་གཅིག་ནས་གཤར་མི་ཆོག་པར། ཇོ་མོ་རྣམས་ཕྱོགས་གཅིག་དང་བླ་སེར་རྣམས་ཕྱོགས་གཅིག་ནས་གཤར་དགོས། དེ་བཞིན་དུ་སྡོད་ཁང་ཡང་བར་ཐག་རིང་པོ་ཡིན་ལ། ཁོང་རྣམས་ནམ་རྒྱུན་འབྲེལ་གཏུག་བྱེད་ཆོག་པ་མིན། དེ་ལྟར་མ་བྱས་ནས་ཡུན་རིང་པོའི་བར་ལྷན་དུ་བསྡད་ན། ནམ་ཞིག་སྡོམ་པ་སྲུང་ཟེར་བ་དེ་དཀའ་མོར་འགྱུར་ཡོང་བ་ཡིན། ཁྱེད་རྣམ་པ་ཚང་མས་དང་པོ་རང་རྒྱུད་ཀྱི་སྡོམ་པ་བསྲུང་དགོས་པ་རེད་མ་གཏོགས། དེ་ཉམས་པ་ནི་ཤིན་ཏུ་ཉེས་ཚབས་ཆེ་ཞིང་ཚེ་རབས་འབུམ་ཕྲག་མང་པོའི་བར་དུ་ངན་སོང་གསུམ་ནས་མི་ཐར་བའི་ལས་ཡིན་པས། དང་པོ་ནས་རང་རྒྱུད་ཀྱི་སྡོམ་པ་ལ་གཟབ་གཟབ་བྱ་དགོས་པ་ཡིན།

གཉིས་པ་ནི་གཞན་གྱི་སྡོམ་པ་མི་འཕྲོག་པ་ལ་ཅི་ནུས་ཀྱིས་གཟབ་དགོས་ཏེ། དཔེར་ན་གང་ཟག་གཞན་ཞིག་གི་སྡོམ་པ་འཕྲོག་པར་བྱས་ན། རང་གི་སྡོམ་པ་ཉམས་པ་ལས་ཀྱང་ཉེས་པ་ཆེ་བ་ཡིན། ཇི་ལྟར་ཡིན་ཞེ་ན། མཆོད་རྟེན་བྱེ་བ་མང་པོ་བཤིག་པ་ལས་གང་ཟག་གཅིག་གི་རྒྱུད་ཀྱི་སྡོམ་པ་འཕྲོག་ན་དེ་ཉེས་པ་ཆེ་བ་ཡིན། སྲོག་གཅོད་པ་དང་མ་བྱིན་པ་ལེན་པ་ལ་སོགས་པའི་སྡིག་པ་གཞན་བྱས་ན་ངན་སོང་དུ་སྐྱེ་ངེས་ཀྱི་ལས་ཡིན་ཡང་འདག་ཏུ་ཡོད་མོད། དགེ་ཚུལ་སློང་གི་སྡོམ་པ་འཕྲོག་པ་ནི་ཉེ་བའི་མཚམས་མེད་ཀྱི་ལས་ཏེ། ཤི་མ་ཐག་ཏུ་དམྱལ་བ་མནར་མེད་ཀྱི་གནས་སུ་སྐྱེ་བར་འགྱུར་བ་མ་གཏོགས་ཐར་བའི་གོ་སྐབས་མེད་པས་ཧ་ཅང་གཟབ་དགོས་པ་ཡིན།

ཁྱེད་རྣམ་པ་སུ་དང་སུ་ཡིན་ཡང་རང་གིས་དགེ་བ་རྒྱ་ཆེན་པོ་ཞིག་མ་འགྲུབ་ཀྱང་སྐྱོན་མི་འདུག གཞན་གྱིས་ཚུལ་ཁྲིམས་རྣམ་པར་དག་པ་སྲུང་བ་ལ་བར་ཆད་དུ་མི་འགྲོ་བའི་ཐབས་ལ་ཅི་ནུས་སུ་བརྩོན་དགོས། གཞན་ཚུལ་ཁྲིམས་དང་ལྡན་པ་ཞིག་ཚུལ་ཁྲིམས་ལས་ཉམས་པར་བྱས་ན། སྐྱེ་བ་འབུམ་ཕྲག་མང་པོའི་བར་དུ་དཀོན་མཆོག་གསུམ་ལ་དངོས་སུ་འཕྲད་པ་ལྟ་ཅི། དེའི་མིང་ཙམ་ཡང་མི་གྲགས་པའི་མཐའ་འཁོབ་མུན་ནག་གི་གནས་སུ་སྐྱེ་བར་འགྱུར་བ་ཡིན།

གལ་སྲིད་ཚུལ་ཁྲིམས་ཉམས་སོང་ཡང་སྒོམ་སྒྲུབ་དང་གསང་སྔགས་ཀྱི་ཆོས་རེ་ཉམས་སུ་བླང་པས་མི་སྐྱོན་སྙམ་ན། བཅོམ་ལྡན་འདས་ཀྱིས། ཚུལ་ཁྲིམས་འཆལ་ལ་ཐུབ་དབང་གིས། །སྔགས་གྲུབ་པར་ནི་མ་གསུངས་ཏེ། །ཞེས་ཚུལ་ཁྲིམས་འཆལ་ཚར་ནས་བཟུང་སྟེ་སྒོམ་ཉམས་ལེན་ཐོས་པ་སློབ་གཉེར་གང་དང་གང་བྱས་ཀྱང་། ཁྱོད་འགྲོ་ས་ངན་སོང་མ་གཏོགས་ཕན་པར་མི་འགྱུར་བས་ཅི་ནས་ཀྱང་གཟབ་དགོས་པ་ཡིན། རང་གིས་ཚུལ་ཁྲིམས་སྲུང་མ་ནུས་ན་གཞན་གྱི་ཚུལ་ཁྲིམས་ལ་བཀག་འགོག་མི་བྱེད་པར་མཐུན་རྐྱེན་སྒྲུབས་དང་། གཞན་གྱིས་ཚུལ་ཁྲིམས་བསྲུངས་བའི་ཕན་ཡོན་ཡང་རང་ལ་འཐོབ་པར་འགྱུར་བ་ཡིན།

དེས་ན་ངས་ཁྱེད་ཆོས་ཚོགས་ཀྱི་གཙོ་འགན་པ་ལ་སློབ་སྟོན་ཚིག་ཀ་གཉིས་དང་། བླ་སེར་དང་ཇོ་མོ་རྣམས་ལའང་སློབ་སྟོན་ཚིག་ཀ་གསུམ། ཁྱིམ་པ་ཕོ་མོ་རྣམས་ལའང་སློབ་སྟོན་ཚིག་ཀ་གཉིས་བྱས་ཡོད། དེ་དག་ཁྱེད་རྣམ་པས་དུས་རྒྱུན་དུ་ཐུགས་ལ་འཛིན་རྒྱུར་མ་འཆུགས། ང་སོང་བའི་རྗེས་སུ་འབོར་གི་མ་འཇུག ནང་ལྭའི་གློ་ཁུག་གི་རྐུབ་ནས་འབོར་དུ་མི་འཇུག་པར་ཚང་མས་དོ་ཏན་གྱིས་ཉར་ཚགས་བྱ་རྒྱུ་མ་འཆུགས། ༼དགོད་སྒྲ།༽

དེ་ནས་མཇུག་སྡུད་དུ་ངས་སྨོན་འདུན་གྱི་ཚིག་ཀ་གསུམ་ཞུ། དོན་དང་པོ་ཚོགས་གཙོའི་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པའི་སྨོན་འདུན་ཞུ་བ་ཡིན། དོན་གཉིས་པ་དགེ་འདུན་པ་ཐམས་ཅད་ཚུལ་ཁྲིམས་རྣམ་པར་དག་པ་དང་ལྡན་ཞིང་ཤེས་རབ་ཕུན་སུམ་ཚོགས་པའི་ལས་ལ་བརྩོན་པའི་སྨོན་འདུན་ཞུ་བ་ཡིན། དོན་གསུམ་པ་ནི་མི་སྐྱ་ཕོ་མོ་རྣམས་ཀྱང་དཀོན་མཆོག་གསུམ་ལ་དད་པ་མི་ལྡོག་པ་དང་དགེ་བ་བཅུའི་ལམ་ལ་གནས་པར་འགྱུར་བའི་སྨོན་འདུན་ཞུ་བ་ཡིན།

དེ་ལྟར་དུ་འགྲུབ་པར་བྱེད་པ་ལ་རྒྱལ་བ་སྲས་བཅས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པའི་དགོངས་གསོལ་དང་། ཁྱེད་རྣམ་པས་ཀྱང་དེ་ལྟ་བུའི་རེ་སྨོན་ཐམས་ཅད་ཡོངས་སུ་འགྲུབ་པའི་མཐུན་འགྱུར་གནང་བར་མཛད་དུ་གསོལ་ཞེས་ཞུ་བ་ཡིན།

དྲན་ངོགས་ཀྱི་ནུབ་བསྐྱོད་ལས་ཡུལ་ཝ་ཧྲིང་ཐོན་གྱི་མཛད་རིམ་ལེགས་པར་གྲུབ་པའི་སྐབས་ཏེ་ལྔ་པའོ། །

འབབ་ཚུགས་དྲུག་པ། ཨ་རིའི་ཉིའུ་ཡོག

༼ ༨·༡~༨·༨ ༽

མཛད་རིམ།

ཕྱི་ཟླ་༨པའི་ཚེས་༡ཉིན། ཉིའུ་ཡོག་ཏུ་འབྱོར།

ཕྱི་ཟླ་༨པའི་ཚེས་༢ཉིན། དཔལ་དུས་ཀྱི་འཁོར་ལོའི་སྐོར་གྱི་ཆོས་ཁྲིད་གནང་།

ཕྱི་ཟླ་༨པའི་ཚེས་༣ཉིན། སྔ་དྲོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་ཁང་དུ་བྱོན་པ་དང་། དགོང་མོར་འཇམ་དཔལ་ཞི་སྒྲུབ་ཀྱི་དབང་གནང་།

ཕྱི་ཟླ་༨པའི་ཚེས་༤ཉིན། སྔ་དྲོར་འཛམ་གླིང་ཉོ་ཚོང་ལྟེ་གནས་སུ་བྱོན་པ་དང་། དགོང་མོར་ཕུར་པ་མགུལ་ཁུག་མའི་དབང་གནང་།

ཕྱི་ཟླ་༨པའི་ཚེས་༥ཉིན། ཕུར་པའི་སྐོར་གྱི་སྤྱི་བསྒྲགས་གསུང་བཤད་གནང་།

ཕྱི་ཟླ་༨པའི་ཚེས་༦ཉིན། ཚིག་བདུན་གསོལ་འདེབས་ཀྱི་ཁྲིད་གནང་།

ཕྱི་ཟླ་༨པའི་ཚེས་༧ཉིན། སྔ་དྲོར་ལྕེ་བཙུན་སྙིང་ཐིག་གི་དབང་དང་། ཕྱི་དྲོར་ལྕེ་བཙུན་སྙིང་ཐིག་གི་ཁྲིད་གནང་།

ཕྱི་ཟླ་༨པའི་ཚེས་༨ཉིན། སྔ་དྲོ་དང་ཕྱི་དྲོ་གཉིས་སུ་ལྕེ་བཙུན་སྙིང་ཐིག་གི་ཁྲིད་གནང་།

ཉིའུ་ཡོག་གྲོང་ཁྱེར་དུ་འབྱོར་བ།

ཕྱི་ཟླ་༨པའི་ཚེས་༡ཉིན། ཆོས་རྗེ་ཉིད་ཨ་རིའི་ཆབ་སྲིད་ཀྱི་ལྟེ་གནས་རྒྱལ་ས་ཝ་ཧྲིང་ཐོན་དང་ཞལ་གྱེས་ཏེ། གནམ་གྲུར་བཞུགས་ནས་དུས་ཚོད་གཅིག་ཙམ་བསྐྱོད་པ་ན། ཨ་རིའི་དཔལ་འབྱོར་གྱི་ལྟེ་གནས་གྲོང་ཁྱེར་ཉིའུ་ཡོག་གི་ལཱ་ཀུར་དྷི་ཡ་གནམ་ཐང་(LaGuardia Airport)དུ་འབྱོར།

ཉིའུ་ཡོག་ནི་ཨ་རིའི་གྲོང་ཁྱེར་ཆེས་ཆེ་ཤོས་ཡིན་ལ། ཕྱི་ལོ་༡༧༨༩ལོར། ཨ་རིའི་སྲིད་འཛིན་ཐོག་མ་ལྗོར་ལྗི་ཝ་ཧྲིང་ཐོན་ཁྲི་འདོན་བྱས་ཏེ་རྒྱལ་སྲིད་སྐྱོང་སའི་གནས་སྐབས་ཀྱི་རྒྱལ་སའང་ཡིན། དུས་རབས་བཅུ་དགུ་པ་ནས་བཟུང་། ཐུན་མོང་མ་ཡིན་པའི་ས་ཁམས་གནས་སྟངས་ཀྱི་དབང་གིས། ཉིའུ་ཡོག་གྲོང་ཁྱེར་ནི་གནའ་ནས་ད་ལྟའི་བར་དུ་ཨ་རི་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་དངུལ་རྩའི་དཀྱིལ་སྙིང་དང་ལྟེ་གནས་སུ་གྱུར་ཡོད་པར་མ་ཟད། འཁྲུག་ཆེན་གཉིས་པ་མཇུག་རྫོགས་རྗེས། འཛམ་གླིང་གི་དཔལ་འབྱོར་འཁོར་རྒྱུག་ཁྲོད་ཨ་སྒོར་གྱི་སྟངས་འཛིན་ནུས་པ་ཆེ་རུ་སོང་བ་དང་བསྟུན་ནས། གྲོང་ཁྱེར་འདིའང་འཛམ་གླིང་གི་དཔལ་འབྱོར་དང་དངུལ་རྩའི་ལྟེ་གནས་ཉིད་དུ་གྱུར། སྤྱི་ལེ་གྲུ་བཞི་མ་དྲུག་ཅུ་ཙམ་ལས་མེད་པའི་མན་ཧཱ་ཐིན་(Manhattan)གྱི་གླིང་ཕྲན་སྟེང་དུ། དངུལ་རྩ་དང་ཕྱི་ཕྱོགས་ཉོ་ཚོང་གི་སྡེ་ཁག་བགྲང་གིས་མི་ལང་བ་ཆགས་ཡོད་ཅིང་། འཛམ་གླིང་གི་ཆ་འཕྲིན་ཐམས་ཅད་གཅིག་ཏུ་འདུས་པའི་བང་མཛོད་ལྟ་བུའང་གནས་འདི་ཉིད་ཡིན་པས། ས་སྒང་རིལ་མོའི་སྟེང་དུ་གནས་ཚུལ་གང་བྱུང་ཐམས་ཅད་གྲོང་ཁྱེར་འདི་དང་དམ་པོར་འབྲེལ་ནས་ཡོད།

ཆོས་རྗེ་ཉིད་གྲོང་ཁྱེར་འདིའི་བྷ་ཝེ་རའེ་ཁྲོམ་ལམ་གྱི་ཁང་རྟགས་༢༢༢པར་(222 Bowery Street)བཞུགས། ཐོག་ཁང་དེ་དག་ལ་ལོ་ངོ་བརྒྱ་ཕྲག་གི་ལོ་རྒྱུས་ལྡན་པར་མ་ཟད། སྔོན་སྐད་གྲགས་ཅན་གྱི་སྒྱུ་རྩལ་པ་རྣམས་ཀྱི་སྡོད་གནས་ཡིན་པས། མི་རྣམས་ཀྱིས་དེ་ལ་བཙན་རྫོང་(bunker)ཞེས་འབོད་ཅིང་། ད་ལྟའི་བར་དུ་ཉིའུ་ཡོག་གྲོང་ཁྱེར་གྱི་མཚོན་བྱེད་བཟོ་བསྐྲུན་དུ་གྱུར་ཡོད། དུས་རབས་གོང་མའི་ལོ་རབས་བདུན་ཅུའི་ནང་། སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་སློབ་མ་ཞིག་གིས་གནས་ཁང་དེ་ཉོས་ནས་སྔ་འགྱུར་རྙིང་མའི་ཆོས་ཚོགས་སུ་བསྒྱུར་ཅིང་། མིང་ལའང་ཨོ་རྒྱན་ཆོས་ཚོགས་སམ་ཡེ་ཤེས་སྙིང་པོའི་ཆོས་ཚོགས་ཞེས་བཏགས་འདུག

ཆོས་རྗེ་ཉིད་ཀྱིས་གཟའ་འཁོར་གཅིག་གི་རིང་ལ་གནས་འདི་ནས་དབང་ཁྲིད་གནང་བ་ཡིན།

ཉིའུ་ཡོག་གི་མཛད་རིམ་རགས་བསྡུས།

ལོ་ངོ་སུམ་ཅུ་ཕྱིན་པའི་དེ་རིང་གི་དུས་སྐབས་འདིར། ཆོས་རྗེ་ཉིད་ཀྱིས་སྔོན་ཆད་ཉིའུ་ཡོག་དང་བྷོ་སི་ཐིན་(Boston)གྲོང་ཁྱེར་གཉིས་ཀྱི་ས་ཚིགས་སུ་གསུངས་པའི་འབྲེལ་ཡོད་རྒྱུ་ཆ་རྣམས་ད་ལྟ་སོ་སོར་འཐོར་སོང་རྐྱེན། ཕྱོགས་ཀུན་ལ་འདྲི་རྩད་གང་མང་བྱས་ཀྱང་ཉུང་ཙམ་ལས་ལག་སོན་མ་བྱུང་། ལག་སོན་བྱུང་བ་རྣམས་གཞིར་བཞག་གི་སྟེང་དུ། སྐབས་དེའི་མཛད་རིམ་རགས་བསྡུས་ཀྱི་བརྗེད་ཐོ་ཙམ་ཞིག་འདིར་བཀོད་པ་ཡིན། རྗེས་སུ་ཁོང་གི་གསུང་དག་མའི་སྒྲ་བརྙན་ཡིག་ཆ་སོགས་རྙེད་བྱུང་ན། མྱུར་དུ་ཁ་གསབ་བྱས་ཏེ་གཟིགས་མོར་དབུལ་ཆོག

ཕྱི་ཟླ་༨པའི་ཚེས་༢ཉིན། ཇོ་ནང་པའི་ཆོས་ཚོགས་སུ་དཔལ་དུས་ཀྱི་འཁོར་ལོའི་སྐོར་གྱི་ཆོས་ཁྲིད་གནང་།

ཕྱི་ཟླ་༨པའི་ཚེས་༣ཉིན། སྟོན་པའི་དྲིན་དྲན་གླིང་དུ་འཇམ་དཔལ་རྫོགས་པ་ཆེན་པོའི་དབང་གནང་།

ཕྱི་ཟླ་༨པའི་ཚེས་༤ཉིན། ཨོ་རྒྱན་ཆོས་ཚོགས་སུ་ཕུར་བ་མགུལ་ཁུག་མའི་དབང་གནང་།

ཕྱི་ཟླ་༨པའི་ཚེས་༥ཉིན། ཨོ་རྒྱན་ཆོས་ཚོགས་སུ་ཕུར་བའི་སྐོར་གྱི་སྤྱི་བསྒྲགས་གསུང་བཤད་གནང་།

ཕྱི་ཟླ་༨པའི་ཚེས་༦ཉིན། གུ་རུ་རིན་པོ་ཆེའི་ངོ་སྤྲོད་ཀྱི་ཁྲིད་གནང་།

ཕྱི་ཟླ་༨པའི་ཚེས་༧ཉིན། ཨོ་རྒྱན་ཆོས་ཚོགས་སུ། སྔ་དྲོར་ལྕེ་བཙུན་སྙིང་ཐིག་གི་དབང་དང་ཕྱི་དྲོར་ལྕེ་བཙུན་སྙིང་ཐིག་གི་ཁྲིད་གནང་།

ཕྱི་ཟླ་༨པའི་ཚེས་༨ཉིན། ཨོ་རྒྱན་ཆོས་ཚོགས་སུ་སྔ་དྲོ་དང་ཕྱི་དྲོ་གཉིས་སུ་ལྕེ་བཙུན་སྙིང་ཐིག་གི་ཁྲིད་གནང་།

ཉིའུ་ཡོག་བླ་རུང་མདོ་སྔགས་རིགས་པའི་ཆོས་ཚོགས།

ཆོས་རྗེ་ཉིད་ཉིའུ་ཡོག་ཏུ་བཞུགས་སྐབས། གནས་འདིའི་མི་རྣམས་ཀྱིས་ཐོས་བསམ་སྒོམ་གསུམ་ཆ་ཚང་བའི་སྒོ་ནས་མདོ་སྔགས་ཀྱི་ཆོས་ཉམས་ལེན་བྱ་བདེ་བའི་ཆེད་དུ། བླ་རུང་གི་ཡན་ལག་ཆོས་ཚོགས་ཤིག་གཟུག་པའི་ཐུགས་དགོངས་ཡོད་ཚུལ་བདག་ལ་གསུངས།

ང་ལ་ས་ཆ་འདིར་ཆ་རྒྱུས་མེད་ཅིང་སྐད་ཀྱང་ཆེར་མི་འཕྲོད་མོད། འོན་ཀྱང་ཕྱི་རྒྱལ་ནས་ཆོས་ཚོགས་ཐོ་འགོད་བྱེད་པར་དེ་ཙམ་དཀའ་ལས་མི་འདུག་པས། བདག་གིས་འབྲེལ་ཡོད་དད་ལྡན་འགའ་དང་ཐེངས་མང་དུ་གྲོས་བསྡུར་བྱས་ཏེ། ཉིན་ཁ་ཤས་ཀྱིས་མདོ་སྔགས་ཆོས་ཚོགས་ཐོ་འགོད་དང་འདུ་ཁང་གཏན་ཁེལ་སོགས་ཀྱི་བྱ་བ་ལེགས་གྲུབ་བྱུང་ནས། མིང་ལའང་བླ་རུང་མདོ་སྔགས་རིགས་པའི་ཆོས་ཚོགས་ཞེས་བཏགས། དེར་ཞུགས་མི་སྣ་རྣམས་དང་འབྲེལ་འདྲིས་སྟབས་བདེ་བའི་ཆེད། ཚོགས་མི་ཕལ་ཆེར་རྒྱ་ནག་པས་གྲུབ་ཡོད།

ཆོས་ཚོགས་ལེགས་པར་གྲུབ་རྗེས། ཆོས་རྗེ་ཉིད་སྐུ་དངོས་སུ་དེར་བྱོན་ནས་འཇམ་དཔལ་ཡེ་ཤེས་སེམས་དཔའི་དབང་དང་བྱིན་རླབས་གནང་། བླ་རུང་མདོ་སྔགས་རིགས་པའི་ཆོས་ཚོགས་གསར་དུ་ཚུགས་པའི་སྐོར་ཉིའུ་ཡོག་འཛམ་གླིང་ཚགས་པར་དང་ཉིའུ་ཡོག་གཟའ་འཁོར་དུས་དེབ་སོགས་ཀྱི་པར་ངོས་དང་པོར་བཀོད་འདུག

ཆོས་ཚོགས་འདི་ལས་གཉེར་ཡུན་རིང་བྱས་པའི་རྗེས་སུ། འཕྲིན་སྐྱེལ་སྟབས་མི་བདེ་བ་སོགས་རྒྱུ་རྐྱེན་འགའ་ཡིས་རྒྱུན་སྐྱོང་མ་ཐུབ་ཀྱང་། ཐོག་མའི་རྟེན་འབྲེལ་འདི་ཡིས། མི་རྣམས་ལ་རྗེ་ཉིད་ཀྱི་ཆོས་བརྒྱུད་ལ་འབྲེལ་བ་དང་ཐར་བའི་ས་བོན་འཇོག་པར་ནུས་པ་ཆེན་པོ་ཐོན། ད་ལྟ་ཡང་མི་མང་པོས་བླ་རུང་དང་འབྲེལ་བའི་ནང་ཆོས་ལ་མུ་མཐུད་དུ་ཐོས་བསམ་བྱས་ཏེ་ཤུགས་རྐྱེན་ལེགས་པོ་ཐེབས་པར་ཐོས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་ཁང་དུ་གཟིགས་སྐོར་ལ་ཕེབས་པ།

ཆོས་རྗེ་ཉིད་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་གཞོན་པ་སྐུ་ཞབས་མཱོ་རའེ་སི་བྲང་(Maurice Strong)གིས་བསྐུར་བའི་འཕྲིན་ཡིག་འབྱོར་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་བཀོད་འདོམས་ཁང་(United Nations Headquarters)དུ་གཟིགས་སྐོར་ལ་ཕེབས་པར་གདན་ཞུ་བྱས་ཤིང་། འབྲུག་རྒྱལ་ཁབ་ཀྱི་གཞུང་ཚབ་ཁང་ལ་སྣེ་ལེན་བྱེད་པར་མངགས་བཅོལ་གནང་འདུག

ཕྱི་ཟླ་༨པའི་ཚེས་༣ཉིན། ཆོས་རྗེ་ཉིད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་ཁང་དུ་བྱོན། ཐོག་ཁང་གི་མདུན་ཕྱོགས་སུ། སྐབས་དེའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་༡༨༤ཡི་༼ད་ལྟ་ཁོངས་ཞུགས་རྒྱལ་ཁབ་༡༩༣ཡོད་༽རྒྱལ་དར་རྣམས་གྲལ་འགྲིག་པོར་བསྒྲེངས་ཤིང་། དེ་དག་གི་དཀྱིལ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དར་ཆ་བསྒྲེངས་ནས་འདུག

འབྲུག་རྒྱལ་ཁབ་ཀྱི་སྐུ་ཚབ་པ་རྣམས་ཀྱི་སྣེ་ཁྲིད་འོག ཆོས་རྗེ་ཉིད་ཀྱིས་དྲུང་ཡིག་ཐོག་ཁང་དང་ཚོགས་ཁང་ཆེན་མོ། གྲོས་མོལ་ཐོག་ཁང་། དཔེ་མཛོད་ཁང་སོགས་སུ་རིམ་པ་བཞིན་དུ་གཟིགས་སྐོར་གནང་། ལྷག་པར་དུ་ངེད་ཅག་ལ་གསེར་གྱི་གཏན་སྲོལ་ཞེས་པའི་མོ་སེ་ཁིའམ་རྒྱན་ཕག་(mosaic)རི་མོ་སྐད་གྲགས་ཆེ་བ་ཞིག་ངོ་སྤྲོད་བྱས་སོང་། སྒྱུ་རྩལ་བརྩམས་ཆོས་འདི་ལས། རིགས་རྒྱུད་དང་པགས་མདོག དད་མོས་སོགས་ཐ་དད་པའི་མི་རྣམས་འཆམ་མཐུན་མཉམ་གནས་ཡོང་བ་དང་། ཞི་བདེ་དང་བརྩི་བཀུར་གྱིས་འཚོ་བའི་ཁེ་དབང་འདྲ་མཉམ་དུ་ཡོད་པ་བསྟན་ཡོད་པར་བཤད། རི་མོ་དེའི་ངོས་སུ་དབྱིན་ཡིག་གི་ལམ་ནས། ཕ་རོལ་པོས་ཁྱོད་ལ་ཇི་ལྟར་བྱས་ན་དགའ་བ་ནང་བཞིན། ཁྱོད་ཀྱིས་ཀྱང་ཕ་རོལ་པོར་དེ་ལྟར་བྱ་དགོས་(Do unto others, as you would have them do unto you.)ཞེས་བཀོད་འདུག

དེ་ནས་ཆོས་རྗེ་ཉིད་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཁང་ཆེན་མོའམ། རྒྱལ་ཁབ་སོ་སོའི་འཐུས་མི་རྣམས་ལྷན་ཅིག་ཏུ་འཚོགས་སའི་ཚོགས་ཁང་དུ་གཟིགས་མོ་གནང་། ཉིན་དེར་ཚོགས་འདུ་གང་ཡང་མེད་པར་སྟོང་ལྷང་ངེར་འདུག་ནའང་། ཁོང་ཐུགས་ཤིན་ཏུ་སྤྲོ་བའི་ངང་ནས་འཛམ་གླིང་ཞི་བདེ་ཡོང་བར་ཐུགས་བསྐྱེད་དང་སྨོན་ལམ་རྒྱ་ཆེར་གནང་ཞིང་། ངེད་ཅག་སྐུ་འཁོར་རྣམས་དང་མཉམ་གཅིག་ཏུ་དབང་སྡུད་གསོལ་འདེབས་ཀྱང་གསུངས།

ཧཱ་ཝར་ཌི་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཞིག་གི་ཕྱིར་དྲན།

ཧཱ་ཝར་ཌི་སློབ་ཆེན་དུ་དགེ་རྒན་ཆེན་མོ་ལྗ་ནའེ་ཐུ་རྒྱ་མཚོ་(Janet Gyatso)ཟེར་བ་ཞིག་ཡོད་ཅིང་། བདག་ཐེངས་གཉིས་ལ་ཧཱ་ཝར་ཌི་སློབ་ཆེན་དུ་ནང་ཆོས་འཆད་ཁྲིད་བྱེད་དུ་འགྲོ་སྐབས། སྔ་གཞུག་ཏུ་ཁོང་གིས་སྣེ་ལེན་བྱས་པ་ཡིན། ཕྱི་ལོ་༡༩༩༣ལོར། མོས་ཆོས་རྗེ་ཉིད་ཞལ་མཇལ་མྱོང་བ་མ་ཟད་ཆོས་ཁྲིད་སྐད་སྒྱུར་ཡང་བྱས་མྱོང་། ཉེ་ཆར་བདག་གིས་ཁོང་ལ་བཅར་འདྲི་བྱས་ཤིང་། ཕྱིར་དྲན་གྱི་དོན་ཕལ་མོ་ཆེ་ཡིག་ཐོག་ཏུ་བཀོད་པ་འདི་ལྟ་སྟེ།

སྐབས་དེར་ང་རང་ལཱན་ཧྥོ་སི་ཐྲེར་སློབ་ཆེན་(Lan Foster University)དུ་སློབ་ཁྲིད་བྱེད་བཞིན་ཡོད་པ་ལས་ཧཱ་ཝར་ཌི་སློབ་ཆེན་དུ་ལས་སྤོར་བྱས་མེད། ཆོས་རྗེ་མཆོག་གི་སྐད་སྒྱུར་བའི་ཕ་རྒན་ན་ནས་ཕ་ཡུལ་དུ་སྐོར་རྒྱག་ཏུ་འགྲོ་དགོས་བྱུང་བས། ཉིའུ་ཡོག་ཏུ་བཞུགས་པའི་དུས་སྐབས་ངེས་ཅན་གྱི་རིང་ལ་ངས་ཁོང་ལ་སྐད་སྒྱུར་བྱས་པ་ཡིན། ཁོང་གི་གསུང་སྐད་ནི་མགོ་ལོག་གི་འབྲོག་སྐད་རེད་འདུག ངས་བོད་སྐད་ཧ་ཅང་ཡག་པོ་མི་ཤེས་ཀྱང་། ཁོང་ནི་གོ་སླ་བའི་ཚིག་གིས་བརྡ་སྤྲོད་པར་ཤིན་ཏུ་མཁས་ཤིང་རིགས་ལམ་གྱི་འཁོར་ཕྱོགས་ཀྱང་ཧ་ཅང་གསལ་བས། ཅི་གསུངས་རྣམས་བདེ་བླག་ཏུ་ཤེས་ཐུབ་པ་བྱུང་།

ཁོང་ནི་སྐུ་གཟུགས་ཧ་ཅང་སྟོབས་ཤིང་ཆེ་བ་ཞིག་རེད། ངས་ཐེངས་དང་པོར་ཁོང་མཇལ་བ་ན། གཟི་བརྗིད་ཆེ་བའི་སྐུ་གཟུགས་ཀྱི་བཀོད་པས་ང་རང་ཧ་ལས་སུ་བཅུག

སྐབས་དེར་ངས་རིག་འཛིན་འཇིགས་མེད་གླིང་པའི་རྣམ་ཐར་དབྱིན་ཡིག་ཏུ་བསྒྱུར་ནས་པར་སྐྲུན་བྱ་བར་སྟ་གོན་བྱེད་བཞིན་པའི་སྒང་ཡིན་པས། ངས་ཁོང་ལ་དཔེ་ཆ་དེ་དང་འབྲེལ་བའི་དྲི་བ་མང་པོ་བཏོན་པ་ཡིན། དེ་ལས་དྲི་བ་གཅིག་ནི་ད་ལྟའང་གསལ་པོར་དྲན་ཀྱིན་འདུག འཇིགས་མེད་གླིང་པའི་རང་རྣམ་ལ་དེབ་གཉིས་ཡོད་པ་ལས། གཅིག་གི་མིང་ལ་མཁའ་འགྲོའི་གསང་གཏམ་ཆེན་མོ་ཞེས་བཏགས་འདུག་པས། ངས་ཆོས་རྗེ་མཆོག་ལ་འཇིགས་མེད་གླིང་པ་སྐྱེས་པ་ཡིན་བཞིན་དུ། ཁོང་གི་རྣམ་ཐར་ལ་བུད་མེད་ཀྱི་གསང་གཏམ་ཆེན་མོ་ཞེས་འདོགས་དགོས་དོན་ཅི་ཡིན་ཞེས་དྲིས་པ་ན། ཁོང་གིས་ཤིན་ཏུ་ཞིབ་ཕྲའི་སྒོ་ནས་འགྲེལ་བཤད་གསལ་པོ་གནང་སོང་བས། ངའི་ཡིད་ཀྱི་ཐེ་ཚོམ་ཐམས་ཅད་རྨེག་མེད་དུ་བཏང་།

དེ་རྗེས་ཀྱི་ཉིན་ཞིག་ལ། ཆོས་རྗེ་མཆོག་ངེད་ཅག་མི་ལྔ་དྲུག་ཙམ་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་བཀོད་འདོམས་ཁང་ལ་གཟིགས་སྐོར་དུ་སོང་། མཉམ་འབྲེལ་རྒྱལ་ཚོགས་སུ་འཛམ་གླིང་གི་རྒྱལ་ཁབ་སོ་སོ་ནས་ཡོང་བའི་སྐུ་ཚབ་སྡེ་ཁག་ཡོད་པ་ལས། ཆོས་རྗེ་མཆོག་ལ་འབྲུག་རྒྱལ་ཁབ་ཀྱི་སྐུ་ཚབ་པས་སྣེ་ལེན་བྱས་ཤིང་ཚོགས་ཁང་གི་ཕྱོགས་ཀུན་ཏུ་གཟིགས་སྐོར་ལ་ཁྲིད། ཁོང་གིས་དེར་རྒྱལ་ཁབ་སོ་སོའི་སྐུ་ཚབ་རྣམས་ཀྱིས་མཉམ་དུ་གྲོས་མོལ་བྱ་སའི་ཚོགས་ཁང་ཆེན་མོ་ཞིག་འདུག་པ་གཟིགས་ཚེ། འདི་འདྲའི་རྒྱལ་ཁབ་མང་པོའི་སྐུ་ཚབ་རྣམས་མཉམ་གཅིག་ཏུ་འཛོམས་ནས། གནད་དོན་སྣ་ཚོགས་གྲོས་མོལ་བྱེད་པ་ནི་ཆེས་ལེགས་པར་མཐོང་ཞེས་བསྟོད་བསྔགས་གནང་ཞིང་། འབྲུག་རྒྱལ་ཁབ་ཀྱི་སྐུ་ཚབ་རྣམས་ལ། འོས་འདེམས་དང་གྲོས་མོལ་ཇི་ལྟར་བྱེད་ཚུལ་སོགས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་སྟངས་སྐོར་ལ་རྒྱུས་ལོན་ཞིབ་ཕྲ་མཛད།

མ་གཞི་ཁོང་ནི་ཧ་ཅང་རླབས་ཆེ་བའི་སྐྱེས་ཆེན་ཞིག་རེད། གཞན་མང་པོ་མ་སྨོས་ཀྱང་། བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་ཕྱག་བཏབ་གནང་བ་འདི་ཁོ་ནའང་འགྲན་པའི་ཟླ་དང་བྲལ་བའི་མཛད་པ་ཞིག་ཡིན་ཏེ། བླ་རུང་གི་གཞི་རྒྱ་ཆེ་ཞིང་ནུས་སྟོབས་ཁྱད་དུ་འཕགས་པས་བོད་བརྒྱུད་ནང་བསྟན་སྤྱི་ལ་ཤུགས་རྐྱེན་གལ་ཆེན་ཐེབས་ཡོད་པར་མ་ཟད། ལྷག་པར་དུ་བླ་རུང་ན་བླ་སེར་དང་བཙུན་མ་མང་པོ་ཡོད་པས་ཀྱང་། བོད་བརྒྱུད་ནང་བསྟན་ཡུན་དུ་གནས་པར་གལ་ཆེ་བའི་ཕན་ནུས་ཐོན་འདུག

གཞན་ཡང་གླེང་རིན་ཆེ་བ་ཞིག་ལ། བླ་རུང་གི་ཨཱརྱ་ཏཱ་རེའི་ཆོས་ཚོགས་ཀྱི་མཁན་མོ་རྣམས་ཀྱིས་བོད་ཀྱི་བུད་མེད་དམ་པ་དག་གི་གསུང་ཆོས་བསྡུ་སྒྲིག་དཔེ་ཡག་པོ་གནང་འདུག་ལ། དེ་ཡིས་བོད་བརྒྱུད་ནང་བསྟན་ལ་བྱས་རྗེས་ཆེན་པོ་བཞག་འདུག ཁོང་ཚོས་དེ་ལྟ་བུའི་བྱ་བ་རླབས་ཆེན་འགྲུབ་པ་དེ་ཡང་། ཆོས་རྗེ་མཆོག་གི་བྱིན་རླབས་དང་ཐུགས་བསྐྱེད་ཀྱི་མཐུ་ལས་བྱུང་བ་རེད་སྙམ།

འཛམ་གླིང་ཉོ་ཚོང་ལྟེ་གནས་སུ་ཕྱིན་པ།

ཕྱི་ཟླ་༨པའི་ཚེས་༤ཉིན། ཆོས་རྗེ་ཉིད་སྐད་གྲགས་ཆེ་བའི་འཛམ་གླིང་ཉོ་ཚོང་ལྟེ་གནས་ཀྱི་ཆ་གཅིག་ཐོག་ཁང་(World Trade Center)ལ་གཟིགས་སྐོར་དུ་བྱོན། རྩེ་མོ་ཨ་སྔོན་དབྱིངས་སུ་ཟུག་པ་ལྟ་བུའི་ཐོག་ཁང་འདི་གཉིས་ལ། བརྩེགས་རིམ་བརྒྱ་དང་བཅུ། མཐོ་ཚད་ལ་སྨི་བཞི་བརྒྱ་བཅུ་བདུན་ཡོད། དེ་ནི་འཛམ་གླིང་ལ་ལྟ་བའི་སྒེའུ་ཁུང་ཞེས་གྲགས་པ་ནང་བཞིན། སྐབས་དེའི་འཛམ་གླིང་སྟེང་གི་ཆེས་མཐོ་བའི་འཛུགས་སྐྲུན་དུ་གྱུར་བར་མ་ཟད། ཨ་རི་རྒྱལ་ཁབ་ཀྱི་ཕུན་སུམ་ཚོགས་པའི་དར་རྒྱས་ཀྱི་མཚོན་རྟགས་སུའང་གྱུར་ཡོད།

ཐོག་ཁང་འདིའི་མདུན་ཐང་དུ། མི་ཚོགས་ཀྱི་འདུ་བ་རྒོད་པའི་དྲན་རྟེན་ཚོང་ཁང་སྣ་ཚོགས་ཡོད་ཅིང་། ངེད་ཅག་དེར་སོང་བ་ན། སྤྲོ་འཁྱམ་པ་དག་གིས་སྲིད་འཛིན་ཁཱི་ལིན་ཐོན་གྱི་འདྲ་གཟུགས་སྣ་ཚོགས་ཀྱི་འགྲམ་དང་། མགོ་བོ་ཁཱི་ལིན་ཐོན་དང་ལུས་པོ་ཁྱི་ཡི་དབྱིབས་ཅན་སོགས་ལ་ཞོན་ནས་རྣམ་འགྱུར་སྣ་ཚོགས་སྟོན་བཞིན་འདྲ་པར་ལེན་མཁན་མང་དུ་མཆིས། དེ་མིན་ཁཱི་ལིན་ཐོན་ལ་དམའ་འབེབས་བྱེད་པའི་རྩེད་ཆས་ཀྱང་མང་པོ་འཚོང་བཞིན་འདུག ངེད་ཅག་གིས་ཆོས་རྗེ་ཉིད་ལ་སྐུ་པར་ལེན་པའི་རེ་བ་ཞུས་པ་ལྟར། ཁོང་གིས་ཕྱག་གཡས་ཁཱི་ལིན་ཐོན་གྱི་ཕྲག་མགོར་བཞག་ནས་དྲན་རྟེན་གྱི་འདྲ་པར་བསྐྱོན།

དེ་ནས་ངེད་ཅག་གློག་སྐས་ལ་བསྡད་དེ་ཐད་ཀར་ཁང་བརྩེགས་བརྒྱ་དང་བཅུ་པའི་སྟེང་དུ་སོང་ཞིང་། དེར་རྒྱང་ཤེལ་མང་ཙམ་ཡོད་པར་ཚང་མས་རེས་མོས་སུ་བལྟས་པ་ན། འཛམ་གླིང་གི་དངུལ་རྩའི་གྲོང་ཁྱེར་ཉིའུ་ཡོག་གི་བཀོད་པ་གསལ་བར་མཐོང་ཐུབ། སླར་ཡང་ཁང་བརྩེགས་ཀྱི་ཡང་སྟེང་དུ་སོང་བ་ན། དེ་ནི་ལྷག་ཏུ་ཁད་ཡངས་མོ་ཡིན་ལ་མན་ཧཱ་ཐིན་གྱི་གྲོང་ཁྱེར་ཧྲིལ་པོ་མིག་འོག་ཏུ་ཚུད་པར་མ་ཟད། ཐག་མི་རིང་བའི་མཚམས་ཀྱི་རང་དབང་ལྷ་མོའི་འདྲ་སྐུ་ལའང་ལྟད་མོར་རོལ་ཆོག འདྲ་སྐུ་དེ་ནི་ཧྥ་རན་སི་རྒྱལ་ཁབ་ཀྱིས་ཨ་རི་རྒྱལ་ཁབ་དབུ་བརྙེས་ནས་ལོ་བརྒྱ་ལོན་པར་ལེགས་སྐྱེས་སུ་ཕུལ་བ་ཡིན་ལ། ད་ལྟ་ཨ་རིའི་མཚོན་རྟགས་དང་འཛམ་གླིང་སྟེང་རང་དབང་མཚོན་བྱེད་ཀྱི་བརྐོས་བརྙན་གྲགས་ཆེ་ཤོས་སུ་གྱུར་ཡོད།

འཛམ་གླིང་ཉོ་ཚོང་ལྟེ་གནས་ནི་ཤིན་ཏུ་ངོ་མཚར་ཆེ་བའི་འཛུགས་སྐྲུན་ཞིག་སྟེ། ཨ་སྒོར་དུང་ཕྱུར་བརྒྱ་དང་ལྔ་བཅུ་ང་ལྔ་ཙམ་འགྲོ་གྲོན་དུ་བཏང་ནས་ལོ་བདུན་གྱི་རིང་འཛུགས་སྐྲུན་བྱས་ནས་གྲུབ་པ་རེད། གང་གིས་ཀྱང་མི་ཚུགས་པའི་བརྟན་ཅིང་བརླིང་བའི་ཐོག་ཁང་མཐོན་པོ་དེ་ལྟ་བུ་ཡང་། མཐར་ཕྱི་ལོ་༢༠༠༡ལོའི་ཟླ་༩པའི་ཚེས་༡༡ཉིན། འཇིགས་སྐུལ་རིང་ལུགས་པའི་ཐོལ་རྒོལ་ཐེབས་ཏེ་ཆུ་ཚོད་གཉིས་ཙམ་གྱི་རིང་ལ་ཐལ་བ་རྡུལ་དུ་བརླགས། ཕྱིས་སུ་ཉིའུ་ཡོག་གྲོང་ཁྱེར་གྱི་སྲིད་འཛིན་སྡེ་ཁག་གིས། འཛམ་གླིང་ཉོ་ཚོང་ལྟེ་གནས་ཀྱི་ཐོག་ཁང་སླར་ཡང་འཛུགས་སྐྲུན་བྱ་རྒྱུའི་འཆར་གཞི་བཞག་སྟེ། ཐོག་ཁང་ལྔ་དང་འདས་གྲོངས་སུ་སོང་བ་དག་ལ་དྲན་རྟེན་ཁང་བཅས་བཞེངས་ཤིང་། ད་ལྟ་འཛུགས་སྐྲུན་དེ་དག་གྲུབ་ལ་ཉེ་བར་གྱུར་འདུག

སྐབས་དེ་དུས་ཀྱི་འཛམ་གླིང་ཉོ་ཚོང་ཐོག་ཁང་ཆེན་མོ་ད་ལྟ་རྡུལ་དུ་བརླགས་ཟིན་ལ། ཆོས་རྗེ་ཉིད་ཀྱང་ང་ཚོ་དང་བྲལ་ནས་ལོ་ཉི་ཤུ་སོང་འདུག་ཀྱང་། དེ་དུས་དྲན་རྟེན་དུ་བསྒྲོན་པའི་སྐུ་པར་རྣམས་ནི་བདག་གིས་ད་དུང་ཡང་ཉར་ཚགས་བྱས་ནས་ཡོད།

བླ་རུང་གི་དགེ་བསྙེན་ཆོས་ཚོགས་ཀྱི་བྱུང་བ།

ང་ཚོ་བོད་ཡུལ་དུ་མི་སེར་ཡོངས་རྫོགས་ཆོས་ལ་དད་མཁན་ཤ་སྟག་ཡིན་ཡང་། ཁྱིམ་པ་རྣམས་མཉམ་གཅིག་ཏུ་ཚོགས་ནས་ནང་ཆོས་སློབ་སྦྱོང་བྱེད་པའི་སྲོལ་རྒྱུན་ཆེར་མེད། ཉིན་ཞིག་ཆོས་རྗེ་ཉིད་ཀྱིས། བདག་ལ་སྔགས་སྲུང་མས་དབུགས་དབྱུང་གནང་སྟེ། བླ་རུང་ནས་དགེ་བསྙེན་གྱི་ཆོས་སྡེ་ཞིག་བཙུགས་ན་དད་ལྡན་གྱི་ཁྱིམ་པ་མང་པོར་ཕན་ཐོགས་ཤིང་ཐར་ལམ་ཟིན་པར་འགྱུར་བར་ལུང་བསྟན་པས། ཕྱིར་རང་ཡུལ་དུ་ལོག་རྗེས་དགེ་བསྙེན་གྱི་ཆོས་སྡེ་ཞིག་གཟུག་རྒྱུ་ཡིན་ཞེས་ངེད་ཅག་འགའ་ལ་གློ་བུར་དུ་གསུངས།

བདག་གིས་ཆོས་རྗེ་ཉིད་ལ་ལུང་བསྟན་དེ་སྔགས་སྲུང་མ་སྐུ་དངོས་སྣང་ནས་གསུངས་སམ་ཉམས་དང་རྨི་ལམ་དུ་བྱུང་ཞེས་འདྲི་མ་སྤོབས་ཀྱང་། གསུང་དེ་ཐོས་མ་ཐག་སེམས་པ་ཤིན་ཏུ་དགའ་བར་གྱུར། ངའི་ཕ་མ་གཉིས་ཀྱང་སྐབས་དེར་གསེར་རྟ་རུ་ཡོད་ཅིང་། ཕྱིར་ལོག་སྐབས་ཕ་ཡུལ་དུ་སོང་མ་ཚར་ན་བླ་རུང་ནས་སྡོད་དུ་འཇུག་དགོས་སྙམ་ཞིང་། རྗེ་ཉིད་ལ་རྟེན་འབྲེལ་ཡོད་ཤས་ཆེ་བས། ངས་ཀྱང་ཕ་མ་གཉིས་དགེ་བསྙེན་ནང་དུ་འཇོག་ཨེ་ཐུབ་བལྟ་རྒྱུ་ཡིན་ཞེས་ཞུས།

སྟོན་ཁར་རྗེ་ཉིད་ཕྱིར་བླ་རུང་ལ་བྱོན་རྗེས། བླ་རུང་ལུང་པའི་སྨད་ཕྱོགས་སུ་ས་དཔྱད་མཛད་དེ་དགེ་བསྙེན་གྱི་གཙུག་ལག་ཁང་བཞེང་བའི་དབུ་བརྩམས། དེ་ནི་བོད་ཡུལ་གྱི་ཁྱིམ་པ་རྣམས་ཀྱི་གཙུག་ལག་ཁང་དང་པོ་དེ་ཡང་ཡིན་ཤས་ཆེ། ཐོག་མར་གནས་དེར་ངའི་ཕ་མ་དང་བཅས་དགེ་བསྙེན་ཁྱིམ་ཚང་བཞི་ཙམ་ལས་མེད་ཀྱང་། གཙུག་ལག་ཁང་འཛོམས་རྗེས་རིམ་གྱིས་ཆོས་པ་ཇེ་མང་དུ་གྱུར་ནས་དགེ་བསྙེན་གྱི་ཆོས་སྡེའི་གཞི་རྒྱ་ཆེ་རུ་སོང་། ཆོས་སྡེ་འདི་ནས་ཁྱིམ་པ་རྣམས་ཀྱིས་ནང་ཆོས་ཉམས་ལེན་ལ་འབད་བརྩོན་བྱས་པས། འཆི་ཁར་གྲུབ་པའི་རྟགས་མཚན་སྣ་ཚོགས་ཐོན་མཁན་ཡང་མང་དུ་བྱུང་།

རྗེས་སུ་བོད་ཡུལ་གྱི་ས་ཆ་མང་པོ་ཞིག་གིས་འདི་ལ་དཔེར་བྱས་ཏེ། དགེ་བསྙེན་གྱི་ཆོས་སྡེ་བཙུགས་ནས་ཁྱིམ་པ་རྣམས་ཀྱིས་མཉམ་དུ་ནང་ཆོས་ཉམས་ལེན་བྱེད་པའི་སྲོལ་བཟང་ཆགས།

རླངས་འཁོར་ཁ་ལོ་པ་ཞིག་གི་ཕྱིར་དྲན།

མ་གཞི་ཆོས་རྗེ་མཆོག་གིས་ཉིའུ་ཡོག་གྲོང་ཁྱེར་དུ་ཆོས་ཁྲིད་གསུངས་བའི་རྒྱུ་ཆ་ཅི་ཡང་ལག་སོན་མ་བྱུང་མོད། འོན་ཀྱང་སྟབས་ལེགས་པ་ཞིག་ལ། སྐབས་དེར་ང་ཚོའི་རླངས་འཁོར་ཁ་ལོ་པ་སྐུ་ཞབས་ཨེ་བོན་(Yvon Chausseblanche)གྱིས་ཆོས་ཁྲིད་འགའ་ཞིག་ཁོ་རང་སྒེར་གྱི་སྒྲ་ཐག་ཏུ་ཕབ་འདུག་པ་རྣམས་རྙེད་སོང་། དེ་དག་ལས་ཀྱང་ཆོས་ཁྲིད་ཀྱི་སྒྲ་ཕལ་ཆེ་བ་ལོ་མང་འགོར་བའི་དབང་གིས་གསལ་པོར་ཚོར་ཐབས་མེད་ཀྱང་། ཅུང་ཟད་གོ་ཐུབ་པའི་ཆོས་ཐུན་གཅིག་འདིར་བཀོད་པ་ཡིན། ང་ཚོས་སྐུ་ཞབས་ཨེ་བོན་ལ་བཀའ་དྲིན་ཞུ་བ་དང་མཉམ་དུ་ཁོང་ལ་བཅར་འདྲི་ཐེངས་གཅིག་བྱས་པ་ཡིན། ཁོང་གིས་ཆོས་རྗེ་མཆོག་གི་སྐོར་གླེང་བ་ན། དད་པ་ཤུགས་དྲག་པོའི་ངང་མིག་ནས་མཆི་མ་འཐོར་བཞིན་སེམས་འགུལ་ཐེབས་པའི་སྒོ་ནས་འདི་ལྟར་བཤད།

ཆོས་རྗེ་མཆོག་ཉིའུ་ཡོག་ལ་བྱོན་སྐབས་ཀྱི་སྡོད་གནས་ནི་བྷ་ཝེ་རའེ་ཁྲོམ་ལམ་གྱི་ཁང་རྟགས་༢༢༢པ་ཡིན་ལ། དེ་ནི་སྒྱུ་རྩལ་པ་མང་པོའི་འདུ་ལོང་ཆེ་ཞིང་བསྟན་འཛིན་གྱི་སྐྱེས་བུ་མང་པོར་སྣེ་ལེན་བྱ་ཡུལ་ཞིག་ཀྱང་ཡིན།

གཟའ་འཁོར་དེའི་ནང་དུ། ངས་དུས་ཚོད་མང་ཆེ་བར་ཆོས་རྗེ་མཆོག་དང་སྐུ་འཁོར་རྣམས་ཀྱི་བཞུགས་འཁོར་ཁ་ལོ་པའི་ལས་འགན་ཁུར་བ་ཡིན། ནམ་རྒྱུན། ཆོས་རྗེ་མཆོག་དང་སྐུ་འཁོར་རྣམས་ཆོས་ཚོགས་སུ་བསྐྱལ་ནས་རླངས་འཁོར་ལས་བབས་རྗེས། ངས་ཐོག་མར་རླངས་འཁོར་འཁོར་ལྷས་སུ་བཞག་ནས་གཟོད་ཆོས་གསུང་སའི་ཚོགས་ཁང་དུ་ཕྱིན་པ་ཡིན་ལ། ཁོང་ཉིའུ་ཡོག་ལ་བྱོན་པའི་གོ་སྐབས་ཧ་ཅང་དཀོན་མོ་ཡིན་རྒྱུ་རེད་སྙམ་ནས། སྒྲ་ཕབ་ཆས་ཤིག་གྲ་སྒྲིག་བྱས་ཏེ་ཁོང་གི་གསུང་ཚང་མ་སྒྲ་འཇུག་བྱས། འོན་ཀྱང་། སྐབས་འགར་རླངས་འཁོར་འཇོག་པར་དུས་ཡུན་ངེས་ཅན་འགོར་འགྲོ་བས། གསུང་ཁ་ཚང་བར་སྒྲ་འཇུག་བྱེད་མ་ཐུབ་པའི་ཁར། གྲལ་མཐའ་ནས་སྒྲ་ཕབ་པ་ལ་ཙག་སྒྲ་མང་དུ་འདྲེས་ནས་སེམས་ཚིམ་པོ་ཞིག་ཡོང་མེད།

ཆོས་རྗེ་མཆོག་གིས་དབང་གནང་བ་ན། ང་རང་ལ་འཇམ་དཔལ་དབྱངས་དངོས་ཀྱིས་དབང་སྐུར་བཞིན་པའི་སྣང་བ་ཤར་བ་ཡིན། ཁོང་གིས་གཏེར་ཆོས་དེ་བཞེས་ནས་ཡུན་རིང་མ་འགོར་བ་ཡིན་ཚོད་འདུག རྗེས་སུ་ང་རང་བྷོ་སི་ཐིན་ལ་སོང་ནས་དབང་ཞུ་སྐབས། ཁོང་གིས་རི་བོ་རྩེ་ལྔ་ནས་གཏེར་བཞེས་པའི་སྐོར་གྱི་སྐུ་པར་ཞིག་ཀྱང་རྙེད་བྱུང་།

ལྕེ་བཙུན་སྙིང་ཐིག་གི་དབང་སྐུར་སྐབས་སྐད་རིགས་གསུམ་ལ་བསྒྱུར་ཏེ་གསུངས་ཤིང་། དེ་ལས་རྒྱ་སྐད་དུ་སྒྱུར་མཁན་ནི་མཁན་པོ་བསོད་དར་རྒྱས་རེད། ཆོས་རྗེ་མཆོག་གིས་ངེས་འབྱུང་སྒོམ་ཐབས་གསུངས་རྗེས་ཚང་མར་སྒོམ་རྒྱག་ཏུ་བཅུག ཅུང་ཙམ་འགོར་རྗེས། ཁོང་གི་ཞལ་ནས། དེ་རིང་ང་ཚོའི་ཚོགས་རར་ནུབ་ཕྱོགས་པ་དང་བོད་རིགས། རྒྱ་རིགས་བཅས་འདུས་ཡོད་པ་ལས། རིགས་གཅིག་གིས་ལུས་པོ་དང་མགོ་བོ་གཉིས་ཀ་མི་འགུལ་བར་མཉམ་པར་བཞག་འདུག རིགས་གཅིག་གིས་མགོ་བོ་མི་འགུལ་ཡང་མིག་གིས་ཕར་ལྟ་ཚུར་ལྟ་བྱེད་ཀྱིན་འདུག ཡང་རིགས་གཅིག་གིས་ནི་མགོ་དང་ལུས་པོ་གཉིས་ཀ་འགུལ་བཞིན་འདུག་པས་ཅུང་ཟད་མི་བཟང་བའི་ཆ་རེད། ཁྱེད་ཚོས་རང་ཉིད་རིགས་གང་དུ་གཏོགས་པ་ཨེ་ཁེད་ལྟོས་གསུངས་པ་ན། ཚོགས་ར་ཡོངས་སུ་དགོད་སྒྲས་གང་བར་གྱུར། དེ་ནི་སྐབས་དེར་ང་ལ་བཞག་པའི་བརྗེད་པར་དཀའ་བའི་བག་ཆགས་ཤིག་ཡིན།

ཆོས་རྗེ་ཉིད་ཉིའུ་ཡོག་ཏུ་བཞུགས་པའི་ཉིན་ཐ་མའི་དུས་སུ། ངས་ཁོང་མྱུར་དུ་ས་ཆ་འདི་ནས་ཕེབས་རན་པ་རེད་ཨང་སྙམ་ནས། བུ་ཆུང་ཨ་མ་དང་འབྲལ་བ་ལྟར་སྡུག་བསྔལ་ཞིང་ངུས་པ་ཡིན། ཁོང་བྷོ་སི་ཐིན་ལ་བྱོན་ནས་ཉིན་གཉིས་འགོར་རྗེས། ངས་བླ་མ་ཁོང་ཧ་ཅང་དྲན་དྲགས་པས། མགོ་ཁྲིད་ལ་དགོངས་པ་ཞུས་ཤིང་འཕྲུལ་རྟར་ཞོན་ཏེ་བྷོ་སི་ཐིན་གྱི་ཕྱོགས་སུ་བསྐྱོད། ཉིན་དེར་གནམ་གཤིས་མི་ལེགས་ཤིང་དྲག་ཆར་རྒྱུན་ཆད་མེད་པར་བབས་པས། ལམ་བར་ནས་ཟམ་འོག་ཏུ་ཆར་ཡིབ་བྱེད་ཞོར་བྷོ་སི་ཐིན་ལ་སླེབས་སོང་།

སྐལ་བ་བཟང་པོ་ཞིག་ལ། ཆོས་རྗེ་མཆོག་གིས་དབང་གནང་བ་དག་ང་ལ་སླར་ཡང་ཐོབ་སོང་བར་མ་ཟད། ང་ཚོ་འགའ་ཞིག་གིས་རེ་བསྐུལ་ཞུས་པ་ལྟར། ཆེད་དུ་ཆོས་ཁྲིད་དང་ལུང་འགའ་ཞིག་ཀྱང་གསུངས་བྱུང་བས་སེམས་འགུལ་ཚད་མེད་པ་ཐེབས། སྐབས་དེར་ཁོང་གི་སྐུ་ལུས་མི་བདེ་ཞིང་སྙུང་གཞི་ཅུང་ཙམ་ཚབས་ཆེ་བར་གྱུར་པས། ཅུང་མིན་ན་ལས་རིམ་ཕྱི་མ་རྣམས་ཀྱང་བསྟུང་དགོས་ཐུག་པ་སོགས་ཕྱིས་སུ་ད་གཟོད་ཤེས་པ་ཡིན། ཁོང་གིས་ང་ཚོ་ལ་ཐུགས་རྗེ་ཆེན་པོས་གཟིགས་ཏེ་རེ་བ་ཡོངས་སུ་བསྐང་བ་ནི་ཆེས་ངོ་མཚར་ཞིང་ཡིད་འགུལ་ཐེབས་པ་ཞིག་རེད།

གུ་རུ་རིན་པོ་ཆེའི་ངོ་སྤྲོད།

ཕྱི་ཟླ་༨པའི་ཚེས་༦ཉིན། ཆོས་རྗེ་ཉིད་ཀྱིས་ཨོ་རྒྱན་ཆོས་ཚོགས་སུ་གུ་རུ་རིན་པོ་ཆེའི་སྒྲུབ་ཐབས་གསུངས། ཆོས་ཐུན་འདིའི་ནང་དོན་ནི་དཀའ་ཁག་མང་དུ་བརྒྱུད་ནས་རྙེད་པ་ཡིན་ལ། གསུང་ཆོས་ཀྱི་རྒྱུ་ཆ་མཁོ་སྤྲོད་གནང་མཁན་ནི་སྐབས་དེར་ཆོས་རྗེ་ཉིད་ཀྱི་བཞུགས་འཁོར་ཁ་ལོ་པ་ཡིན། ཁོང་ནམ་རྒྱུན་རླངས་འཁོར་འཇོག་ཏུ་འགྲོ་དགོས་པས། ཆོས་ཁྲིད་ཀྱི་མགོའི་ཆ་ཤས་ཉུང་ཙམ་ཆད་འདུག་ཀྱང་ནང་དོན་ཕལ་ཆེར་ཁ་ཚང་བས། འདིར་ཡི་གེར་བཀོད་དེ་ཀུན་ལ་མིག་དང་སེམས་ཀྱི་དགའ་སྟོན་དུ་ཕུལ་བ་ལགས།

བསམ་པ་དེ་ཡང་ཇི་ལྟར་བཅོས་པར་བྱ་ཞེ་ན། བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་དང་། ཐབས་རྒྱ་ཆེ་བ་གསང་བ་སྔགས་ཀྱི་ཀུན་སློང་རྣམ་པ་གཉིས་གང་རུང་གི་སྒོ་ནས་འཆོས་པར་བྱ་དགོས་པ་ཡིན། བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་དེ་ཇི་ལྟ་བུ་ཞིག་ཡིན་སྙམ་ན། ནམ་མཁས་གར་ཁྱབ་སེམས་ཅན་གྱིས་ཁྱབ། སེམས་ཅན་གྱིས་གར་ཁྱབ་ལས་དང་ཉོན་མོངས་པས་ཁྱབ། ལས་དང་ཉོན་མོངས་པས་གར་ཁྱབ་ཀྱི་སེམས་ཅན་རྣམས་ལ་སྡུག་བསྔལ་མུ་མཐའ་མེད་པས་ཁྱབ་ཡོད། སྡུག་བསྔལ་མུ་མཐའ་མེད་པ་ལ་སྤྱོད་པའི་སེམས་ཅན་རྣམས་ཀྱང་ཐོག་མ་མེད་པའི་དུས་ནས་རང་གི་ཕ་མ་མ་བྱས་པ་གཅིག་ཀྱང་མེད་ཚུལ་བཅོམ་ལྡན་འདས་ཀྱིས་མདོ་སྡེ་རྣམས་སུ་གསལ་པོར་གསུངས་ཡོད། ཕ་མར་གྱུར་པའི་དུས་སུ་ད་ལྟའི་ཕ་མ་དང་ཁྱད་མེད་པར་བསམ་པ་དཀར་པོ་དང་སྤྱོད་པ་བཟང་པོའི་སྒོ་ནས་དྲིན་ཆེན་པོས་བསྐྱངས་པ་ཤ་སྟག་ཡིན། དྲིན་ཆེན་པོས་བསྐྱངས་པའི་སེམས་ཅན་དེ་དག་ཐམས་ཅད་ཀྱིས་འདོད་པ་བདེ་བ་འདོད་ཀྱང་བདེ་བའི་རྒྱུ་དགེ་བ་ནི་བསྒྲུབ་མི་ཤེས། མི་འདོད་པ་སྡུག་བསྔལ་ཡིན་ཡང་སྡུག་བསྔལ་གྱི་རྒྱུ་དང་དུ་བླངས་ནས་ཞེ་འདོད་དང་ལག་ལེན་གཉིས་རྒྱབ་འགལ་དུ་གྱུར་པ་རེད།

དེ་བས་སྡུག་བསྔལ་དང་ལྡན་པའི་སེམས་ཅན་དེ་དག་ཐམས་ཅད་སྡུག་བསྔལ་དང་བྲལ་བར་གྱུར་ན་ཅི་མ་རུང་སྙམ་པའི་བསམ་པ་བཟང་པོ་རེ་བསྐྱེད་དགོས་པ་ཡིན། སྡུག་བསྔལ་དང་བྲལ་ན་སྙམ་པའི་བློ་དེ་ཡང་སེམས་ཅན་དེ་དག་ལུས་བདེ་བ་དང་སེམས་སྐྱིད་པ་སོགས་ཕུན་སུམ་ཚོགས་པའི་བདེ་བ་ལ་དགོད་དགོས་སྙམ་པའི་བསམ་པ་བཟང་པོ་བསྐྱེད་དགོས། བདེ་བ་དང་ལྡན་པའི་རྟེན་དེ་ཡང་ངན་སོང་གནས་གསུམ་ལྟ་བུ་ལ་ནི་བདེ་བའི་གོ་སྐབས་ཤིག་རྩ་བ་ནས་མེད་ཅིང་། མཐོ་རིས་ལྷ་མིའི་ལུས་རྟེན་རྐྱང་བ་ལ་བདེ་བ་མྱོང་དགོས་པ་ཡིན་མོད། འོན་ཀྱང་ལྷ་དང་མིའི་བདེ་བ་ཡང་གནས་སྐབས་བདེ་བ་ཙམ་དུ་སྣང་ཡང་། དོན་དུ་མི་རྟག་པ་དང་འགྱུར་བའི་སྡུག་བསྔལ་ལས་མ་འདས་པ་ཡིན་པས་དེ་ལ་ཡང་སྙིང་པོ་མེད། དེའི་ཕྱིར་ན་སེམས་ཅན་ཐམས་ཅད་གནས་སྐབས་ལྷ་དང་མིའི་བདེ་བ་ཙམ་ལ་བཀོད་ན་ཡང་ཕན་འབྲས་ཆེན་པོ་ཞིག་མེད་པ་ཤེས་དགོས། འཁོར་བའི་རྒྱུ་ལས་དང་ཉོན་མོངས་པ། དེའི་འབྲས་བུ་སྡུག་བསྔལ་ཐམས་ཅད་དང་བྲལ་བ་ཉན་ཐོས་དང་རང་སངས་རྒྱས་ཀྱི་གོ་འཕང་ཐོབ་ན་ཡང་རང་དོན་དུ་བདེ་བ་ཕུན་སུམ་ཚོགས་པ་ཡོད་ཀྱང་། གཞན་དོན་རྒྱ་ཆེན་པོ་བསྒྲུབ་པའི་གོ་སྐབས་མེད་པའི་ཕྱིར་ན། དེ་ལ་སེམས་ཅན་ཐམས་ཅད་བཀོད་ཀྱང་ཕན་འབྲས་ཆེན་པོ་མེད་པར་ཤེས་དགོས། དེས་ན་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་སྲིད་པའི་སྡུག་བསྔལ་ཐམས་ཅད་རྩ་བ་ནས་སྤོང་པ་དང་། སྙིང་རྗེ་ཆེན་པོས་ཞི་མཐའ་ལ་མི་གནས་པར་ནམ་མཁའ་ཇི་སྲིད་དུ་སེམས་ཅན་གྱི་དོན་མཛད་པ་སྟེ། སྲིད་ཞི་གཉིས་ཀྱི་མཐའ་ལ་མི་གནས་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་སེམས་ཅན་ཐམས་ཅད་དགོད་པར་བྱའོ་སྙམ་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དགོས།

དེ་ལྟ་བུའི་སངས་རྒྱས་ཀྱི་གོ་འཕང་ཡང་རྒྱུ་མེད་རྐྱེན་མེད་དུ་འབྱུང་བ་མ་ཡིན་པར་དེ་འགྲུབ་པར་བྱེད་པའི་རྒྱུ་ཕུན་སུམ་ཚོགས་པ་ལ་བསླབ་དགོས། རྒྱུ་ཕུན་སུམ་ཚོགས་པ་གང་ཞེ་ན། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང་། ཏིང་ངེ་འཛིན་ཕུན་སུམ་ཚོགས་པ། ཤེས་རབ་ཕུན་སུམ་ཚོགས་པ་སྟེ་རྣམ་པ་གསུམ་ལ་བསླབ་དགོས་པ་ཡིན།

དང་པོ་ཚུལ་ཁྲིམས་རྣམ་པར་དག་པ་ཇི་ལྟར་སྲུང་བར་བྱེད་ཅེ་ན། གཞན་ལ་གནོད་པ་རྩ་བ་ནས་སྤོང་བར་བྱེད་པ་ནི་སོ་སོར་ཐར་བའི་ཚུལ་ཁྲིམས་ཞེས་བྱ་བ་ཡིན། བསྐལ་མང་གི་ཡུན། འགྲོ་མང་གི་གྲངས། བྱ་དཀའ་བའི་གནས་ལ་སོགས་པ་ལ་མི་འཇིགས་མི་སྐྲག་པར་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་སྒྲུབ་པར་བྱེད་པ་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཡིན། རང་དང་གཞན་གྱི་དོན་རྒྱ་ཆེན་པོ་བདེ་མྱུར་དུ་སྒྲུབ་པར་བྱེད་པ་ནི་གསང་སྔགས་རྡོ་རྗེ་ཐེག་པའི་ཚུལ་ཁྲིམས་ཡིན།

དེ་ཡང་བདེ་མྱུར་ཞེས་པའི་བདེ་བ་ནི་འདོད་ཡོན་ལྔ་པོ་མ་སྤངས་པར་ཅི་དགར་ལོངས་སུ་སྤྱོད་བཞིན་དུ་སེམས་ཀྱི་བདེ་བ་རྒྱ་ཆེན་པོ་ཐོབ་པར་བྱེད་པའི་ཐབས་དེ་ཡིན། མྱུར་བ་ནི་ཡུན་རིང་པོའི་ཚེགས་ལ་མི་ལྟོས་པར་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་སངས་རྒྱས་རྡོ་རྗེ་འཆང་གི་སྐུ་འགྲུབ་པར་བྱེད་པའི་ལམ་ཡིན།

སེམས་རྩེ་གཅིག་ཏུ་གནས་པར་བྱེད་པ་ལ་ཏིང་ངེ་འཛིན་ཞེས་བྱ། སེམས་གནས་པར་བྱེད་པའི་མན་ངག་ནི་ཉེས་པ་ལྔ་སྤངས། འདུ་བྱེད་བརྒྱད་བསྟེན། སེམས་གནས་པའི་ཐབས་དགུ་ལ་བསྟེན་ནས་སེམས་གནས་དགོས། དེ་དག་གི་འབྲས་བུ་ནི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཞེས་བྱ་ཞིང་། རྒྱས་པར་བྱམས་པ་མགོན་པོའི་གཞུང་ལས་ཇི་ལྟར་གསུངས་པ་བཞིན་དུ་ཤེས་པར་བྱ། མན་ངག་གི་དབང་དུ་བྱས་ན། རང་གི་སེམས་ཀྱིས་སེམས་ལ་བལྟས་ཏེ་རང་བབས་སུ་བཞག་ནས་རྣམ་རྟོག་ཐམས་ཅད་རིམ་གྱིས་ཞི་རུ་འཇུག་པའི་བློ་དེ་ཡིན།

ཤེས་རབ་ཅེས་བྱ་བ་ལ་ཐོས་པའི་ཤེས་རབ་དང་བསམ་པའི་ཤེས་རབ། སྒོམ་པའི་ཤེས་རབ་སྟེ་རྣམ་པ་གསུམ་ཡོད། ཐོས་པའི་ཤེས་རབ་ནི། མཚན་ཉིད་དང་ལྡན་པའི་བླ་མའི་མདུན་ནས་མདོ་སྔགས་ཀྱི་ཆོས་སྤྱི་དང་། ཁྱད་པར་དུ་རང་གིས་གང་ཉམས་སུ་བླང་བའི་ཆོས་དེ་གསལ་བོར་ཐོས་པ་ལས་བྱུང་བའི་བློ་དེ་ལ་ཟེར། བསམ་པའི་ཤེས་རབ་ནི། གང་ཐོས་པའི་ཆོས་དེ་དག་གི་ཚིག་དང་དོན་གྱི་ཆ་ལ་ཡང་ནས་ཡང་དུ་དཔྱད་ནས། མ་རྟོགས་ལོག་རྟོགས་ཐེ་ཚོམ་གྱི་མུན་པ་ཐམས་ཅད་བསལ་ཏེ་གནས་ལུགས་ཀྱི་དོན་ལ་ངེས་པ་འདྲོང་བའི་བློ་དེ་ལ་ཟེར། སྒོམ་པའི་ཤེས་རབ་ནི། གང་ཐེ་ཚོམ་ཆོད་པའི་དོན་དེ་རང་གི་རྒྱུད་ལ་ཡང་ནས་ཡང་དུ་སྦྱར་ཞིང་ཉམས་སུ་ལེན་པའི་བློ་དེ་ལ་ཟེར། སངས་རྒྱས་འཐོབ་པར་བྱེད་པའི་རྒྱུ་ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་ཀྱི་བསླབ་པ་གསུམ་ཉམས་སུ་ལེན་པ་ཡིན།

ད་རེས་ཀྱི་སྐབས་སུ་བབ་པ་ནི། ཆོས་རྣམ་དག་ཅིག་རང་གིས་ཉམས་སུ་བླང་བར་བགྱིའོ་སྙམ་དུ་ཀུན་སློང་བཅོས་ནས་ཆོས་མཉན་དགོས་པ་ཡིན།

དེ་ནས་ཐབས་རྒྱ་ཆེ་བ་གསང་བ་སྔགས་ཀྱི་ཀུན་སློང་ནི། ཕུན་སུམ་ཚོགས་པ་ལྔས་གསལ་བཏབ་ནས་མཉན་དགོས་པ་ཡིན། ཕུན་སུམ་ཚོགས་པ་ལྔ་ནི། ཆོས་འཆད་ཉན་བྱེད་པའི་གནས་སྐབས་འདིར་མཚོན་ན། གནས་ཕུན་སུམ་ཚོགས་པ་ཟངས་མདོག་དཔལ་གྱི་རི་བོ་པདྨ་འོད་ཀྱི་ཕོ་བྲང་དངོས་ཡིན་སྙམ་པ་དང་། སྟོན་པ་ཕུན་སུམ་ཚོགས་པ་ཆོས་འཆད་པ་པོའི་གང་ཟག་དེ་ཡང་ཨོ་རྒྱན་པདྨ་འབྱུང་གནས་དངོས་ཡིན་སྙམ་པའི་དད་གུས་དང་ལྡན་པའི་སྒོ་ནས་མཉན། ཆོས་ཕུན་སུམ་ཚོགས་པ་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གང་ཞིག ཟབ་པ་དང་རྒྱ་ཆེ་བའི་ཆོས་ཚུལ་རྨད་དུ་བྱུང་བ་ཡིན་པ་ལ་ཡིན་པར་ཤེས་པའི་བློ་བཞག་ནས་མཉན། དུས་ཕུན་སུམ་ཚོགས་པ་སྐལ་བ་དང་ལྡན་པའི་གང་ཟག་ནམ་གནས་ཀྱི་བར་དུ། འཕྲིན་ལས་དུས་ལས་མི་ཡོལ་བར་ཆོས་འཆད་པའི་རང་བཞིན་ཅན་ཡིན་པར་ཤེས་པའི་སྒོ་ནས་མཉན། འཁོར་ཕུན་སུམ་ཚོགས་པ་ཉན་པ་པོའི་གང་ཟག་རྣམས་འཁོར་རིག་འཛིན་དཔའ་བོ་དཔའ་མོའི་རང་བཞིན་ཡིན་པར་ཤེས་པའི་སྒོ་ནས་མཉན་དགོས་པ་ཡིན།

ཐོག་མར་ཁྱེད་རྣམས་ཀྱིས་དེ་ལྟ་བུའི་མདོ་སྔགས་ཀྱི་ཀུན་སློང་རྣམ་པ་གཉིས་བཅོས་ནས་གང་གསན་པར་བྱ་བའི་ཆོས་ནི། དེ་ཡང་ཁྱེད་རང་རྣམས་སྐྱེ་བོ་གཞན་དང་མི་འདྲ་བར་ཆོས་སྒྲུབ་པའི་མཐུན་རྐྱེན་རྣམ་པ་བཞི་ཚང་བ་ལ་དགའ་སྤྲོ་བསྐྱེད་དགོས། མཐུན་རྐྱེན་བཞི་ནི། སྐྱེ་བར་དཀའ་བ་ལྷོ་རྒྱལ་འཛམ་བུ་གླིང་དུ་སྐྱེ་བ་བླངས་པ་ལ་དགའ་བ་དང་སྤྲོ་བ་བསྐྱེད་པ་དང་། འཛམ་བུ་གླིང་གི་མི་ལུས་ཐོབ་པ་ཙམ་དུ་མ་ཟད་སྐྱེས་བུ་དམ་པ་དང་ཆོས་སྟོན་པའི་བླ་མ་དགེ་བའི་བཤེས་གཉེན་དང་འཕྲད་པ་འདི་ཡང་སྐལ་བ་བཟང་པོ་ཡིན་པར་ཤེས་དགོས། དེ་ལྟ་བུའི་མཐུན་རྐྱེན་སྔ་མ་གཉིས་འགྲུབ་པར་བྱེད་པའི་རྒྱུ་ནི་སྔོན་གྱི་དུས་སུ་བདག་ཉིད་ལེགས་པར་སྨོན་པ་དང་། བསོད་ནམས་བསགས་པའི་གྲུབ་འབྲས་ད་ལྟ་མངོན་དུ་གྱུར་བས་ཁྱེད་རྣམས་ཀྱིས་དགའ་སྤྲོ་ཁྱད་པར་ཅན་བསྐྱེད་དགོས་ཤིང་། དེ་ལྟ་བུའི་མཐུན་རྐྱེན་ཕུན་སུམ་ཚོགས་པ་དང་ལྡན། རང་ཡང་སྐྱེ་བོ་ཕལ་བ་གཞན་དང་མི་འདྲ་བར་ཆོས་ལ་མོས་པ་ཡོད་པ་ཡང་ཆོས་སྒྲུབ་པའི་མཐུན་རྐྱེན་ཁྱད་པར་ཅན་ཡིན། དེས་ན་ཆོས་སྒྲུབ་པར་བྱེད་པ་ལ་མཐུན་རྐྱེན་དེ་བཞི་ངེས་པར་ཚང་དགོས། ཁྱེད་རྣམ་པ་ལ་མཐུན་རྐྱེན་ཆེན་པོ་དེ་དག་ཀྱང་ཚང་འདུག

མཐུན་རྐྱེན་ཆེན་པོ་བཞི་ཚང་ཡང་མི་ཞེས་པ་ནི་ངེས་པར་འཆི་བ་དང་ནམ་འཆི་ཆ་མེད་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར་དང་། འཆི་བའི་ཚེ་ན་ཆོས་མིན་པ་གང་གིས་ཀྱང་ཕན་པ་མེད་པས། ད་ལྟ་ཉིད་ནས་ཆོས་རྣམ་པར་དག་པ་ཞིག་བསྒྲུབ་དགོས། དེས་ན་སངས་རྒྱས་ཀྱི་ཆོས་དེ་ཡང་གང་ཟག་གི་ཁམས་རབ་འབྲིང་ཐ་མ་དང་། དབང་པོ་ཡང་རབ་འབྲིང་ཐ་མ། མོས་པ་ཡང་རབ་འབྲིང་ཐ་མ་མང་པོ་ཡོད། དེའི་ཕྱིར་ན་ཁམས་དབང་མོས་པ་བསམ་པའི་བྱེ་བྲག་གིས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས་ཡོད་ཀྱང་། དེ་ཚང་མ་ཉམས་སུ་ལེན་ཤེས་རྒྱུ་མ་རེད་ལ་ཉམས་སུ་ལེན་ཡང་མི་དགོས། དེ་དག་ཐམས་ཅད་ཀྱི་གནད་གཅིག་ཏུ་བསྡུས་པ་སྙིང་རྗེ་དང་དད་པ་འདི་གཉིས་ཁོ་ན་སྒོམས་དང་དེས་ཆོག མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ན་ཚ་དང་སེམས་ཀྱི་སྡུག་བསྔལ་ལ་སོགས་པ་ཡོངས་སུ་ཞི་བར་བྱ་བའི་ཐབས་ལ་ཡང་ནས་ཡང་དུ་བརྩོན་པར་བྱ་བ་ནི་སྙིང་རྗེ་ཡིན། སེམས་ཅན་གྱི་སྡུག་བསྔལ་ཞི་བར་བྱ་བའི་ཐབས་སུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་དད་པ་བཞག གསོལ་བ་བཏབ་ན་སེམས་ཅན་གྱི་སྡུག་བསྔལ་སེལ་ཐུབ་རྒྱུ་རེད་མ་གཏོགས། རང་བཞིན་རྒྱུ་མེད་རྐྱེན་མེད་ཀྱིས་སེམས་ཅན་གྱི་སྡུག་བསྔལ་བྲལ་སོང་ན་བསམ་ན་ཡང་དེ་ཙམ་གྱིས་ཞི་བར་མི་འགྱུར།

གུ་རུའི་ཐུན་མིན་གྱི་ཡོན་ཏན།

སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་གསོལ་བ་འདེབས་དགོས་ན། ད་ལྟ་རང་རེ་རྣམས་ལ་སྣང་བའི་དམ་པའི་ཆོས་ཀྱི་ནང་དུ་ཡོད་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཚན་རྐྱང་པ་བརྗོད་དགོས་ན་ཡང་བརྗོད་ཐུབ་རྒྱུ་མ་རེད། དེས་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་གཅིག་ཏུ་འདུས་པའི་ངོ་བོ་དེ་གང་ཡིན་ན་བླ་མ་ཨོ་རྒྱན་ཆེན་པོ་རེད། ཨོ་རྒྱན་ཆེན་པོ་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་ན་དེའི་ནང་དུ་མ་འདུས་པ་གང་ཡང་མེད། ཨོ་རྒྱན་རིན་པོ་ཆེ་ནི་ཆོས་སྐུའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་དགོངས་ལས་ཤར། ལོངས་སྐུའི་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས། སྤྲུལ་སྐུའི་སངས་རྒྱས་ཐམས་ཅད་ཀྱིས་རྒྱལ་ཚབ་ཏུ་མངའ་གསོལ་བ་ཡིན།

ཨོ་རྒྱན་རིན་པོ་ཆེ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་ཇི་ལྟར་ཡིན་སྙམ་ན། ཨོ་རྒྱན་རིན་པོ་ཆེ་ནི་གདུལ་བྱ་རྣམས་ཀྱི་བསོད་ནམས་རྣམ་པར་དག་པ་དུས་སུ་སྨིན་པའི་མཐུ་ལས། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མཐའ་དག་གཅིག་ཏུ་བསྡུས་ནས་ཡི་གེ་ཧྲཱིཿ ཡི་རྣམ་པར་སངས་རྒྱས་འོད་དཔག་མེད་ཀྱི་ཐུགས་ཀར་བསྡུས་པ་ཡིན། ཡི་གེ་ཧྲཱིཿ ཡིག་དེ་ཉིད་ཨོ་རྒྱན་ལྷོ་ནུབ་འོ་མ་ཅན་གྱི་རྒྱ་མཚོའི་ནང་དུ་ཕ་ཡི་རྒྱུ་དང་མ་ཡི་རྐྱེན་ལས་མ་བསྐུལ་བར་རང་བྱུང་རིག་པ་ཐོལ་སྐྱེས་ཀྱི་ཚུལ་དུ་བརྫུས་ཏེ་བལྟམས་པ་ཡིན། དེའི་སྐབས་སུ་ཁོང་གི་སྐུ་ལུས་ཀྱང་ཆོས་སྐུ་རྡོ་རྗེ་འཆང་དང་དབྱེར་མེད་པའི་རྣམ་པ་ཅན། མཁའ་འགྲོ་དང་དཔའ་བོ་རྣམས་ཀྱིས་རིགས་ཀྱི་བདག་པོ་ཉིད་དུ་མཆོད་ཅིང་བཀུར་བསྟི་བྱེད་པའི་གནས་སུ་གྱུར་པ་ནི་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་ཞེས་བྱ་བ་ཡིན། ཨོ་རྒྱན་གྱི་རྒྱལ་པོ་ཨིནྟྲ་བོ་དྷིས་འགྲོ་བ་མཐའ་དག་གི་དབུལ་བའི་སྡུག་བསྔལ་བསལ་བར་བྱ་བའི་ཕྱིར་དུ་རྒྱ་མཚོའི་གླིང་དུ་ནོར་བུ་ལེན་དུ་སོང་བའི་གནས་སྐབས་ན། ལམ་བར་ནས་ལྷོ་ནུབ་འོ་མ་ཅན་གྱི་རྒྱ་མཚོའི་ནང་ནས་སྤྲུལ་པའི་སྐུ་དང་འཕྲད་དེ་རྒྱལ་པོའི་བུ་སྐལ་དུ་གདན་དྲངས། རྒྱལ་ཚབ་ཏུ་བསྐོས། རྒྱལ་སྲིད་ཚང་མ་ལ་མངའ་དབང་བསྒྱུར། རྒྱལ་སྲིད་ཆོས་བཞིན་དུ་སྐྱོང་བའི་རྒྱལ་པོའི་ཆ་བྱད་དང་ལྡན་པ་ལ་པདྨ་རྒྱལ་པོ་ཞེས་མཚན་གསོལ་བ་ཡིན། དེ་ནས་རྒྱལ་སྲིད་སྤངས་ཏེ་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པས་དུར་ཁྲོད་ཆེན་པོ་བརྒྱད་ལ་སོགས་པར། དཔའ་བོ་དང་མཁའ་འགྲོ་མ་ཐམས་ཅད་ལ་ཐེག་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་གནས་སྐབས་ན་གུ་རུ་ཉི་མ་འོད་ཟེར་ཞེས་བྱ་ལ། འགྲོ་འདུག་གི་དུས་སུ་ཉི་མའི་ཟེར་ལ་ཆིབས་ནས་རླུང་བཞིན་ཐོགས་པ་མེད་པར་རྒྱུ་བའི་རྫུ་འཕྲུལ་དང་ལྡན་པ་ཡིན། སློབ་དཔོན་པྲ་བྷ་ཧསྟི་སོགས་རྒྱ་གར་གྱི་གྲུབ་ཆེན་བརྒྱད་ལ་སོགས་པ་བསྟེན་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གཞུང་ལུགས་རབ་འབྱམས་ལ་མཁས་པའི་ཤེས་རབ་དང་ལྡན་པ་ལ་སློབ་དཔོན་བློ་ལྡན་མཆོག་སྲེད་ཅེས་བྱ་བའི་མཚན་བཏགས་པ་ཡིན། ཨ་སུ་ར་ཡི་བྲག་ཕུག་ཏུ་བཅོམ་ལྡན་འདས་ཀྱི་ཉེར་གནས་ཀུན་དགའ་བོའི་དྲུང་དུ་རབ་ཏུ་བྱུང་སྟེ་ཚུལ་ཁྲིམས་རྣམ་པར་དག་པ་བསྲུངས་ནས་དགེ་སློང་གི་ཚུལ་འཛིན་པ་ནི་དགེ་སློང་པདྨ་སཾ་བྷ་ཝ་ཞེས་ཡོངས་སུ་གྲགས་པ་ཡིན། རྡོ་རྗེ་གདན་དུ་བྱོན་པའི་གནས་སྐབས་ན་སྐུ་ལུས་གསེར་བཙོ་མའི་མདོག་ལྟར་དུ་གྱུར། མཛད་པ་གང་ལ་བརྟག་ཀྱང་སྟོན་པ་སངས་རྒྱས་དང་གཉིས་སུ་མེད་པ་ལྟ་བུར་གྱུར་པ་ལ་ཤཱཀྱ་སེངྒེ་ཞེས་པའི་མཚན་གསོལ་བ་ཡིན། རྒྱ་གར་བྱང་ཕྱོགས་སུ་བྱོན་ནས་ཟ་ཧོར་རྒྱལ་པོ་ཆོས་ལ་དགོད་པའི་ཕྱིར་ལས་ཀྱི་ཕྱག་རྒྱ་མོ་ལྷ་ལྕམ་མན་དཱ་ར་བ་ལ་བརྟེན་ནས་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་པའི་དུས་སུ། ཟ་ཧོར་རྒྱལ་པོས་གསོན་སྲེག་མཛད་པའི་ཚེ་འབྱུང་བ་མེ་ཡིས་མ་ཚིག་པར། མཚོ་ཡན་ལག་བརྒྱད་ལྡན་གྱི་དབུས་སུ་པད་སྡོང་གི་རྩེ་ལ་རང་བྱུང་གི་ཚུལ་དུ་བཞུགས་པ་ནི་གུ་རུ་ཐོད་ཕྲེང་རྩལ་ཞེས་བྱ་བ་ཡིན།

དེ་ནས་བལ་ཡུལ་དུ་བྲག་ཕུག་མ་ར་ཏི་ཀ་རུ་བྱོན་ནས། གཟུངས་མ་མནྡྷ་ར་བ་ལ་བརྟེན་ནས་འཆི་མེད་ཚེ་ཡི་རིག་འཛིན་གྲུབ་པར་གྱུར་པ་ལ་འཆི་མེད་པདྨ་འབྱུང་གནས་ཞེས་བྱ་བའི་མཚན་བཏགས་པ་ཡིན། བལ་ཡུལ་ཡངས་ལེ་ཤོད་ཀྱི་བྲག་ཕུག་ཏུ་བྱོན་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མངོན་དུ་བརྙེས་ནས། བདུད་སྲིན་དམ་སྲི་མ་རུངས་པ་ཐམས་ཅད་གདུལ་བར་བྱ་བའི་ཕྱིར་དུ་ཁྲོ་བོའི་རྒྱལ་པོ་དཔལ་ཕྱག་ན་རྡོ་རྗེའི་རྣམ་པར་བཞེངས་པ་ལ་གུ་རུ་སེངྒེ་སྒྲ་སྒྲོག་ཅེས་བྱ་བ་ཡིན། དེའི་རྗེས་སུ་མཁའ་འགྲོ་མ་སེངྒེའི་གདོང་པ་ཅན་ལ་བསྟེན་ནས་མུ་སྟེགས་པའི་གྲོང་ཁྱེར་བསམ་གྱིས་མི་ཁྱབ་པ་མང་པོ་བརླགས་པར་མཛད། དེ་དག་ནི་འཆི་མེད་པདྨ་འབྱུང་གནས་དང་གུ་རུ་སེངྒེ་སྒྲ་སྒྲོག་གཉིས་ཀྱིས་དེང་སང་གི་བལ་པོའི་ཡུལ་ཞེས་ཡོངས་སུ་གྲགས་པ་ནས་བསྟན་པ་དང་སེམས་ཅན་གྱི་དོན་ཇི་ལྟར་བསྒྲུབས་པའི་ཚུལ་ཡིན།

དེ་དག་ནི་ཨོ་རྒྱན་རིན་པོ་ཆེས་རྒྱ་གར་འཕགས་པའི་ཡུལ་དང་བལ་པོའི་ཡུལ་དུ་བསྟན་པ་དང་སེམས་ཅན་གྱི་དོན་ཇི་ལྟར་མཛད་པའི་ཚུལ་ཡིན།

དེ་ནས་དེང་སང་གི་གནས་སྐབས་ན་འབྲུག་པ་ཞེས་རྒྱལ་ཁབ་ལོགས་སུ་ཆགས་ཡོད་པའི་གནས་སྤ་གྲོ་སྟག་ཚང་ཞེས་བྱ་བར། སྣང་སྲིད་ཀྱི་དྲེགས་པ་མ་ལུས་པ་དབང་དུ་བསྡུས་ཏེ་དམ་འོག་ཏུ་བཙུད། དེ་ནས་བོད་ཀྱི་སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་ཐམས་ཅད་ལ་ཆོས་གཏེར་དང་རྫས་གཏེར་སོགས་གཏེར་ཁ་བསམ་གྱིས་མི་ཁྱབ་པ་སྦས། ཕྱི་མའི་དུས་ན་ཡང་གཏེར་སྟོན་བརྒྱ་རྩ་བརྒྱད་ལ་སོགས་པ་མང་པོ་ཞིག་འབྱུང་བར་ལུང་བསྟན། སྨོན་ལམ་གྱི་གཏད་རྒྱ་དང་བཅས་པར་མཛད་པ་ལ་གུ་རུ་རྡོ་རྗེ་གྲོ་ལོད་ཅེས་གྲགས།

དེ་ལྟར་ཨོ་རྒྱན་རིན་པོ་ཆེ་བོད་ཡུལ་དུ་ལོ་ང་ལྔ་ཙམ་ལ་བཞུགས་ཏེ་ལྷོ་འཛམ་བུ་གླིང་སྤྱི་དང་བོད་ཀྱི་ཡུལ་དུ་སྐུ་དངོས་ཀྱི་གདུལ་བྱ་རྫོགས་རྗེས། སྲིན་པོ་མ་རུངས་པ་ཐམས་ཅད་ཁ་དར་བས་དེ་དག་གདུལ་བར་བྱ་བའི་ཕྱིར་རྔ་ཡབ་སྲིན་པོའི་གླིང་དུ་གཤེགས། དེ་ལྟར་སྲིན་པོ་རྣམས་ཀྱི་ཁ་གནོན་མཛད་པ་དང་སངས་རྒྱས་ཀྱི་བསྟན་པ་དར་བར་མཛད་ནས། སྲིན་པོ་མ་རུངས་པ་རྣམས་ཆོས་ལ་བཙུད་པའི་ཕྱིར་དྲག་པོའི་སྐུར་བཞེངས་པ་དེར་གུ་རུ་དྲག་པོ་རྩལ་ཞེས་བྱ་བའི་མཚན་ཆགས། དེ་ཡང་རྒྱས་པའི་གཏེར་ཁ་རྣམས་སུ་གྲུབ་རྟགས་འདྲ་མིན་མཚོན་ཕྱིར་ཞལ་ཕྱག་ཀྱང་མང་པོ་ཅན་ཡོད།

གུ་རུ་དྲག་པོ་ནི་རྔ་ཡབ་དཔལ་གྱི་རི་བོ་ན། སྐུ་ལུས་མ་སྤངས་པར་འཇའ་ལུས་འཕོ་བ་ཆེན་པོའི་སྐུར་བཞེངས་ནས་ད་ལྟ་ཡང་སྐུ་འཚོ་ཞིང་གཞེས་ལ་ཆོས་སྟོན་པའི་སྒང་ཡིན། ད་ལྟ་གུ་རུ་རིན་པོ་ཆེ་བཞུགས་པའི་ས་ཆ་ལ་རྔ་ཡབ་སྲིན་པོའི་གླིང་ཞེས་བྱ། དེ་ལ་མཐའ་སྐོར་དུ་སྲིན་པོའི་ཡུལ་གླིང་ཉི་ཤུ་རྩ་གཅིག་དང་། དབུས་ན་ཟངས་མདོག་དཔལ་གྱི་རི་བོ་ཞེས་བྱ་བ་ཙིཏྟའི་དབྱིབས་ལྟ་བུ་ཞིག་ཡོད། རི་བོ་དེའི་རྩེ་ན་པདྨ་འོད་ཀྱི་ཕོ་བྲང་ཞེས་བྱ་བ་བརྩེགས་གསུམ་ཅན། འོག་ན་སྤྲུལ་སྐུའི་ཞིང་ཁམས་དང་སྲིན་རྒྱལ་རཀྴ་ཐོད་ཕྲེང་གིས་སྲིན་པོ་རྣམས་ལ་ཆོས་སྟོན་པ། བར་དུ་ལོངས་སྐུ་ཐུགས་རྗེ་ཆེན་པོའི་རྣམ་པས་ངེས་པ་ལྔ་ལྡན་གྱི་སྒོ་ནས་ཆོས་གསུངས་པ། སྟེང་ན་ཆོས་སྐུ་ཀུན་ཏུ་བཟང་པོའི་རྣམ་པས་ཆོས་ཉིད་སྐྱེ་བ་མེད་པའི་དོན་ལ་མཉམ་པར་བཞག་པ་དེ་ལྟ་བུའི་གཞལ་ཡས་ཁང་ཁྱད་པར་ཅན་ཞིག་ཡོད་པ་ཡིན།

རྔ་ཡབ་དཔལ་གྱི་རི་བོ་པདྨ་འོད་ཀྱི་ཕོ་བྲང་གི་ཕྱོགས་མཚམས་སྟེང་འོག་སྟེ་གནས་སུམ་ཅུ་སོ་དྲུག་ན། ཨོ་རྒྱན་རིན་པོ་ཆེས་སྤྲུལ་བ་མི་འདྲ་བ་སུམ་ཅུ་སོ་དྲུག་གི་སྒོ་ནས་འགྲོ་དོན་མཛད་བཞིན་པའི་སྒང་ཡིན། ཁོང་གི་སློབ་མར་གྱུར་པའི་རྗེ་འབངས་གྲུབ་ཐོབ་རིག་པ་འཛིན་པའི་ཚོགས་བསམ་གྱིས་མི་ཁྱབ་པ་ཡང་འཁོར་དུ་འདུས་ཤིང་། སྐལ་བ་དང་ལྡན་པའི་གདུལ་བྱ་གཞན་རྣམས་ལའང་ཆོས་ཀྱི་འཁོར་ལོ་སྐོར་བཞིན་བཞུགས་ཡོད་པ་ཡིན།

གུ་རུའི་གཏེར་ཆོས།

དེ་ནས་བོད་ཡུལ་དུ་བྱོན་པའི་སྤྲུལ་པའི་གཏེར་སྟོན་རྣམས་ཀྱང་ཨོ་རྒྱན་རིན་པོ་ཆེའི་ཚོགས་ཀྱི་འདུ་བ་ལ་ལོངས་སྤྱོད་པའི་དུས་སུ། ཨོ་རྒྱན་རིན་པོ་ཆེས་ཁོང་གི་ཚོགས་ཀྱི་དྲངས་བ་དེ་སྤྲུལ་པའི་སྐུ་གང་ལ་གཏད་པ་དེ་ཉིད་བོད་ཁ་བ་ཅན་གྱི་ཡུལ་དུ་འགྲོ་དོན་ལ་བྱོན་དགོས་ཞེས་བཀའ་བསྩལ་བ་དང་། ཨོ་རྒྱན་རིན་པོ་ཆེའི་སྤྲུལ་པ་རྣམས་ལས་མང་ཆེ་བ་ཞིག་ཟབ་པ་ས་ཡི་གཏེར་དང་རྒྱ་ཆེ་བ་དགོངས་པའི་གཏེར་ལ་དབང་འབྱོར་བ་ཡིན། སྤྲུལ་པའི་གཏེར་སྟོན་དེ་རྣམས་ལ་བརྒྱུད་པ་གཞན་དང་མི་འདྲ་བའི་ཁྱད་པར་དུ་འཕགས་པ་གསུམ་ཡོད་དེ། དང་པོ་གཏེར་སྟོན་དེ་ལ་ཚེ་གཅིག་གི་འགྲོ་དོན་དང་མཛད་པ་ཇི་ལྟར་བསྒྲུབ་དགོས་པ་ཚང་མ་ཡང་ཨོ་རྒྱན་རིན་པོ་ཆེས་དུས་དུས་སུ་བཀའ་བསྩལ་དགོས་པ་ཡིན་པས་དེ་ལ་བཀའ་བབས་ལུང་བསྟན་གྱི་བརྒྱུད་པ་ཟེར། གཉིས་པ་ཨོ་རྒྱན་རིན་པོ་ཆེའམ་ལྡན་མ་རྩེ་མང་། བེེ་རོ་ཙ་ན། ཡེ་ཤེས་མཚོ་རྒྱལ་གང་རུང་གི་ཤོག་སེར་གྱི་ངོས་སུ་བྲིས་པའི་ཕྱག་བྲིས་ལ། ཨོ་རྒྱན་རིན་པོ་ཆེས་དགོངས་པ་གཏད་པའི་སྟོབས་ཀྱིས་ཤོག་སེར་དེའི་ཚིག་དང་དོན་གྱི་ཆ་ཐམས་ཅད་ཟབ་གཏེར་བདག་པོ་རང་ཉིད་མ་གཏོགས་གཞན་གང་གིས་ཀྱང་མི་ཁྲོལ། དེ་ལ་ནི་ཤོག་སེར་ཚིག་གི་བརྒྱུད་པ་ཟེར། གསུམ་པ་ལས་ཅན་གྱི་གཟུངས་མར་ལུང་བསྟན་ལ། སྨོན་ལམ་བཏབ་པར་མ་ཟད། ཆོས་སྲུང་བའི་མཁའ་འགྲོ་མ་བསམ་གྱིས་མི་ཁྱབ་པ་ལ་གཏད་རྒྱ་མཛད་ཅིང་། སྐྱེས་བུ་གང་དེར་སྡོངས་གྲོགས་བྱེད་པར་བཀའ་བསྒོས་ཡོད་པ་ལ་མཁའ་འགྲོ་གཏད་རྒྱའི་བརྒྱུད་པ་ཟེར།

དེ་ཡང་གཏད་རྒྱ་དེ་རྣམས་ཐོག་མར་བསམ་ཡས་དབུ་རྩེ་རིགས་གསུམ་དུ་རྗེ་འབངས་ཉེར་ལྔ་ལ་སོགས་པ་འཚོགས་པའི་དུས་སུ་ཡང་གཏད་རྒྱ་མཛད་ཡོད་པ་མང་པོ་ཡོད་ལ། དེའི་དུས་སུ་སྨོན་ལམ་གྱི་གཏད་རྒྱ་མ་ཐེབས་པར་རྗེས་སུ་རྔ་ཡབ་དཔལ་གྱི་རི་བོ་རུ་གསར་དུ་གཏད་རྒྱ་ཐེབས་པ་ཡང་མང་པོ་ཡོད་རྒྱུ་རེད། དེ་ལྟ་བུའི་སྤྲུལ་པའི་གཏེར་སྟོན་ལ་ནི་བསྟན་འགྲོའི་རྒུད་པ་གསོ་བ་དང་། སེམས་ཅན་ལ་བདེ་སྐྱིད་འབྱུང་བའི་ཐད་གང་ཟག་གཞན་དང་མི་འདྲ་བའི་ཁྱད་པར་དུ་འཕགས་པའི་ཁྱད་ཆོས་ཆེས་ཤིན་ཏུ་མང་པོ་ཡོད་པ་ཡིན།

སྤྲུལ་པའི་གཏེར་སྟོན་དེ་ས་ཆ་གང་ལ་འབྱུང་ན། སྤྱིར་འཛམ་བུ་གླིང་གང་དང་གང་ལ་ཡང་རེ་རེ་གཉིས་རེ་འབྱུང་སྲིད་ཀྱང་། མང་ཆེ་བ་བོད་ཁ་བ་ཅན་དུ་འབྱུང་བ་ཡིན། དེ་ནི་ཨོ་རྒྱན་རིན་པོ་ཆེའི་སྔར་གྱི་དགོངས་པ་གཏད་ལུགས་དང་ཆོས་སྐྱོང་སྲུང་མ་རྣམས་ལ་གཉེར་གཏད་ལུགས། གཏེར་གནས་བྱིན་རླབས་མཛད་ལུགས་ཀྱི་དབང་གིས་རེད། སྤྲུལ་པའི་གཏེར་སྟོན་ཞེས་བྱ་བའི་གྲུབ་པ་ཐོབ་པའི་གང་ཟག་དེ་ཆོས་ལུགས་གང་ལ་ཡོད་ན། ཨོ་རྒྱན་རིན་པོ་ཆེའི་རྗེས་སུ་འཇུག་པའི་རྙིང་མ་པ་ལ་ཡོད་རྒྱུ་རེད་མ་གཏོགས། གཞན་དག་ལ་དེ་ལྟ་བུའི་གྲུབ་པ་ཐོབ་པའི་གང་ཟག་དཀོན་མོ་ཡིན་རྒྱུ་རེད།

ཨོ་རྒྱན་རིན་པོ་ཆེའི་གཏེར་ཆོས་དེ་དག་ཐམས་ཅད་ཀྱང་གཏེར་དུ་སྦས་པ་པོ་དང་གཏེར་ནས་འདོན་པ་པོ་གང་ཡིན་ན། ཁོང་གི་གཟུངས་མ་མཁར་ཆེན་བཟའ་ཡེ་ཤེས་མཚོ་རྒྱལ་རེད། ཨོ་རྒྱན་རིན་པོ་ཆེ་སྲིན་ཡུལ་དུ་བྱོན་པའི་རྗེས་སུ། མཁར་ཆེན་བཟའ་མཚོ་རྒྱལ་གྱིས་ལོ་བདུན་གྱི་བར་དུ་ཨོ་རྒྱན་རིན་པོ་ཆེའི་གསུང་ཚང་མ་བཀའ་བསྡུ་མཛད། ས་གནས་སོ་སོ་ལ་གཏེར་དུ་སྦས། སྨོན་ལམ་བཏབ་པས། ད་ལྟ་ཡང་སྤྲུལ་པའི་གཏེར་སྟོན་རྒྱུན་མི་ཆད་པར་འབྱུང་བ་ནི་ཡེ་ཤེས་མཚོ་རྒྱལ་གྱི་བདག་རྐྱེན་ཡིན།

བོད་གངས་རིའི་ལྗོངས་ཀྱི་ཨོ་རྒྱན་རིན་པོ་ཆེའི་ཆོས་བརྒྱུད་འཛིན་པ་ཚང་མ་ལ་བསམ་བློ་བཏང་ན། ཨོ་རྒྱན་རིན་པོ་ཆེ་དང་ཁྱད་པར་མེད་པའི་བཀའ་དྲིན་ཆེ་བ་དེ་ཡེ་ཤེས་མཚོ་རྒྱལ་ཁོང་ཁོ་ན་ཡིན། ཨོ་རྒྱན་རིན་པོ་ཆེ་སྲིན་ཡུལ་དུ་གཤེགས་པའི་རྗེས་སུ། ཡེ་ཤེས་མཚོ་རྒྱལ་གྱིས་ལོ་བདུན་གྱི་རིང་ལ་འཇམ་དཔལ་རྫོགས་པ་ཆེན་པོའི་ཆོས་ཉམས་སུ་བླངས་ཏེ། འཕོ་བ་ཆེན་པོའི་སྐུར་གྲུབ་ནས་རྔ་ཡབ་པདྨ་འོད་ཀྱི་ཕོ་བྲང་དུ་ཨོ་རྒྱན་རིན་པོ་ཆེ་དངོས་ཀྱི་སྐུ་མདུན་དུ་བྱོན་ནས་ད་ལྟ་ཡང་དེ་རུ་བཞུགས་ཡོད། དེ་ལྟ་བུའི་བཀའ་དྲིན་ཅན་གྱི་ཨོ་རྒྱན་ཡབ་ཡུམ་གཉིས། ད་ལྟ་ཐག་རིང་པོ་རྔ་ཡབ་སྲིན་པོའི་གླིང་དུ་ཡོད་པས་གསོལ་བ་བཏབ་ཀྱང་བྱིན་རླབས་མི་འབྱུང་སྙམ་ན་དེ་ཡང་མིན་ཏེ། ཨོ་རྒྱན་རིན་པོ་ཆེས། དད་པ་ཅན་ལ་གང་དུ་མ་བཞུད་བཞུགས། །འགྲོ་དྲུག་གང་དུ་སྐྱེས་ཀྱང་ང་ཡིས་འདྲེན། །ཞེས་གསུངས།

ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་བཏབ་ནས་བསྒྲུབ་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གཞན་གང་ལས་ཀྱང་བྱིན་རླབས་ཆེ་བ་ཡིན། ཁྱད་པར་དུ་འདི་བླ་མའི་སྒྲུབ་པ་ཡིན། རང་རེ་སྔ་འགྱུར་གསང་སྔགས་རྙིང་མའི་ཆོས་ཉམས་སུ་ལེན་མཁན་ཚང་མས་བླ་མ་ཨོ་རྒྱན་ཆེན་པོ་སྒྲུབས་དང་། ལྷ་སྐུ་འབུམ་ཕྲག་བསྒོམ་པ་ལས་བླ་མ་སྐད་ཅིག་ཙམ་ལ་དྲན་ན་ཕན་ཡོན་ཆེ། བསྙེན་སྒྲུབ་ས་ཡ་བྱེ་བ་མང་པོ་འདོན་པ་ལས་བླ་མར་གསོལ་འདེབས་ལན་གཅིག་བྱས་ན་ཕན་ཡོན་ཆེ་ཞེས་རྒྱུད་སྡེ་ཐམས་ཅད་ཀྱི་ནང་དུ་གསུངས་ཡོད་པས། གང་ནས་བསམ་བློ་བཏང་ཡང་ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་བཏབ་ན་བྱིན་རླབས་ལྷག་པར་ཆེ་བ་ཡིན། སྨོན་ལམ་གྱི་དབང་གིས་ཨོ་རྒྱན་རིན་པོ་ཆེ་སངས་རྒྱས་གཞན་དང་མི་འདྲ་བར་འཛམ་བུ་གླིང་གི་སེམས་ཅན་རྣམས་ལ་ཐུགས་ལྷག་པར་བརྩེ་བ་ཡིན།

ཨོ་རྒྱན་རིན་པོ་ཆེའི་རྣམ་ཐར་གྱི་ནང་དུ། འཛམ་བུ་གླིང་དུ་འགྲོ་བའི་དོན་ལ་བྱོན། །ཉི་ཟེར་འཆར་སྡུད་མདངས་ལ་ཆིབས་ཏེ་བྱོན། །ཞེས་དུས་རྟག་ཏུ་ཉི་མ་འཆར་བ་དང་ནུབ་པའི་དུས་ཀྱི་ཟེར་ལ་ཆིབས་ཏེ་འཛམ་བུ་གླིང་གི་སེམས་ཅན་གྱི་དོན་ལ་བྱོན་ནས་འགྲོ་དོན་མཛད་པར་གསུངས་ཡོད། དེ་བཞིན་དུ་ཁོང་གི་ཞལ་ནས། སྤྱིར་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྒྱུད་ཀྱི་ཡོན་ཏན་གཅིག་པ་ཡིན་ཡང་། སྨོན་ལམ་གྱི་སྟོབས་ཀྱིས་ཁོང་བསྒྲུབ་ན་སངས་རྒྱས་གཞན་བསྒྲུབ་པ་ལས་བརྒྱ་འགྱུར་སྟོང་འགྱུར་གྱིས་བྱིན་རླབས་ཆེ་བ་དང་ཐུགས་རྗེ་མྱུར་བ་ཡིན་གསུངས།

ཨོ་རྒྱན་རིན་པོ་ཆེ་རང་ཉིད་ཀྱི་ཞལ་ནས། ང་བཀུར་སངས་རྒྱས་ཐམས་ཅད་བཀུར། །ང་མཐོང་སངས་རྒྱས་ཐམས་ཅད་མཐོང་། །ང་ཉིད་བདེ་གཤེགས་འདུས་པ་ཡིན། །ཞེས་ཁོང་བསྒྲུབ་ན་སངས་རྒྱས་ཐམས་ཅད་བསྒྲུབས་པའི་གོ་ཆོད། ཁོང་མཇལ་ན་སངས་རྒྱས་ཐམས་ཅད་ཀྱི་ཞལ་མི་མཇལ་བ་གཅིག་ཀྱང་མེད། ཁོང་བདེ་གཤེགས་ཐམས་ཅད་འདུས་པའི་ངོ་བོ་ཡིན་པར་གསུངས་ཡོད། བདེ་གཤེགས་ཐམས་ཅད་འདུས་པ་ཇི་ལྟར་ཡིན་ན། ཨོ་རྒྱན་རིན་པོ་ཆེ་རང་ཉིད་ཀྱི་ཞལ་ནས། སྔོན་ཚེ་སྣང་བ་མཐའ་ཡས་འོད་དཔག་མེད། །རི་བོ་ཏ་ལར་མགོན་པོ་སྤྱན་རས་གཟིགས། །དྷ་ན་ཀོ་ཤ་པདྨ་འབྱུང་གནས་ང་། །མཚོན་ཚུལ་ཙམ་ལ་སྐུ་གསུམ་སྣང་གྱུར་ཀྱང་། །དོན་ལ་དབྱེར་མེད་སོ་སོར་ཐ་མི་དད། །ཆོས་དབྱིངས་གནས་སུ་ཀུན་ཏུ་བཟང་པོ་དང་། །སྟུག་པོ་བཀོད་དུ་རྡོ་རྗེ་འཆང་ཆེན་པོ། །རྡོ་རྗེ་གདན་དུ་ཐུབ་པ་ཆེན་པོ་ཉིད། །གཉིས་མེད་པདྨ་ང་རུ་ལྷུན་གྱིས་གྲུབ། །ཞེས་དེ་གསུམ་པོ་ཡང་ཁོང་ཡིན་པར་གསུངས།

དེས་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གཞན་ལ་བསྐལ་པ་མང་པོའི་བར་དུ་གསོལ་བ་བཏབ་པ་དང་སྒོམ་སྒྲུབ་བྱེད་པ་ལས། ཨོ་རྒྱན་རིན་པོ་ཆེ་ལ་ཐུན་ཐུང་ངུ་ཙམ་ལ་གསོལ་བ་བཏབ་ན་བྱིན་རླབས་དང་དངོས་གྲུབ་མྱུར་བ་ཤེས་དགོས།

ཚིག་བདུན་གསོལ་འདེབས།

ཨོ་རྒྱན་རིན་པོ་ཆེ་སྒྲུབ་པའི་ཐབས་དེ་ཡང་རྒྱས་པར་གཏེར་ཁ་སོ་སོ་ན་ཆེས་ཤིན་ཏུ་མང་པོ་ཡོད་ཀྱང་། སྒྲུབ་ཐབས་ཐམས་ཅད་ཀྱི་མཐར་ཐུག་པ་ནི་རྡོ་རྗེའི་ཚིག་བདུན་པོ་འདི་ལ་བརྟེན་ནས་བསྒྲུབ་པར་བྱ་བ་ཁོ་ན་ཡིན། ཚིག་བདུན་གསོལ་འདེབས་ཞེས་བྱ་བ་འདི་ནི་གང་ཟག་ཐ་མལ་བ་ཞིག་གིས་ཆེད་དུ་བརྩམས་པ་མིན་པར། ཆོས་ཉིད་སྐྱེ་བ་མེད་པའི་ཀློང་དང་ལོངས་སྐུ་འགག་པ་མེད་པའི་རྩལ་ལས་ཤར་ཡོང་བའི་རྡོ་རྗེའི་རང་སྒྲ་རང་ཤུགས་ཀྱི་ཚུལ་དུ་གྲགས་ཡོང་བ་ཡིན།

ཨོ་རྒྱན་རིན་པོ་ཆེའི་རྗེས་འཇུག་གི་སྤྲུལ་བའི་གཏེར་སྟོན་ཞིག་ཡིན་ནས་བཟུང་སྟེ། དེའི་གཏེར་ཁ་ན་ཚིག་བདུན་གསོལ་འདེབས་ཤིག་མེད་པ་མི་སྲིད་པ་ལྟ་བུ་ཡིན། འདི་ནི་སྔོན་གྱི་དུས་སུ་ཨོ་རྒྱན་རིན་པོ་ཆེ་ཚོགས་ཀྱི་འདུ་བ་ལ་སྤྱན་འདྲེན་པའི་མཁའ་འགྲོ་མ་རྣམས་ཀྱི་བརྡ་སྐད་ཀྱང་ཡིན་པའི་ཕྱིར་ན། འདི་ཡི་དོན་མ་ཤེས་པར་ཚིག་རྐྱང་བ་བརྗོད་པས་ཀྱང་ཨོ་རྒྱན་རིན་པོ་ཆེ་རྔ་ཡབ་དཔལ་རི་ནས་བྱོན་ཏེ་རྒྱུད་བྱིན་གྱིས་བརླབ་པར་འགྱུར་བ་ཡིན། ཚིག་བདུན་གསོལ་འདེབས་འདི་ཡིས་གཞིའི་དུས་ན་རྣམ་ཤེས་ཚོགས་བདུན་མཚོན། ལམ་གྱི་དུས་ན་བྱང་ཆུབ་ཡན་ལག་བདུན་མཚོན། འབྲས་བུའི་དུས་ན་དོན་དམ་དཀོར་བདུན་ཡང་མཚོན་པ་ཡིན།

ཚིག་བདུན་གསོལ་འདེབས་ཀྱིས་གུ་རུ་རིན་པོ་ཆེ་སྒྲུབ་ཐབས་ལ། ཕྱི་ལྟར་གསོལ་འདེབས་ཀྱི་ཚུལ་དུ་བྱས་པའི་སྒྲུབ་ཐབས་དང་། ནང་ལྟར་བསྐྱེད་རིམ་དང་སྦྱར་བའི་སྒྲུབ་ཐབས། གསང་བ་གྲོལ་ལམ་ལྟར་དུ་སྒྲུབ་ཐབས། ཤིན་ཏུ་གསང་བ་ཐབས་ལམ་ལྟར་དུ་སྒྲུབ་ཐབས། མཐར་ཐུག་རྫོགས་པ་ཆེན་པོའི་མན་ངག་དང་སྦྱར་ནས་སྒྲུབ་ཐབས་ཀྱང་ཡོད། དེ་ཐམས་ཅད་ཀྱང་ཚིག་བདུན་གསོལ་འདེབས་རང་གི་ཚིག་ཁོ་ན་མ་གཏོགས་ཚིག་གཞན་གྱིས་ལྷན་པོ་སྦྱར་ནས་འགྲེལ་མི་དགོས། ཁོ་རང་གི་ནང་དུ་དེ་ཐམས་ཅད་ཀྱི་དོན་ཆ་ཚང་བ་ཞིག་བཤད་ཡོད།

འདིར་ཚིག་བདུན་གསོལ་འདེབས་དེ་ཕྱི་ལྟར་རྡོ་རྗེ་ཚིག་བདུན་བླ་མའི་རྣལ་འབྱོར་ལྟར་སྒྲུབ་པའི་ཚིག་མདོར་བསྡུས་ཙམ་ཞིག་བཤད་ན། ཁྱེད་རང་རྣམས་ཐ་མལ་དུ་གནས་པའི་མདུན་དུ་ཨོ་རྒྱན་དྲི་མེད་དྷ་ན་ཀོ་ཤའི་མཚོ་གཏིང་ཟབ་པ་ཡན་ལག་བརྒྱད་ཀྱི་ཆུས་གང་བའི་ནང་ན། རང་བྱུང་པདྨའི་སྡོང་པོའི་རྩེར་ཨོ་རྒྱན་རིན་པོ་ཆེ་དང་ཡེ་ཤེས་མཚོ་རྒྱལ་དཀར་ལ་དམར་བའི་མདངས་ཆགས་པ། ཡབ་ཡུམ་གཉིས་མེད་དུ་འཁྲིལ་བ། འཁོར་དུ་དཔའ་བོ་དང་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་ཐམས་ཅད་བཀྲ་ལམ་མེར་བཞུགས་ཡོད་པ་ཞིག་གསལ་འདེབས་དགོས། བདག་གིས་དུས་ད་ནས་བཟུང་སྟེ་བྱང་ཆུབ་སྙིང་པོ་མ་ཐོབ་ཀྱི་བར་དུ་སྐྱིད་སྡུག་ལེགས་ཉེས་མཐོ་དམན་ཅི་བྱུང་ཡང་། ཨོ་རྒྱན་རིན་པོ་ཆེ་ཁྱེད་མ་གཏོགས་པའི་རེ་ས་དང་སྐྱབས་གནས་གཞན་དུ་མི་འཚོལ། ཁྱེད་ཁོ་ནས་བདག་རྒྱུད་བྱིན་གྱིས་བརླབ་པར་མཛད་དུ་གསོལ་སྙམ་ནས་དད་མོས་དྲག་པོ་བསྐྱེད་དགོས།

རང་གཞན་སེམས་ཅན་ཐམས་ཅད་ཀྱིས་ལུས་ངག་ཡིད་གསུམ་གྱི་གུས་འདུད་དང་ལྡན་པའི་སྒོ་ནས་ཕྱག་འཚལ་བར་བགྱི་བ་དང་། དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་པ་སྣ་ཚོགས་འབུལ་བ། ཚེ་རབས་ཐོག་མེད་ནས་བསགས་པའི་སྡིག་ལྟུང་ཐམས་ཅད་ལ་འགྱོད་སེམས་དྲག་པོའི་སྒོ་ནས་ཡོངས་སུ་བཤགས་པ་སྟེ་ཡན་ལག་དང་པོ་གསུམ་བསྐྱེད་དགོས། རང་གཞན་གྱིས་དུས་གསུམ་དུ་བསགས་པའི་དགེ་བ་རྣམས་ལ་ཕྲག་དོག་མེད་པར་རྗེས་སུ་ཡི་རང་བ་དང་། འཆི་མེད་ཞི་བ་དམ་པའི་སྐུར་རྟག་ཏུ་བཞུགས་སུ་གསོལ་བ་དང་། འགྲོ་བ་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། དེ་ཚེ་དགེ་རྩ་བསགས་པ་ཀུན་ཀྱང་ཨོ་རྒྱན་རིན་པོ་ཆེའི་གོ་འཕང་འཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་བ་སྟེ་ཡན་ལག་ཕྱི་མ་བཞི་ཡང་ཚུལ་བཞིན་དུ་ཉམས་སུ་ལེན་དགོས།

དེ་ལྟར་གུ་རུ་རིན་པོ་ཆེ་ལ་གསོལ་བ་བཏབ་ཅིང་ཡན་ལག་བདུན་གྱི་ཚོགས་བསགས་པའི་མཐུས། གུ་རུ་རིན་པོ་ཆེའི་སྐུ་ལས་འོད་ཟེར་སྣ་ཚོགས་པ་འཕྲོས། བདག་དང་སེམས་ཅན་ཐམས་ཅད་ལ་ཕོག་པས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པའི་སྐལ་བ་ཅན་དུ་བྱས་པར་མོས་ལ། ཚིག་བདུན་གསོལ་འདེབས་དང་བཛྲ་གུ་རུ་ཅི་རིགས་བགྲང་དགོས།

ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔

ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔

འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱིས༔

བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལ༔ གུ་རུ་པདྨ་སིདྡྷི་ཧཱུྃ༔

ཨོཾ་ཨཱཿ ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔

སྔོན་ཆད་མཁའ་འགྲོ་མ་རྣམས་ཀྱི་བརྡ་སྐད་དུ་ཡང་། འདི་ལྟ་བུའི་ཚིག་བདུན་གསོལ་འདེབས་དང་བཛྲ་གུ་རུ་འདོན་པའི་སྲོལ་ཡོད་ཀྱང་། ད་ལྟ་མཁའ་འགྲོའི་བརྡ་སྐད་ཀྱི་སྲོལ་དེ་འུ་ཅག་སུ་གཅིག་གིས་ཀྱང་ལབ་མི་ཤེས་པས། ཁྱེད་རྣམ་པས་འདོན་པའི་གནས་སྐབས་ན་བོད་སྐད་གཞིར་བཞག་གིས་ཐོན་དང་། ཨོ་རྒྱན་རིན་པོ་ཆེ་རང་ཉིད་ཀྱིས་ཞལ་གྱིས་བཞེས་ཤིང་བྱིན་གྱིས་བརླབས་པའི་ཚིག་ཡིན།

ཚིག་བདུན་གསོལ་འདེབས་དེ་མཁའ་འགྲོའི་བརྡ་སྐད་དུ་གཏན་ནས་འདོན་མི་ཤེས་པ་ཞིག་ཡིན་ནམ་སྙམ་ན། འདོན་ཤེས་པ་ཡིན་ཏེ། སྤྲུལ་པའི་གཏེར་སྟོན་རྣམས་ཀྱིས་འདོན་ཤེས་པ་ཡིན། མཁའ་འགྲོ་མའི་བརྡ་ཡིག་དེ་ལའང་མཁའ་འགྲོའི་ཡུལ་གླིང་གཙོ་བོའི་རིགས་སུམ་ཅུ་སོ་གཉིས་ལ་བརྡ་ཡིག་མི་འདྲ་བ་སུམ་ཅུ་སོ་གཉིས་ཡོད། དེའི་བརྡ་སྐད་ཚང་མ་ལ་རྡོ་རྗེ་ཚིག་བདུན་འདི་ཉིད་སྔོན་ཆད་ནས་གྲགས་ཟིན་ཡང་། སྤྲུལ་པའི་གཏེར་སྟོན་སུས་ཀྱང་མཁའ་འགྲོའི་བརྡ་སྐད་དུ་བསླབ་སྲོལ་མེད་པར་བོད་སྐད་ཀྱིས་བསླབས་པ་ཡིན། དེས་ན་ཁྱེད་རྣམས་ཀྱིས་ཀྱང་བོད་སྐད་ཀྱིས་ཐོན།

མཁའ་འགྲོ་མ་རྣམས་ཀྱི་བརྡ་སྐད་ལྟར་དུ་བསླབ་ན་ཡང་། མཁའ་འགྲོ་མ་རྣམས་ཀྱིས་དེའི་དོན་གོ་རྒྱུ་རེད་མ་གཏོགས་གཞན་པ་རྣམས་ཀྱིས་དེའི་ཚིག་དོན་ལ་གོ་བ་མི་ལོན། ཚིག་འགའ་རེ་གོ་བའི་དབང་དུ་བྱས་ཀྱང་། གུ་རུ་དྲག་པོའི་མཚན་སྔགས་ཨ་རྩིག་ནེ་རྩིག་སོགས་སུ་གཅིག་གིས་ཀྱང་མི་གོ་བ་དེ་ལྟ་བུ་ཞིག་ཡིན། བོད་སྐད་ཀྱི་ཚིག་དེ་འགྲེལ་དགོས་ན་ཡང་འུ་ཅག་ཚང་མས་འགྲེལ་ཤེས་ངེས་ཡིན། མཁའ་འགྲོའི་བརྡ་སྐད་དེ་ཇི་ལྟ་བུ་ཞིག་ཡིན་ན། འུ་ཚོ་བོད་ལུང་པ་ན་སྤྱིར་ཡུལ་སྐད་མང་པོ་ཡོད་ཀྱང་། དེའི་ནང་ནས་རྒྱལ་རོང་གི་ཡུལ་སྐད་འགའ་ཞིག་གཞན་སུས་ཀྱང་མི་གོ་བ་ལྟ་བུ་ཡིན། མཁའ་འགྲོའི་བརྡ་སྐད་ཀྱང་དེ་དང་འདྲ་བོ་རེད།

དེ་ལྟར་ཁྱེད་ཅག་གིས་ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་པའི་མཐར། ཨོ་རྒྱན་རིན་པོ་ཆེའི་སྤྱི་བོ་མགྲིན་པ་སྙིང་ག་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་བྱུང་ནས་ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ་པས་གུ་རུའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་མ་ལུས་པ་ཐོབ་པའི་མོས་པ་མཛོད། མཐར་གུ་རུ་ཡབ་ཡུམ་འོད་དུ་ཞུ་ནས་ཐིག་ལེ་དཀར་ལ་དམར་བའི་མདངས་ཆགས་པ། ཧཱུཾ་ཡིག་གིས་མཚན་པ་ཞིག་རང་གི་སྙིང་གར་ཐིམ་པས་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་དུ་གྱུར་ཅིང་། སེམས་རྩེ་གཅིག་ཏུ་སྤྲོ་བསྡུ་གང་ཡང་མེད་པའི་ངང་ལ་མཉམ་པར་ཞོག མཐར་ཏིང་ངེ་འཛིན་ལས་ལྡང་བ་ན་སྣང་བ་ཐམས་ཅད་བླ་མའི་སྐུ་དང་། སྒྲ་གྲགས་ཐམས་ཅད་བླ་མའི་གསུང་། དྲན་རྟོག་ཐམས་ཅད་བླ་མའི་ཐུགས་སུ་ཤེས་པར་གྱིས་ལ་ཟ་ཉལ་འགྲོ་འདུག་གི་སྤྱོད་ལམ་རྣམ་པ་བཞི་ལ་འཇུག་པར་བྱ་དགོས། དེ་དག་ནི་གུ་རུ་རིན་པོ་ཆེ་དངོས་སུ་སྒྲུབ་ཐབས་ཡིན།

ལས་རབ་འབྱམས་སྒྲུབ་པའི་ཐབས་ནི། ཨོ་རྒྱན་རིན་པོ་ཆེའི་བསམ་པ་ལྷུན་འགྲུབ་མའི་ནང་གི་ཡིད་བཞིན་ནོར་བུ་ལྟ་བུའི་མན་ངག་བཅུ་གསུམ་དང་ལྡན་པའི་ཚིག་བདུན་གསོལ་འདེབས་འདིའི་སྒོ་ནས་སྒྲུབ་དགོས། དེས་ན་སངས་རྒྱས་ཀྱི་ཆོས་ཚུལ་རབ་འབྱམས་ཀྱི་ནང་ན་ཟབ་པའི་མཐར་ཐུག་པ་དེ་ནི་བླ་མ་ཨོ་རྒྱན་ཆེན་པོ་ལ་གསོལ་བ་འདེབས་པ་དང་། འོད་གསལ་རྫོགས་པ་ཆེན་པོ་ཉམས་སུ་ལེན་པ་འདི་ལས་བཟང་བ་དང་ཟབ་པ་ཞིག་རྩ་བ་ནས་མེད་པས། ཁྱེད་རྣམས་ཀྱིས་ཀྱང་རྒྱུན་དུ་དེ་ལྟ་བུ་ཐུགས་ལ་བཟུང་ནས་ཉམས་སུ་ལེན་པར་ཞུ།

དྲན་ངོགས་ཀྱི་ནུབ་བསྐྱོད་ལས་ཡུལ་ཉིའུ་ཡོག་གི་མཛད་རིམ་ལེགས་པར་གྲུབ་པའི་སྐབས་ཏེ་དྲུག་པའོ། །

འབབ་ཚུགས་བདུན་པ། ཨ་རིའི་བྷོ་སི་ཐིན།

༼ ༨·༩~༨·༡༦ ༽

མཛད་རིམ།

ཕྱི་ཟླ་༨པའི་ཚེས་༩ཉིན། བྷོ་སི་ཐིན་ལ་འབྱོར།

ཕྱི་ཟླ་༨པའི་ཚེས་༡༠ཉིན། རྡོ་རྗེ་ཕུར་པའི་དབང་གནང་།

ཕྱི་ཟླ་༨པའི་ཚེས་༡༡ཉིན། གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་དབང་གནང་།

ཕྱི་ཟླ་༨པའི་ཚེས་༡༢ཉིན། མཁའ་འགྲོ་སྙིང་ཐིག་གི་དབང་གནང་།

ཕྱི་ཟླ་༨པའི་ཚེས་༡༣ཉིན། འཇམ་དཔལ་ཞི་སྒྲུབ་ཀྱི་དབང་དང་ཞལ་གདམས་གནང་།

ཕྱི་ཟླ་༨པའི་ཚེས་༡༤ཉིན། སངས་རྒྱས་ལག་སྟེར་གྱི་ཁྲིད་གནང་།

ཕྱི་ཟླ་༨པའི་ཚེས་༡༥ཉིན། སངས་རྒྱས་ལག་སྟེར་གྱི་ཁྲིད་གནང་།

ཕྱི་ཟླ་༨པའི་ཚེས་༡༦ཉིན། གེ་སར་གྱི་དབང་དང་ཞལ་གདམས་གནང་།

བྷོ་སི་ཐིན་དུ་ཆོས་གསུང་བ།

ང་ཚོ་ཉིའུ་ཡོག་གྲོང་ཁྱེར་དང་གྱེས་ནས་རླངས་འཁོར་ལ་བསྡད་དེ་དུས་ཚོད་བཞི་ལྷག་བསྐྱོད་པ་ན། ཨ་རིའི་རིག་གནས་ཀྱི་གྲོང་ཁྱེར་བྷོ་སི་ཐིན་(Boston)ལ་འབྱོར།

འདི་ནི་ཨ་རིའི་ཆེས་གནའ་ཉམས་ལྡན་ཞིང་རིག་གནས་རིན་ཐང་གི་ཁྱད་ཆོས་འབུར་དུ་ཐོན་པའི་གྲོང་ཁྱེར་ཞིག་སྟེ། གནས་འདི་རུ་ཡོ་རོབ་ཀྱི་གོམས་སྲོལ་ལྡན་ལ་ཨ་རིའི་རིག་གནས་ཀྱི་བྲོ་བའང་མ་ཉམས་པར་ཡོད། ཉིའུ་ཡོག་ལྟ་བུའི་སྟོབས་འབྱོར་རྒྱས་ཤིང་འདུ་ལོང་བྲེལ་ཟིང་གིས་ཁེངས་པ་ཞིག་མིན་ན་ཡང་། གནའ་བོའི་སྲོལ་རྒྱུན་རིག་གནས་ཀྱིས་ཀུན་ནས་ཕྱུག་པ་ཞིག་རེད། བྷོ་སི་ཐིན་གྲོང་ཁྱེར་ནི་ཨ་རི་རྒྱལ་ཁབ་ཀྱི་འབངས་སྤེལ་དུས་རབས་ནས་རྒྱལ་ཁབ་རང་བཙན་གྱི་དུས་སྐབས་དང་། ད་ལྟ་དར་རྒྱས་ཕུན་སུམ་ཚོགས་པ་བྱུང་བའི་འགྱུར་ལྡོག་གི་ལོ་རྒྱུས་རིང་མོའི་མཐོང་དཔང་ལྟ་བུར་གྱུར་ཡོད།

བྷོ་སི་ཐིན་ནི་ཐོག་མར་གནའ་བོའི་དབྱིན་ཇིའི་ཆོས་ཚོགས་ཀྱི་སྤོས་དམངས་རྣམས་ཀྱིས་གསར་དུ་བཙུགས་པ་ཡིན་ལ། ཁོ་ཚོས་ཨོ་ཁཱི་སཱི་ཧྥོར་ཏི་སློབ་ཆེན་དང་(University of Oxford)ཁམ་བྷི་རཱེད་ལྗི་སློབ་ཆེན་(University of Cambridge)ནས་སྲོལ་རྒྱུན་གྱི་མཐོ་རིམ་སློབ་གསོ་མྱོང་ཡོད་ཅིང་། རང་གི་བུ་རབས་ཚ་རྒྱུད་རྣམས་ཀྱིས་ས་ཆ་གསར་བ་འདི་ནས་སློབ་གསོ་བཟང་པོ་ཐོབ་པའི་ཆེད་དུ། ཕྱི་ལོ་༡༦༣༦ལོར། ཁོ་ཚོས་ཨ་རིའི་ལོ་རྒྱུས་སྟེང་གི་ཆེས་ཐོག་མའི་སློབ་ཆེན་ཏེ་ཧཱ་ཝར་ཌི་གཙུག་ལག་སློབ་ཆེན་བཙུགས་ཤིང་། རིམ་བཞིན་དུ་མཱ་སཱི་ཆུའུ་སེད་སཱི་ཁུལ་གྱི་ཚན་རྩལ་ཞིབ་འཇུག་སློབ་གླིང་(Massachusetts Institute of Technology)སོགས་སློབ་ཆེན་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་བཙུགས་པས། གྲོང་ཁྱེར་འདིར་རིག་གནས་ཀྱི་མཁའ་དབུགས་སྟུག་པོ་ཞིག་བསྐྲུན་ཡོད།

ཆོས་རྗེ་ཉིད་བྷོ་སི་ཐིན་གྲོང་ཁྱེར་ནས་གཟའ་འཁོར་གཅིག་ལ་བཞུགས་ཤིང་། ཉིན་རེའི་ཆོས་ཁྲིད་ཀྱི་མཛད་རིམ་གཤམ་གསལ་ལྟར་ཡིན།

・ཕྱི་ཟླ་༨པའི་ཚེས་༡༠ཉིན། གཟའ་མིག་དམར། རྡོ་རྗེ་ཕུར་པའི་དབང་། ཞུ་ཡོན་ཨ་སྒོར་སུམ་ཅུ།

・ཕྱི་ཟླ་༨པའི་ཚེས་༡༡ཉིན། གཟའ་ལྷག་པ། གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་དབང་། ཞུ་ཡོན་ཨ་སྒོར་སུམ་ཅུ།

・ཕྱི་ཟླ་༨པའི་ཚེས་༡༢ཉིན། གཟའ་ཕུར་བུ། མཁའ་འགྲོ་སྙིང་ཐིག་གི་དབང་། ཞུ་ཡོན་ཨ་སྒོར་སུམ་ཅུ།

・ཕྱི་ཟླ་༨པའི་ཚེས་༡༣ཉིན། གཟའ་པ་སངས། འཇམ་དཔལ་ཞི་སྒྲུབ་ཀྱི་

དབང་། ཞུ་ཡོན་ཨ་སྒོར་སུམ་ཅུ།

・ཕྱི་ཟླ་༨པའི་ཚེས་༡༤ནས་༡༥ཉིན། གཟའ་སྤེན་པ་དང་ཉི་མ། ཁྲིད་ཡིག་སངས་རྒྱས་ལག་སྟེར་གྱི་ཁྲིད། ཞུ་ཡོན་ཨ་སྒོར་བརྒྱ་དང་ཉེར་ལྔ།

༼ཉིན་དེ་གཉིས་རིང་གི་དུས་ཚོད་བཀོད་སྒྲིག ༨:༣༠ཞོགས་ཟས། ༩:༠༠སྒོམ་རྒྱག ༡༠:༠༠ཆོས་ཁྲིད། ༡༢:༠༠གུང་ཚིགས། ༡༣:༣༠བགྲོ་གླེང་། ༡༤:༡༥སྒོམ་རྒྱག ༡༥:༠༠-༡༧:༠༠ཆོས་ཁྲིད། ༢༠:༠༠གཟའ་ཉི་མའི་གསོལ་སྟོན།༽

・ཕྱི་ཟླ་༨པའི་ཚེས་༡༦ཉིན། གཟའ་ཟླ་བ། གེ་སར་གྱི་དབང་། ཞུ་ཡོན་ཨ་སྒོར་སུམ་ཅུ།

ས་གནས། ཆོས་དབྱིངས་བསམ་གཏན་ལྟེ་གནས་ཀྱི་ཆོས་རྒྱལ་མྱ་ངན་མེད་ཐོག་ཁང་།

ཆོས་ཉན་པ་ལ་རིན་སྤྲད་དགོས།

ནུབ་ཕྱོགས་སུ་ཆོས་ཚོགས་གང་ནས་ཆོས་ཞུས་ཀྱང་དེ་ལ་རིན་དངུལ་སྤྲོད་དགོས་པ་ཡིན། དེ་ནི་ང་ཚོ་ཤར་ཕྱོགས་པ་དང་ལྷག་པར་དུ་བོད་པ་རྣམས་ལ་མཚོན་ན་ཤིན་ཏུ་དང་ལེན་དཀའ་བའི་གནས་ཤིག་ཡིན། དེ་ལྟ་ནའང་། ཁོང་ཚོས་ནང་པ་སངས་རྒྱས་པའི་ཆོས་བཙོང་ནས་དངུལ་སྒོར་གྱི་ཁེ་སྤོགས་གསོག་པ་མིན་པར། ནུབ་ཕྱོགས་ཀྱི་ཆོས་འཆད་ཉན་གྱི་ཁོར་ཡུག་དང་གནས་བབས་ནི་ཤར་ཕྱོགས་དང་ཡེ་ནས་མི་འདྲ་བས་ཡིན།

ཆོས་ཚོགས་དེ་དག་ལ་འབུལ་བ་ཕུལ་མཁན་གྱི་སྦྱིན་བདག་ཤིན་ཏུ་ཉུང་ཞིང་། ཁོངས་མི་རྣམས་ཀྱིས་ཀྱང་ཚོགས་མིའི་རིན་དངུལ་སྤྲོད་དགོས་པར་མ་ཟད། ཆོས་ཚོགས་མུ་མཐུད་དུ་རྒྱུན་སྐྱོང་བ་ལ་ཁང་གླ་དང་ཆུ་རིན། གློག་རིན། ཞིག་གསོའི་འགྲོ་གྲོན། དེ་མིན་ཁྲལ་སྣ་ཚོགས་སྤྲད་དགོས་པ་ཡིན། ཁྱད་པར་དུ་བླ་མ་ཞིག་གདན་ཞུ་བྱ་དགོས་ན། བླ་མ་གང་དེའི་ལམ་གླ་དང་སྡོད་རིན། ཟས་རིན། འགྲིམ་འགྲུལ་གླ་ཆ་སོགས་ཆོས་ཚོགས་རང་གིས་ཐག་གཅོད་བྱེད་དགོས་པས། གལ་ཏེ་གྲོན་དངུལ་ངེས་ཅན་མ་བསྡུས་ན། ཆོས་ཚོགས་དེ་དག་ཡུན་རིང་པོར་རྒྱུན་སྐྱོང་ཐབས་མེད།

དེ་ལྟར་བྱས་ན་ཆོས་ཞུ་མཁན་ལ་སྒོ་ཐེམ་ཇེ་མཐོར་སོང་ནས། དཔལ་འབྱོར་གྱི་ཆ་རྐྱེན་དམན་པ་དག་ལ་ཆོས་ཞུ་བའི་གོ་སྐབས་མེད་པར་འགྱུར་བ་སྟེ། བོད་ཡུལ་དང་རྩ་བ་ནས་མི་འདྲ་བར་འདུག དཔེར་ན་ཆོས་རྗེ་ཉིད་ཀྱིས་ཝ་ཧྲིང་ཐོན་ནས་ཆོས་གསུང་སྐབས། རྒྱ་ནག་གི་སློབ་ཆེན་སློབ་མ་ཞིག་གིས་ཁྲིད་ཡིག་སངས་རྒྱས་ལག་སྟེར་གྱི་ཆོས་ཐུན་དང་པོ་ཞུས་ཀྱང་། ཕྱི་མ་རྣམས་ཞུ་བར་རིན་དངུལ་གྱིས་མ་འདང་བས་ཕྱིར་འབུད་བྱ་དགོས་ཐུག་པ་ན། བདག་གིས་དེ་ལ་ཨ་སྒོར་བདུན་ཅུ་སྤྲད་ནས་ཆོས་ཐུན་ཕྱི་མ་གཉིས་ལའང་མཉན་དུ་བཅུག་པ་ཡིན།

སྲོལ་རྒྱུན་དེ་དག་ང་ཚོའི་ཆོས་ཞུ་སྟངས་དང་མི་མཐུན་པར་ཆགས་ཡོད་མོད། འོན་ཀྱང་ཕྱོགས་གཞན་ཞིག་ནས་བལྟས་ན། ཁོ་རང་ཚོས་ཆོས་ཐུན་རེ་རེ་བཞིན་རིན་དངུལ་ངེས་ཅན་ཞིག་སྤྲད་ཟིན་པས། ཁྲིད་ཐུན་རེ་རེའང་ཤིན་ཏུ་གལ་ཆེ་བའི་དོན་དུ་བརྩིས་ནས་མཐོང་ཆེན་བྱེད་ཅིང་། ཆོས་ཞུ་བའི་རྣམ་འགྱུར་ལེགས་པ་མ་ཟད་མཇུག་འབྲས་ཀྱང་ཧ་ཅང་བཟང་པོ་ཐོབ་པར་མཐོང་།

དེས་ན་བྱ་བ་གང་ཡིན་ཡང་། རྒྱུས་ལོན་དང་ཤེས་རྟོགས་ལེགས་པོ་མེད་པར་མཐའ་གཅིག་ཏུ་འདི་ཡིན་འདི་མིན་གྱི་ཁ་ཚོན་ཆོད་དཀའ་བས། ཡུལ་ཁམས་མི་འདྲ་བར་དམ་པའི་ཆོས་སྤེལ་བ་ལ་ཡུལ་དུས་ཀྱི་སྲོལ་རྒྱུན་དང་གོམས་གཤིས། རིག་གནས། དངོས་ཡོད་གནས་ཚུལ་དང་བསྟུན་པ་ནི་ཆེས་གལ་ཆེ་བར་སྣང་ངོ་། །

ནུབ་ཏུ་མེད་པའི་ཉི་མ།

ཕྱི་ཟླ་༨པའི་ཚེས་༡༣ཉིན། འཇམ་དཔལ་ཞི་སྒྲུབ་ཀྱི་དབང་གི་སྐབས་སུ་འདི་ལྟར་གསུང་།

ང་ཡུལ་ཁམས་རེ་ནས་འགྲོ་བའི་དུས་སུ་དད་པ་དང་དུང་བ་ཧ་ཅང་ཆེ་མཁན་རྣམས་ཀྱིས་དཔེར་ན་མ་དང་བུ་འབྲལ་བའི་གནས་སྐབས་བཞིན་དུ་མིག་ནས་མཆི་མ་ཐོན་པའི་སྐྱེ་བོའང་མང་པོ་བྱུང་ཐལ། དེ་བས་ད་རེས་ཆོས་བཤད་པའི་གནས་སྐབས་འདིར་ཚོགས་པ་ཙམ་དུ་མ་ཚད་ཚེ་རབས་ནས་ཚེ་རབས་ཀྱི་བར་དུ་མི་འགྱུར་བའི་མཛའ་བརྩེ་བརྟན་པོ་ཆགས་སོང་།

ངས་ད་ཞག་རི་བོ་རཱོ་ཁཱེས་ཀྱི་ནང་པའི་ཆོས་ཚོགས་སུ་ཆོས་བཤད་བཞིན་པའི་སྐབས་ལམ་སང་ལུང་བསྟན་གྱི་ཚིག་དེ་ཡིད་ལ་དྲན་ཐལ། དེའི་ཚིག་དེ་ཇི་ལྟར་ཡིན་ཞེ་ན། ཀུན་ཕན་ཉི་མའི་དཀྱིལ་འཁོར། །ཤར་རིའི་རྩེ་ནས་ཤར་ཡང་། །འོད་སྟོང་ནུབ་ལ་འཕྲོས་བྱུང་། །ཤེས་མེད་རི་ཕྲན་ཕལ་ཆེར། །ང་མཐོ་སྙམ་ནས་མ་འགྱིངས། །རང་དྲུང་གྲིབ་མས་གཡོགས་ལ། །རེ་ཞིག་ཁྱོད་ཉིད་དབང་ཡང་། །ནམ་ཞིག་སྣང་བས་ཁྱབ་ཡོང་། །ཞེས་དཔེར་ན་ཉི་མ་ཤར་ཚེ་རི་བོ་འགའ་ཤས་ཤིག་གིས་ཉི་མ་སྒྲིབ་མི་ཐུབ་པ་བཞིན་དུ། རིམ་གྱིས་ཡུལ་ཁམས་ཚང་མ་ལ་ཆོས་འདི་དར་རྒྱས་ཕུན་སུམ་ཚོགས་པ་ཞིག་འབྱུང་རྒྱུ་ཡོད་ཅེས་པའི་དོན་དེ་ཁྲོལ་སོང་། རྟགས་དང་མཚན་མ་གང་ལ་བསམ་ཡང་དེ་ལྟར་ཡིན་འདུག་པས་ངས་ཚོགས་ཐོག་ནས་ཚང་མ་ལ་བསྒྲགས་པ་ཡིན།

སྤྱིར་ང་རང་གིས་བྱ་བ་ཆེ་ཆུང་གང་ཞིག་བསྒྲུབ་དགོས་ན་ཡང་། ཡུན་རིང་པོའི་བར་དུ་བླ་མ་དང་ལྷག་པའི་ལྷ་ལ་གསོལ་བ་བཏབ་ནས། བརྟག་དཔྱད་ཞིབ་མོ་ཞིག་མ་བྱས་བར་དུ་བྱ་བ་དེ་ལ་འཇུག་པའི་སྲོལ་མེད་ཀྱང་། ད་ལོའི་གནས་སྐབས་ལ་མཚོན་ན་སྔར་དང་ཅུང་མི་འདྲ་བར་གྱུར། ང་རང་ཨ་རིའི་ལུང་པ་ལ་ཡོང་རྒྱུ་དེའང་ཡུལ་ཁམས་འདིའི་མི་ཚང་མ་ལ་ཕན་ཐོགས་རེ་ཨེ་ཡོང་བསམ་པ་དང་། སངས་རྒྱས་ཀྱི་བསྟན་པ་རེ་སྤེལ་ཨེ་ཐུབ་སྙམ་པའི་བསམ་པ་མ་གཏོགས། ཉིའུ་འོག་ནས་བཤད་པ་ལྟར་སྒོར་མོ་ཨེ་ལོན་བསམས་ནས་དེའི་དོན་ལ་ཡོང་བ་མིན་ལ། ཐོབ་གོ་གནས་ཤིག་ཨེ་ལོན་བསམས་ནས་ཡོང་བ་མིན། འོན་ཀྱང་མགོན་པོ་འཇམ་པའི་དབྱངས་ཀྱི་ཐུགས་རྗེ་དང་བྱིན་རླབས་ཤིག་གིས་ང་རང་དབང་མེད་པར་ཨ་རིའི་ལུང་པ་འདི་ལ་ཐོན་སོང་།

དེ་ཡིན་ན་ད་རེས་ཁྱེད་རྣམ་པ་ཐམས་ཅད་ལ་ཕན་ཐོགས་པའི་འཕྲིན་ལས་དུས་ལ་བབས་ནས། ང་མགོན་པོ་འཇམ་པའི་དབྱངས་ཀྱི་བྱིན་རླབས་ཀྱི་སྟོབས་ཀྱིས་གནས་འདིར་བསྐྱལ་བ་རེད་བསམ་པ་དང་། ཁྱེད་རྣམ་པ་ཚང་མ་ལ་ཡང་ཉིན་རེར་ཡོང་སྒོ་མང་པོ་ཡོད་ཀྱང་དེ་དག་ཐམས་ཅད་ཕར་གཡུགས་ཏེ། རང་དབང་མེད་པར་འཁོར་དུ་འདུ་ཡོང་བ་དེ་འཇམ་པའི་དབྱངས་ཀྱི་བྱིན་གྱིས་བརླབས་པ་རེད་སྙམ། མདོར་ན་འུ་ཅག་ཚང་མ་ཡང་དེ་རིང་ས་འདིར་ལྷན་དུ་འཛོམས་རྒྱུ་དེ་འཇམ་པའི་དབྱངས་ཁོ་ནའི་ཐུགས་རྗེ་ཡིས་བསྡུས་ཡོང་བ་རེད་བསམ།

ད་སྐབས་ཁྱེད་རྣམ་པས་ཀྱང་ཆོས་ཐོས་པ་ཙམ་དུ་མ་ཟད། ཆོས་འདི་རང་གིས་ཉམས་སུ་ལེན་པ་དང་རྗེས་མ་གཞན་ལ་རྒྱ་ཆེར་སྤེལ་བ་དེ་ངའི་རེ་བ་ཡིན་ལ་ཁྱེད་རྣམ་པའི་ལས་འགན་ཡང་རེད། དེ་ལྟར་བསྒྲུབ་པར་བྱས་ན་རང་གཞན་ཀུན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་རྒྱུ་རེད། དེ་ཡང་སྔོན་ཆད་ལོ་རྒྱུས་ཀྱི་དབང་དུ་བྱས་ན་དབྱིན་ཇིས་འཛམ་གླིང་ལ་དབང་སྒྱུར་བྱེད་པའི་སྐབས་སུ། ཁོ་ཚོའི་དར་ཆ་བསྒྲེངས་པའི་ས་ཆ་ལ་ཉི་མ་ནུབ་པའི་དུས་ཚོད་ཅིག་མེད་ཅེས་བསྒྲགས་གཏམ་བཏང་མྱོང་བ་ཡིན། དཔེ་དེ་བཞིན་དུ་ད་ལྟ་འུ་ཅག་གིས་ཀྱང་ཆོས་འདིའི་སྟེང་ལ་ནུས་པ་དང་རྩལ་ཤུགས་གཅིག་ཏུ་བསྐྱེད་ན། འཇམ་དཔལ་ཞི་སྒྲུབ་ཀྱི་ཆོས་འདི་ཉམས་སུ་ལེན་པའི་གང་ཟག་གི་མགོ་ལ་ཉི་མ་ཤར་མེད་པའི་དུས་ཚོད་ཅིག་མེད་ཅེས་བཤད་ན་ཡང་སྨྲ་ཐུབ་པའི་སྐལ་བ་བཟང་པོ་ཞིག་ཤར་སོང་།

དེའི་དོན་ནི། ཁྱེད་ཨ་རིའི་ལུང་པ་ལ་ཉི་མ་མ་ཤར་བར་གཉིད་ཡོད་པའི་སྐབས་སུ། ངེད་ཨེ་ཤ་ཡའི་རྒྱལ་ཁབ་ཀྱི་སློབ་བརྒྱུད་ཚང་མས་ཆོས་འདི་ཉམས་སུ་བླངས་ནས་ཨོཾ་ཨ་ར་པ་ཙ་ན་དྷཱི་ཟེར་ནས་འདོན་པ་དང་། ངེད་རྣམས་གཉིད་ཡོད་སྐབས་ཁྱེད་རྣམ་པས་ཨོཾ་ཨ་ར་པ་ཙ་ན་དྷཱི་ཞེས་ཁྱེད་ཅག་གི་མགོར་ཉི་མ་ཤར་ཡོད། དེ་བས་འཛམ་བུ་གླིང་ན་ཆོས་འདི་ཉམས་སུ་ལེན་མཁན་གྱི་མགོ་ལ་ཉི་མ་ནུབ་མི་སྲིད་ཟེར་ཆོག་པ་ཡིན། ད་སྐབས་ཆུ་ཚོད་བཅུ་གཅིག་ལ་ཐོན་རན་འདུག་པས། ཆོས་འདི་ཉམས་སུ་ལེན་པའི་ཨེ་ཤ་ཡའི་ས་ཆ་ན་ཡོད་པའི་མི་ཕལ་ཆེར་ཉལ་ཚར་བ་མ་ཟད་གཉིད་ཡོད་ཀྱང་། འདི་ན་འཇམ་པའི་དབྱངས་ཀྱི་དབང་བསྐུར་ནས་ཨོཾ་ཨ་ར་པ་ཙ་ན་དྷཱི་ཟེར་ནས་འདོན་བཞིན་ཡོད། དོ་དགོང་འུ་ཅག་ཉལ་ཚེ་ཨེ་ཤའི་རྒྱལ་ཁབ་ལ་སོགས་པའི་སློབ་བརྒྱུད་ཚང་མས་ཨ་ར་པ་ཙ་ན་དྷཱི་ཞེས་ཉམས་ལེན་མི་བྱེད་པའི་དུས་ཚོད་ཅིག་མེད་པ་ཡིན།

ང་རང་ཉིད་ཀྱང་གཞེས་ཉིན་ནས་ཨ་རིའི་ལུང་པ་དང་ཁ་བྲལ་ནས་འགྲོ་རན་པ་ཡིན་ཡང་། ང་ཚོ་བོད་ཀྱི་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་ཟེར་བ་ཞིག་ཡོད་པ་དེའི་མགུར་གླུའི་ནང་དུ། བྲིས་པའི་ཡི་གེ་ནག་ཆུང་། །ཆུ་དང་ཐིགས་པས་འཇིག་སོང་། །མ་བྲིས་སེམས་ཀྱི་རི་མོ། །བསུབས་ཀྱང་བསུབ་རྒྱུ་མི་འདུག །ཅེས་གསུངས་པ་ལྟར། དཔེར་ན་ཤོག་བུ་ཞིག་གི་ངོར་མཚལ་ཡིག་ཅིག་བྲིས་རྗེས་དེར་ཐམ་ག་ཞིག་བརྒྱབ་ན། དེ་འབྱུང་བཞིའི་གནོད་པ་སྣ་ཚོགས་པས་འཇིག་སྲིད་ཀྱང་། འུ་ཅག་གི་སེམས་ཀྱི་མཛའ་བརྩེ་དང་ཆོས་ཀྱི་བརྒྱུད་པ་དེ་ནམ་ཡང་འཇིག་པ་མེད་པར་སེམས་དཀྱིལ་དུ་རི་མོ་བཞིན་འབྲི་དགོས། ད་སྐབས་ཨ་རིའི་ལུང་པ་ན་ཡོད་པའི་ང་རང་གི་སློབ་མར་གྱུར་པ་མང་པོ་ཞིག་གིས། ཁྱེད་ཨ་རིའི་ལུང་པ་ལ་ཡང་ནས་ཡང་དུ་འོང་རྒྱུའི་རེ་བ་ཡོད་ཟེར། ང་རང་གི་བསམ་ཚོད་ལ་ཕྱོགས་གང་ཐད་ནས་ཡོང་ཐུབ་རྒྱུ་མ་རེད་མོད། རྗེས་མ་ངས་སེམས་ནས་མི་བརྗེད།

མདོར་ན་ང་ཨ་རིའི་ལུང་པ་ལ་ཡང་བསྐྱར་དུ་ཡོང་རྒྱུ་བྱུང་ན་ཡང་འདྲ། མ་བྱུང་ན་ཡང་འདྲ། ཁྱེད་རྣམ་པས་ཆོས་འདི་ཉམས་ལེན་ལྷོད་པ་མེད་པ་གྱིས་དང་གནད་གཅིག་པ་ཡིན། ཁྱེད་ཨ་རིའི་ལུང་པར་ཡོད་པའི་ང་རང་གི་སློབ་མ་ཐམས་ཅད་ཀྱི་བསམ་པ་དེ་མ་འགྱུར། ཆོས་ལ་དད་པ་དེ་མ་འགྱུར་དང་། ང་རང་མི་འགྱུར་སེམས་ཐག་གོར་མའི་རྡོ་ཡིན། ཉི་མ་ཟླ་བའི་འཁོར་ཕྱོགས། ནོར་ཡོང་བསམ་རྒྱུ་ཞིག་རྩ་བ་ནས་མི་འདུག

དབུས་ཀྱི་རི་རྒྱལ་ལྷུན་པོ། །མ་འགྱུར་བརྟན་པོར་བཞུགས་དང་། །ཉི་མ་ཟླ་བའི་འཁོར་ཕྱོགས། །ནོར་ཡོང་བསམ་པ་མི་འདུག ། ༼ཐལ་སྒྲ།༽

ཅེས་ཆོས་རྗེ་ཉིད་ཀྱིས་ཚང་མར་ཐུགས་སྨོན་གྱི་ཚུལ་དུ་མགུར་གླུ་འདི་སྙན་པའི་དབྱངས་ལ་བརྒྱུས་ཏེ་ཐེངས་གསུམ་ལ་གསུངས།

ནུབ་རྒྱ་མཚོ་ཆེན་མོར་གཟིགས་སྐོར་ལ་ཕེབས།

བྷོ་སི་ཐིན་དུ་སྡོད་པའི་རིང་ལ། ངེད་ཚོའི་སྡོད་གནས་དང་ཐག་མི་རིང་བའི་མཚམས་ནས་ནུབ་ཀྱི་རྒྱ་མཚོ་ཆེན་མོ་མཐོང་ཐུབ་ཅིང་། ཉིན་ཞིག་ཆོས་རྗེ་ཉིད་རྒྱ་མཚོའི་འགྲམ་ལ་གཟིགས་སྐོར་དུ་བྱོན། ཁོང་གིས་ཟིལ་རླབས་དགུང་ལ་འཕྱོ་བའི་ནུབ་ཀྱི་རྒྱ་མཚོ་ཆེན་མོར་གཟིགས་བཞིན། དེ་གའི་མི་རྣམས་ཀྱིས་ངོ་སྤྲོད་སྣ་ཚོགས་བྱས་པར་གསན་ནས་ཐུགས་སྣང་ཧ་ཅང་སྤྲོ་མོ་བྱུང་།

མཚོ་རྒྱུད་ཀྱི་བྲག་རྡོའི་བར་དང་འགྲམ་རྣམས་སུ། ཆུ་རྡོ་དང་འདྲ་བའི་མཚོ་འབུ་མུའུ་ལི་(Oyster)ཞེས་པ་མང་པོ་གཡོ་འགུལ་མེད་པར་འབྱར་འདུག་པ་མཐོང་། དེ་ནི་མཚོ་འགྲམ་གྱི་མི་ཚོས་རྒྱུན་དུ་ཁ་ཟས་སུ་བྱེད་པའི་ཉ་སོག་གི་རིགས་ཤིག་རེད། འགའ་ཞིག་གིས་ཆོས་རྗེ་ཉིད་ལ་གཟིགས་འབུལ་བྱས་པ་ན། ངེད་ཚོས་ཐེངས་དང་པོར་སྐོགས་ཤུན་ཅན་གྱི་སྙི་ལུས་སྲོག་ཆགས་དེ་མཐོང་བ་ཡིན་པས་ཧ་ལས་པར་གྱུར་ཅིང་། ཆོས་རྗེ་ཉིད་ཀྱིས། སེམས་ཅན་གྱི་ལས་སྣང་ནི་བསམ་གྱིས་མི་ཁྱབ་པ་ཡིན་པར་གསུངས་ནས་ཆེད་དུ་དེ་དག་ལ་བྱིན་རླབས་གནང་།

དེ་ཡང་ཆོས་རྗེ་ཉིད་དང་དམ་པ་གོང་མ་སུ་ཡིན་ཡང་། སྣང་ཚུལ་དུ་རྒྱ་མཚོ་ལ་དགྱེས་ཚོར་ཆེན་པོ་གནང་གིན་འདུག ཐ་ན་ཁོ་བོས་ཀྱང་རྒྱ་མཚོ་ཆེན་པོའི་འགྲམ་དུ་སོང་ནས་བལྟས་ན། རྣམ་པར་རྟོག་པའི་རྦ་རླབས་ཐམས་ཅད་མུ་མཐའ་མེད་པའི་དབྱིངས་ཀྱི་མཚོ་མོར་ཞི་ནས། མཚོ་མཁའ་གཅིག་ཏུ་འདྲེས་པའི་རང་གཤིས་དབྱིངས་རིག་དབྱེར་མེད་ཀྱི་ལྟ་བ་མངོན་དུ་གྱུར་བ་ལྟ་བུའི་སྣང་བ་ཁྱད་པར་བ་འབྱུང་གིན་འདུག

ཕྱི་ལོ་༡༩༩༠ལོར། བདག་གིས་ཆོས་རྗེ་ཉིད་དང་མཉམ་དུ་ཧིན་རྡུ་རྒྱ་མཚོ་ལ་ལྟ་མྱོང་ཞིང་། ད་ལན་ཁོང་དང་མཉམ་དུ་ཞི་བདེ་རྒྱ་མཚོ་དང་ནུབ་རྒྱ་མཚོ་ཆེན་མོར་ལྟ་བའི་སྐལ་བ་བྱུང་། སྤྱིར་རྒྱ་མཚོ་དེ་དག་ལ་ལྟར་སྣང་དུ་ཁྱད་པར་ཆེན་པོ་མི་འདུག་མོད། བདག་གིས་ཁོང་དང་མཉམ་དུ། རྒྱ་མཚོ་ཆེན་པོ་བཞི་ལས་བྱང་འཁྱགས་དར་རྒྱ་མཚོ་ལའང་ཐེངས་གཅིག་བལྟ་བའི་གོ་སྐབས་བྱུང་ན་ཅི་མ་རུང་སྙམ་པའི་གཞོན་དུས་ཀྱི་ནར་མ་སོན་པའི་རྨི་ལམ་ཞིག་ཡོད་ཀྱང་མངོན་དུ་འགྱུར་ཐུབ་མ་བྱུང་།

ངོ་མཚར་བའི་ཤམ་བྷ་ལ།

ཕྱི་ཟླ་༨པའི་ཚེས་༡༦ཉིན། ཆོས་རྗེ་ཉིད་ཤམ་བྷ་ལའི་ཆོས་ཚོགས་སུ་བྱོན་ནས་འདི་ལྟར་གསུང་།

དེ་རིང་གི་གནས་སྐབས་འདི་ལ་བྱ་བ་རྣམ་པ་གཉིས་ཡོད། ཤམ་བྷ་ལའི་ངོ་སྤྲོད་ཅིག་དང་འཛམ་གླིང་སེང་ཆེན་རྒྱལ་པོའི་དབང་བསྐུར་རྒྱུ་ཡིན།

ཤམ་བྷ་ལའི་རྒྱལ་རྒྱུད་བྱུང་ཚུལ།

ཐོག་མར་ཤམ་བྷ་ལའི་ངོ་སྤྲོད་ནི། སྤྱིར་ཤམ་བྷ་ལར་ཆོས་ཇི་ལྟར་བྱུང་ཚུལ་དང་། ཤམ་བྷ་ལ་ན་ཡོད་པའི་རྒྱལ་པོ་རྣམས་ཀྱི་མཛད་སྟངས་སོགས་ངོ་སྤྲོད་བྱེད་པ་ཡིན་ལ། དང་པོ་ནི་རང་རེ་རྣམས་ཀྱི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་འདི་ཉིད་ཀྱིས། བསྐལ་པ་དཔག་ཏུ་མེད་པའི་གོང་རོལ་ནས་ཐོག་མར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། བར་དུ་བསྐལ་ཆེན་གྲངས་མེད་གསུམ་ལ་ཚོགས་བསགས། མཐར་རྒྱ་གར་རྡོ་རྗེ་གདན་དུ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་བསྟན་ནས། ལྷ་དང་བཅས་པའི་འགྲོ་བ་རྣམས་ལ་ཕན་པ་དང་བདེ་བ་འབྱུང་བར་བྱ་བའི་ཕྱིར་དུ་ཡུལ་ཝཱ་རཱ་ཎ་སཱིའི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་བཀའ་དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡིན་ལ། དེང་སང་འཛམ་བུ་གླིང་ན་སིང་གྷ་ལ་དང་། འབར་མ་སོགས་རྒྱལ་ཁབ་མང་པོ་ཞིག་གིས་བཅོམ་ལྡན་འདས་ཀྱི་བཀའ་དང་པོའི་ཆོས་དེ་ཉམས་སུ་ལེན་བཞིན་ཡོད། གནས་བྱ་རྒོད་ཕུང་པོའི་རི་ལ་སོགས་པར་བཀའ་བར་བ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡིན། ཆོས་ཚུལ་དེ་དེང་སང་ཡང་རྒྱ་ནག་དང་ཉི་ཧོང་ལ་སོགས་པའི་མི་མང་པོ་ཞིག་གིས་ཉམས་བཞེས་མཛད་བཞིན་ཡོད། གནས་པདྨ་ཅན་ལ་སོགས་པར་བཀའ་ཐ་མ་ལེགས་པ་རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོ་བསྐོར་བ་རེད། དེ་ནི་གཙོ་བོ་མདོ་དང་སྔགས་གཉིས་ཀ་མཚམས་སྦྱོར་བྱེད་ཀྱི་ཆོས་ཡིན། དེ་ནས་ལྷ་དང་ཀླུ་དང་གནོད་སྦྱིན་དྲི་ཟ་ལ་སོགས་པའི་ཡུལ་མི་འདྲ་བ་རྣམས་སུ་སྐལ་བ་དང་ལྡན་པའི་གང་ཟག་རྣམས་ལ་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་འཁོར་བསྐོར་བ་རེད། དེ་ཡང་བོད་དང་། འབྲུག་ཡུལ། ཨ་རི་གཙོས་མི་མང་པོ་ཞིག་གིས་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་དེ་གཙོ་བོ་ཉམས་སུ་ལེན་བཞིན་ཡོད།

སྟོན་པ་ཐུགས་རྗེ་ཅན་གྱིས་དགུང་ལོ་བརྒྱད་ཅུ་གྱ་གཅིག་པ་ལྕགས་འབྲུག་ནག་པ་ཟླ་བའི་ཚེས་བཅོ་ལྔ་ལ་རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་མཆོད་རྟེན་ཆེན་པོ་རུ་དཔལ་ལྡན་དུས་ཀྱི་འཁོར་ལོ་དང་། འཇམ་དཔལ་མཚན་བརྗོད་ལ་སོགས་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་གསུངས། དེའི་འཁོར་དུ་གྱུར་པ་མི་དང་མི་མ་ཡིན་པ་ལྷ་དང་གནོད་སྦྱིན་ལ་སོགས་པའི་འགྲོ་བ་ཆེས་ཤིན་ཏུ་མང་པོ་ཞིག་ལ་ཆོས་དེ་བསྟན་པ་རེད།

དེའི་ནང་གི་སློབ་མ་ཐམས་ཅད་ཀྱི་གཙོ་བོར་གྱུར་པ་ནི་ཤམ་བྷ་ལའི་གྲོང་གི་རྒྱལ་པོ་ཆོས་རྒྱལ་ཟླ་བ་བཟང་པོ་ཡིན། ཟླ་བ་བཟང་པོས་དུས་ཀྱི་འཁོར་ལོའི་ཆོས་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་ཤོ་ལོ་ཀ་སྟོང་ཕྲག་བཅུ་གཉིས་སུ་བཀའ་བསྡུ་མཛད་པ་རེད། དེ་ནས་ཟླ་བ་བཟང་པོ་དང་། ཁོང་གི་སྲས། ཡང་དེའི་སྲས་སོགས་ཆོས་རྒྱལ་བདུན་གྱི་རིང་ལ་ཆོས་དེ་ཐོས་བསམ་སྒོམ་གསུམ་གྱིས་ཉམས་སུ་བླངས་པ་ཡིན། དེ་ཡན་ཆོད་ཀྱི་དུས་སུ་གོང་བཤད་ཆོས་རྒྱལ་དེ་དག་གི་རིང་ལ་ཤམྦྷ་ལར་རིགས་བཞི་ཡོད་པའི་ནང་ནས་རྡོ་རྗེའི་རིགས་ཁོ་ན་ལ་བསྟན་གྱི། གཞན་གསུམ་ལ་བསྟན་པར་མ་ནུས་པར་རིགས་ལྡན་དུ་མི་འཇོག་གོ །དེ་ནས་རིགས་ལྡན་འཇམ་དཔལ་གྲགས་པ་དེ་ཆོས་རྒྱལ་བདུན་གྱི་རྗེས་སུ་བྱུང་བ་ཡིན། ཁོང་གིས་བཅོམ་ལྡན་འདས་ཀྱི་བསྟན་པ་འཛིན་སྐྱོང་བྱེད་མཁན་ལ་རིགས་དང་རུས་སོགས་གང་ཡང་གཙོ་བོ་མིན། ཡོན་ཏན་སུ་ལ་ཡོད་ན་དེ་གཙོ་བོ་ཡིན་པས་དེས་བསྟན་པའི་གཞི་འཛིན་དགོས་ཞེས་གསུངས་ཏེ་གདུལ་བྱ་མི་རིགས་བཞི་པོ་ཐམས་ཅད་རྡོ་རྗེའི་རིགས་སུ་རིགས་གཅིག་པར་བྱས་ནས་དབང་བསྐུར་བས་རིགས་ལྡན་གྱི་རྒྱལ་པོར་འཇོག་སྟེ། རྩ་རྒྱུད་ལས། རིགས་བཞི་རིགས་གཅིག་བྱས་གང་དེས། །རིགས་ལྡན་ཚངས་པའི་རིགས་ཀྱིས་མིན། །ཞེས་གསུངས་པ་ཡིན་ནོ། །ཁོང་གི་མཛད་པ་དེ་ད་ལྟ་ཡང་ཤམ་བྷ་ལར་སྐྱོང་བཞིན་ཡོད། ཤམ་བྷ་ལའི་ཡུལ་ན་རིགས་མཐོ་དམན་མེད་པར་སུས་ཆོས་ལ་བསླབ་ཀྱང་ཆོག་པ་ཡིན། རིགས་ལྡན་འཇམ་དཔལ་གྲགས་པ་ཟེར་བ་དེ་རིགས་ལྡན་ཐམས་ཅད་ཀྱི་ཐོག་མ་རུ་བྱོན་པ་ཡིན། ཁོང་གིས་སྔར་ཆོས་རྒྱལ་བདུན་གྱི་རིང་གི་དུས་འཁོར་ཀྱི་ཆོས་ཡོངས་རྫོགས་ཚུར་བསྡུས་ནས་བཤད་པ་ལ་བསྡུས་པའི་རྒྱུད་ཅེས་ལེའུ་ལྔ་ཡོད་པ་ཞིག་བརྩམས། ཁོང་གི་མཛད་པ་དེ་ནི་སྔར་ཡབ་མེས་བདུན་གྱི་རིང་ལས་ཀྱང་ཁྱད་པར་དུ་གྱུར་པ་དང་མཆོག་ཏུ་གྱུར་པ་ཞིག་བྱུང་བ་ཡིན། དེའི་རྗེས་སུ་ཁོང་གི་སྲས་རིགས་ལྡན་པདྨ་དཀར་པོ་ཞེས་བྱ་བས་རྒྱལ་སྲིད་བཟུང་ཞིང་། རིགས་ལྡན་པདྨ་དཀར་པོས་ཡབ་ཀྱིས་བརྩམས་པའི་དུས་འཁོར་བསྡུས་རྒྱུད་དེ་ལ་འགྲེལ་བ་དྲི་མེད་འོད་ཅེས་བྱ་བ་བརྩམས། དེ་ནས་ད་ལྟའི་བར་དུ་གཙོ་བོ་ཉམས་ལེན་བྱ་རྒྱུ་དེ་དུས་འཁོར་རྩ་རྒྱུད་དང་བསྡུས་རྒྱུད་འདི་གཉིས་ཁོ་ན་ཡིན། རྩ་རྒྱུད་ཟེར་བ་ནི་གོང་གི་ཆོས་རྒྱལ་བདུན་གྱི་རིང་ལ་བྱུང་བའི་རྒྱུད་དེ་དང་། བསྡུས་རྒྱུད་ཟེར་བ་དེ་རིགས་ལྡན་འཇམ་དཔལ་གྲགས་པས་མཛད་པའི་ལེའུ་ལྔ་ཅན་གྱི་རྒྱུད་དེ་ཡིན། རིགས་ལྡན་རྣམས་ཀྱིས་ལོ་བརྒྱ་རེ་ལ་གསེར་ཁྲིའི་སྟེང་དུ་འཁོད་ནས་མངའ་དབང་བསྒྱུར་ཅིང་། དེ་ནས་དེའི་སྲས་ཀྱིས་རྒྱལ་སྲིད་འཛིན་པ་ཡིན། དེའི་ནང་དུ་དམིགས་བསལ་རྒྱལ་དཀའ་དང་རྣམ་རྒྱལ་ཟེར་བ་གཉིས་ཡོད། དེ་གཉིས་ཀས་ལོ་བཞི་བརྒྱ་དང་གསུམ་ལ་རྒྱལ་སྲིད་བཟུང་། དེ་མིན་པ་ཚང་མས་རྒྱལ་སྲིད་བཟུང་ནས་ལོ་བརྒྱ་རེར་བཞུགས་པ་ཡིན། དེ་ཡང་ཁོང་རྣམས་ཀྱི་སྐུ་ཚེའི་ཚད་དེ་ལྟར་ཡིན་ཟེར་བའི་དོན་མིན་ལ། སྐུ་ཚེ་ཡི་དབང་དུ་བྱས་ན་དང་པོ་རྒྱལ་ས་མ་ཐོབ་པའི་སྔོན་དུ་ཡང་ལོ་མང་པོ་ལ་བཞུགས་ཤིང་། རྗེས་སུ་རང་ཉིད་ཀྱི་སྲས་དེས་རྒྱལ་ས་འཛིན་སྐབས་ཀྱང་ལོ་མང་པོ་ཞིག་ཏུ་བཞུགས་རྒྱུ་རེད།

དེས་ན་དེང་སང་རིགས་ལྡན་ཉེར་གཅིག་པ་ཡིན་ལ། ཁོང་གི་མཚན་ལ་རིགས་ལྡན་མ་འགགས་པ་ཟེར། ཁོང་གསེར་ཁྲིའི་སྟེང་དུ་འཁོད་ནས་ལོ་ངོ་དྲུག་ཅུ་རེ་བདུན་ཡིན། དེའི་རྗེས་སུ་ཁོང་གི་སྲས་རིགས་ལྡན་ཉེར་གཉིས་པ་མིའི་སེང་གེ་ཟེར་བ་དེ་རྒྱལ་སྲིད་ལ་བཀོད་ཅིང་། དེས་ལོ་བརྒྱ་ལ་རྒྱལ་སྲིད་བཟུང་བའི་རྗེས་སུ་དེའི་སྲས་རིགས་ལྡན་ཉེར་གསུམ་པ་དབང་ཕྱུག་ཆེན་པོས་རྒྱལ་སྲིད་འཛིན་པ་ཡིན་ལ། དེ་ནས་ཁོང་གི་སྲས་རིགས་ལྡན་ཉེར་བཞི་པ་མཐའ་ཡས་རྣམ་རྒྱལ་གྱིས་རྒྱལ་སྲིད་བཟུང་མཐར། དེའི་སྲས་རིགས་ལྡན་དྲག་པོ་ལྕགས་ཀྱི་འཁོར་ལོ་ཅན་བྱོན་པ་ཡིན།

རིགས་ལྡན་ཉེར་ལྔ་པ་ཁོང་གི་མཛད་སྤྱོད་ནི། འཛམ་བུ་གླིང་དང་གླིང་གཞན་གྱི་སེམས་ཅན་ཐམས་ཅད་ལ་མི་བདེ་བ་དང་སྡུག་བསྔལ་རྣམ་པ་སྣ་ཚོགས་བྱུང་བའི་གནས་སྐབས་ན། ཁོང་དྲག་པོའི་སྐུར་བཞེངས་ནས་སེམས་ཅན་ཐམས་ཅད་བདེ་བ་ལ་འགོད་པར་བྱེད་པ་ཡིན། འཛམ་བུ་གླིང་གི་སེམས་ཅན་རྣམས་ཀྱི་ལུས་དང་སྲོག་ལ་གནོད་པ་སྐྱེལ་མཁན་གྱི་མ་རུངས་པའི་སེམས་ཅན་མང་པོ་ཞིག་ཚར་གཅོད་པར་བྱེད་པ་མ་ཟད། ནུབ་བ་ལང་སྤྱོད་དང་། བྱང་སྒྲ་མི་སྙན། ཤར་ལུས་འཕགས་པོ་སོགས་ཚང་མ་མངའ་འོག་ཏུ་བསྡུ་བར་བྱེད་པ་ཡིན། དེའི་དུས་སུ་ཁོང་གསེར་ཁྲི་ལ་འཁོད་ནས་དཔལ་དུས་ཀྱི་འཁོར་ལོ་གཙོ་བོར་གྱུར་པའི་ཆོས་རྒྱ་ཆེར་སྤེལ་བས། དུས་སྐབས་དེ་ལ་ཆོས་དང་སྲིད་གང་གི་ཐད་ནས་བསམ་བློ་བཏང་ན་ཡང་སྔོན་ཆད་ཡབ་མེས་གོང་མ་ཆོས་རྒྱལ་བདུན་དང་། རིགས་ལྡན་ཉེར་བཞི་ལས་ལྷག་པའི་བྱ་བ་རྒྱ་ཆེན་པོ་ཞིག་མཛད་པ་ཡིན། ཁོང་གི་མཛད་པ་དེ་རྒྱུན་སྐྱོང་མཁན་རྣམས་ཀྱིས་ཀྱང་ལོ་སྟོང་ཕྲག་ཁ་ཤས་ཀྱི་བར་དུ་མི་ནུབ་པར་བྱེད་པ་ཡིན་ལ། དེའི་རྒྱུན་སྐྱོང་བ་པོ་ཁོང་གི་སྲས་ཚངས་པ་དང་ལྷ་དབང་གཉིས་ཀས་ཁོང་གི་ཕ་ཡབ་ཀྱི་མཛད་སྤྱོད་དེ་རྒྱ་ཆེར་སྐྱོང་རྒྱུ་རེད། དེ་ནི་ཤམ་བྷ་ལའི་ཡུལ་དུ་རྒྱལ་པོ་རྣམས་ཇི་ལྟར་བྱུང་ཚུལ་གྱི་ལོ་རྒྱུས་མདོར་བསྡུས་ཙམ་ཞིག་ཁྱེད་རྣམས་ལ་ཞུས་པ་ཡིན།

ཤམ་བྷ་ལའི་ཡུལ་ཁམས་ཆགས་ཚུལ།

དེ་ནས་ཤམ་བྷ་ལའི་ཡུལ་དེ་གང་དུ་ཡོད་ཅེ་ན། ཡུལ་དབུས་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན་ལི་ཡུལ་དང་། དེའི་ཕ་རོལ་ན་གངས་རི་དཔལ་དང་ལྡན་པ་ཟེར་བ་ཞིག་ཡོད་ལ། དེའི་བྱང་ཕྱོགས་ན་ཤམ་བྷ་ལའི་ཡུལ་ཁམས་ཡོད། གངས་རི་དེ་གང་དུ་ཡོད་ཅེ་ན། ཡུལ་དབུས་རྡོ་རྗེ་གདན་གྱི་བྱང་ཕྱོགས་སུ་ཧ་ཅང་མཐོ་བའི་རི་ནག་པོ་དགུ་བརྒལ་བའི་ས་དེར་ཡོད། གངས་རི་དཔལ་དང་ལྡན་པའི་ཕ་རོལ་ན་སྤོས་ངད་ལྡན་པ་ཞེས་བྱ་བའི་རི་ཞིག་ཡོད། རི་སྤོས་ངད་ལྡན་པ་དང་གངས་རི་དཔལ་ལྡན་གཉིས་ཀའི་བར་དེ་ན་མཚོ་མ་དྲོས་པ་ཞེས་བྱ་བའི་མཚོ་ཆེན་པོ་ཞིག་ཡོད། འཛམ་བུ་གླིང་གི་ཆུ་ཀླུང་ཡོད་ཚད་ཀྱི་རྩ་བ་མཚོ་མ་དྲོས་པ་དེ་ལ་ཐུག་ཡོད་ཅིང་དེ་ནས་བབས་ཡོང་བ་རེད། རི་སྤོས་ངད་ལྡང་བའི་ཕ་རོལ་ན་ཤམ་བྷ་ལའི་གྲོང་ཁྱེར་ཆགས་ཡོད་ཅིང་། རི་ནག་པོ་དགུ་དང་གངས་རི་དཔལ་ལྡན་ཟེར་བ་དེ་ཡང་ཆུང་ཆུང་མ་ཡིན་པར་ཧ་ཅང་གི་རི་ཆེན་པོ་ཡིན། ཧ་ལམ་ཞིག་ཚོད་འཇོག་བྱས་ན། དཔེར་ན་དེང་སང་བོད་དང་བལ་པོ་གཉིས་ཀྱི་མཚམས་ན་ཧི་མ་ལ་ཡ་ཞེས་པའི་རི་རྒྱུད་ཅིག་ཡོད། དེའི་ཆེས་མཐོ་སའི་མཚོ་འཕགས་ལ་སྨི་སྟོང་ཕྲག་བརྒྱད་དང་བརྒྱད་བརྒྱ་བཞི་ཅུ་ཞེ་བརྒྱད་ཡོད། ད་ལྟ་འཛམ་བུ་གླིང་འདིར་རྒྱལ་ཁབ་བརྒྱ་དང་བརྒྱད་ཅུ་ལྷག་འདུག དེ་ཐམས་ཅད་ཀྱི་ནང་ན་འདི་ལྟ་བུའི་རི་གཅིག་ཀྱང་མེད། དེའི་འཕྲོ་ནས་ནུབ་ཕྱོགས་སུ་རི་མཐོ་ཤོས་ལྷོ་ཨ་མེ་རི་ཀའི་རི་བོ་མོང་ཐཱི་མའེ་ཁཱན་ལེས་(Mount McKinley)ཡིན་ལ། མཚོ་འཕགས་༦༠༠༠ལྷག་ཡོད། རི་ནག་པོ་དགུ་ཟེར་རྒྱུ་དེ་དཔེར་ན་ཧི་མ་ལ་ཡི་རི་འདྲ་ཞིག་ཡིན་ན་མ་གཏོགས་རང་བཞིན་གྱི་རི་ཕལ་བ་ཞིག་མིན། དེ་ན་མཚོ་དང་གངས་རི་དང་བྲག་རི་དང་ནགས་ཚལ་ལ་སོགས་པ་ཕལ་ཆེར་རྫུ་འཕྲུལ་དང་ལྷག་པའི་ལྷས་རྗེས་སུ་བཟུང་ཡོད་པའི་གང་ཟག་མ་གཏོགས་རང་གར་གྱིས་བགྲོད་དཀའ་བ་ཡིན།

ཡང་མང་ཆེ་བས་བསམ་ན་ཤམ་བྷ་ལའི་གནས་ཟེར་བ་རྩ་བ་ནས་མི་སྲིད། འཛམ་བུ་གླིང་གི་ཚན་རིག་པ་སུས་ཀྱང་མ་མཐོང་བས་མེད་བསམས་ན། འཛམ་བུ་གླིང་གི་ཚན་རིག་པ་ཐམས་ཅད་སྤྱིར་ཧ་ཅང་བཟང་པོ་ཡིན་ཡང་། ད་དུང་ཇེ་བཟང་ཇེ་གསལ་ཇེ་རྒྱས་སུ་འགྲོ་རྒྱུ་ཡོད་པས། བཅོམ་ལྡན་འདས་ཀྱི་མཁྱེན་པ་དང་འདྲ་བ་མ་ཡིན་ལ། བཅོམ་ལྡན་འདས་ཀྱིས་ཤམ་བྷ་ལ་ཡོད་ཅེས་གསུངས་ཡོད་པ་དེ། སྔོན་གྱི་དུས་སུ་དགེ་བསྙེན་ཙི་ལུ་པ་ལ་སོགས་མང་པོ་ཞིག་བྱོན་ནས་དེ་ཡོད་པ་ར་སྤྲོད་བྱུང་ཡོད། འཛམ་བུ་གླིང་གི་སྨན་གྱི་ཐད་ནས་བསམ་ན་ཨ་རིའི་རྒྱལ་ཁབ་དེ་ཨང་དང་པོ་རེད། འོན་ཀྱང་ནད་གསར་བ་མང་པོ་ལ་གཉེན་པོ་མ་རྙེད་ནས་སྨན་པ་རྣམས་ཀྱིས་ཞིབ་འཇུག་བྱེད་བཞིན་པའི་སྒང་ཡིན་པ་ལྟ་བུ་དང་། གལ་ཏེ་ཚན་རིག་པ་ཞིག་གིས་ས་ཆ་འདི་ལ་རླུང་ཆེན་པོ་ཞིག་འོང་རྒྱུ་རེད་ཟེར་ན། རླུང་ཆེན་པོ་འོང་རྒྱུ་ཡོད་པ་དེ་གོ་ཡང་རླུང་ཆེན་པོ་དེ་མི་འོང་ཐབས་ཇི་ལྟར་ཡིན་མི་ཤེས་པ་ཡང་ཡོད། སྟོན་པ་སངས་རྒྱས་ཡིན་ན་རླུང་དེ་འོང་བ་ཤེས་ན་དེ་འགོག་ཐབས་མི་ཤེས་ཟེར་བ་ཞིག་རྩ་བ་ནས་མི་སྲིད། དེས་ན་བྱིས་པ་རྣམས་རིམ་གྱིས་ནར་སོན་དགོས་པ་བཞིན་ད་རུང་ཇེ་བཟང་དང་ཇེ་འཕེལ་དུ་འགྲོ་རྒྱུ་ཡོད་པ་ཡིན། གཞན་ཡང་ཚན་རིག་པ་ཞིག་གིས་འཛམ་བུ་གླིང་གི་རྒྱལ་ཁབ་ཡོངས་རྫོགས་གསལ་ཐུབ་པའི་ཉི་འོད་དང་འདྲ་བའི་གློག་ཆེན་པོ་ཞིག་ཤར་རྒྱུ་ཡོད་ཚུལ་སྤྱི་བསྒྲགས་བྱས་པ་རེད་ཅེས་ཐོས། དུས་སྐབས་དེར་ཐམས་ཅད་ཀྱིས་ལྟ་བཞིན་པ་མ་ཟད། ང་ལའང་མི་མང་པོས་དེ་ལྟ་བུ་ཞིག་གསལ་འོང་རྒྱུ་རེད་ཟེར་ནས་སྐད་ཆ་བཤད་བྱུང་། ངས་དེ་རྩ་བ་ནས་སྲིད་རྒྱུ་མ་རེད་སྙམ། ཕྱིས་སུ་གློག་དེ་ལ་སྐྱོན་ཞུགས་པས་མ་གསལ་བ་རེད་ཟེར། དེ་འདྲའི་སྐད་ཆ་ཞིག་བཅོམ་ལྡན་འདས་ཀྱིས་ཐོག་མཐའ་བར་གསུམ་ཀུན་ཏུ་གསུངས་མི་སྲིད།

དེ་ལྟ་བུའི་ཤམ་བྷ་ལའི་ཆགས་ཚུལ་དང་། ཆོས་རྒྱལ་རྣམས་འབྱུང་ཚུལ་ཚང་མ་བཅོམ་ལྡན་འདས་ཀྱིས་གསུངས་ཡོད། ཤམ་བྷ་ལའི་ཡུལ་ཁམས་ཀྱི་ཆེ་ཆུང་གི་དབང་དུ་བྱས་ན་འཛམ་བུ་གླིང་གི་སུམ་ཆ་གཉིས་ཙམ་ཤམ་བྷ་ལའི་གྲོང་ཁྱེར་གྱིས་བཟུང་ཡོད་ལ། ཤམ་བྷ་ལའི་གྲོང་ཁྱེར་དེའི་ཕྱི་རུ་གངས་རིས་བསྐོར་བའི་ནང་དུ་གྲོང་ཁྱེར་ཆེན་པོ་འབུམ་ཕྲག་དགུ་བརྒྱ་དྲུག་ཅུ་གནས་པ་དང་། དེའི་ནང་དུ་ཡང་གངས་རིས་བསྐོར་བའི་དབུས་སུ་ཤམ་བྷ་ལའི་རྒྱལ་པོ་རྣམས་བཞུགས་སའི་གྲོང་ཁྱེར་ཀ་ལཱ་པ་ཞེས་བྱ་བ་ཞིག་ཡོད། ཤམ་བྷ་ལའི་ཆུ་ཐམས་ཅད་ཀྱི་སྣེ་དེ་གྲོང་ཁྱེར་ཀ་ལཱ་པར་བཞུར་གྱིན་ཡོད་ཅིང་། ཤམ་བྷ་ལའི་གྲོང་གི་མཐའ་གངས་དང་མཚོ་ལ་སོགས་པ་མང་པོས་བསྐོར་ཡོད་པས་རྫུ་འཕྲུལ་བཟང་པོ་ཞིག་ཐོབ་མེད་ན་རང་བཞིན་གྱིས་མི་འགྲོ་མི་ཐུབ། རྫུ་འཕྲུལ་དང་ལྡན་པའི་གང་ཟག་པདྨ་སམ་བྷ་ཝ་ཤམ་བྷ་ལའི་གྲོང་དུ་སོང་ནས་སྔར་ཆོས་རྒྱལ་ཟླ་བ་བཟང་པོའི་སྐུ་མདུན་དུ་དུས་ཀྱི་འཁོར་ལོ་དང་རྫོགས་པ་ཆེན་པོ་ཞུས། ཤམ་བྷ་ལའི་གྲོང་ཁྱེར་གྱི་མི་དང་རྒྱལ་པོ་ཚང་མའི་མཛད་སྤྱོད་དེ་ཅི་འདྲ་ཡིན་ན། སེམས་ཅན་ཐམས་ཅད་ལ་གནོད་ཅིང་འཚེ་བར་བྱེད་པ་ཐམས་ཅད་ལ་དྲག་པོའི་མཛད་སྤྱོད་དང་། སྐལ་བ་དང་ལྡན་པའི་གང་ཟག་རྣམས་ལ་དམ་པའི་ཆོས་དགེ་བའི་མཛད་སྤྱོད་དེ་རྣམ་པ་གཉིས་ཡོད།

དཔེར་ན་རིགས་ལྡན་དྲག་པོ་ལྕགས་འཁོར་ཅན་ཞེས་བྱ་བ་དེ་ནི་སྔོན་གྱི་དུས་ན་ཨོ་རྒྱན་པདྨ་སམ་བྷ་ཝ་རེད། བར་དུ་འཛམ་བུ་གླིང་དུ་མི་བདེ་བ་དང་སྡུག་བསྔལ་རྣམ་པ་སྣ་ཚོགས་དར་ཡོང་ཚེ་དེ་དག་ཐམས་ཅད་མེད་པར་བྱེད་པ་པོ་ང་ཚོ་བོད་ཡུལ་གྱི་མདོ་ཁམས་སྨད་ཀྱི་ས་ཆ་རུ་འཛམ་གླིང་སེང་ཆེན་རྒྱལ་པོ་ཞེས་བྱ་བའི་སྐུར་བཞེངས་པ་ཡིན། དེ་ཡང་ལ་ལས་གེ་སར་དེ་ལྷ་སྒྲུང་ཙམ་ཡིན་ཟེར། ལ་ལས་དོན་དངོས་ཐོག་ན་གེ་སར་ཟེར་བ་ཞིག་ཡོད་ཟེར། གེ་སར་ཟེར་བ་དེ་བཤད་སྲོལ་ཙམ་ལས་མི་ངོ་མ་ཞིག་མེད་ཟེར་བ་ནི། མི་འོན་པ་དང་ལོང་བ་ལ་བཤད་ན་མ་གཏོགས་སུ་གཅིག་གི་རྣ་བར་འགྲོ་བའི་སྐད་ཆ་ཞིག་མིན། གཙོ་བོ་གེ་སར་ཁོང་དང་བློན་ཆེན་འདུག་སའི་ས་གནས་མཁར་ཤུལ་ཚང་མ་ད་ལྟ་མངོན་སུམ་དུ་ང་ཚོའི་ས་ཆ་རུ་ལྟ་སྐོར་དུ་སོང་ན་མཇལ་ས་ཡོད། དཔེར་ན་གེ་སར་གྱི་སྐུ་མཁར་སེང་འབྲུག་སྟག་རྩེ་ཟེར་བ་ཞིག་ཡོད། ང་ཡང་ཕྱི་ལོ་༡༩༩༠ལོར་མཚོ་སྔོན་ཕྱོགས་སུ་སོང་བ་ན། ཧ་ལམ་གེ་སར་གྱི་སྐུ་མཁར་སེང་འབྲུག་སྟག་རྩེ་སྔོན་ཆད་ཡོད་སའི་ས་ཆ་དེ་འདི་ཨེ་ཡིན་སྙམ་ནས་ངོས་འཛིན་བྱས། སྐབས་དེར་སྤང་ཐང་ཞིག་མ་གཏོགས་ཤུལ་ཙམ་ཡང་མི་འདུག དེའི་རྗེས་སུ་གེ་སར་གྱི་སྐུ་མཁར་དེ་ཡར་བཞེངས་སྐབས་སྔར་གྱི་གེ་སར་གྱི་ཁང་པའི་རྩིག་པ་དང་རྒྱུ་རྫས་མང་པོ་ཡང་ས་དེ་ནས་བྱུང་བ་ཡིན་པར་བཤད། དེང་སང་ཡང་བོད་དང་རྒྱ་ནག་གི་གེ་སར་ཞིབ་འཇུག་པ་ཚང་མས་དེ་ལ་ཡིད་ཆེས་དང་དགའ་སྤྲོ་བྱེད་བཞིན་ཡོད། དེ་དུས་ཁང་པ་ལས་སའི་ས་ངོས་སྙོམས་པའི་སྐབས་སུ་མཁན་པོ་རྣམ་གྲོལ་དང་དངོས་གྲུབ་རྡོ་རྗེ་གཉིས་ཀྱང་ང་ཚོའི་གྲལ་དུ་ཡོད། དེ་ལྟ་བུའི་གེ་སར་དེ་ཐ་མའི་དུས་སུ་རིགས་ལྡན་དྲག་པོ་ལྕགས་འཁོར་ཅན་གྱི་སྐུར་བཞེངས་པ་ཡིན།

ཤམ་བྷ་ལའི་ཆོས་ཚོགས་ཀྱི་ངོ་སྤྲོད།

འདིར་ཡོད་པའི་ཤམ་བྷ་ལའི་ཆོས་ཚོགས་ཀྱང་ཁྱེད་རྣམས་ཀྱི་ཐུགས་ལ་གསལ་བཞིན་པ་ཡིན་ཏེ། སློབ་ཚུལ་རྣམ་པ་གཉིས་ཡོད། གཅིག་དེ་ནི་ཤམ་བྷ་ལའི་སློབ་སྦྱོང་དང་། ཅིག་ཤོས་ནི་ནང་བསྟན་གྱི་སློབ་སྦྱོང་ཡིན། ཤམ་བྷ་ལའི་ཆོས་ལ་སློབ་སྦྱོང་བྱེད་རྒྱུ་དེ་ཅི་འདྲ་ཞིག་ཡིན་ཞེ་ན། འཁོར་དེ་ནང་པ་སངས་རྒྱས་པ་ཡིན་ཡང་ཆོག་ལ་མིན་ཡང་ཆོག སྐྱེ་བོ་སུ་འདྲ་ཡིན་ཡང་རང་གི་མོས་པ་བཞིན་བྱེད་ཆོག་པ་དང་། འཛམ་བུ་གླིང་གི་རྒྱལ་ཁབ་སུ་དང་གང་ལ་ཡང་གོང་མ་ལ་ཕྲག་དོག་མེད་པ། འོག་མ་ལ་བརྙས་བཅོས་མེད་ཅིང་ཐམས་ཅད་ལ་བྱམས་སེམས་འཆང་བའི་བྱ་བ་ཞིག་ཡིན་པས། གཙོ་བོ་བྱམས་སྙིང་རྗེ་གཞིར་བཞག་གི་སྟེང་ནས་སེམས་ཅན་མཆོག་དམན་རབ་འབྲིང་ཐམས་ཅད་ལ་ཐབས་རྣམ་པ་སྣ་ཚོགས་ཀྱིས་ཕན་ཅི་ཐོགས་བྱེད་པའི་བྱ་བ་དེ་རེད།

ལ་ལས་བསམས་ན་ཤམ་བྷ་ལའི་འཁོར་དེ་ན་རྡོ་རྗེ་བཀའ་སྲུང་དང་རྡོ་རྗེའི་ཆོས་སྲུང་ཞེས་དམག་གི་ལས་ཀ་ལྟ་བུ་མང་ཙམ་འདུག་པས། འདི་རྒྱལ་ཁབ་དང་སེམས་ཅན་ལ་གནོད་པའི་ལས་ཀ་ཡིན་སྙམ་ན་དེ་རྩ་བ་ནས་མིན། དེ་ནི་ལོ་རྒྱུས་སྔ་མ་ལ་ཕྱིར་བལྟས་བྱས་ན་གསལ་བོ་མཐོང་ཐུབ། དཔེར་ན་རྒྱལ་ཁབ་འདིར་ཤམ་བྷ་ལའི་ཆོས་ཚོགས་དབུ་ཚུགས་ནས་ཡུན་རིང་པོ་སོང་ཡང་། དེའི་རིང་ལ་ཆོས་ཚོགས་འདིར་བསྟེན་ནས་ཨ་རིའི་རྒྱལ་ཁབ་གཙོ་བོར་གྱུར་པའི་རྒྱལ་ཁབ་སུ་གཅིག་ལ་ཡང་གནོད་པ་ཁབ་རྩེ་ཙམ་ཞིག་སྐྱེལ་མ་མྱོང་། སེམས་ཅན་མཆོག་དམན་རབ་འབྲིང་སུ་ལ་ཡང་གནོད་པའི་བྱ་བ་སྣ་གཅིག་རྩོམ་མ་མྱོང་པ་དེས་ཀྱང་ཤེས་ཐུབ། རྡོ་རྗེའི་བཀའ་སྲུང་དང་རྡོ་རྗེའི་སྐུ་སྲུང་རྣམས་ཀྱི་སྤྱོད་པ་དེས་ཀྱང་། མ་འོངས་པའི་དུས་ན་རིགས་ལྡན་དྲག་པོ་ལྕགས་འཁོར་ཅན་གྱི་འཁོར་དུ་སྐྱེས་ནས། སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བའི་རྟེན་འབྲེལ་ད་ལྟ་ནས་བསྒྲིགས་པ་རེད། དེས་ན་ཤམ་བྷ་ལའི་ཆོས་ཚོགས་ཀྱི་སློབ་སྦྱོང་དེ་ཡང་འཚེ་མེད་ཞི་བའི་ལམ་ཡིན་པས། རྒྱལ་ཁབ་འདིའི་མི་མང་དག་ལ་ཕན་ཐོགས་ཆེ་བ་ཞིག་རེད་སྙམ་པ་མ་གཏོགས་གཞན་གང་ཡང་མེད་པས། འདི་ཡག་པོ་ཞིག་ཡོང་དགོས་རྒྱུ་རེད།

ཤམ་བྷ་ལའི་ཆོས་ཚོགས་ཀྱི་སློབ་སྦྱོང་གཉིས་པ་དེ་ནང་བསྟན་ལ་སློབ་སྦྱོང་བྱེད་པ་དེ་རེད། དེས་ན་ཚོགས་པ་འདིར་སྔོན་ཆོས་ཉམས་སུ་ལེན་པའི་གང་ཟག་ཐམས་ཅད་ལ་སྔོན་འགྲོ་དང་། ཞི་གནས་སྒོམ་ཚུལ། རྡོ་རྗེ་རྣལ་འབྱོར་མ་བསྐྱེད་ཚུལ་བཤད། དེ་ནས་ཕྱག་རྒྱ་ཆེན་པོ་དང་རྫོགས་པ་ཆེན་པོ་ལ་སློབ་སྦྱོང་བྱེད་ཚུལ་བཤད་པ་ཡིན། ཁྱེད་རྣམ་པས་ཤམ་བྷ་ལའི་ཆོས་རྒྱུན་རྐྱང་པ་ལ་སློབ་སྦྱོང་བྱས་ན་ཡང་ཆོག་ལ། ནང་བསྟན་རྐྱང་པ་ལ་སློབ་སྦྱོང་བྱས་ན་ཡང་ཆོག་རྒྱུ་རེད། གཙོ་བོ་ཤམ་བྷ་ལའི་སློབ་སྦྱོང་དེ་དང་ནང་བསྟན་གྱི་སློབ་སྦྱོང་གཉིས་འགལ་མེད་གནད་གཅིག་ཏུ་ཉམས་སུ་བླངས་ན་ཚེ་འདིར་ཡང་བདེ། ཕྱི་མ་ཡང་བདེ་བས་བདེ་དགེ་ཕུན་སུམ་ཚོགས་པ་བསམ་གྱིས་མི་ཁྱབ་པ་ཞིག་འབྱུང་བ་ཡིན། ཡུན་རིང་པོའི་བར་ཆོས་ཚོགས་འདིའི་ཕྱག་བཞེས་སྐྱོང་བའི་སློབ་མ་མང་པོ་ཡང་འབྱུང་རྒྱུ་རེད། དེས་ན་ཁྱེད་རྣམས་ཀྱིས་ཤམ་བྷ་ལའི་སློབ་སྦྱོང་དང་། ནང་བསྟན་གྱི་སློབ་སྦྱོང་དེ་མི་དམན་པ་ཞིག་བྱེད་པ་ཅི་ནས་ཀྱང་གལ་ཆེ།

གཙོ་བོ་ཁྱེད་རྣམ་པས་ཤེས་གསལ་ལྟར། ངས་ཀྱང་ཤམ་བྷ་ལའི་ཆོས་ཚོགས་ཀྱི་མཛད་སྤྱོད་གཙང་མ་དེ་ངོ་སྤྲོད་མདོར་བསྡུས་ཙམ་ཞིག་ཞུས་པ་ཡིན། དེ་འདྲའི་མཛད་སྤྱོད་དེ་རང་གིས་མ་ཤེས། གཞན་ལ་ཡང་བསྒྲགས་མ་ཐུབ་ན་ཆོས་ཚོགས་འདི་ལ་རྙོག་འཛིང་མང་པོ་ཡོང་སྲིད་པ་ཡིན། རྙོག་འཛིང་ཇི་ལྟར་འབྱུང་སྙམ་ན་ལ་ལས་བསམས་ན། ཤམ་བྷ་ལའི་སློབ་སྦྱོང་དེ་རྒྱལ་ཁབ་ལ་གནོད་བྱེད་ཀྱི་ལས་དང་མིའི་ལུས་ལ་གནོད་བྱེད་ཀྱི་ལས་ཡིན་སྙམ་པའི་དོགས་པ་འབྱུང་སྲིད། ཆོས་ཚོགས་ནང་ནས་ཀྱང་ཤམ་བྷ་ལའི་སློབ་སྦྱོང་བྱེད་པ་དང་། ནང་བསྟན་ལ་སློབ་སྦྱོང་བྱེད་པ་གཉིས་གནད་གཅིག་ཡིན་པ་མ་ཤེས་ན་ནང་ཕན་ཚུན་འགལ་འདུ་མང་པོ་འབྱུང་སྲིད་རྒྱུ་རེད། མདོར་ན་ངས་གོང་དུ་བཤད་པ་བཞིན་དུ་ཤམ་བྷ་ལའི་ཆོས་ཚོགས་ཀྱི་སློབ་སྦྱོང་དེ་ཡང་འཚེ་མེད་ཞི་བའི་ལམ་ཁོ་ན་ཡིན་པ་དང་། སློབ་ཚན་གཉིས་ཀ་འགལ་མེད་གནད་གཅིག་ཡིན་པ་ཤེས་ན་ཁྱེད་རྣམས་ལ་ཕན་པ་འབྱུང་བ་དང། རྒྱལ་ཁབ་ལ་ཕན་པ་འབྱུང་བར་མ་ཟད་སྙན་གྲགས་ཀྱང་ཇེ་རྒྱས་སུ་སོང་ནས། མཛད་པ་ཡང་ཇེ་རྒྱས་སུ་འགྲོ་བ་ཡིན།

གེ་སར་གྱི་དབང་།

གཉིས་པ་གེ་སར་གྱི་དབང་སྐུར་རན་ནི་ཡིན། ཚང་མས་གྲ་སྒྲིག་གྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །སོགས་ཁྲུས་དང་ཡིག་བརྒྱ་བགེགས་སྤྲད་བཅས་གསུངས།

ད་ནི་སྐྱེས་བུ་ཆེན་པོའི་དབང་བསྐུར་བྱ་བའི་སྐབས་སུ་བབས་པ་ཡིན་པས་ཁྱེད་རང་རྣམས་ཀྱིས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །ཐར་བའི་གྲོང་དུ་བདག་གཞུག་ཕྱིར། །དབང་སྐུར་བྱིན་རླབས་བསྩལ་དུ་གསོལ། །༼ལན་གསུམ་གསུངས།༽ སློབ་དཔོན་སེང་ཆེན་རྒྱལ་པོ་དངོས་སུ་གསལ་བའི་མཐའ་སྐོར་དུ་རྩ་བ་གསུམ་གྱི་ལྷ་ཚོགས་སྤྲིན་འཐིབས་པ་ལྟར་བཞུགས་པའི་དྲུང་དུ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། དམ་ཚིག་རྒྱུད་ལ་གཟུང་སྙམ་པས་རྗེས་ཟློས་གྱིས། ནམ་མཁའི་གནས་སུ་ནམ་མཁའ་གང་བ་ཡི། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང་། །སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་ལ། །བདག་དང་འགྲོ་དྲུག་གུས་པས་སྐྱབས་སུ་མཆི། །༼ལན་གསུམ་གསུངས།༽བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ལ། །ཡིན་པར་ཤེས་པའི་བདག་ཉིད་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །༼ལན་གསུམ་གསུངས།༽དེང་ནས་བྱང་ཆུབ་སྙིང་པོའི་བར། །བླ་མེད་མི་སྤང་བླ་མ་བཀུར། །སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད། །ཡང་དག་ལམ་དུ་ཞུགས་ལ་བྱམས། །གསང་བའི་དོན་ཕྱིར་སྨྲ་མི་བྱ། །ཆོས་ཐམས་ཅད་མི་དམིགས་པ་སྟོང་པའི་ངང་ལས་གནས་འདི་ཉིད་མཁའ་སྤྱོད་མཐོང་བ་ཀུན་སྨོན་གྱི་ཞིང་ཁམས་དབྱིབས་དང་རྒྱན་དང་བཀོད་པ་ཚད་མེད་པས་མངོན་པར་མཛེས་པའི་དབུས་སུ། གནས་ཁང་འདི་ཡང་བདེ་མཆོག་ནོར་བུའི་ཕོ་བྲང་། ཁྱོད་རང་རྣམས་སྲས་ཆུང་གཡུ་འོད་འབུམ་མེ་དངོས་ཡིན་སྙམ་པའི་ང་རྒྱལ་བསྐྱེད་མ་ཐག་རང་དང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་ནས་དགྲ་བླ་ཝེར་མ་རྒྱ་མཚོ་ལ་རྡུལ་འཚུབ་པ་ལྟར་བྱོན་ཏེ་ཁྱོད་རང་ལ་སིབ་སིབ་ཐིམ་པས་སྔོན་གནས་རྗེས་སུ་དྲན་པ་སོགས་ཀྱི་ཡོན་ཏན་དཔག་མེད་རྒྱུད་ལ་སྐྱེས་བར་སྒོམས་ཤིག སྔོན་འགྲོ་ཐབས་ལམ་སྤྱོད་པའི་ཤེས་རབ་ཅན་ལ་ཏ་ན་ག་ནའི་དབང་བྱིན་པ་ནི། ནེའུ་ཆུང་གི་སྐུ་བྱིན་ལ། ཐོག་མར་གླིང་གི་དྭངས་སྨན་ཐམས་ཅད་ཀྱི་གཙོ་མོ་ནེའུ་ཆུང་ལུ་གུའི་ཚར་ཡག་དེའི་དབང་བསྐུར་བ་ཡིན། ཧྲཱིཿ སྟོང་པ་ཉིད་དགའ་འདོད་ཆགས་བློ། །སྲིད་པའི་འདོད་ཆགས་སོགས་སྤངས་པ། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །བདེ་སྟོང་ཡེ་ཤེས་མངོན་གྱུར་ཤོག །མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་སྟྭཾ། དཔའ་ཐུལ་ཐམས་ཅད་ཀྱི་གཙོ་བོ་འདན་མའི་དབང་བསྐུར་བ་རེད། འདན་མའི་སྐུ་གཏད་ལ། ཧྲཱིཿ ཤེས་རབ་རལ་གྲི་མདའ་གཞུ་ཐོགས། །ཉོན་མོངས་མི་ཤེས་གཡུལ་ངོ་སེལ། །དཔའ་བོ་བདུད་དགྲ་བདུད་འདུལ་བ། །སྐྱེས་བུ་མཆོག་གི་མཐུ་ཐོབ་ཤོག །མ་ཊཾ་རཱུ་ཏྲ་མ་ར་ཡ་ཕཊཿ ཨབྷི་ཥིཉྩ་སྟྭཾ། དངོས་གཞི་རང་དོན་ནུས་པའི་བརྩོན་འགྲུས་ཅན་ལ་རྒྱུད་བྱིན་གྱིས་བརླབས་ནས་སྐུ་གསུང་ཐུགས་དབང་བསྐུར་བ་ནི། སློབ་བུས་སློབ་དཔོན་སེང་ཆེན་རྒྱལ་པོ་དངོས་ཡིན་སྙམ་པའི་དད་པ་དང་མོས་གུས་ཚད་མེད་པའི་ངང་ནས་གསོལ་བ་གདབ་པ་ནི། སློབ་བུ་རྣམས་ཀྱིས་འདིའི་རྗེས་ཟློས། སྐྱེས་བུ་ཆེན་པོ་ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་མཐའ་དག་བདག་གི་རྒྱུད་ལ་འཕོས་ནས་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཧཱུྃ༔ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ནམ་མཁའ་གང་བའི་རྩ་གསུམ་ལྷ་ཚོགས་ཁྱེད་རང་ལ་ཐིམ་པས་དགོངས་བརྒྱུད་རྟོགས་པའི་ཕ་ཕོག་རྩོལ་མེད་དུ་རྒྱུད་ལ་སྐྱེས་བར་སྒོམས་ཤིག །དེ་ནས་སྐྱེས་བུ་སེང་ཆེན་རྒྱལ་པོའི་སྐུ་གཟུགས་སྤྱི་བོར་བཞག་ལ། ཧྲཱིཿ སྤྲུལ་པའི་སྐུ་སྟེ་སྐུ་ཡི་མཆོག །སངས་རྒྱས་སྤྲུལ་པའི་རྒྱུ་འཆང་བ། །ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད། །སྐྱེས་མཆོག་སྐུ་ཡི་དབང་ཐོབ་ཤོག །ཀ་ཡ་ཨ་བྷི་ཥིཉྩ་ཨོཾ། ཡིད་བཞིན་ནོར་བུ་མགྲིན་པར་བཞག་ལ། སེམས་ཅན་ཀུན་ཡིད་ཚིམ་པར་བྱེད། །ནོར་བུ་ཆེན་པོ་འོད་ཆགས་དཔལ། །སངས་རྒྱས་སྤྲུལ་པའི་རྒྱན་དང་ལྡན། །སྐྱེས་མཆོག་གསུང་གི་དབང་ཐོབ་ཤོག །ཝཱཀྐ་ཨ་བྷི་ཥིཉྩ་ཨ། རྡོ་རྗེ་སྙིང་གར་བཞག་ལ། ཧྲཱིཿ སྟོབས་ཆེན་ཕ་རོལ་གནོན་པ་པོ། །སྲིད་པའི་རི་བོ་ཆེན་པོ་འཇོམས། །མཁྲེགས་ཤིང་རྡོ་རྗེ་ཆེན་པོ་འཆང་། །སྐྱེས་མཆོག་ཐུགས་ཀྱི་དབང་ཐོབ་ཤོག །ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། རྗེས་གཞན་དོན་སྒྲུབ་པའི་སྙིང་སྟོབས་ཅན་ལ་ཚར་གཅོད་རྗེས་སུ་འཛིན་པའི་གནང་བ་སྦྱིན་པ་ནི། རིགས་ཀྱི་བུ་དར་ཟབ་ཀྱི་གདན་དང་ཟླ་གམ་གྱི་གོས་བསྟན་ལ། གདན་དང་གོས་འདི་ལ་ལྟོས་ཤིག བརྡ་དོན་གོའམ། རྒོལ་བ་ཚར་ཆོད་ལ་སྐལ་ལྡན་རྗེས་སུ་ཟུངས་ཤིག་ཅེས་བརྡ་ངོ་ཤེས་པར་གྱིས་ཤིག ད་དབང་འགྲིམ་རན་པ་ཡིན།

ཁྱེད་རྣམས་ལ་འཇིགས་རུང་སྲིན་པོའི་ལུང་ཞིག་འདོན་ཞེས་བཀའ་གནང་སྟེ། ཧཱུཾ་ཧྲཱི་འཇིགས་རུང་སྲིན་པོའི་སོགས་གསོལ་ཁའི་ལུང་ཞིག་གསུངས།

དེ་ནི་ཁྱེད་རྣམས་ཀྱི་བསམ་པ་ལམ་དུ་འགྲོ་བའི་ཕྱིར་དུ་ངས་ཆོས་སྐྱོང་ལ་འཕྲིན་བཅོལ་བྱས་པ་ཡང་ཡིན། རྗེས་མ་ཁྱེད་རྣམས་ཀྱིས་གསོལ་ཁ་དེ་འདོན་ན་རྒྱས་པ་འབྲིང་པོ་བསྡུས་པ་གསུམ་ཐོན་དང་དེ་ཐམས་ཅད་ཀྱི་ལུང་ཡང་བྱིན་པ་ཡིན།

དྲན་ངོགས་ཀྱི་ནུབ་བསྐྱོད་ལས་ཡུལ་བྷོ་སི་ཐིན་གྱི་མཛད་རིམ་ལེགས་པར་གྲུབ་པའི་སྐབས་ཏེ་བདུན་པའོ། །

འབབ་ཚུགས་བརྒྱད་པ། ཁེ་ན་ཏའི་ཧཱ་ལི་ཧྥ་ཁི་སི།

༼ ༨·༡༧~༨·༢༢ ༽

མཛད་རིམ།

ཕྱི་ཟླ་༨པའི་ཚེས་༡༧ཉིན། སྔ་དྲོར་ཁེ་ན་ཏར་འབྱོར་ཞིང་། ཕྱི་དྲོར་བཅར་འདྲི་དང་ལེན་མཛད།

ཕྱི་ཟླ་༨པའི་ཚེས་༡༨ཉིན། དགོང་མོར་དཱལ་ཧོབ་སེ་སློབ་ཆེན་དུ་ཁྲོམ་བསྒྲགས་གསུང་བཤད་གནང་།

ཕྱི་ཟླ་༨པའི་ཚེས་༡༩ཉིན། སྔ་དྲོར་རྡོ་རྗེ་འདན་མ་གླིང་དུ་འབྱོར་ཞིང་། ཕྱི་དྲོར་ཁྲོམ་བསྒྲགས་ཞལ་གདམས་གནང་།

ཕྱི་ཟླ་༨པའི་ཚེས་༢༠ཉིན། འཇམ་དཔལ་ཡེ་ཤེས་སེམས་དཔའི་དབང་དང་ཞལ་གདམས་གནང་།

ཕྱི་ཟླ་༨པའི་ཚེས་༢༡ཉིན། སྔ་དྲོར་ཕུར་པ་མགུལ་ཁུག་མ་དང་རྡོ་རྗེ་གྲོ་ལོད་ཀྱི་དབང་དང་ཞལ་གདམས་གནང་ཞིང་། ཉིན་གུང་ཤམྦྷ་ལའི་དམག་སྦྱོང་ལ་གཟིགས།

ཕྱི་ཟླ་༨པའི་ཚེས་༢༢ཉིན། གྱེས་ཁའི་ཞལ་གདམས་གནང།

ཁེ་ན་ཏ་རུ་འབྱོར་བ།

ཕྱི་ཟླ་༨པའི་ཚེས་༡༧ཉིན། ཆོས་རྗེ་མཆོག་གི་ཨ་རིའི་མཛད་རིམ་རྣམས་ལེགས་པར་གྲུབ་ནས། ས་ཚུགས་ཕྱི་མ་སྟེ་ཁེ་ན་ཏའི་ཕྱོགས་སུ་འཕུར་སྐྱོད་གནང་།

ཁེ་ན་ཏ་རྒྱལ་ཁབ་ནི་སྔོན་ཆད་དུས་རབས་བཅུ་བདུན་པའི་ནང་དུ་ཧྥ་རན་སིའི་འབངས་སྤེལ་གྱི་གནས་ཡིན་ལ། ཕྱིས་སུ་དབྱིན་ཇི་རྒྱལ་ཁབ་ཀྱིས་མངའ་དབང་བསྒྱུར་ཅིང་། ཕྱི་ལོ་༡༩༨༢ལོར་ད་གཟོད་རང་བཙན་ཐོབ་པ་ཡིན། ཕྱི་ལོ་༡༩༩༣ལོར་ངེད་ཅག་ཁེ་ན་ཏ་རུ་འགྲོ་སྐབས། རྒྱལ་ཁབ་དེར་མི་གྲངས་བྱེ་བ་གསུམ་ལ་ཉེ་བ་ཙམ་ལས་མེད་ཀྱང་རྒྱལ་ཁབ་ཀྱི་མངའ་ཁོངས་ཀྱི་ས་ཁྱོན་ནི་ཨ་རི་དང་རྒྱ་ནག་ལས་ཀྱང་ཆེ་བས། འཛམ་གླིང་སྟེང་ཨུ་རུ་སུ་རྒྱལ་ཁབ་ཀྱི་འཕྲོ་ནས་མངའ་ཁོངས་ཆེས་ཆེ་བའི་རྒྱལ་ཁབ་ཏུ་གྱུར་ཡོད།

ཁེ་ན་ཏ་དང་ཨ་རི་གཉིས་ཁྱིམ་མཚེས་ལྟར་དུ་ཆགས་པས་འཚོ་བ་སྤྱོད་སྟངས་སོགས་ཕལ་ཆེར་འདྲ་ནའང་། ཁེ་ན་ཏའི་མི་རྣམས་ནི་བྲེལ་འཚུབ་མེད་ཅིང་ངང་རྒྱུད་རིང་བ་དང་། དུས་ཚོད་ཀྱི་ཁོམ་ལོང་ཡོད་པ་སོགས་བོད་ཡུལ་གྱི་འཚོ་བ་དང་ཕྱོགས་འདྲ་བར་འདུག་པས་ང་ཚོར་ཅུང་ཟད་འཕྲོད་པའི་སྣང་བ་ཤར། གནས་འདིར་ཐོན་པ་ན། སེམས་ཀྱི་གནོན་ཤུགས་སོགས་རང་བཞིན་ཤུགས་ཀྱིས་མེད་པར་གྱུར་ཏེ་ཆེས་གུ་ཡངས་བག་ཕེབས་ཀྱི་ཚོར་སྣང་དམིགས་བསལ་བ་ཞིག་ཀྱང་སྐྱེས།

ཨ་རིའི་བྷོ་སི་ཐིན་ནས་ཁེ་ན་ཏའི་ཧཱ་ལི་ཧྥ་ཁི་སིའི་(Halifax)བར་དུ་དུས་ཚོད་གཅིག་ལྷག་གི་རིང་གནམ་གྲུར་ཞུགས་ནས་ཡོང་ཞིང་། རྒྱལ་ཁབ་འདི་གཉིས་ཀྱི་འབྲེལ་བ་བཟང་པོ་ཡོད་པས་རྒྱལ་མཚམས་འགག་སྒོ་ཡང་ཐོགས་རྡུགས་མེད་པར་བདེ་བླག་ངང་བརྒལ་ཐུབ་པ་བྱུང་། ང་ཚོ་གནམ་གྲུ་ཐང་ནས་ཐོན་རྗེས། རླངས་འཁོར་ལ་བསྡད་དེ་ཤར་ཆེན་གླིང་(Sharchen Ling)ཞེས་པའི་ཆོས་ཚོགས་སུ་ཕྱིན་ཅིང་དེར་ཞག་གཉིས་ལ་གནས་སྡོད་བྱས།

སྡོད་ཤག་ཐད་སྔོན་དང་ཅུང་མི་འདྲ་ས་ནི། ད་ཐེངས་ཆོས་རྗེ་ཉིད་ཀྱང་ཁང་བརྩེགས་གསུམ་པ་རུ་བཞུགས་པ་ཡིན། སྡོད་ཁང་གི་ཕྱི་ལོགས་སུ་ཉི་ཁྱམས་ཧ་ཅང་ཡངས་པོ་ཞིག་འདུག་ཅིང་། དེ་ནས་བལྟས་ན་མུ་མཐའ་མེད་པའི་རྒྱ་མཚོ་དང་གླིང་ཕྲན། གྲོང་ཁྱེར་བཅས་ཀྱི་མཛེས་སྡུག་གི་བཀོད་པ་མིག་ལམ་དུ་གསལ་ལྷང་ངེར་མཐོང་ཐུབ།

ཟླ་བརྒྱད་པའི་ཁེ་ན་ཏ་ནི། ལོ་ཧྲིལ་པོའི་ནང་གནམ་གཤིས་ཆེས་ལེགས་པའི་དུས་ཚོད་ཡིན་པས། བཞའ་ཚན་ཆུང་ལ་ནམ་མཁའ་གཡའ་དག་ཅིང་ཉི་འོད་རབ་ཏུ་འཚེར་བར་བྱེད། ཕྱི་དྲོར། ཆོས་རྗེ་ཉིད་ཀྱང་ཉི་ཁྱམས་སུ་བཞུགས་ཏེ་འཁོར་སློབ་འགའ་དང་མཉམ་དུ་གསོལ་ཇ་བཞེས་ཤིང་གསུང་མོལ་ལྷོད་པོར་གནང་། ཁོང་གིས་གནམ་མཚོ་གཅིག་ཏུ་འདྲེས་ཤིང་ལྟ་ན་སྡུག་པའི་རང་བྱུང་གི་བཀོད་པ་ལ་གཟིགས་བཞིན། ས་ཆ་འདི་ངོ་མ་སྐྱིད་པོ་རེད། གནམ་སྔོན་པོ་དང་མཚོ་ཆེན་པོ། རི་ཀླུང་དང་ནགས་ཚལ་གང་ལ་བལྟས་ཀྱང་། ཡུལ་འདི་ནི་ང་ཚོ་སོང་མྱོང་བའི་ས་ཆ་རྣམས་ལས་ཆེས་མཛེས་སྡུག་ལྡན་ཞིང་སྤྲོ་སྣང་བསྐྱེད་པའི་གནས་མཆོག་ཅིག་རེད་ཅེས་བསྔགས་བརྗོད་མཛད།

སྤྱིར་ཆོས་རྗེ་ཉིད་ཉིན་འདི་དག་གི་རིང་ལ་སྐུ་ཁམས་ཅུང་ཟད་མི་དྭངས་བར་ཡོད་ཀྱང་། ཉིན་འདིར་ཐུགས་སྣང་ཧ་ཅང་སྤྲོ་བའི་ཚུལ་མཛད་ཅིང་དགུང་ལོའང་ཇེ་གཞོན་ལྟ་བུར་གྱུར་འདུག་པས། བདག་གིས་པར་ཆས་བླངས་ཏེ་འདྲ་པར་སྣ་ཚོགས་བླངས། རྗེ་ཉིད་ཀྱི་པར་ལེགས་པོ་རེ་ལེན་ཐུབ་ན། དགེ་འདུན་པ་རྣམས་ལ་ཆེས་བཟང་བའི་ཕ་འབབ་བམ་ལེགས་སྐྱེས་སུ་འགྱུར་བས། ཁང་པའི་ཕྱི་ནང་གཉིས་ནས་པར་མང་དུ་བཏབ། དེར་མ་ཟད། བདག་གིས་ཆོས་རྗེ་ཉིད་ལ། ཁྱེད་ཀྱིས་ཐུགས་གཏད་གནང་རོགས། རྗེས་སུ་པར་འདི་དག་དགེ་འདུན་པ་རྣམས་ལ་དད་རྟེན་གྱི་ཚུལ་དུ་དབུལ་རྒྱུ་ཡིན་ཞེས་ཞུས་ཚེ། ཁོང་གིས་ཞལ་གྱིས་བཞེས་ཤིང་རིག་པ་བཅོས་མེད་ཀྱི་ངང་དུ་བཞུགས་ནས་འབྱུང་འགྱུར་ཁོང་གི་སྐུ་པར་མཇལ་བའི་སེམས་ཅན་རྣམས་ལའང་ཐུགས་སྨོན་མཛད།

ནམ་རྒྱུན་ཆོས་རྗེ་ཉིད་ཕྱི་ལོགས་སུ་འབྱོན་སྐབས། སློབ་གླིང་དུ་རྒྱུན་བཞུགས་ཀྱི་སློབ་འབངས་རྣམས་ཀྱིས་རེ་སྒུག་ཆེས་ཆེར་བྱེད་ས་ནི་ཁོང་གི་སྐུ་པར་ཡིན་ཞིང་། ཆོས་རྗེ་ཉིད་ཀྱི་སྐུ་པར་རྣམས་ལ་མི་རེ་རེ་བཞིན་རིན་པོ་ཆེ་རྙེད་པ་ལྟ་བུའི་དང་བ་དང་དགའ་སྤྲོ་ཡོད་དེ། ལ་ལས་ལྷ་ཁང་དུ་བཤམས་ཤིང་། ལ་ལས་གྱང་ངོས་སུ་འགེལ། ལ་ལས་ལུས་ལ་འབྲལ་མེད་དུ་འཆང་བ་སོགས་རང་རང་གི་གསོལ་འདེབས་དང་སྒོམ་སྒྲུབ་ཀྱི་དད་རྟེན་བྱེད་ཀྱིན་ཡོད། དེ་ལས་ཁོང་ཚོས་རང་གི་རྩ་བའི་བླ་མར་བཟུང་བའི་རྣམ་དག་གི་དད་སེམས་གཙང་མའང་མཚོན་ཡོད།

ཁྱད་པར་དུ་བླ་མ་བསོད་དོན་གྱི་ཁྱིམ་དུ་ཆོས་རྗེ་ཉིད་ཀྱི་པར་ཁང་མང་པོས་བཀང་ཡོད་ཅིང་། ཁོས་ནམ་རྒྱུན་ང་ལ། ཁྱོད་ཀྱིས་བླ་མའི་སྐུ་པར་སྒྲོན་སྐབས། ཁོང་གི་སྐུ་ལུས་ཆ་ཚང་ལེན་པ་དང་། ཆོས་ཁྲི་དངོས་པོ་གཞན་གྱིས་མ་བསྒྲིབས་པ། ཉེ་ཟུར་ན་མི་གཞན་མེད་པ། ཞལ་ལ་འཛུམ་མདངས་དང་ལྡན་པའི་པར་ལེགས་པོ་ལེན་རྒྱུ་མ་འཆུགས་ཞེས་བསྐུལ་བས། སྐབས་འདིར་བླངས་པའི་པར་འགའ་རེས་བླ་མ་བསོད་དོན་སོགས་ཆོས་གྲོགས་རྣམས་ཀྱི་ཐུགས་དམ་བསྐང་ཐུབ་ངེས་ཡིན་སྙམ་པ་བྱུང་ཞིང་། རྗེས་སུའང་སྐུ་པར་འདི་དག་ལ་དགའ་བསུ་ཚད་མེད་ཐོབ་པར་མ་ཟད་དར་ཁྱབ་ཀྱང་ཤིན་ཏུ་ཆེ་བར་གྱུར།

བཅར་འདྲི་ཉི་ཤུ།

ཉིན་དེའི་ཕྱི་དྲོར། ས་གནས་དེའི་ནང་ཆོས་འཕྲིན་སྦྱོར་སྡེ་ཁག་ཅིག་གིས་རྗེ་ཉིད་ལ་བཅར་འདྲི་བྱས་པའི་ནང་དོན་གཤམ་གསལ་ལྟར།

༡ དྲི་བ། རིན་པོ་ཆེ་ལགས། ཁྱེད་རང་ཉིད་ངོ་སྤྲོད་ཅིག་གནང་རོགས། ཁྱེད་ལ་ཀུན་ཀྱིས་བླ་མ་ཞེས་འབོད་པའི་རྒྱུ་མཚན་གང་ཡིན་ནམ།

ལན། ང་དང་པོ་སྐྱེས་ས་ནི་བོད་ས་ཁུལ་གྱི་དེང་སང་མཚོ་སྔོན་ཞིང་ཆེན་ཁོངས་གཏོགས་རྫུ་མེད་ཆོས་ལྷས་ཞེས་པའི་ས་ཆ་དེ་ཡིན་ལ། རྒྱུན་དུ་བསྡད་ཡོད་ས་ནི་སི་ཁྲོན་ཞིང་ཆེན་གྱི་མངའ་ཁོངས་གསེར་རྟ་ཞེས་པ་དེ་ཡིན།

ངས་གཙོ་བོ་ནང་པ་སངས་རྒྱས་པའི་ཆོས་ལ་སློབ་སྦྱོང་ཡུན་རིང་བྱས་པས་མཁན་པོ་ཞེས་པའི་མིང་ཙམ་ཐོགས་པ་དང་། སྔར་དང་དེ་དུས་ཀྱི་བླ་མ་ཁ་ཤས་ཀྱི་ལུང་བསྟན་ལྟར་གཏེར་སྟོན་ལས་རབ་གླིང་པའི་སྤྲུལ་སྐུའི་མིང་བཏགས། ངའི་མི་ཚེ་གཅིག་གི་བྱ་བ་དེ་བཤད་དང་སྒྲུབ་པའི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་ལ་རྩེ་གཅིག་ཏུ་ནན་ཏན་བྱེད་བཞིན་པ་འདི་ཡིན། དེ་ལྟར་བྱས་པའི་དབང་གིས་ཕྱོགས་སོ་སོའི་དད་ལྡན་སློབ་མ་ཡང་མང་ཙམ་ཞིག་འཁོར་དུ་འདུས་པས། ད་ལྟ་བླ་མ་ཞེས་པའི་མིང་ཙམ་ཐོགས་པའི་རྒྱུ་མཚན་དེ་ཡིན།

༢ དྲི་བ། ཁྱེད་ཀྱིས་རྡོ་ལ་ཞབས་རྗེས་བཞག་པ་རེད་ཟེར་བས། དེ་ཧ་ཅང་ངོ་མཚར་ཆེ་བས་བདེན་པ་ཡིན་ནམ།

ལན། བདེན་པ་ཡིན། སྟེས་དབང་གིས་དེ་འདྲ་ཐེངས་འགའ་ལ་བྱུང་། ༼དགོད་སྒྲ།༽

༣ དྲི་བ། ཁྱེད་ནུབ་ཕྱོགས་ཀྱི་རྒྱལ་ཁབ་འདིར་ཕེབས་དོན་གང་ཡིན།

ལན། ང་རང་འདིར་ཡོང་དོན་གཙོ་བོ་ནི། ནུབ་ཕྱོགས་ཀྱི་རྒྱལ་ཁབ་འདི་ལ་བོད་ཡུལ་ནང་བཞིན་དུ་ཆོས་ཧ་ཅང་དར་བ་མ་རེད་ཅེས་པའི་སྐད་ཆ་འགའ་རེ་ཐོས་མྱོང་། དེས་ན་འདིར་ཡོང་ནས་ཆོས་རེ་བཤད་ན་སངས་རྒྱས་ཀྱི་བསྟན་པ་ལ་ཕན་རེ་ཐོགས་པ་དང་། དད་ལྡན་གྱི་སྐྱེ་བོ་ཁ་ཤས་འཁོར་དུ་འདུས་ན་དེ་དག་ལ་ཡང་ཕན་རེ་ཐོགས། སེམས་ཅན་གྱི་བདེ་སྐྱིད་ལའང་ཕན་པ་རེ་འབྱུང་སྲིད་རྒྱུ་རེད་སྙམ་ནས་ཡོང་བ་ཡིན།

༤ དྲི་བ། ཁྱེད་གྲོང་ཁྱེར་ཉིའུ་ཡོག་ལ་ཕེབས་དུས་ཚོར་སྣང་གང་འདྲ་སྐྱེས་སོང་།

ལན། སྤྱིར་ཉིའུ་ཡོག་གྲོང་ཁྱེར་ལ་བསམ་བློ་བཏང་ན་ཨ་མེ་རི་ཀའི་གྲོང་ཁྱེར་ཆེ་ཤོས་ཡིན་པར་མ་ཟད། འཛམ་གླིང་གི་རྒྱལ་ཁབ་བརྒྱ་དང་བརྒྱད་ཅུ་གྱ་བཞི་ཙམ་ཞིག་སྟབས་གཅིག་ཏུ་འཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཡོད་སའི་གནས་བཟང་པོ་ཞིག་རེད། འདིར་རྒྱལ་ཁབ་གཅིག་གི་མི་རིགས་མ་ཟད་མི་རིགས་གཞན་མང་པོ་ཡང་འདུ་ས་རེད། ཁང་པའི་མཐོ་ཚད་ཀྱང་འཛམ་གླིང་གི་ཨང་གཉིས་པ་དེ་ས་ཆ་དེ་ན་ཡོད་པས། ང་རང་ཉིད་ཀྱིས་སྔོན་ཆད་མཐོང་མ་མྱོང་བའི་ངོ་མཚར་གྱི་བཀོད་པ་ཆེས་མང་པོ་ཞིག་མཐོང་སོང་།

༥ དྲི་བ། ཁྱེད་རང་ཁེ་ན་ཏའི་ཆོས་ཚོགས་འདིར་ཕེབས་པའི་རྒྱུ་མཚན་ཅི་ཡིན་ནམ།

ལན། སྤྱིར་ཡོང་དོན་ནི་གོང་དུ་བཤད་པ་བཞིན། བསྟན་པ་དང་སེམས་ཅན་སྤྱི་ལ་ཕན་ཨེ་ཐོགས་སྙམ་པ་དང་། དེའི་ཞོར་དུ་རང་གིས་ཀྱང་རྒྱལ་ཁབ་ཁ་ཤས་ལ་ལྟ་སྐོར་ཐུབ་ན་ཡག་པོ་ཡོད་རྒྱུ་རེད་སྙམ་ནས་ལྟ་སྐོར་གྱི་ཆེད་དུའང་ཡོང་བ་ཡིན།

༦ དྲི་བ། ཁྱེད་ཀྱིས་ང་ཚོ་ནུབ་ཕྱོགས་པ་རྣམས་ལ་རེ་བསྐུལ་ཅི་ཞིག་ཡོད།

ལན། སྤྱིར་ཨ་རིའི་ལུང་པ་གཅིག་པུ་མ་ཡིན་པར་ས་ཆ་གང་དང་གང་ལ་སོང་ཡང་། ངའི་ཚེ་གཅིག་གི་ཉམས་ལེན་དེ་ནི་བྱམས་པ་དང་སྙིང་རྗེ་ལ་བསྟེན་ནས་སེམས་ཅན་ལ་ཕན་ཨེ་ཐོགས་བལྟ་རྒྱུ་དེ་ཡིན། ཁྱེད་རྣམ་པས་ཀྱང་འཚེ་མེད་ཞི་བའི་ལམ་བཟང་ཁོ་ནས་སེམས་ཅན་ཐམས་ཅད་ལ་ཕན་ཅི་ཐོགས་བྱ་རྒྱུ་དེ་ནི་ངའི་སློབ་སྟོན་དང་རེ་བའང་ཡིན། དེ་མ་གཏོགས་མང་པོ་མེད།

༧ དྲི་བ། བོད་ཡུལ་དང་ནུབ་ཕྱོགས་གཉིས་ལ་མཚོན་ན་ནང་ཆོས་དར་ཁྱབ་ཆེ་བའི་ཡུལ་དེ་གང་ཡིན་རྒྱུ་རེད།

ལན། ང་ཚོ་བོད་ཡུལ་ལ་མཚོན་ན། བོད་མི་ཚང་མ་ལས་བརྒྱ་ཆ་དགུ་བཅུ་གོ་དགུ་ཙམ་ཆོས་ལ་དགའ་མཁན་དང་དད་པ་ཡོད་མཁན་ཁོ་ན་ཡིན། དེ་ལ་རབ་ཏུ་བྱུང་བ་དང་ཁྱིམ་པ་གཉིས་ཡོད་ཅིང་། རབ་ཏུ་བྱུང་བའི་ཕྱོགས་དེ་ཡང་ཧ་ཅང་མང་པོ་ཡོད། དེ་དང་བསྡུར་ན་སྟོབས་དང་ལྡན་པའི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ལ་ཆོས་ཀྱི་ཕྱོགས་ནས་གངས་རིའི་ལྗོངས་བཞིན་དུ་སངས་རྒྱས་ཀྱི་བསྟན་པ་དར་ཡོད་རྒྱུ་མ་རེད་བསམ།

༨ དྲི་བ། ནུབ་ཕྱོགས་པས་དཔལ་འབྱོར་གྱི་ཆེད་དུ་འབད་རྩོལ་རྒྱ་ཆེར་བྱས་པ་ལ་དགོངས་ཚུལ་གང་འདྲ་ཡོད། ཁྱེད་ཀྱིས་སེམས་ཁམས་ཅི་འདྲ་ཞིག་གིས་དཔལ་འབྱོར་རྩོལ་སྒྲུབ་བྱས་ན་བསམ།

ལན། མི་ཞིག་ཡིན་ནས་བཟུང་སྟེ་འཇིག་རྟེན་འདི་ན་ཆེས་གཅེས་པ་ནི་རང་སྲོག་ཟེར་བ་ཡིན། སྲོག་དེ་ཧ་ཅང་ཕངས་པས་དེའི་ཆེད་དུ་སྒོར་མོ་བསོག་རྒྱུ་དེ་ཡང་ལོས་ཡིན། གཙོ་བོ་བྱམས་པ་དང་སྙིང་རྗེ་ཟུང་དུ་འབྲེལ་ནས་སྒོར་མོ་བསགས་ན་ཆོས་འཇིག་རྟེན་གཉིས་ཀ་མཉམ་དུ་འགྲུབ་ཡོང་། གཞན་ལ་གནོད་པ་འབའ་ཞིག་གི་བསམ་པ་དང་སྦྱོར་བ་ཁོ་ནས་སྒོར་མོ་རྐྱང་བ་བསགས་ན་དེ་ཙམ་ཕན་པ་ཡོད་རྒྱུ་མ་རེད་སྙམ།

༩ དྲི་བ། ཁྱེད་ཀྱིས་དྲུང་པ་རིན་པོ་ཆེ་ལ་དགོངས་ཚུལ་གང་འདྲ་ཡོད་པ་གསུང་རོགས།

ལན། དྲུང་པ་རིན་པོ་ཆེ་ནི་དེང་སང་གི་དུས་རབས་སུ་བོད་ཡུལ་གྱི་བླ་མ་ཡོངས་རྫོགས་ལས་ཨ་རིའི་རྒྱལ་ཁབ་ལ་ཕེབས་མཁན་སྔོན་མ་ལྟ་བུ་ཡིན། ཁོང་གིས་ཐབས་རྣམ་པ་གཉིས་ལ་བརྟེན་པ་སྟེ། ནང་པ་སངས་རྒྱས་པའི་ཆོས་ལ་དངོས་སུ་འཇུག་འདོད་མེད་པ་རྣམས་ལ་རེ་ཞིག་ཤམྦྷ་ལའི་སློབ་སྦྱོང་སྤྲད་ནས་ཁོ་ཚོར་ཕན་པའི་ཐབས་སྣ་ཚོགས་མཛད། ནང་ཆོས་ལ་དད་འདུན་ཡོད་མཁན་ཚོར་ནང་བསྟན་གྱི་ཆོས་སློབ་ཏུ་བཅུག་པས། ད་ལྟ་ཁོང་གི་མཛད་པ་དེ་གཞན་གང་དང་ཡང་མི་འདྲ་བར་རྒྱ་ཆེན་པོར་ཁྱབ་ཡོད་པ་ཧ་ཅང་ངོ་མཚར་བའི་གནས་སུ་གྱུར་པ་རེད་སྙམ་བཞིན་ཡོད།

༡༠ དྲི་བ། ཁྱེད་ཀྱིས་ཡེ་ཤུའི་ཆོས་ལུགས་ལ་རྒྱུས་ལོན་ཞིབ་མོ་ཨེ་ཡོད། དེ་ལ་ལྟ་ཚུལ་ཅི་ཡོད།

ལན། ང་རང་གིས་གོ་ཚོད་ཀྱི་དབང་དུ་བྱས་ན་ཡེ་ཤུའི་ཆོས་ལུགས་ཀྱིས་ཀྱང་། གཙོ་བོ་བྱམས་པ་དང་སྙིང་རྗེ་གཉིས་རྩལ་འདོན་བྱས་ནས་ཆོས་ཉམས་སུ་ལེན་པ་རེད་ཟེར། དེ་ཡིན་ན་ཧ་ཅང་བཟང་པོ་རེད་སྙམ།

༡༡ དྲི་བ། ཁྱེད་ཀྱིས་དགོངས་ན་ནུབ་ཕྱོགས་པའི་བྱམས་སྙིང་རྗེའི་སློབ་གསོ་དེ་ཤར་ཕྱོགས་པར་བསྡུར་ན་ཇི་འདྲ་ཞིག་ཡིན།

ལན། སོ་སོའི་སེམས་ཅན་ལ་ཕན་བདེ་སྒྲུབ་པའི་དམིགས་ཡུལ་ཧ་ལམ་ཕྱོགས་འདྲ་ཡིན་ཡང་། སྒྲུབ་ཐབས་རྣམ་པ་སྣ་ཚོགས་ཡོད་པས། རང་རང་གི་སྒྲུབ་སྟངས་ཁ་ཁ་སོ་སོ་ཡིན་རྒྱུ་རེད།

༡༢ དྲི་བ། ཁྱེད་ཀྱིས་བལྟས་ན་ཆོས་ཚོགས་འདི་ནང་བསྟན་ལྟེ་གནས་ཆེ་ཤོས་ཤིག་ཏུ་འགྱུར་ཐུབ་བམ།

ལན། དེ་ནི་སྔོན་གྱི་བླ་མ་རྣམ་པའི་ལུང་བསྟན་དང་། ཁྱད་པར་དུ་ཁྱེད་ཚོའི་བླ་མས་བཀའ་སློབ་བསྩལ་བ་སོགས་ལ་བལྟ་དགོས་རྒྱུ་རེད་མ་གཏོགས། ད་ལྟ་ང་ལ་དམིགས་བསལ་འདི་རེད་ཟེར་ནས་ངོས་འཛིན་རྒྱུ་ཅི་ཡང་མེད།

༡༣ དྲི་བ། ཁྱེད་ལ་མཚོན་ན་ཕ་ཡུལ་གྱི་མི་དང་ཕྱི་གླིང་གི་མི་གཉིས་ལས་གང་ལ་དགའ་ཞེན་ཆེ་བ་ཡོད།

ལན། མི་སུ་ཡིན་ཡང་བག་ཆགས་ཀྱི་ནུས་པ་དབང་བཙན་པ་ཡིན། ང་རང་གི་སྲིང་མོ་དང་ཤ་ཉེ་སོགས་ཉེ་རིང་རྩ་གསུམ་ཚང་མ་བོད་ཡུལ་ན་ཡོད་པས། ཕལ་ཆེར་ཕ་ཡུལ་ལ་དགའ་ཞེན་ཆེ་རྒྱུ་རེད། ཨ་རིའི་ལུང་པར་ཐོན་ནས་ཡུན་རིང་པོ་མིན་ན་ཡང་། ཨ་རིའི་ཡུལ་གྱི་མི་རྣམས་ནི་མི་གཤིས་བཟང་ཞིང་། ངམ་དཀར་པོ། ཁྱད་པར་དུ་ང་ལ་ཧ་ཅང་དགའ་ཞེན་ཆེན་པོ་བྱས་ཡོང་དུས། གཞན་དང་མི་འདྲ་བར་ཕ་ཡུལ་ལུང་པའི་མི་དང་འགྲན་བཟོད་པ་ལྟ་བུའི་དགའ་ཞེན་ཆེན་པོ་སྐྱེས་ཐལ།

༡༤ དྲི་བ། ཡུལ་འདིའི་མི་རྣམས་ཀྱི་སེམས་ཁམས་སྤྲོ་པོ་མེད་པ་ལ་དགོངས་ཚུལ་གང་འདྲ་ཡོད།

ལན། དེ་སུ་གཅིག་གིས་ཁ་ཚོན་ཆོད་རྒྱུ་མ་རེད། དཔེར་ན་ང་ཚོ་ཁྱིམ་འདིའི་མི་རྣམས་ལ་མཚོན་ན། ནད་ཡོད་མེད་སོགས་ཀྱི་དབང་གིས་ལུས་ཁམས་དང་སེམས་ཁམས་མི་འདྲ་བ་རེད། དེས་ན་འགའ་རེའི་སེམས་ཁམས་སྐྱིད་པོ་ཡོད་པ་དང་། འགའ་རེའི་སེམས་ཁམས་སྐྱོ་པོ་ཡིན། བོད་ཀྱི་ལུང་པ་ལ་ཡང་མི་འགའ་རེའི་སེམས་ཁམས་སྤྲོ་པོ་ཡིན་པ་དང་། འགའ་རེའི་སེམས་ཁམས་སྡུག་པོ་ཡིན་པས། ནུབ་ཕྱོགས་ཀྱི་ལུང་པ་ཡང་དེ་བཞིན་རེད། མི་རེ་རེ་བཞིན་དུ་སེམས་ཁམས་མི་འདྲ་བས། ནུབ་ཕྱོགས་ཀྱི་མི་དང་བོད་ཀྱི་མི་གཉིས་ལས་སེམས་ཁམས་སུའི་སྐྱིད་ཟེར་ན། དེ་སུས་ཀྱང་སྨྲ་ཤེས་པ་མིན། དཔེར་ན། སངས་རྒྱས་དང་འཇིགས་མེད་གཉིས་ལས་སེམས་ཁམས་ལ་བདེ་སྐྱིད་ཡོད་པ་དེ་སུ་ཡིན་ཞེས་དྲིས་པ་ལྟ་བུ་ཡིན།

༡༥ དྲི་བ། ཁྱེད་ཀྱིས་མེ་གླིང་བྱང་མའི་མི་རྣམས་ཀྱིས་ལུས་ཁམས་བདེ་ཐང་ཡོང་ཆེད་ལུས་རྩལ་སྦྱོང་བ་ལ་དགོངས་ཚུལ་གང་འདྲ་ཡོད།

ལན། ད་ལྟ་འཛམ་བུ་གླིང་གི་རྒྱལ་ཁབ་ཚང་མས་ནད་མེད་པར་བྱ་ཆེད། ལུས་ཀྱི་རྩལ་སྦྱོང་རྒྱུ་དེ་ཧ་ཅང་གལ་ཆེན་ལ་བརྩི་བཞིན་ཡོད་པས། ངའི་ལྟ་ཚུལ་ཡང་དེ་ལྟ་བུ་མ་གཏོགས་གཞན་པ་ཅི་ཡང་མེད།

༡༦ དྲི་བ། ཚད་མེད་བཞི་ཉམས་སུ་ལེན་པའི་སྙིང་དོན་དེ་གང་འདྲ་ཞིག་ལ་ངོས་འཛིན་དགོས།

ལན། ཚད་མེད་བཞི་ནི་སེམས་ཀྱི་སྒོ་ནས་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་འདོད། སྡུག་བསྔལ་དང་བྲལ་བར་འདོད་པ་ལ་སོགས་པ་ཡིན། ལུས་ཀྱི་སྒོ་ནས་སེམས་ཅན་ལ་གནོད་པའི་སྲོག་གཅོད་པ་ལ་སོགས་སྤོང་བ་དང་སྦྱིན་པ་གཏོང་བ་སོགས་ལ་ཅི་ནུས་སུ་འཇུག་རྒྱུ་དེ་ལ་ཟེར་བ་ཡིན།

༡༧ དྲི་བ། བོད་དང་ནུབ་ཕྱོགས་གཉིས་ལ་ནང་ཆོས་དར་ཚུལ་གྱི་ཁྱད་པར་གང་ཡོད།

ལན། གོང་དུ་བཤད་པ་བཞིན་མི་གྲངས་ཀྱི་སྒོ་ནས་བརྒྱ་ཆར་གཞལ་ཡོང་ན། བོད་ཡུལ་ལ་དར་བ་ལྟ་བུ་ཞིག་ནུབ་ཕྱོགས་ལ་དར་མེད་ཀྱང་། རིམ་གྱིས་བོད་ལས་ཀྱང་ལྷག་པ་ཞིག་དར་བའི་ཕྱིར་དུ་ཁྱེད་རྣམ་པས་བརྩོན་ལེན་བྱ་དགོས། ངས་ཀྱང་དེ་ལྟར་དར་ཡོང་རྒྱུ་རེད་སྙམ་ནས་ཡིད་ཆེས་ཡོད་ཅིང་སྨོན་ལམ་ཡང་འདེབས་ཀྱིན་ཡོད།

༡༨ ཤམྦྷ་ལའི་སློབ་སྦྱོང་ལ་དགོངས་ཚུལ་ག་རེ་ཡོད།

ལན། བླ་མས་ཐབས་མཁས་ཀྱི་སྒོ་ནས་ཐོག་མར་ཤམྦྷ་ལའི་སྦྱོང་བརྡར་སྤྲད་པ་དེ་ཡང་། གཙོ་བོ་གཞན་ལ་འཚེ་བ་མེད་པ་དང་ཕན་པའི་ཐབས་བསྒྲུབས་པ་ཡིན། དེ་ནས་སངས་རྒྱས་ཀྱི་བསྟན་པ་ལ་རིམ་གྱིས་འཇུག་པར་བྱེད་པ་དེ་ཧ་ཅང་གལ་ཆེ་བ་རེད་སྙམ།

༡༩ དྲི་བ། ཁྱེད་ལ་དོགས་འཚེར་རམ་སེམས་མི་སྐྱིད་པའི་དུས་ཡོད་དམ། དེ་ལ་ཐབས་ཤེས་ག་རེ་གནང་གི་ཡོད།

ལན། ང་ལ་ནི་སེམས་བདེ་མོ་དང་སྡུག་པོ་གང་བྱུང་ཡང་དུས་རྒྱུན་དུ་བླ་མ་དཀོན་མཆོག་གསུམ་ཁོ་ན་ལ་གསོལ་བ་འདེབས་རྒྱུ་མ་གཏོགས་ཐབས་གཞན་མང་པོ་ཞིག་སྒྲུབ་པ་ལ་བརྩོན་ལེན་བྱེད་ཀྱིན་མེད།

༢༠ དྲི་བ། བསྟན་རྒྱམ་རིན་པོ་ཆེ་དང་ཁྱེད་གཉིས་ལ་འབྲེལ་བ་གང་འདྲ་ཡོད།

ལན། ཁོང་གི་སྐུ་སྐྱེ་གོང་མ་དང་ང་རང་གི་སྐྱེ་བ་གོང་མ་གཏེར་སྟོན་ལས་རབ་གླིང་པ་གཉིས་ལ་བླ་སློབ་ཀྱི་འབྲེལ་བ་ཧ་ཅང་ཆེན་པོ་ཡོད། གཙོ་བོ་དེའི་རྒྱུ་མཚན་གྱིས་ཕྱི་ལོ་༡༩༩༠ལོར་ང་ཕྱོགས་དེར་འགྲོ་བའི་སྐབས་སུ་ཁོང་དང་མཇལ་འཕྲད་ཡོང་བ་ཙམ་དུ་མ་ཟད་བརྩེ་གཟིགས་ཀྱང་རྒྱ་ཆེན་པོ་མཛད་ཐལ།

ཆོས་རྗེ་ཉིད་སྐུ་བསྙུངས་སོང་།

ཕྱི་ཟླ་༨པའི་ཚེས་༡༨ཉིན་གྱི་དགོང་མོར། ཆོས་རྗེ་ཉིད་ཀྱིས་དཱལ་ཧོབ་སེ་སློབ་ཆེན་དུ་འཆད་ཁྲིད་གནང་དགོས་ཀྱང་། ཉིན་དེར་ཁོང་ཁྲག་ཤེད་མཐོ་ཞིང་ཚ་བ་རྒྱས་པ་དང་། ཡུན་རིང་དུ་སྐྱུག་པ་སོགས་སྐུ་གཟུགས་ཤིན་ཏུ་སྙུང་བཞིན་པས། ཨ་ནེ་མེ་སྒྲོན་གྱིས་སེམས་ཁུར་ཆེན་པོའི་སྒོ་ནས། ཁྲག་ཤེད་མཐོ་བ་དེ་ཤིན་ཏུ་ཉེན་ཁ་ཆེ་ཞིང་། ནད་རིགས་གཞན་གྱི་སྣ་འདྲེན་ཡིན་པས་གནས་ཚུལ་གང་འདྲ་འབྱུང་མི་ཤེས་ཟེར། ངེད་ཅག་གིས་ཆོས་རྗེ་ཉིད་ཉེ་ཟུར་གྱི་སྨན་ཁང་དུ་བསྐྱལ་ཏེ་གནམ་ཁབ་ལ་བརྟེན་ནས་ཁྲག་ཤེད་དམའ་རུ་གཏོང་བའི་རེ་བ་བཟུང་ཡང་། ཁེ་ན་ཏའི་རྒྱལ་ཁབ་ནས་གང་འདོད་དུ་གནམ་ཁབ་དང་ཁབ་ཆུང་རྒྱག་མི་ཆོག་པར་མ་ཟད། སྨན་ཡང་ལས་སླ་པོར་མི་འཚོང་ཞིང་། ཁོ་ཚོས་རྗེ་ཉིད་ཀྱི་ཁྲག་ལ་བརྟག་དཔྱད་ཙམ་ལས་སྨན་བཅོས་ཅི་ཡང་མ་བྱས་སྟབས་སེམས་འཚབ་ཆེན་པོ་ལངས་ཀྱང་ཅི་བྱ་གཏོལ་མེད་ཀྱི་ངང་དུ་ལུས།

ཉིན་ཤས་སྔོན་བྷོ་སི་ཐིན་དུ་སྡོད་སྐབས། བླ་མ་མུ་མཚོའང་བསྙུངས་ནས་སྨན་ཁང་དུ་བྱོན་དགོས་ཐུག་ཅིང་། ཐེངས་གཅིག་གི་དབང་སྐུར་བའི་ལས་རིམ་ཡང་མཚམས་མི་འཇོག་ཀ་མེད་བྱུང་། ང་ཚོས་ཆོས་རྗེ་ཉིད་ལའང་དགོང་མོའི་ཆོས་ཁྲིད་དེ་གནས་སྐབས་ཕྱིར་འཐེན་བྱ་བའི་ཞུ་བ་ཕུལ་ཡང་། ཁོང་གི་ཞལ་ནས། མི་ཧ་ཅང་མང་པོ་ཞིག་ཆོས་མཉན་དུ་ཡོང་འདུག་པར་གོ་བས། གང་ལྟར་ཆོས་ཁྲིད་འཆད་རྒྱུ་ཡིན་གསུངས། རྗེ་ཉིད་ཆོས་ཁྲིད་ལ་འབྱོན་རན་སྐབས། གསང་སྤྱོད་ཁང་དུ་ཡུན་རིང་ལ་བསྐྱུགས་སོང་བས། ངེད་ཅག་ཉེ་གནས་རྣམས་ཀྱི་སེམས་སུ་བཟོད་དཀའ་བའི་ན་ཟུག་དང་དངངས་འཚབ་སྐྱེས་ནས་ཅི་བྱེད་འདི་བྱེད་མེད་པར་གྱུར། ཡིན་ནའང་བསམ་ཡུལ་ལས་འདས་པ་ཞིག་ལ། ཆོས་རྗེ་ཉིད་ཀྱིས་ཆོས་ཁྲིད་དངོས་སུ་གསུང་ཙ་ན། ནམ་རྒྱུན་བདེ་ཐང་གི་སྐབས་དང་འདྲ་བར་སྙུང་གཞི་ཅིའང་མེད་པ་ལྟར་གྱུར་ཏེ་ཆོས་ཁྲིད་ལེགས་པར་གསུང་ཐུབ་སོང་།

ཆོས་ཁྲིད་གསུངས་ཚར་རྗེས། སླར་ཡང་སྐུ་གཟུགས་སྙུང་བའི་ཚུལ་མཛད་པར་མ་ཟད། སྙུན་ཚབས་ཤིན་ཏུ་ཆེ་བ་ལྟར་བྱུང་བས། སྔོན་ཆད་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་དང་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་དག་ཀྱང་ཕྱི་རྒྱལ་ནས་དགོངས་པ་རྫོགས་ཏེ། སྐུ་གདུང་གནམ་གྲུ་ལས་ཕྱིར་རང་ཡུལ་དུ་ཁྱེར་བ་ལྟ་བུའི་དོན་རྐྱེན་འབྱུང་བར་གྱུར་ན། ངས་ཇི་ལྟར་བྱ་སྙམ་དུ་སེམས་ལ་འཚུབ་ཆ་ཆེན་པོ་ལངས།

མ་གཞི་ཆོས་རྗེ་ཉིད་ད་དུང་མུ་མཐུད་དུ་ཡོ་རོབ་ཀྱི་རྒྱལ་ཁབ་འགའ་ལ་འབྱོན་རྒྱུའི་ལས་རིམ་ཞིབ་ཚགས་བཀོད་སྒྲིག་བྱས་ཟིན་ཀྱང་། ང་ཚོས་ཁོང་གི་སྐུ་ལུས་ཀྱིས་ལྕོགས་མིན་ཐད་གྲོས་སྡུར་མང་དུ་བྱས་མཐར། མཛད་རིམ་ཕྱི་མ་རྣམས་བསྟུང་སྟེ་དབྱིན་ཇི་དང་ཧོ་ལན་རྒྱལ་ཁབ་སོགས་སུ་མི་འབྱོན་པར། ཧྥ་རན་སི་རྒྱལ་ཁབ་ལ་འཁྱུག་ཙམ་ཕེབས་རྗེས་རང་ཡུལ་དུ་ལོག་རྒྱུའི་གྲོས་ཐག་བཅད།

སྤྱིར་ནུབ་ཕྱོགས་སུ་ཆོས་ཁྲིད་བྱེད་པ་དེ་ང་ཚོ་བོད་ཡུལ་དང་མི་འདྲ་སྟེ། ཆོས་ཁྲིད་གསུང་རྒྱུ་གཏན་ཁེལ་བྱས་པ་ལ་གློ་བུར་བའི་འགྱུར་བ་གཏང་དགོས་ན། ཆོས་ཚོགས་དེ་དག་ལའང་དཔལ་འབྱོར་གྱི་གྱོང་གུད་ཆེན་པོ་ཐེབས་པར་འགྱུར་སྲིད་ཀྱང་། ད་ལན་རྗེ་ཉིད་ཀྱི་བདེ་ཐང་ལ་བསམ་བློ་བཏང་ནས་འགྱུར་བ་མི་གཏོང་ཐབས་མེད་དུ་གྱུར་ཅིང་། གལ་ཏེ་དཔལ་འབྱོར་གྱི་གྱོང་གུད་བྱུང་བ་དག་བདག་མི་སྒེར་གྱིས་གསབ་དགོས་ཀྱང་ཐབས་ཤེས་འཐེན་དགོས་པ་རེད་སྙམ་པ་བྱུང་། ཡིན་ན་ཡང་། རྗེས་སུ་ཆོས་ཚོགས་དེ་དག་གིས་རྗེ་ཉིད་སྐུ་སྙུང་བཞིན་པའི་གནས་ཚུལ་ཤེས་རྟོགས་བྱུང་བས། ཁོང་ཚོས་དོན་དེ་དང་ལེན་བྱས་ཤིང་དཔལ་འབྱོར་གྱི་གྱོང་གུད་རྣམས་ཀྱང་ཁོ་རང་ཚོས་ཐག་གཅོད་བྱས།

དེའི་ཕྱིར། ད་ཐེངས་ཆོས་རྗེ་ཉིད་དབྱིན་ཇི་དང་ཧོ་ལན་རྒྱལ་ཁབ་སོགས་སུ་འབྱོན་རྒྱུ་དེ་རེ་ཞིག་རྟེན་འབྲེལ་འཕྲོ་ཅན་དུ་གྱུར་སོང་བ་ཡིན།

ཤེས་རབ་དང་སྙིང་རྗེ།

ཉིན་དེའི་དགོང་མོར། ཆོས་རྗེ་ཉིད་དཱལ་ཧོབ་སེ་སློབ་ཆེན་(Dalhousie University)དུ་འབྱོར་ནས། ས་གནས་དེའི་དད་ལྡན་དང་དགེ་སློབ་འགའ་ཞིག་ལ། ཤེས་རབ་དང་སྙིང་རྗེ་ལས་བརྩམས་པའི་ཁྲོམ་བསྒྲགས་གསུང་བཤད་གནང་།

དཱལ་ཧོབ་སེ་སློབ་ཆེན་ནི། ཕྱི་ལོ་༡༨༡༨ལོར་དཱལ་ཧོབ་སེ་མི་རབས་དགུ་པའི་བློན་ཆེན་གྱིས་གསར་དུ་བསྐྲུན་པ་ཡིན་ལ། ཁོང་ཚོའི་དམིགས་ཡུལ་གཙོ་བོ་ནི་གྲལ་རིམ་དང་ཆོས་ལུགས་ཀྱི་དབྱེ་བ་མེད་པར་རིས་མེད་དུ་སློབ་སྦྱོང་བྱ་སའི་མཐོ་རིམ་སློབ་གླིང་ཞིག་འཛུགས་སྐྲུན་བྱེད་པ་དེ་ཡིན་འདུག སློབ་གླིང་དེ་རིམ་གྱིས་འཕེལ་རྒྱས་བྱུང་ནས་ད་ལྟ་ཁེ་ན་ཏའི་རྩེར་སོན་སློབ་ཆེན་ཞིག་ཏུ་གྱུར་ཡོད་དེ། སློབ་གྲྭ་འདི་ནས་ཁེ་ན་ཏའི་སྲིད་འཛིན་གསུམ་དང་ནོ་ཝེར་བྱ་དགའ་བཞེས་མཁན་གྱི་མི་སྣ་གཅིག་བཅས་བྱུང་བ་རེད།

སློབ་གྲྭ་འདིའི་དཱལ་ཧོབ་སེ་སྒྱུ་རྩལ་ལྟེ་གནས་(Dalhousie Arts Centre)ཀྱི་མི་སྟོང་ཕྲག་ལྷག་ཤོང་སའི་ཚོགས་ཁང་ཆེན་མོའི་ནང་དུ། ཆོས་རྗེ་ཉིད་བཞུགས་ཁྲིར་མ་འཁོད་པའི་སྔོན་ནས། མི་རྣམས་འཚང་ཁ་ཤིག་ཤིག་གིས་གང་འདུག་ཅིང་། མདོ་འཛིན་པས་སྤྲོ་སེམས་འཁོལ་བའི་ངང་ངོ་སྤྲོད་གནང་བ་འདི་ལྟར།

ཐོག་མར་ཆོས་རྗེ་འཇིགས་མེད་ཕུན་ཚོགས་ཀྱིས་གསུང་བཤད་གནང་བ་ལ་མཉན་དུ་ཡོང་བའི་སྐུ་མགྲོན་ཚང་མར་དགའ་བསུ་ཞུ།

ཆོས་རྗེ་འཇིགས་མེད་ཕུན་ཚོགས་ནི། ཕྱི་ལོ་༡༩༣༣ལོར་བོད་ཀྱི་བྱང་ཤར་ཕྱོགས་སུ་སྐུ་འཁྲུངས་པ་དང་། ཁོང་གིས་ལོ་བཅུ་ཕྲག་ལྷག་གི་སྔོན་ནས་བཟུང་བོད་ཡུལ་གྱི་ས་ཆ་སྟོད་སྨད་བར་གསུམ་དུ་དམ་པའི་ཆོས་རྒྱ་ཆེར་སྤེལ་ཡོད་པ་སྟེ། སངས་རྒྱས་ཀྱི་བསྟན་པ་ལོ་བཅུ་ཕྲག་ཙམ་ལ་དམ་དུ་བཅིངས་པའི་བཀག་སྡོམ་གྱི་རྒྱ་ལས་ཅུང་ཟད་གྲོལ་བ་ན། སླར་ཡང་བསྟན་པ་སྤེལ་བའི་ཁུར་ཆེན་ཕྲག་ཏུ་བླངས་ཡོད།

ཆོས་རྗེ་ཁོང་ད་ལན་བོད་ཡུལ་ནས་ཐོན་ཏེ། ནུབ་ཕྱོགས་སུ་ཆོས་སྟོན་པར་ཕེབས་ཐུབ་པ་ནི་ང་ཚོ་ཚང་མར་མཚོན་ན་ཆེས་གཟི་བརྗིད་ལྡན་པ་ཞིག་ཏུ་ཆགས་ཡོད། དེ་སྔོན་ཕྱི་ལོ་༡༩༩༠ལོར། ཁོང་རྒྱ་གར་གྱི་ཕྱོགས་སུ་འཚམ་འདྲིར་བྱོན་པ་དང་། ད་ལན་ཐེངས་དང་པོར་ནུབ་ཕྱོགས་སུ་བསྐྱོད་པར་མ་ཟད། ལྷག་པར་དུ་ནའོ་ཝཱ་སི་ཁོ་ཤཱ་(Nova Scotia)ཞིང་ཆེན་དུ་ཕེབས་པས། ང་ཚོ་ཚང་མར་ཆེས་བླ་ན་མེད་པའི་སྐལ་བ་བཟང་པོ་ཐོབ་བྱུང་།

འདི་ནས་གླེང་དགོས་པ་ཞིག་ལ། ཁེ་ན་ཏར་བྱོན་པའི་མཛད་རིམ་ནི་རྗེས་སུ་གསར་དུ་བསྣན་པ་ཡིན་ལ། རྗེ་ཉིད་ཀྱིས་ཁོང་གནས་འདིར་ཕེབས་འདོད་ཡོད་གསུངས་ནས་བྱོན་ཡོང་བ་ཡིན་པས། ཚང་མས་བསམ་བློ་ཐོངས་དང་། ང་ཚོ་ནི་ཧ་ཅང་བསོད་ནམས་ཆེ་བས་དགའ་སྤྲོ་འཕེལ་འོས་པའི་དོན་ཞིག་མ་ཡིན་ནམ། གཤམ་དུ་ཆོས་རྗེ་རིན་པོ་ཆེ་མཆོག་གིས་ཚང་མ་ལ་གསུང་བཤད་གནང་རྒྱུ་རེད།

དེ་ནས་ཆོས་རྗེ་ཉིད་ཀྱིས་འདི་ལྟར་གསུང་།

དེ་རིང་གི་དུས་ཚེས་ཕུན་སུམ་ཚོགས་པ་འདི་ལ་ང་རང་ཤར་ཕྱོགས་ཨེ་ཤ་ཡའི་རྒྱལ་ཁབ་ནས། ཡུལ་ཁྱད་པར་ཅན་འཛམ་བུ་གླིང་གི་བྱང་ཕྱོགས་སུ་ཉེ་བ་ཁེ་ན་ཏའི་རྒྱལ་ཁབ་འདིར་ཐོན་པར་མ་ཟད། ཁྱེད་ཚོ་མི་སེར་བརྒྱ་ཕྲག་མང་པོ་དང་མཇལ་ཕྲད་ཡོང་བ་ལ་ཧ་ཅང་དགའ་སྤྲོ་བྱུང་། རང་རེ་ཚང་མ་ཡུལ་ཁྱད་པར་ཅན་ལྷོ་རྒྱལ་འཛམ་བུ་གླིང་གི་ཡུལ་དུ་སྐྱེས། རྟེན་ཁྱད་པར་ཅན་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ་པའི་སྐབས་འདིར། རང་དང་གཞན་ལ་ཕན་པ་སྒྲུབ་པའི་ཐབས་དང་གནོད་པ་སྤོང་བའི་ཐབས་ལ་ཅི་ནས་ཀྱང་ཚང་མས་བསམ་བློ་ཞིབ་མོ་ཞིག་གཏོང་དགོས།

ཆོས་ལུགས་གང་རུང་ལ་ཞུགས་དགོས་ཚུལ།

བསམ་བློ་ཇི་ལྟར་གཏོང་དགོས་ཤེ་ན། འཛམ་བུ་གླིང་གི་མི་རྣམས་ལ་མཚོན་ན་ཆོས་ལུགས་གང་ལའང་མ་ཞུགས་པའི་སྐྱེ་བོ་ཕལ་བ་ཞིག་དང་། ཆོས་ལུགས་གང་རུང་ལ་ཞུགས་པའི་གང་ཟག་སྟེ་རིགས་གཉིས་ཡོད། ཆོས་ལུགས་གང་ལ་ཡང་མ་ཞུགས་པའི་གང་ཟག་རྣམས་ཀྱིས་ནི། ཟས་གོས་འབའ་ཞིག་དོན་དུ་གཉེར་ནས་ཚེ་འདིའི་འཚོ་ཐབས་ཙམ་ལ་བསམ་བློ་གཏོང་བ་ལས། སྐྱེ་བ་ཕྱི་མ་དང་། དགེ་སྡིག་བླང་དོར་སོགས་ལ་དོ་སྣང་གང་ཡང་བྱེད་མི་ཤེས། རང་གི་ལྟོ་རྒྱབ་ལ་བསམ་བློ་བཏང་ནས་བཟའ་བཏུང་རྩོལ་སྒྲུབ་བྱེད་པ་ཙམ་རྟ་དང་བ་ལང་སོགས་ཀྱིས་ཀྱང་ནུས་པས། དེ་དག་ཅུང་ཟད་བླུན་པོའི་རིགས་སུ་གཏོགས་པ་ཡིན། ཆོས་ལུགས་གང་རུང་ལ་ཞུགས་པའི་གང་ཟག་རྣམས་ནི། མི་ཕལ་བ་ཚོ་ལ་ལྟོས་ན་ལྷག་པར་ཁྱད་ཆོས་ཅན་ཞིག་ཡིན་ཏེ། ཟས་གོས་རྐྱང་པ་ཙམ་མ་ཟད་འཕྲལ་ཡུན་གྱི་ཕན་བདེ་སྒྲུབ་པའི་ཆེད་དུ་ཁོས་བསམ་བློ་བཏང་ནས་གྲུབ་མཐའ་དེ་ལ་ཞུགས་པ་ཡིན། རང་ལ་མི་ལུས་ཐོབ་པའི་གནས་སྐབས་འདིར་དེ་ཆུད་ཟོས་སུ་བཏང་ན་རང་ཉིད་ཀྱང་ཧ་ཅང་ངོ་ཚ་བ་དང་། གཞན་རྒྱུ་མཚན་ཤེས་པའི་གང་ཟག་གིས་བལྟས་ན་ཡང་ཁྲེལ་འོས་པའི་གནས་སུ་གྱུར་པ་ཞིག་ཡིན་པས། ཆོས་ལུགས་གང་ཡང་རུང་བ་ལ་ཞུགས་རྒྱུ་དེ་ཧ་ཅང་གལ་ཆེ་བ་ཞིག་ཡིན། ཆེས་མཆོག་ཏུ་གྱུར་པའི་ཆོས་ལུགས་དེ་གང་ཡིན་ལ་ཡང་བསམ་བློ་ཞིབ་མོ་ཞིག་མ་བཏང་ན། ཆོས་ཞེས་པ་དེ་ཡུན་རིང་པོ་ཞིག་གི་ཕན་བདེ་སྒྲུབ་པའི་ཐབས་ཡིན་པས། བརྟག་དཔྱད་ཙམ་ཡང་མི་བྱེད་པར་ཐད་ཀར་ཞུགས་པ་ནི་ཧ་ཅང་ནོར་ཚབས་ཆེ་བ་ཞིག་ཡིན།

ཆོས་ལུགས་ལ་བརྟགས་དཔྱད་མི་བྱེད་པར་གར་བབ་བབ་ཏུ་འཇུག་པ་ནི་ང་ཚོ་བོད་ཀྱི་ཚིག་དཔེ་ལ། ཁྱི་ལྟོགས་དང་གློ་བ་ཕྲད་པ་ལྟ་བུ་ཟེར། ཤ་ཐམས་ཅད་ཀྱི་ནང་ནས་ཐ་ཆད་པ་དེ་གློ་བ་རེད། ཁྱི་ལྟོགས་ཀྱིས་དེ་ཞིམ་མིན་ལ་མི་བལྟ་བར་འཕྲད་མ་ཐག་ཐད་ཀར་ཟ་འགྲོ་བ་ཡིན། དེ་བཞིན་དུ་ཆོས་ལུགས་དང་བླ་མ་གང་རུང་རེ་ལ་འཕྲད་པ་ན་བརྟག་དཔྱད་མི་བྱེད་པར་བླ་མ་དེ་བསྟེན་པ་དང་། ཆོས་ལུགས་དེར་ཞུགས་པ་ནི་ཧ་ཅང་བླུན་པོའི་ལུགས་ཡིན། ཆོས་ཞེས་པ་ནི་ཡུན་རིང་པོའི་འདུག་ཆུས་ཤིག་ཡིན་པས་བསམ་བློ་གཏོང་ལོས་དགོས། དཔེར་ན་ང་ཚོས་ཉིན་གཅིག་གི་ཟས་ལ་ཡང་བཟང་ངན་གྱི་བརྟག་དཔྱད་རྒྱ་ཆེན་པོ་ཞིག་བྱེད་པ་རེད། ཉིན་གཅིག་གི་ཟ་མ་དེ་ངོ་མ་བཤད་ན་བཟང་རུང་ངན་རུང་ཅུང་ཙམ་ནས་མི་གཙང་བར་གྱུར་འགྲོ། ཚེ་རབས་གཏན་གྱི་འདུག་ཆུས་ཀྱི་ཆོས་དེའི་འཇུག་སྒོ་ནོར་སོང་ན་ཡུན་རིང་པོའི་མདུན་ལམ་འཆུགས་སོང་བ་ཡིན་པས་ངེས་པར་དུ་དཔྱད་པ་ཞིབ་མོ་ཞིག་བྱེད་དགོས།

ཡང་དག་པའི་ཆོས་ལུགས་ངོས་བཟུང་བ།

དེ་ཡང་ཆོས་ལུགས་འགའ་ཞིག་དེ་ཇི་ལྟ་བུ་ཞིག་རེད་ཅེ་ན། གཞན་ལ་འཚེ་བའམ་ཞེ་སྡང་ཆོས་སུ་སྨྲ་བ་དང་། གཞན་གྱི་ཆུང་མ་སོགས་ལ་ལོག་པར་སྤྱོད་པ་དང་མ་བྱིན་པའི་རྒྱུ་ནོར་ལེན་པ་ལྟ་བུའི་འདོད་ཆགས་ཆོས་སུ་སྨྲ་བ་དང་། འགའ་ཞིག་གིས་བསམ་བློ་ཅི་ཡང་མི་གཏོང་བར་རང་གིས་གང་བསམ་ཐམས་ཅད་ཐད་ཀར་གཞན་ལ་སློབ་པས་གཏི་མུག་ཆོས་སུ་སྨྲ་བའི་ཆོས་ལུགས་ཀྱང་ཡོད། དེ་ཚོར་བསམ་བློ་ཐོང་དང་ཞེ་སྡང་ཆོས་སུ་སྨྲ་བ་ཡང་ཆོས་རྣམ་དག་མ་རེད་བསམ་རྒྱུ་ཞིག་ཚང་མས་གོ་ཐུབ་སྟེ། གཞན་ཞིག་གིས་ང་ཚོ་ཚུར་བསད་པ་དང་བརྡུངས་བ་ན་དེ་འདོད་མཁན་ནམ་དགའ་མཁན་གཅིག་ཀྱང་མེད། གཞན་ཕ་རོལ་པོ་ལ་ཡང་གསོད་པ་དང་རྡུང་བ་སོགས་བྱེད་པ་དེ་འདོད་མཁན་ཞིག་རྩ་བ་ནས་སྲིད་པ་མིན། དེས་ན་ཞེ་སྡང་ཆོས་སུ་སྨྲ་བ་དེ་ཡང་ཕྱིན་ཅི་ལོག་ཡིན་པར་ཤེས་དགོས།

འདོད་ཆགས་ཆོས་སུ་སྨྲ་བའི་ཆོས་ལུགས་དེར་བསམ་བློ་བཏང་ན། དཔེར་ན་རང་གི་ཆུང་མ་གཞན་གྱིས་དབང་མེད་དུ་འཕྲོགས་སོང་སྐབས་དེར་དགའ་པོ་མི་བྱེད་པ་དང་། རང་གི་རྒྱུ་རྫས་ལོངས་སྤྱོད་གཞན་གྱིས་འཕྲོགས་སོང་ན་དེ་སུས་ཀྱང་མི་འདོད། དེ་བཞིན་དུ་གཞན་ཕ་རོལ་པོ་ལ་འདོད་ཆགས་ཀྱི་བསམ་པ་ཡིས་གནོད་པ་བྱས་ན་དེ་ཡང་མི་འགྲིག་པས། འདོད་ཆགས་ཆོས་སུ་སྨྲ་བ་ཡང་ཕལ་ཆེར་ཕྱིན་ཅི་ལོག་ཡིན་སྙམ།

གཏི་མུག་ཆོས་སུ་སྨྲ་བ་ཞེས་པ་ནི་ལམ་ལོག་པ་དང་ལམ་ནོར་བ་ལ་འཇུག་བྱེད་ཡིན་པས། དེ་ཡང་རྩ་བ་ནས་དགའ་སའི་ཡུལ་ཞིག་མིན། དཔེར་ན་ཁེ་ན་ཏའི་རྒྱལ་ས་ལ་འགྲོ་བར་འདོད་པའི་གང་ཟག་ཅིག་ཨ་རིའི་ཝ་ཧྲིང་ཐོན་དུ་ཁྲིད་སོང་ན་སུས་ཀྱང་མི་འདོད་པ་བཞིན་དུ། ཚེ་རབས་གཏན་གྱི་འདུག་ཆུས་དེ་ལམ་ལོག་པར་ཁྲིད་སོང་ན་སུས་ཀྱང་མི་འདོད། དེའི་ཕྱིར་ན་གཏི་མུག་ཆོས་སུ་སྨྲ་བ་ཡང་ཆོས་རྣམ་དག་མ་རེད་ཅེས་ཁ་ཚོན་བཅད་ནས་སྨྲ་དགོས།

ཕན་བདེ་སྒྲུབ་པའི་ཐབས་ཁྱད་པར་ཅན་གང་དུ་བསྟན་ཡོད་པ་དེ་ཆོས་རྣམ་དག་ཡིན་པར་ངོས་འཛིན་དགོས་ལ། ཕན་བདེ་སྒྲུབ་སྟངས་ཀྱང་ཆོས་ལུགས་འགའ་ཞིག་ལ་རང་དང་རང་གི་ཉེ་ས། རང་གི་རྗེས་སུ་འཇུག་པ་ཐམས་ཅད་ལ་ཕན་པ་སྒྲུབ་པ་ལས་གཞན་ཐམས་ཅད་ལ་ཕན་པ་མི་བསྒྲུབ་པ་ཡོད། དེ་ཆོས་ཕྱིན་ཅི་ལོག་མིན་ཡང་ཅུང་དམན་པ་ཞིག་ཏུ་ངོས་འཛིན་དགོས། འགའ་ཞིག་གི་ཆོས་ལུགས་ལ་རང་རྐྱང་བར་མ་ཟད་འགྲོ་བ་མིའི་རིགས་སུ་གྱུར་པ་ཚང་མ་ལ་ཕན་པ་སྒྲུབ་ཀྱང་། གཞན་དུད་འགྲོ་སོགས་ལ་ཕན་པ་མི་བསྒྲུབ་པའི་ལུགས་ཡོད་མོད། དེ་ཡང་ཆེས་མཆོག་ཏུ་གྱུར་པའི་ཆོས་ལུགས་མིན་ཏེ། འགྲོ་བ་མིའི་རིགས་སུ་གྱུར་པ་ཐམས་ཅད་རང་གི་ལུས་དང་སྲོག་ལ་གཅེས་སྤྲས་ཅི་ཙམ་ཡོད་པ་དེ་ཙམ་དུ། རྟ་དང་བ་ལང་ལ་སོགས་པའི་སྲོག་ཆགས་གཞན་ཐམས་ཅད་ལ་ཡང་གཅིག་མཚུངས་ཡིན། དེ་བཞིན་དུ་མིའི་རིགས་ལ་གནོད་པ་བྱས་ན་སྡུག་བསྔལ་འབྱུང་བ་བཞིན་དུ། དུད་འགྲོ་རྣམས་ལ་ཡང་གནོད་པ་བྱས་ན་སྡུག་བསྔལ་འབྱུང་བས། འགྲོ་བ་སེམས་ཅན་ཐམས་ཅད་ལ་ཕན་པ་སྒྲུབ་པའི་ཐབས་སྟོན་པའི་ལམ་ནི་ཆོས་ཡང་དག་ཡིན་པར་ངོས་འཛིན་དགོས། སེམས་ཅན་ཡོངས་ལ་བདེ་བ་དང་ལྡན་འདོད་ཀྱི་བྱམས་པ། སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེའི་སེམས་ཀྱིས་ཀུན་ནས་བསླངས་པའི་སྒོ་ནས་སུ་ལའང་ཕན་ཅི་ཐོགས་ཀྱི་ལུས་ངག་གི་སྤྱོད་པ་དེ་ཆོས་རྣམ་པར་དག་པ་ཡིན།

འཛམ་བུ་གླིང་འདིར་ཆོས་ལུགས་ཤིན་ཏུ་མང་པོ་ཞིག་ཡོད་ཀྱང་། འཚེ་མེད་ཀྱི་བསམ་པ་ལ་གནས་ནས་འཚེ་མེད་ཀྱི་སྤྱོད་པའི་ཆ་ནས། ཡེ་ཤུའི་ཆོས་ལུགས་དང་སངས་རྒྱས་ཆོས་ལུགས་གཉིས་འདྲ་བ་ཙམ་ཡོད། ནང་གསེས་ཡེ་ཤུའི་ཆོས་ལུགས་དང་སངས་རྒྱས་ཆོས་ལུགས་ལ་ཡང་ཁྱད་པར་ཤིན་ཏུ་མང་པོ་ཡོད་སྲིད་ཀྱང་། ང་རང་གིས་ཇི་བཞིན་དུ་བཤད་མི་ཤེས། རྒྱུ་མཚན་ནི་ང་ཚོ་བོད་ཀྱི་ལུང་པ་ན་ཡེ་ཤུའི་ཆོས་ལུགས་ཟེར་བ་ཧ་ཅང་ཉུང་ཉུང་ཡིན། ཡེ་ཤུ་པའི་ཆོས་དཔོན་རྣམས་ཀྱིས་གསུངས་པའི་ཡིག་ཆ་ཡང་མང་པོ་མཐོང་མ་མྱོང་། ནུབ་ཕྱོགས་རྒྱལ་ཁབ་ལ་ཐོན་ནས་ཟླ་བ་གཉིས་ལྷག་ཙམ་ཞིག་ལས་མིན། ཞིབ་འཇུག་ཅུང་ཟད་བྱས་ཀྱང་རྒྱ་ཆེན་པོ་མ་ཡོང་བས། ཡེ་ཤུའི་ཆོས་ལུགས་དང་སངས་རྒྱས་ཆོས་ལུགས་གཉིས་ལ་འདི་ལྟ་བུའི་ཁྱད་པར་འདུག་ཟེར་ནས་གཏན་ཁེལ་བ་ཞིག་བཤད་ཤེས་མ་སོང་། ཁྱེད་རྣམ་པས་ཡེ་ཤུའི་ཆོས་ལུགས་དང་། སངས་རྒྱས་ཆོས་ལུགས་གཉིས་ལ་ཐོག་མཐའ་བར་གསུམ་ཀུན་ཏུ་ཁྱད་པར་མེད་པར་དགོངས་ན་གཉིས་ཀའང་ཁྱད་མེད་དུ་ཉམས་སུ་ལོངས། གལ་ཏེ་བཟང་ངན་གྱི་ཁྱད་པར་ཅུང་ཟད་རེ་ཡོད་ན་ཞིབ་ཏུ་བསམ་བློ་བཏང་ནས་གང་བཟང་བ་དེ་ཉམས་སུ་ལོངས། ང་རང་ཉིད་ནང་པ་སངས་རྒྱས་པའི་ཆོས་སྨྲ་བའི་གང་ཟག་ཅིག་ཡིན་པས། ནང་པ་སངས་རྒྱས་པའི་ཆོས་ཀྱི་གནས་བབ་དེ་ཁྱེད་རྣམ་པ་ལ་མདོར་བསྡུས་ཤིག་ཞུ།

ནང་ཆོས་ཀྱི་སྙིང་དོན།

ནང་པ་སངས་རྒྱས་པའི་ཆོས་ལ་གཞན་གནོད་གཞི་དང་བཅས་པ་སྤོང་བའི་ལུགས་སྲོལ་ཞིག་དང་། དེའི་སྟེང་དུ་གཞན་ཕན་གཞི་དང་བཅས་པ་སྒྲུབ་པའི་ལུགས་སྲོལ་ཏེ་གཉིས་ཡོད་ལ། དང་པོ་ནི་དེང་སང་ཐེ་ལན་དི་དང་འབར་མ་ལ་སོགས་པའི་ཡུལ་ལ་དར་བའི་ནང་ཆོས་དེ་ཡིན། གཉིས་པ་ནི་གཞན་ལ་གནོད་མི་བྱེད་པར་མ་ཟད། རང་ལས་ཀྱང་གཞན་གཅེས་པར་བཟུང་ནས་གཞན་ཕན་འབའ་ཞིག་སྒྲུབ་པ་ནི་ཐེག་ཆེན་སྤྱིའི་ལུགས་ཡིན། དེ་གཙོ་བོ་རྒྱ་ནག་སོགས་ལ་དར་འདུག གཞན་སེམས་ཅན་རྣམས་ཀྱི་དོན་རྒྱ་ཆེན་པོ་ཡང་དཀའ་ཚེགས་མེད་པར་མགྱོགས་མྱུར་དུ་འགྲུབ་པའི་ཐབས་ལ་བརྩོན་རྒྱུ་དེ་ཐེག་ཆེན་གསང་སྔགས་ཀྱི་ཆོས་ཡིན། དེ་གཙོ་བོ་བོད་དང་རྒྱ་གར་གྱི་ཡུལ་ཕལ་ཆེར་ལ་དར་བའི་ནང་ཆོས་དེ་ཡིན།

དེ་ལྟ་བུའི་ནང་པ་སངས་རྒྱས་པའི་ཆོས་ཚང་མ་ཡང་སྟོན་པ་གཅིག་དང་། ཉམས་སུ་བླང་བྱའི་ཆོས་གཅིག་དང་། མཐར་ཐུག་གི་འབྲས་བུ་ཡང་གཅིག་པ་ཡིན་ཏེ། དེ་གསུམ་ལ་ནང་གསེས་ཀྱི་སྒོ་ནས་བསམ་བློ་བཏང་ན། ཕན་པ་སྒྲུབ་པའི་ཐབས་ཆུང་ཆུང་ཞིག་དང་། ཕན་པ་སྒྲུབ་པའི་ཐབས་ཆེན་པོ་ཞིག་དང་། ཕན་པ་སྒྲུབ་པའི་ཐབས་ཆེན་པོ་དེ་ཡང་མགྱོགས་མྱུར་ཏུ་འགྲུབ་ཐབས་ཡོད་པས། སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་བཟང་པོ་ཉིད་དུ་ངོས་འཛིན་དགོས། དེས་ན་ནང་པ་སངས་རྒྱས་པའི་ཆོས་ཡོད་ཚད་ཀྱི་བསྟན་བྱ་དེ་མཐར་ཐུག་གི་དོན་ལ་གཅིག་ཡིན། གཞན་ལ་གནོད་མི་བྱེད་པ་དང་། རང་གི་སེམས་ཡོངས་སུ་འདུལ་བར་བྱེད་པ་གཉིས་ཀྱི་ནང་དུ་འདུ་བ་ཡིན། དེ་ཡང་ཐོག་མར་རང་རྒྱུད་མ་ཐུལ་ན་གཞན་ལ་ཕན་པ་སྒྲུབ་པའི་ཐབས་མི་ཤེས། གཞན་ལ་གནོད་པ་མི་བྱེད་བསམ་ཡང་བག་མེད་ཀྱི་དབང་གིས་གནོད་པ་སྐྱེལ་འོང་། དེ་ལ་ཐོག་མར་རང་རྒྱུད་འདུལ་བ་ནི་རྩ་བ་ཡིན་པས། སྙིང་རྗེ་ཁྱད་པར་ཅན་དང་ཤེས་རབ་ཁྱད་པར་ཅན་གཉིས་ཀྱི་སྒོ་ནས་རང་རྒྱུད་འདུལ་དགོས།

སྙིང་རྗེ།

སྙིང་རྗེ་དེ་ཇི་ལྟ་བུ་ཞིག་ཡིན་ཞེ་ན། མཐའ་ཡས་པའི་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བར་གྱུར་ན་ཅི་མ་རུང་སྙམ་ནས་བསམ་པ་བཟང་པོ་བསྐྱེད་པ་དང་། སྡུག་བསྔལ་དང་བྲལ་བའི་ཐབས་ལ་ཅི་ནུས་སུ་བརྩོན་པ་ཡིན།

སྙིང་རྗེ་ཁྱད་པར་ཅན་དེ་ཡང་བདག་གཞན་མཉམ་པ་དང་། བདག་བས་གཞན་གཅེས་ཀྱི་ཐབས་རྣམ་པ་གཉིས་ལ་བརྟེན་ནས་སྒོམ་དགོས། བདག་གཞན་མཉམ་པ་དེ་ཇི་ལྟར་སྒོམ་པ་ཡིན་ཞེ་ན། དཔེར་ན་མི་གཅིག་གི་ལུས་པོ་ལ་མགོ་དང་རྐང་ལག་སོགས་མང་པོ་ཞིག་ཡོད་ཀྱང་། དེ་ཐམས་ཅད་ལ་གནོད་པ་མི་འབྱུང་བའི་ཐབས་ལ་བརྩོན་དགོས་པ་བཞིན། སེམས་ཅན་སུ་ལ་སྡུག་བསྔལ་བྱུང་ཡང་སྡུག་བསྔལ་ཡིན་པའི་ཕྱིར་ན། རང་དང་འདྲ་བར་སྡུག་བསྔལ་མི་འབྱུང་བའི་ཐབས་དང་། བདེ་བ་སྒྲུབ་པའི་ཐབས་ལ་བརྩོན་པ་དེར་བདག་གཞན་མཉམ་པ་ཟེར། གཞན་ལ་ཕན་པ་བསྒྲུབ་དགོས་པའི་རྒྱུ་མཚན་ནི། མཐའ་ཡས་པའི་སེམས་ཅན་ཐམས་ཅད། ཐོག་མ་མེད་པའི་དུས་ནས་རང་གི་ཕ་མར་མ་གྱུར་པ་གཅིག་ཀྱང་མེད་པར་བཅོམ་ལྡན་འདས་ཀྱིས་གསུངས་ཡོད། ཕ་མར་གྱུར་པའི་དུས་སུ་ནི་གཅན་གཟན་གཏུམ་པོ་སྟག་དང་གཟིག་ལྟ་བུ་ཡིན་ཡང་། ད་ལྟའི་ང་ཚོའི་ཕ་མ་ལྟར་རང་གི་བུ་ཕྲུག་ལ་ལྷག་པར་བརྩེ་བས་བསྐྱངས་པའི་དྲིན་ཆེན་ཤ་སྟག་ཡིན། དེས་ན་སེམས་ཅན་དྲིན་པོ་ཆེ་དེ་དག་གི་དྲིན་ལན་མི་གསབ་པར་མ་ཟད་གནོད་འཚེ་བྱེད་པ་ནི་ཤིན་ཏུ་ཁྲེལ་འོས་པ་ཞིག་ཡིན།

དེ་ཡང་བཅོམ་ལྡན་འདས་ཀྱིས་ཀྱང་འདི་སྐད་དུ་གསུངས་ཡོད། འཇིག་རྟེན་གྱི་ཁམས་འདིར་བདེ་བ་དང་ལེགས་པ་ཇི་སྙེད་ཅིག་ཡོད་པ་ཐམས་ཅད། གཞན་བདེ་བ་དང་ལྡན་ན་སྙམ་པའི་བསམ་པ་བཟང་པོ་དང་སྤྱོད་པ་བཟང་པོ་ལས་བྱུང་བ་དང་། ནད་མུག་མཚོན་འཁྲུག་ལ་སོགས་པའི་སྡུག་བསྔལ་ཇི་སྙེད་ཅིག་ཡོད་པ་ཐམས་ཅད་ནི་རང་ཁོ་ན་བདེ་འདོད་དང་། གཞན་མ་སྐྱིད་ན་མ་བདེ་ན་སྙམ་པའི་བསམ་ངན་ལས་བྱུང་བ་ཡིན་པར་གསུངས་ཡོད། དེའི་རྒྱུ་མཚན་ནི་བདག་ཅག་གི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱིས། གཞན་དོན་འབའ་ཞིག་སྒྲུབ་པར་མ་ཟད། རང་གི་སྐུ་སྲོག་ལའང་ཕངས་པ་མེད་པར་ཚེ་རབས་མང་པོའི་བར་དུ་སེམས་ཅན་རྣམས་ལ་ཕན་པ་བསྒྲུབས་པས། བདེ་བ་དང་དགའ་བ་བསམ་གྱིས་མི་ཁྱབ་པའི་འབྲས་བུ་མཐར་ཐུག་གི་གོ་འཕང་ཐོབ་པ་དང་། སེམས་ཅན་ཕལ་བ་རྣམས་ཀྱིས་ཐོག་མ་མེད་པའི་དུས་ནས་རང་གཅིག་པུ་བདེ་ན་བསམ་པ་དང་། གཞན་མ་བདེ་ན་བསམ་པས་ད་རུང་ཡང་སྡུག་བསྔལ་མུ་མཐའ་མེད་པ་ལ་སྤྱོད་བཞིན་ཡོད། དེས་ན་གཞན་ཕན་སྒྲུབ་པའི་ཐབས་དེ་ཡང་རང་ལས་མཆོག་ཏུ་གྱུར་པ་ཐམས་ཅད་ལ་ཕྲག་དོག་མེད་པ་དང་། རང་དང་མཉམ་པ་ཐམས་ཅད་ལ་ཟུར་ཟ་མེད་པ། རང་ལས་དམན་པ་ཐམས་ཅད་ལ་བརྙས་བཅོས་མེད་པ་ཞིག་གི་སྒོ་ནས་ཐོག་མར་རང་རྒྱུད་དྲང་པོའི་ལམ་ལ་གནས་དགོས། དེ་ལྟ་བུའི་སྤྱོད་པ་ཕུན་སུམ་ཚོགས་པས་སེམས་ཅན་རྣམས་བདེ་བ་དང་ལྡན་འདོད་ཀྱི་བྱམས་པ་དང་། སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ། བདེ་བ་དང་ལྡན་པ་ལ་དགའ་བ། རང་གི་ཉེ་བ་རྣམས་ལ་ཆགས་པ་དང་གཞན་དགྲ་བོ་སོགས་ལ་སྡང་བ་མེད་པའི་བཏང་སྙོམས་ཏེ། ཚད་མེད་བཞི་ལ་དུས་རྒྱུན་དུ་གོམས་པར་བྱེད་པ་ནི་སྙིང་རྗེའི་ཉམས་ལེན་ཡིན།

ཤེས་རབ།

སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ་ན་བསམས་ཀྱང་བདེ་བ་སྒྲུབ་པའི་ཐབས་དང་། སྡུག་བསྔལ་སེལ་བའི་ཐབས་མ་ཤེས་པར་རང་གར་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་སྐྱེ་བ་ཙམ་གྱིས་མི་ཆོག དེའི་གྲོགས་སུ་ཤེས་རབ་དྲི་མ་མེད་པ་ཞིག་རང་རྒྱུད་ལ་བསྐྱེད་དགོས། ཤེས་རབ་དྲི་མ་མེད་པ་དེ་ཡང་རང་དང་སེམས་ཅན་ཐམས་ཅད་ལ་ཕན་པ་སྒྲུབ་པའི་ཐབས་ཤེས་པ་དང་། གནོད་པ་ལས་བསྲུང་བའི་ཐབས་ཤེས་པ་ལ་གོ་ཞིང་། དེ་ལྟ་བུའི་ཤེས་རབ་ཁྱད་པར་ཅན་དེ་རྒྱུ་མེད་རྐྱེན་མེད་ཀྱིས་མི་སྐྱེ་ལ། རང་རྐྱང་བས་བསམ་བློ་བཏང་ཡང་ཐབས་དེ་ཤེས་མི་ཐུབ། དེ་ཤེས་པར་བྱེད་པ་ལ་སངས་རྒྱས་ཀྱི་ཆོས་སོགས་ལ་རང་ལས་ལྷག་པའི་སྦྱང་བརྩོན་ལྡན་པའི་ཤེས་ཡོན་ཅན་གྱི་བླ་མ་དང་། དགེ་རྒན་གང་རུང་ཞིག་བསྟེན་ནས་དེའི་དྲུང་དུ་སངས་རྒྱས་ཀྱིས་གསུངས་པའི་ཆོས་ལ་སྦྱང་བརྩོན་རྒྱ་ཆེན་པོ་ཞིག་བྱ་དགོས། བླ་མའི་དྲུང་ནས་མཉན་རྒྱུའི་ཆོས་དེའང་། བོད་ལུང་པ་ལྟ་བུ་ལ་མཚོན་ན་རྒྱ་གར་འཕགས་པའི་ཡུལ་ནས་བརྒྱུད་ཡོང་བའི་ནང་ཆོས་བཀའ་དང་བསྟན་བཅོས་གཉིས་ལ་ཕལ་ཆེར་པོ་ཏི་ཆེ་ཚད་སུམ་བརྒྱ་ལྷག་འདུག བོད་རང་གི་བླ་མ་རྣམས་ཀྱིས་བརྩམས་པའི་ཆོས་ཚུལ་ལ་ཡང་པོ་ཏི་སྟོང་ཕྲག་མང་པོ་ཡོད། རབ་ན་དེ་ཚང་མ་ལ་སློབ་སྦྱོང་བྱེད་པ་དང་། དེ་ཙམ་མ་ནུས་ཀྱང་རང་དང་གཞན་ལ་ཕན་པ་སྒྲུབ་པའི་ཐབས་དང་། གནོད་པ་ལས་སྲུང་བའི་ཐབས་གསལ་བར་སྟོན་པའི་བྱང་ཆུབ་སེམས་དཔའི་སྡེ་སྣོད་རྣམས་ལ་ངེས་པར་དུ་བླ་མའི་དྲུང་ནས་ལེགས་པར་མཉན་དགོས། མཉན་བྱའི་ཚིག་དང་དོན་གྱི་ཆ་རྣམས་རང་གིས་ལག་ལེན་དགོས་ན་ཤེས་སམ་མི་ཤེས་བརྟག་དཔྱད་ཞིབ་འཇུག་བྱས་ནས་བསམ་བློ་གཏང་དགོས། ཐོས་པ་རྐྱང་བ་ལས་དཔྱད་པ་གཅིག་ཀྱང་མ་བྱས་ན་ཆོས་དེ་ཡང་དག་པ་ཞིག་ཤེས་པའི་གོ་སྐབས་མེད། དཔེར་ན། སློབ་ཕྲུག་ཅིག་གིས་ལོ་བཅུ་ཕྲག་ལྷག་གི་བར་དུ་སློབ་སྦྱོང་བྱས་པའི་སློབ་ཚན་རྣམས་ལ་མཉན་ཡང་ཁོས་བསམ་བློ་རྩ་བ་ནས་མ་བཏང་ན་ཚིག་གཅིག་ཀྱང་མི་ཤེས། དཔྱད་པ་ཕྱོགས་ཙམ་ཞིག་གིས་ཀྱང་ལག་ལེན་གདབ་མི་ཤེས་ཏེ། རླངས་འཁོར་སྐོར་བ་ལ་ལག་པས་བསྐོར་རྒྱུ་དང་རྐང་པས་གནན་རྒྱུ་ཡོད་པར་སྨྲས་པ་ཙམ་གྱིས་རླངས་འཁོར་བསྐོར་ནས་ལམ་ལ་འགྲོ་མི་ཤེས་པས་ལག་ལེན་མཐར་ཕྱིན་པ་ཞིག་ཤེས་དགོས། ཤེས་ཟིན་པའི་དོན་དེ་རང་རྒྱུད་ལ་མ་སྦྱར་ན་ཤེས་པ་ཙམ་གྱིས་ཕན་པ་མེད། རླངས་འཁོར་སྐོར་ཤེས་ཀྱང་མ་བསྐོར་ན་མ་ཤེས་པ་དང་ཁྱད་མེད་པ་ལྟ་བུ་ཡིན་པས། ཤེས་རབ་ཆེན་པོ་དེ་རང་རྒྱུད་ལ་སྐྱེད་པར་བྱེད་པ་ལ། དང་པོ་ཐོས་པ་དང་། བར་དུ་བསམ་པ། ཐ་མར་སྒོམ་པ་གསུམ་རིམ་བཞིན་དུ་བྱང་ཆུབ་པ་ཞིག་དགོས།

ཤེས་རབ་དང་སྙིང་རྗེ་གཉིས་ཉམས་སུ་ལེན་ཚུལ།

དེས་ན་ད་རེས་སྐབས་སུ་བབས་པ་ནི་ཤེས་རབ་དང་སྙིང་རྗེ་གཉིས་ཉམས་སུ་ལེན་སྟངས་མདོར་བསྡུས་པ་ཞིག་ཁྱེད་རྣམ་པ་ལ་ཞུ། དེ་ཇི་ལྟར་བསྒོམ་དགོས་ན། མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཐོག་མ་མེད་པའི་དུས་ནས་ཕ་མར་མ་གྱུར་པ་གཅིག་ཀྱང་མེད། ཕ་མར་གྱུར་པའི་དུས་སུ་ད་ལྟའི་ཕ་མ་བཞིན་དུ་ཟས་ཀྱི་ཕུད་བྱིན། གོས་ཀྱི་རྩེས་གཡོགས། བསམ་སྦྱོར་གཉིས་ཀྱིས་ཤིན་ཏུ་བྱམས་པས་བསྐྱངས་པའི་དྲིན་ཆེན་ཤ་སྟག་ཡིན། དྲིན་ཅན་དེ་དག་གིས་འདོད་རྒྱུ་བདེ་བ་འདོད་ཀྱང་བདེ་བའི་རྒྱུ་བསྒྲུབ་མི་ཤེས། སྡུག་བསྔལ་མི་འདོད་ཀྱང་སྡུག་བསྔལ་གྱི་རྒྱུ་ལ་ངང་གིས་འཇུག་བཞིན་ཡོད་པས། དེ་དག་ཐམས་ཅད་ལ་སྙིང་རེ་རྗེ་བསམ་དགོས་པ་ཡིན། སེམས་ཅན་དེ་དག་གིས་ཞེ་འདོད་དང་ལག་ལེན་གཉིས་རྒྱབ་འགལ་དུ་གྱུར་ནས། ལམ་ལོག་མགོ་རྨོངས་ལོང་བ་ཐང་དཀྱིལ་དུ་ལུས་པ་ལྟ་བུ་ཞིག་ཏུ་གྱུར་ཡོད་དེ། དཔེར་ན། ཕལ་ཆེ་བ་ཞིག་གིས་རང་གི་ཚེ་རིང་བའི་ཕྱིར་དུ། དགྲ་ཞིག་ཡིན་ན་དེ་མ་བསད་ན་ཚུར་གསད་ཡོང་བ་ལ་དོགས་ནས་དགྲ་བོ་ཇི་ལྟར་བཏུལ་ཡང་གོང་འཕེལ་དུ་འགྲོ་བ་དང་། ཁྱད་པར་དུ་སེམས་ཅན་གཅིག་བསད་ན་སྲོག་ལན་ལྔ་བརྒྱའི་བར་དུ་གཞལ་དགོས། དེས་ཀྱང་ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་གྱུར་བ་ཡིན། གཞན་ཡང་ནོར་ལོངས་སྤྱོད་ཐོབ་པའི་ཕྱིར་གཞན་ལ་ཅི་ཙམ་བརྐུས་ན། རང་ལ་ཡང་མི་འདོད་པ་སྣ་ཚོགས་འབྱུང་ནས་རང་གི་རྒྱུ་རྫས་རྣམས་ཀྱང་གཏོར་བརླག་ཏུ་འགྲོ་བའི་རྒྱུ་དང་། ཁྱད་པར་དུ་ལས་ཀྱི་ལན་ཆགས་ཀྱིས་ཅི་ཙམ་བརྐུས་པ་དེ་ཙམ་དབུལ་བོ་ཉིད་དུ་གྱུར་འགྲོ་ཡང་ཁོས་མི་ཤེས། དེས་ན་སེམས་ཅན་དེ་དག་ཐམས་ཅད་ཀྱིས་བདེ་བ་བསྒྲུབ་མི་ཤེས་ཤིང་སྡུག་བསྔལ་སྤང་མི་ཤེས་པས། བདག་གིས་སེམས་ཅན་ཐམས་ཅད་བདེ་བ་ལ་བཀོད་ནས་སྡུག་བསྔལ་དང་བྲལ་བའི་ཐབས་ཤིག་བྱ་སྙམ་དགོས། འོན་ཀྱང་འགྲོ་བ་སེམས་ཅན་ཐམས་ཅད་ལ་ཕན་པ་སྒྲུབ་པའི་ནུས་པ་ད་ལྟ་བདག་ལ་མེད་ཀྱང་ཕན་པ་སྒྲུབ་པའི་ནུས་པ་གང་ནས་རྙེད་སྙམ་དུ་བསམ་བློ་བཏང་ན། དཀའ་ངལ་གང་ཡང་མེད་པར་མྱུར་བ་ཉིད་དུ་སེམས་ཅན་ཐམས་ཅད་ཕན་བདེ་ལ་འགོད་པའི་ནུས་པ་དང་ལྡན་པ་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱི་གོ་འཕང་ཡིན་པ་ཤེས་པར་བྱས་ནས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་པར་བྱ་སྙམ་པའི་དམ་བཅའ་རྒྱུད་ལ་བརྟེན་པ་དང་། སངས་རྒྱས་ཀྱི་གོ་འཕང་དེ་ཡང་རྒྱུ་མེད་རྐྱེན་མེད་དུ་མི་འབྱུང་བས་དེའི་རྒྱུ་ལ་འབད་དགོས།

དེ་ཡང་སངས་རྒྱས་འགྲུབ་བྱེད་ཀྱི་རྒྱུ་དེ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་དེ། དང་པོ་སྦྱིན་པའི་ཕར་ཕྱིན་ནི། རང་གི་ལུས་དང་ལོངས་སྤྱོད་དགེ་བ་དང་བཅས་པ་སེམས་ཅན་རྣམས་ལ་ཕངས་མེད་དུ་བྱིན་པ་ལ་ཟེར། གཉིས་པ་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ནི། སེམས་ཅན་རྣམས་ལ་གནོད་མི་བྱེད་པར་མ་ཟད་སེམས་ཅན་རྣམས་ལ་ཕན་བདེ་སྒྲུབ་པའི་ཐབས་ལ་བརྩོན་པ་ལ་ཟེར། གསུམ་པ་བཟོད་པའི་ཕར་ཕྱིན་ནི། སེམས་ཅན་སུ་ཡིན་ཡང་རང་ལ་ཇི་ལྟར་གནོད་པ་བྱས་རུང་དེ་ལ་ཞེ་སྡང་མེད་པར་མ་ཟད་ཕན་པ་དཔག་ཏུ་མེད་པ་སྒྲུབ་པའི་ཐབས་ལ་བརྩོན་རྒྱུ་ལ་ཟེར། བཞི་པ་བརྩོན་འགྲུས་ཀྱི་ཕར་ཕྱིན་ནི། སེམས་ཅན་རྣམས་ཀྱི་དོན་དུ་ཕན་པ་དང་བདེ་བའི་བྱ་བ་སྒྲུབ་པ་ལ་ལྷག་པར་སྤྲོ་ནས་དགེ་བ་རྣམ་དག་སྒྲུབ་པ་ལ་ཟེར། ལྔ་པ་བསམ་གཏན་གྱི་ཕར་ཕྱིན་ནི། རང་གི་སེམས་འདོད་ཆགས་དང་། ཞེ་སྡང་། གཏི་མུག་གི་དབང་དུ་མི་འགྲོ་བར་དགེ་བའི་བསམ་པ་ལ་རྩེ་གཅིག་ཏུ་འཇོག་པར་བྱེད་པ་ལ་ཟེར། དྲུག་པ་ཤེས་རབ་ཀྱི་ཕར་ཕྱིན་ནི། ལས་རྒྱུ་འབྲས་བསླུ་མེད་ཡིན་པར་ཤེས་ནས་ཤེས་བྱའི་དོན་ལ་རྨོངས་པ་མེད་པར་འཇུག་པ་དེ་ཡིན། དེ་དག་སྒོམ་པ་ལ་སྙིང་རྗེས་སེམས་ཅན་ལ་དམིགས་པའི་ཟུར་དང་། ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པའི་ཟུར་གཉིས་ཚང་བ་ཡིན་པས། དེ་ལྟ་བུའི་ཉམས་ལེན་ལ་དུས་རྒྱུན་དུ་བརྩོན་པ་དེར་ནང་པ་སངས་རྒྱས་པའི་ཆོས་ཀྱི་སྙིང་པོའི་གནད་ཡོངས་སུ་རྫོགས་པ་འདུས་ཤིང་། ནང་ཆོས་ཉམས་སུ་ལེན་འདོད་པ་ཐམས་ཅད་ཀྱིས་ཉམས་སུ་བླང་བྱའི་སྙིང་པོ་ནི། སྙིང་རྗེ་དང་ཤེས་རབ་འདི་གཉིས་ཡིན་པས་དེ་ལ་རྩེ་གཅིག་ཏུ་ཉམས་ལེན་གྱིས། ནང་པ་སངས་རྒྱས་པའི་ཆོས་དེ་རྣམ་པར་དག་པ་ཡིན་མིན་ལ་ཞིབ་འཇུག་བྱེད་མཁན་རྣམས་ཀྱིས་ཀྱང་འདི་ལ་བསམ་བློ་ཐོང་དང་། སྙིང་རྗེ་དྲི་མ་མེད་པ་སྒོམ་པ་དང་ཤེས་རབ་རྣམ་པར་དག་པ་རྒྱུད་ལ་སྦྱར་རྒྱུ་དེ་སྐྱོན་ཅན་ཡིན་ན། ནང་པ་སངས་རྒྱས་པའི་ཆོས་དེ་སྐྱོན་ཅན་ཡིན་པ་དང་། དེ་སྐྱོན་མེད་ཡིན་ན་ནང་པ་སངས་རྒྱས་པའི་ཆོས་དེའང་སྐྱོན་མེད་དུ་གྱུར་པ་ཡིན། གལ་ཏེ་ནང་པ་སངས་རྒྱས་པའི་ཆོས་དེ་སྐྱོན་མེད་ཅིག་ཡིན་པར་གོ་ན་ངེས་པར་དུ་རང་ཐག་རང་གིས་བཅད་ནས་ཆོས་དེ་ལ་འཇུག་དགོས་པ་ཡིན།

ནང་པ་སངས་རྒྱས་པའི་ཆོས་དེ་ཡང་དག་པ་ཡིན་པར་ཤེས་བཞིན་དུ་ད་དུང་མི་འཇུག་པར། ངེད་ཚང་གི་ཨ་ཕའི་ཆོས་ལུགས་འདི་ཡིན། ཨ་མྱེ་ཡི་ཆོས་ལུགས་འདི་ཡིན་ཟེར་ནས་དེར་ཞེན་ལྟ་བྱེད་པ་ནི་ཧ་ཅང་གླེན་པ་ཡིན་ཏེ། ང་ཚོ་བོད་ཀྱི་ཚིག་དཔེ་ལ། གླེན་པ་ཆུ་མཆོང་ལུག་མཆོང་ཟེར། དེའི་དོན་ནི་ལུག་གཅིག་ཆུ་ནང་དུ་སྔོན་ལ་མཆོངས་ན་ལུག་གཞན་པ་རྣམས་ཀྱིས་ཀྱང་། ཆུས་ཁྱེར་མི་འཁྱེར་ལ་མི་བརྟག་པར་དེའི་རྗེས་སུ་ཚམ་ཚོམ་མེད་པར་མཆོངས་འགྲོ་བ་ལ་ཟེར་བས་དེ་ལྟར་བྱ་མི་རུང་། ཁྱེད་ཚོ་ཁེ་ན་ཏའི་ཡུལ་ཁམས་ཀྱི་ལུག་རྣམས་དེ་འདྲ་བ་ཞིག་ཨེ་ཡིན་མི་ཤེས། ང་ཚོ་བོད་ཀྱི་ལུག་རྣམས་དེ་ལྟ་བུ་ཞིག་ཡིན། སྔ་མ་དེ་ཆུ་ལ་མཆོངས་སོང་ན་རྗེས་མ་རྣམས་ཀྱིས་སྔ་མ་ཆུས་ཁྱེར་སོང་བ་མཐོང་ཡང་ཁོ་རང་མཆོངས་འགྲོ་བ་ཡིན། དེས་ན་ཕ་མེས་ཀྱི་རིང་ནས་བརྒྱུད་པའི་ཆོས་ལུགས་ཡིན་ན་ཡང་། ཞིབ་འཇུག་མི་བྱེད་པར་དེར་ཞེན་ལྟ་བྱས་པ་ལ་ཆུ་མཆོང་ལུག་མཆོང་ཟེར། དེ་ནི་ཤིན་ཏུ་སྨད་པའི་གནས་སུ་གྱུར་པ་ཞིག་ཡིན། ༼དགོད་སྒྲ།༽

ང་ཚོ་བོད་ཀྱི་བླ་མ་ཞིག་གིས་འདི་ལྟར་གསུངས་ཡོད། མཁས་པ་རང་གིས་དཔྱོད་ཤེས་ཀྱི། །བླུན་པོ་གྲགས་པའི་རྗེས་སུ་འབྲང་། །ཁྱི་རྒན་ཀུ་ཅོ་འདོན་པ་ན། །རྒྱུ་མཚན་མེད་པར་གཞན་དག་རྒྱུག །ཅེས་པ་སྟེ། མཁས་པ་ཡིན་ན་རང་གིས་བསམ་བློ་བཏང་ནས་ལམ་ལ་འཇུག་པ་དང་། བླུན་པོ་ཡིན་ན་གཞན་ཟེར་གྱི་རྗེས་སུ་འཇུག་པར་བཤད་ཡོད། དཔེར་ན། གྲོང་སྟོད་ཀྱི་ཕྱོགས་ནས་ཁྱི་རྒན་ཞིག་གིས་ཀུ་ཅོ་འདོན་པ་ན་ཁྱི་གཞན་པ་ཐམས་ཅད་ཀྱིས་ཀྱང་རྒྱུ་མཚན་ཅི་ཡང་མེད་པར་ཀུ་ཅོ་འདོན་པ་ལྟར། བརྟག་དཔྱད་མེད་པར་གཞན་ཟེར་གྱི་རྗེས་སུ་འཇུག་མི་རུང་། ཁྱེད་རྣམ་པས་ཀྱང་ངོ་མ་བསམ་བློ་ཞིབ་མོ་ཞིག་ཐོང་དང་། ང་ནང་པ་སངས་རྒྱས་པའི་ཆོས་སྨྲ་བའི་གང་ཟག་ཅིག་ཡིན་པས་དེའི་ཕྱོགས་ནས་སྐད་ཆ་བཤད་པ་རེད་མ་བསམ། ང་རང་ལོ་བདུན་གྱི་དུས་སུ་ནང་པ་སངས་རྒྱས་པའི་ཆོས་སྒོར་ཞུགས་པ་ཡིན། ད་ལྟ་ལོ་དྲུག་ཅུ་ཐམ་པར་སླེབས་ཀྱང་རྨོངས་དད་བྱས་ནས་ནང་པ་སངས་རྒྱས་པའི་ཆོས་འདི་ཡག་པོ་ཞིག་ཡིན་རྒྱུ་རེད་བསམ་མ་མྱོང་། ནང་ཆོས་ལ་བརྟག་དཔྱད་ཞིབ་མོ་ཞིག་བྱས་ནས་ཚེ་གང་བོར་བསམ་བློ་བཏང་བའི་གྲུབ་འབྲས་ནི། འཛམ་བུའི་གླིང་གི་ཆོས་ལུགས་ཡོངས་རྫོགས་ཀྱི་ཕུལ་དུ་བྱུང་བ། གོལ་འཆུག་མེད་པ་དེ་ནང་པ་སངས་རྒྱས་པའི་ཆོས་འདི་རེད་སྙམ་བཞིན་ཡོད།

དེའི་ཕྱིར་ན་རང་གིས་ཀྱང་བསྒོམ་རྒྱུའི་སྙིང་པོ་ནི་དྲི་མ་མེད་པའི་ཤེས་རབ་དང་། སྙིང་རྗེ་ཆེན་པོ་གཉིས་ཡིན་ལ། སྐྱབས་གནས་མཐར་ཐུག་པ་དེ་དཀོན་མཆོག་གསུམ་པོ་ཡིན། ཁྱེད་རྣམས་ཀྱི་ཐུགས་ལ་འཕྲོད་ན་དེ་བཞིན་དུ་ཉམས་སུ་ལོངས། ད་རེས་ང་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ལ་ལྟ་སྐོར་དུ་ཡོང་སྐབས་ཨ་རིའི་ལུང་པ་ནས་ཟླ་བ་གཉིས་འགོར་ཐལ། ཨ་རིའི་ལུང་པའི་མི་ཚང་མ་ཡང་གཤིས་ཀ་བཟང་ཞིང་། ངམ་དཀར་བ། དགོད་འཛུམ་ཅན་གྱི་མི་ཉམས་སྤྲོ་པོ་ཞིག་ཏུ་མཐོང་སོང་། དེ་བཞིན་དུ་ཁེ་ན་ཏའི་མི་རྣམས་ཀྱང་ཨ་རིའི་ཡུལ་གྱི་མི་ལྟར་ཧ་ཅང་ཉམས་སྤྲོ་དང་ལྡན་པ་ཞིག་རེད། ང་ཡང་སེམས་ཧ་ཅང་སྤྲོ་སོང་བས། དོ་ནུབ་ཡུན་རིང་པོའི་བར་དུ་ངས་རེས་འགའ་ཆོས་བཤད་པ་དང་། རེས་འགའ་ཉམས་མཚར་གྱི་སྐད་ཆ་རེ་བཤད་འདོད་ཀྱང་། ད་རེས་ངའི་ལུས་ཁམས་ལ་ཧ་ཅང་མི་བདེ་བ་ཞིག་བྱུང་འདུག་པས་དེ་ཙམ་ཞིག་མ་གཏོགས་བཤད་ཐུབ་མ་སོང་། དགོངས་འགལ་མེད་པར་ཞུ། ད་རེས་ང་ཁེ་ན་ཏའི་ས་ཁུལ་ལ་ཐོན་པའི་གནས་སྐབས་སུ། གྲོང་ཁྱེར་ཆེ་ཆུང་གི་མགོ་ཁྲིད་རྣམས་ཀྱིས་ཀྱང་། དགའ་བསུ་ཞུ་བ་ཙམ་དུ་མ་ཟད་རྗེས་མ་ཡང་ཡང་འཕྲད་པའི་སྨོན་འདུན་བཟང་པོ་ཞུས་ཐལ། དེ་བཞིན་དུ་ཁྱེད་རྣམ་པས་ཀྱང་རྣམ་འགྱུར་ཧ་ཅང་བཟང་པོས་ང་ལ་དགའ་བསུ་ཚད་མེད་བྱས་པས། ཁ་ཞེ་གཉིས་མེད་ཀྱིས་ཐུགས་རྗེ་ཆེ་ཞུ་བ་ཡིན།

མཇུག་མཐར་ཞུ་རྒྱུ་ལ། ང་ཚོ་ཚེ་འདིར་ཡང་ཡང་འཕྲད་ནས་ནང་པ་སངས་རྒྱས་པའི་ཆོས་ལ་ཉམས་ལེན་མཛད་པར་འགྱུར་བའི་སྨོན་འདུན་དང་། ཕྱི་མ་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེས་ནས། མགོན་པོ་འོད་དཔག་མེད་ཀྱི་ཞབས་དྲུང་དུ་ལྷན་ཅིག་ཏུ་འཛོམས་པའི་སྨོན་འདུན་བཟང་པོ་ཞུས་པ་ཡིན། བཀྲ་ཤིས་བདེ་ལེགས།

དཀོན་མཆོག་གསུམ་ལ་དད་པ་བསྐྱེད་ཚུལ།

ཕྱི་ཟླ་༨པའི་ཚེས་༡༩ཉིན་གྱི་སྔ་དྲོར། ཆོས་རྗེ་ཉིད་ཤར་ཆེན་གླིང་དང་ཁ་བྲལ་ནས་ཆུ་ཚོད་གཉིས་ཙམ་ལ་རླངས་འཁོར་དུ་བཞུགས་ཏེ་རྡོ་རྗེ་འདན་མ་གླིང་(Dorje Denma Ling)དུ་ཕེབས། སློབ་གླིང་གཞིས་ཀ་(Schoolhouse)ཞེས་པའི་སྤྲོ་ཁང་དེར་བཞུགས་ཤིང་། ཆོས་རྗེ་ཉིད་ཀྱིས་ཆོས་ཚོགས་འདིར་ཉིན་བཞི་ཡི་རིང་ལ་དབང་ཁྲིད་གནང་།

རྡོ་རྗེ་འདན་མ་གླིང་ནི་གླིང་གེ་སར་རྒྱལ་པོའི་བློན་ཆེན་འདན་མའི་མཚན་ཐོག་ནས་བཏགས་པ་ཡིན་འདུག་ལ། བློན་ཆེན་འདན་མ་ནི་ཆོས་རྗེ་ཉིད་ཀྱི་སྐུ་སྐྱེ་གོང་མ་འདན་སྲས་གཡུ་འོད་འབུམ་མེའི་ཕ་ཡབ་རེད། ཆོས་ཚོགས་འདི་ནི་ཧཱ་ལི་ཧྥ་ཁི་སི་གྲོང་ཁྱེར་ནས་སྤྱི་ལེ་༡༤༠ཙམ་གྱི་མཚམས་སུ་ཡོད་པ་དང་། ཤམྦྷ་ལའི་སློབ་མ་དག་རྒྱུན་སྡོད་བྱས་ཏེ་སྒོམ་སྒྲུབ་བྱ་སའི་ལྟེ་གནས་ཤིག་ཀྱང་ཡིན་ལ། ཐཱེ་ཐཱ་མཱ་ཀའོ་ཁྲི་(Tatamagouche)ཞེས་པའི་གྲོང་རྡལ་ཞིག་གི་མངའ་ཁོངས་སུ་ཆགས་ཡོད། ས་ཆ་འདི་ནི་ལོ་སྟོང་ཕྲག་འགའ་ནས་ད་ལྟའི་བར་དུ་མེ་གླིང་གི་གདོད་མའི་མི་རིགས་ཀྱི་འདུས་སྡོད་གནས་ཡུལ་ཡིན་པར་གྲགས། གནས་འདིར་གྲོང་ཁྱེར་གྱི་འུར་ཟིང་དང་འདུ་འཛིས་དབེན་ཞིང་། ཁོར་ཡུག་ཀུན་ནགས་ཚལ་དང་སྤང་ལྗོངས་ཀྱིས་བརྒྱན་པས་ཡིད་དབང་འཕྲོག་པའི་སྒོམ་སྒྲུབ་ཉམས་ལེན་བྱ་སའི་དབེན་གནས་སྐྱིད་པོ་ཞིག་རེད།

ཕྱི་དྲོར། ཆོས་རྗེ་ཉིད་ཀྱིས་ཆོས་ཚོགས་འདིའི་སློབ་མ་དང་། ཨ་རི་དང་ཁེ་ན་ཏའི་ཕྱོགས་སོ་སོ་ནས་ཡོང་བའི་སློབ་མ་སྟོང་ཕྲག་འགའ་ལ་ཧ་ཅང་ངོ་མཚར་ཆེ་བའི་ཆོས་ཁྲིད་འདི་ལྟར་གནང་།

དེ་རིང་གང་གླེང་བར་བྱ་བའི་གཏམ་གྱི་གཞི་ནི། གཙོ་བོ་ནང་པ་སངས་རྒྱས་པའི་ཆོས་ལུགས་དང་མཐུན་པའི་གཏམ་བཤད་མདོར་བསྡུས་ཙམ་ཞིག་ཞུ་བ་ཡིན།

མཐུན་རྐྱེན་འཛོམས་པ།

འདིར་ད་རེས་ང་ཚོ་སྐལ་བ་བཟང་པོ་ཞིག་ཏུ་གྱུར་ཡོད་པ་ཤེས་དགོས། དེ་ཡང་སྐལ་བ་ཇི་ལྟར་བཟང་ཞེ་ན། སྐྱེ་བར་དཀའ་བ་ལྷོ་རྒྱལ་འཛམ་བུ་གླིང་དུ་སྐྱེས་པས་ཡིན། འཛམ་བུ་གླིང་ཤིན་ཏུ་ཕུན་སུམ་ཚོགས་པ་ཡིན་པའི་རྒྱུ་མཚན་ཡང་། དཔེར་ན་ཤར་ལུས་འཕགས་པོ་དང་། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན་སོགས་མིའི་ཡུལ་གཞན་མང་པོ་ཡོད་པ་དེ་དག་ལ། ལོངས་སྤྱོད་དང་བདེ་སྐྱིད་ནི་ཕུན་སུམ་ཚོགས་པ་ཡོད་ཀྱང་དམ་པའི་ཆོས་སྒྲུབ་པའི་སྐལ་བ་མེད་པས། འཛམ་བུ་གླིང་ནི་དེ་དག་ལས་ཁྱད་པར་དུ་འཕགས་པ་ཡིན་པར་ཤེས་དགོས།

འཛམ་བུ་གླིང་འདིར་མི་ལུས་རིན་པོ་ཆེ་ཐོབ་པ་འདི་ནི་ཧ་ཅང་རྙེད་པར་དཀའ་བ་དང་། རྙེད་པ་དེ་ཡང་སྐལ་བ་བཟང་པོ་མཆོག་ཏུ་གྱུར་བ་ཡིན་པ་ཤེས་དགོས། དེ་ཡང་གཙོ་བོ་དམྱལ་བ་དང་ཡི་དྭགས། དུད་འགྲོ། ལྷ་མ་ཡིན་ལ་སོགས་པའི་གནས་སུ་སྐྱེ་བར་གྱུར་ན་སྡུག་བསྔལ་བཟོད་དུ་མེད་ཅིང་། དམ་པའི་ཆོས་ལ་ལོངས་སྤྱོད་པའི་གོ་སྐབས་ཀྱང་མེད་པའི་ཕྱིར་ན་ཧ་ཅང་ཐ་ཆད་པ་ཡིན། ལྷ་ཡི་ཡུལ་ཞེས་བྱ་བར་ཤིན་ཏུ་ངོ་མཚར་ཞིང་བདེ་སྐྱིད་ཕུན་སུམ་ཚོགས་པ་ཡོད་ཀྱང་། དེ་ལ་སྐྱེས་ན་རྟག་ཏུ་བག་མེད་འབའ་ཞིག་གིས་གཡེངས་ཏེ་ཆོས་སྒྲུབ་པའི་སྐལ་བ་མེད་པས། དེ་ཡང་མི་ལུས་ཐོབ་པ་འདིའི་ཕྱོགས་ཙམ་ལ་ཉེ་བ་མིན།

དེར་མ་ཟད་སངས་རྒྱས་ཀྱི་གསུང་དེ་ལ་ཉན་ཐོས་ཀྱི་ཆོས་དང་བྱང་ཆུབ་སེམས་དཔའི་ཆོས། སྔགས་ཀྱི་ཆོས་ཞེས་རྣམ་པ་གསུམ་གསུངས་ཡོད་པ་དེ་དག མི་ཡི་ལུས་རྟེན་འདིར་བསྒྲུབ་ན་འགྲུབ་པ་དང་སྒྲུབ་པའི་སྐལ་བའང་ཡོད་པ་ཡིན། ལྷ་ལ་སོགས་པའི་འགྲོ་བ་གཞན་ལ་ནི། ལུས་རྟེན་དེར་ལམ་ཆ་ཚང་ཞིག་འགྲུབ་ཐབས་མེད་ལ་སྒྲུབ་པའི་སྐལ་བའང་མེད་པས་ན་མི་ལུས་ནི་ཧ་ཅང་རྙེད་པར་དཀའ་བ་ཡིན། སྟོན་པ་བཅོམ་ལྡན་འདས་རྗེས་འབྲང་དང་བཅས་པ་ཐམས་ཅད་ཀྱིས། ལྷ་ལས་ལྷག་པའི་ལུས་ཞེས་ཆེད་དུ་བསྔགས་བརྗོད་མཛད་ས་དེའང་མི་ལུས་རིན་པོ་ཆེ་ཡིན། ད་ལྟ་རང་རེ་རྣམས་ལ་མི་ལུས་འདི་ཐོབ་པར་དགའ་སྤྲོ་ཁྱད་པར་ཅན་བསྐྱེད་དགོས།

སངས་རྒྱས་འཇིག་རྟེན་དུ་འབྱུང་བ་དེ་ཡང་ཤིན་ཏུ་རྙེད་པར་དཀའ་བ་ཞིག་སྟེ། སངས་རྒྱས་འཇིག་རྟེན་དུ་བྱོན་པའི་དུས་ཚོད་ལ་སྒྲོན་མེའི་བསྐལ་པ་ཞེས་བྱ་བ་དང་། སངས་རྒྱས་འཇིག་རྟེན་དུ་མ་བྱོན་པའི་དུས་ཚོད་ལ་མུན་པའི་བསྐལ་པ་ཞེས་ཟེར་བ་ཡིན། དེ་ཡང་མུན་པའི་བསྐལ་པ་ཞེས་པ་ཡང་ནས་ཡང་དུ་གྲངས་མང་པོ་ཞིག་འབྱུང་བ་དང་། སྒྲོན་མེའི་བསྐལ་པ་ཞེས་སངས་རྒྱས་འཇིག་རྟེན་དུ་བྱོན་པའི་བསྐལ་པ་བཟང་པོ་དེ་ནི་རེ་འགའ་ཙམ་མ་གཏོགས་མི་འབྱུང་བས་ཧ་ཅང་དཀོན་མོ་ཡིན། སངས་རྒྱས་འཇིག་རྟེན་དུ་བྱོན་པ་དེ་ལྟ་བུའི་རྙེད་པར་དཀའ་བ་ཡིན་པའི་རྒྱུ་མཚན་ཡང་། འགྲོ་བ་རྣམས་ཀྱིས་དམ་པའི་ཆོས་ཉམས་སུ་ལེན་པའི་སྐལ་བ་བཟང་པོའི་དུས་ཚོད་དེ་ཧ་ཅང་དཀོན་པའི་རྒྱུ་མཚན་གྱིས་སངས་རྒྱས་མི་བྱོན་པ་རེད།

ད་ལྟ་སངས་རྒྱས་འཇིག་རྟེན་དུ་བྱོན་པར་མ་ཟད། ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་ཡང་བསྐོར་ནས། བསྟན་པ་མ་ནུབ་པར་གནས་པའི་སྒང་ཡིན་པ་འདི་ནི་ཧ་ཅང་རྙེད་པར་དཀའ་བ་དང་སྐལ་བ་བཟང་པོ་ཡིན་ཞིང་དགའ་སྤྲོ་བྱ་བའི་འོས་སུ་གྱུར་པ་ཡིན།

སངས་རྒྱས་ཀྱིས་ཆོས་གསུངས། བསྟན་པ་གནས་སུ་ཟིན་ཀྱང་། དོན་མ་ནོར་བར་སྟོན་པའི་བླ་མ་དགེ་བའི་བཤེས་གཉེན་དང་འཕྲད་དགོས་མ་གཏོགས། གལ་ཏེ་བླ་མ་དང་མ་འཕྲད་ན། རང་སྟོབས་ཀྱིས་སངས་རྒྱས་ཀྱི་གསུང་རྣམས་ཉམས་སུ་ལེན་པའི་ཐབས་མི་ཤེས་པས། བླ་མ་དགེ་བའི་བཤེས་གཉེན་དང་འཕྲད་ཅིང་། བླ་མས་སངས་རྒྱས་ཀྱི་གསུང་རྣམས་ཚུལ་བཞིན་ཉམས་སུ་ལེན་པའི་ཐབས་སྟོན་པ་དེ་ཡང་ཆེས་དཀོན་པ་ཡིན། ད་ལྟ་ང་ཚོ་ཚང་མར་དེ་ལྟ་བུའི་མཐུན་རྐྱེན་ཚང་བ་སྟེ། སྐྱེ་བར་དཀའ་བ་ལྷོ་འཛམ་བུ་གླིང་དུ་སྐྱེས། བྱོན་པར་དཀའ་བ་སངས་རྒྱས་འཇིག་རྟེན་དུ་བྱོན། གསུང་བར་དཀའ་བ་དམ་པའི་ཆོས་ཀྱང་གསུངས། དམ་པའི་ཆོས་གསུངས་བར་མ་ཟད་བསྟན་པའང་ད་དུང་མ་ནུབ་པར་གནས། དེ་སྟོན་པའི་བླ་མ་དང་འཕྲད། བླ་མ་དང་འཕྲད་པར་མ་ཟད་བླ་མས་ཆོས་སྟོན་པའི་སྐལ་བ་བཟང་པོ་འདི་ནི། ཨུ་དུམ་ཝཱ་ར་འཇིག་རྟེན་དུ་འབྱུང་དཀའ་བ་ལས་ཀྱང་ཤིན་ཏུ་དཀའ་བ་ཡིན་པར་ཤེས་ཏེ་དགའ་སྤྲོ་སྒོམ་དགོས།

དད་པ་གསུམ།

གཞན་ངོས་ནས་དེ་ལྟ་བུའི་མཐུན་རྐྱེན་འཛོམས་པའི་གནས་སྐབས་འདིར། རང་ངོས་ནས་དད་པ་ཕུན་སུམ་ཚོགས་པ་ཞིག་ནི། རང་རྒྱུད་ལ་མེད་ཐབས་མེད་པ་ལྟ་བུར་གྱུར་ཡོད། དད་པ་དེ་ཡང་ཇི་ལྟ་བུ་ཡིན་ཞེ་ན། དད་པ་ལ་དབྱེ་ན་དང་བའི་དད་པ་དང་། འདོད་པའི་དད་པ། ཡིད་ཆེས་པའི་དད་པ་སྟེ་རྣམ་པ་གསུམ་ཡོད། དེ་ལྟ་བུའི་དད་པ་དེ་ཡང་། སངས་རྒྱས་དཀོན་མཆོག་ལ་དམིགས་ཏེ་དང་བའི་དད་པ་དང་། ཆོས་དཀོན་མཆོག་ལ་དམིགས་ཏེ་འདོད་པའི་དད་པ། དགེ་འདུན་དཀོན་མཆོག་ལ་དམིགས་ཏེ་ཡིད་ཆེས་པའི་དད་པ་སྟེ་རྣམ་པ་གསུམ་བསྐྱེད་དགོས།

དང་པོ་སངས་རྒྱས་ལ་དམིགས་པའི་དང་བའི་དད་པ།

སངས་རྒྱས་ལ་དམིགས་ཏེ་དགའ་བ་དང་སྤྲོ་བ་ཁྱད་པར་ཅན་སྐྱེས་པ་ལ་དང་བའི་དད་པ་ཟེར་བ་ཡིན། དེ་ལྟ་བུའི་སངས་རྒྱས་ལ་དགའ་བ་ཁྱད་པར་ཅན་བསྐྱེད་དགོས་པའི་རྒྱུ་མཚན་ནི། འཇིག་རྟེན་གྱི་ཁམས་འདིར་དབང་ཕྱུག་དང་། ཁྱབ་འཇུག ཚངས་པ་ལ་སོགས་མང་པོ་ཞིག་བྱོན་མྱོང་ཡང་། དེ་དག་གང་དང་ཡང་མི་འདྲ་བའི་བཅོམ་ལྡན་འདས་ལ་ཡོན་ཏན་རྨད་དུ་བྱུང་བ་ཡོད་པའི་རྒྱུ་མཚན་གྱིས་དེ་ལ་དགའ་བ་བསྐྱེད་དགོས་པ་ཡིན། བཅོམ་ལྡན་འདས་ལ་དེ་དག་དང་མི་འདྲ་བའི་ཡོན་ཏན་ཇི་ལྟ་བུ་ཡོད་ཅེ་ན། དཔེར་ན་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཞིག་གིས། བཅོམ་ལྡན་འདས་ཀྱི་ཡོན་ཏན་རྐྱང་པ་ལོ་འབུམ་ཕྲག་དུ་མར་བཤད་ནའང་། བཅོམ་ལྡན་འདས་ཀྱི་ཡོན་ཏན་ཆ་ཚང་བ་ཞིག་ནམ་ཡང་བཤད་མི་ཐུབ།

སྤྱིར་བཅོམ་ལྡན་འདས་ལ་ཡོན་ཏན་ཚད་མེད་པ་ཡོད། དེ་དག་ཆ་ཚང་བ་ཞིག་མ་ཤེས་ཀྱང་། རང་ཅག་རྣམས་ལ་ཉེ་བར་མཁོ་བ་དང་། རང་རེ་རྣམས་ལ་མེད་དུ་མི་རུང་བའི་བཅོམ་ལྡན་འདས་ཀྱི་ཡོན་ཏན་དེ་ཤེས་དགོས། རང་ཅག་ལ་ཉེ་བར་མཁོ་བའི་ཡོན་ཏན་དེ་གང་ཡིན་ཞེ་ན། གནས་སྐབས་ལྷ་དང་མིའི་བདེ་བ་ཕུན་སུམ་ཚོགས་པ་སྒྲུབ་པ་དང་། མཐར་ཐུག་ཡོན་ཏན་མཐའ་དག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པའི་ཐབས་ཤེས་དགོས་པ་ཡིན།

བཅོམ་ལྡན་འདས་ལ་ཡོན་ཏན་མང་པོ་ཞིག་ཡོད་དུ་ཟིན་ཀྱང་། རང་ཅག་རྣམས་ལ་ཕན་པ་མེད་ན། དེ་ལ་དགའ་ཞིང་སྤྲོ་བ་སྐྱེ་དགོས་དོན་ཡོད་པ་མ་རེད། དཔེར་ན། འཇིག་རྟེན་གྱི་ཁམས་འདིར་རྒྱལ་པོ་དབང་ཆེ་བ་ཆེས་མང་པོ་ཞིག་ཡོད་ཀྱང་། རང་རེ་རྣམས་ལ་ཕན་པ་མེད་ན་དེ་ལ་དགའ་སྤྲོ་ཅི་ལ་བྱེད། རྒྱལ་པོ་གང་ཞིག་གིས་རང་ཅག་རྣམས་ལ་ཕན་པ་ཡོད་ན། དེ་ལྟ་བུའི་རྒྱལ་པོ་ལ་ལྷག་པར་དགའ་དགོས་པ་ལྟ་བུ་ཡིན། དེས་ན་བཅོམ་ལྡན་འདས་ཀྱི་ཡོན་ཏན་དེ་ཡང་། རང་ཅག་རྣམས་ལ་ཕན་པའི་ཆེད་དུ་ཡིན་པ་ངེས་པར་དུ་ཤེས་དགོས་པ་ཡིན། རང་ཅག་ལ་ཉེ་བར་མཁོ་བའི་བཅོམ་ལྡན་འདས་ཀྱི་ཡོན་ཏན་དེ་གང་ཡིན་ཞེ་ན། མཁྱེན་པའི་ཡོན་ཏན་དང་། བརྩེ་བའི་ཡོན་ཏན། ནུས་པའི་ཡོན་ཏན་ཏེ་གསུམ་ཡོད།

དེ་ཡང་བཅོམ་ལྡན་འདས་ཀྱིས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་བདེ་བ་ལ་འགོད་པའི་ཐབས་དང་། སྡུག་བསྔལ་ལས་སྲུང་བའི་ཐབས་མ་ཤེས་ན། བཅོམ་ལྡན་འདས་ཀྱིས་སེམས་ཅན་ལ་ཕན་པ་སྒྲུབ་མི་ཐུབ་ནའང་། བཅོམ་ལྡན་འདས་ནི་ཤེས་བྱ་ཐམས་ཅད་མ་ལུས་པར་མཁྱེན་པའི་བདག་ཉིད་ཅན་ཡིན། དེས་ན་བཅོམ་ལྡན་འདས་ལ་མཁྱེན་པའི་ཡོན་ཏན་ཚད་མེད་པ་ཡོད་དུ་ཟིན་ཀྱང་། བརྩེ་བའི་ཡོན་ཏན་ཡོད་དགོས་མ་གཏོགས། གལ་ཏེ་བརྩེ་བའི་ཡོན་ཏན་མེད་ན་གདུལ་བྱ་ལ་ཕན་འདོགས་པའི་ཐབས་མེད་དེ། དཔེར་ན་མི་ཞིག་ལ་ཤེས་ཡོན་བསམ་གྱིས་མི་ཁྱབ་པ་ཡོད་ཀྱང་། མི་དེ་གཞན་ལ་བསམ་པ་ནག་པོ་དང་སྦྱོར་བ་རྩུབ་མོ་ཅན་ཞིག་ཡིན་ན། དེས་གཞན་ལ་ཕན་པ་སྒྲུབ་མི་སྲིད་པས་བརྩེ་བའི་ཡོན་ཏན་དེ་ཡོད་དགོས།

བཅོམ་ལྡན་འདས་ལ་བརྩེ་བའི་ཡོན་ཏན་ཇི་ལྟ་བུ་ཡོད་ཅེ་ན། དཔེར་ན། བུ་གཅིག་པུ་ལས་མེད་པའི་མ་དེ་བུ་ལ་བརྩེ་བ་ལས་བརྒྱ་འགྱུར་སྟོང་འགྱུར་དུ་ལྷག་པའི་གདུལ་བྱ་ལ་བརྩེ་བ་དེ་བཅོམ་ལྡན་འདས་ལ་མངའ་བ་རེད། དེ་ཡང་མ་ལས་ལྷག་པའི་བརྩེ་བ་ཇི་ལྟར་ཡོད་ཅེ་ན། བཅོམ་ལྡན་འདས་སྔོན་སློབ་པ་ལམ་གྱི་གནས་སྐབས་དང་། མངོན་པར་རྫོགས་པར་སངས་རྒྱས་པའི་དུས་སྐབས་ཐམས་ཅད་དུ། རང་གི་ལུས་དང་སྲོག་ལའང་མི་བལྟ་བར་སེམས་ཅན་གྱི་དོན་མཛད་པ་རེད།

དེ་ཡང་བཅོམ་ལྡན་འདས་ཀྱིས་སྔོན་གྱི་གནས་སྐབས་ན། རང་གི་སྐུ་སྲོག་ལ་མ་ལྟོས་པར་སེམས་ཅན་གྱི་དོན་ཇི་ལྟར་མཛད་སྙམ་ན། བཅོམ་ལྡན་འདས་ཀྱིས་ཆོས་འཁོར་དང་པོ་སྐོར་ས་ཡུལ་ཝཱ་ར་ནཱ་སིའི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ། སེམས་ཅན་མང་པོར་ཕན་པ་དང་བདེ་བ་འབྱུང་བའི་ཆེད་དུ། བཅོམ་ལྡན་འདས་ཀྱིས་དབུ་ཡང་ལན་འབུམ་ཕྲག་མང་པོར་སྦྱིན་པ་བཏང་བ་ཡིན་ཞེས་བཅོམ་ལྡན་འདས་རང་ཉིད་ཀྱིས་ཞལ་གྱིས་བཞེས་པ་རེད། བཅོམ་ལྡན་འདས་ཀྱིས་སེམས་ཅན་གྱི་དོན་དུ་སྐུ་སྲོག་བཏང་བ་དེ་ཡང་། ཡུལ་ཝཱ་ར་ནཱ་སི་རྐྱང་པ་ཙམ་མ་ཡིན་པར་འཛམ་བུ་གླིང་གི་ས་ཆ་གཞན་དང་། འཛམ་བུ་གླིང་ལས་གཞན་པའི་ཡུལ་ཁམས་མང་པོར། སེམས་ཅན་གྱི་དོན་ལ་བཅོམ་ལྡན་འདས་ཀྱིས་སྐུ་སྲོག་ལན་མང་པོའི་བར་དུ་སྦྱིན་པ་བཏང་ཡོད་པ་རེད།

དེ་བཞིན་བཅོམ་ལྡན་འདས་ཀྱི་བརྩེ་བ་ཡང་ཕྱོགས་རིས་ཅན་མིན་ཏེ། དཔེར་ན་རང་གི་ཉེ་ས་རྩ་ས་མཐུན་ས་དག་དང་། བཅོམ་ལྡན་འདས་ལ་དགའ་བ་དང་གུས་པ་ཡོད་པ་ཐམས་ཅད་ལ་བརྩེ་བ་དང་། གཞན་རྣམས་ལ་བརྩེ་བ་མེད་ན། དེ་ལྟ་བུ་ནི་བརྩེ་བ་ཕྱོགས་རིས་ཅན་ཡིན་ནའང་། བཅོམ་ལྡན་འདས་ཀྱི་བརྩེ་བ་ནི་དེ་ལྟ་བུའི་ཕྱོགས་སུ་མ་ཆད་པ་ཞིག་ཡིན། དེ་ཡང་ཇི་ལྟར་ཡིན་ཞེ་ན། བཅོམ་ལྡན་འདས་དངོས་སུ་བཞུགས་པའི་དུས་སུ། སྐུའི་གཡས་ཕྱོགས་ནས་ལྷ་དབང་བརྒྱ་བྱིན་གྱིས་ཙནྡན་གོར་ཤིརྵའི་ཆུ་ཡིས་གུས་འདུད་ཀྱི་སྒོ་ནས་ཁྲུས་བྱེད་པ་དང་། སྐུའི་གཡོན་ཕྱོགས་ནས་བསམ་པ་ངན་པའི་སྒོ་ནས། བདུད་ལྷས་སྦྱིན་གྱིས་མཚོན་གྱིས་བསྣུན་པ་ན། དེ་གཉིས་ཀར་བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་ཚུལ་ལ་ཁྱད་པར་གང་ཡང་མེད་པར། གཉིས་ཀ་ཕན་དང་བདེ་བའི་གནས་ལ་དགོད་པར་བྱེད་པ་ཡིན། བཅོམ་ལྡན་འདས་ཀྱི་བརྩེ་བ་དེ་ཡང་། གང་ཟག་རིགས་མཐོ་བ་དང་ལོངས་སྤྱོད་ཅན་རྣམས་ལ་བརྩེ་བ་ཡོད་པ་དང་། དམན་པ་རྣམས་ལ་བརྩེ་བ་མེད་པ་ཞིག་ཡིན་ན། བརྩེ་བ་དེ་ལྟ་བུ་ནི་ཕྱོགས་སུ་ལྷུང་བ་ཡིན་ནའང་། དེ་ཙམ་མ་ཡིན་པར་བཅོམ་ལྡན་འདས་ཀྱི་བརྩེ་བ་ནི། མཐོ་བ་ལས་ཀྱང་དམན་པ་ཉམ་ཐག་པའི་སེམས་ཅན་རྣམས་ལ་ལྷག་པར་ཐུགས་བརྩེ་བའི་བདག་ཉིད་ཅན་ཡིན།

བཅོམ་ལྡན་འདས་ཀྱི་བརྩེ་བ་ནི། དེང་དུས་ཀྱི་ཆབ་སྲིད་མཁན་གྱི་བརྩེ་བ་ལྟ་བུའི་རྒྱ་ཆུང་བ་ཞིག་ནམ་ཡང་མིན། དེང་སང་གི་ཆབ་སྲིད་མཁན་ཇི་ལྟ་བུ་ཡིན་ཞེ་ན། ཆབ་སྲིད་སྒྲུབ་མཁན་གྱི་མི་དེས་མི་བརྒྱ་སྟོང་མང་པོ་འོང་ན། སྐབས་དེར་རང་གི་ཁེ་ཕན་ལ་དམིགས་ཏེ་བརྩེ་བ་དང་དགའ་ཚོར་ཆེན་པོ་ཡོད་པ་ལྟ་བུའི་རྣམ་འགྱུར་སྟོན་ཡང་། ཉམ་ཐག་པའི་མི་རེ་ཟུང་གི་དོན་དུ་དགའ་ཚོར་དང་ཕན་པ་མི་བྱེད་པ་ཡིན། བཅོམ་ལྡན་འདས་ཀྱི་མཛད་པ་ནི། ཉམ་ཐག་པའི་སེམས་ཅན་གཅིག་གི་དོན་དུའང་། ཁོང་གི་སྐུ་སྲོག་ལན་མང་གཏོང་དགོས་ཀྱང་ཕངས་སེམས་ཅི་ཡང་མེད་པ་དང་། ལོ་དུང་ཕྱུར་མང་པོའི་རིང་ལ་སེམས་ཅན་གཅིག་གི་ཆེད་དུ་དཀའ་བ་མཛད་དགོས་ནའང་། བཅོམ་ལྡན་འདས་ཀྱི་ཐུགས་ལ་སྐྱོ་བ་མེད་པར་བརྩེ་བའི་སྙིང་རྗེ་ཕུལ་བྱུང་མངའ་བ་ཞིག་ཡིན།

དེ་ལྟར་ཡིན་པའི་རྒྱུ་མཚན་ཡང་། སྔོན་བཅོམ་ལྡན་འདས་དམྱལ་བའི་ཡུལ་དུ་གྱད་པཀྵི་ཏ་ཞེས་པའི་བྱང་ཆུབ་སེམས་དཔའི་སྐྱེ་བ་བཞེས་ཤིང་། སྐབས་དེར་ཁོང་ལ་གྲོགས་ཀཱ་མ་རུ་པ་ཟེར་བ་ཞིག་ཡོད། དམྱལ་བའི་ལས་མཁན་དག་གི་ཤིང་རྟ་ཁོང་གཉིས་ཀྱི་སྐེ་ལ་བཏགས་ཏེ་འདྲུད་དགོས་པར་མ་ཟད། ཁོང་གཉིས་དམྱལ་བའི་ལས་མཁན་གྱིས་གཅར་རྡུང་བྱེད་སྐབས། བྱང་ཆུབ་སེམས་དཔའི་བསམ་པ་ལ། ང་ལ་སྡུག་བསྔལ་བྱུང་ཡང་སླ་ཡི། གྲོགས་པོ་འདི་བདེ་བར་གནས་པའི་ཐབས་ཤིག་ཨེ་ཡོད་སྙམ་སྟེ། ལས་མཁན་ཆེན་པོ་བདག་ལ་གསོན་ཅིག གྲོགས་པོའི་ལས་སྐལ་བདག་གཅིག་པུས་ལེན་རྒྱུ་ཡིན། ཤིང་རྟའི་ཐག་པ་ངའི་སྐེ་ལ་ཐོགས་དང་ང་གཅིག་པུས་འདྲུད་རྒྱུ་ཡིན། གྲོགས་པོ་འདི་བདེ་བར་སྡོད་དུ་འཇུག་རོགས་ཞེས་ཞུས་ཚེ། དམྱལ་བའི་སྲུང་མ་དེ་ཞེ་སྡང་དྲག་པོ་ལངས་ཏེ། དམྱལ་བའི་སེམས་ཅན་རྣམས་ཀྱིས་རང་རང་གི་ལས་སྐལ་མྱོང་དགོས་པས། དེ་ལ་བགོ་བཤའ་སུ་ཞིག་གིས་བྱེད་ཅེས་མགོ་ལ་ཐོ་བས་བསྣུན་མ་ཐག་ཏུ། བྱང་ཆུབ་སེམས་དཔའ་ཚེ་འཕོས་ཏེ་སུམ་ཅུ་རྩ་གསུམ་དུ་སྐྱེས་པའི་ལོ་རྒྱུས་ཡོད། དེར་མ་ཟད་བཅོམ་ལྡན་འདས་སྐུ་ཚེ་གང་པོར་འགྲན་ཟླར་བཟུང་སྟེ་གནོད་པ་རྩོམ་མཁན་ལྷས་བྱིན་ཟེར་བ་དེས། ཚེ་རབས་སྔ་མ་སྔ་མ་རྣམས་སུ་དུས་རྟག་ཏུ་བཅོམ་ལྡན་འདས་ལ་གནོད་པ་འབའ་ཞིག་བརྩམས་ཤིང་། སྐུ་ཚེ་དེ་ལའང་གནོད་པ་འབའ་ཞིག་རྩོམ་པར་བྱས་ནའང་། ལྷས་སྦྱིན་གྱི་ཆེད་དུ་བཅོམ་ལྡན་འདས་ཀྱིས་སྐུ་སྲོག་ལ་མ་འཛེམ་པར་ཕན་པ་མཛད་པའི་ཚུལ་དེ་ནི་སུས་ཀྱང་གཞལ་མི་ནུས་པ་ལྟ་བུ་རེད།

དེས་ན་བཅོམ་ལྡན་འདས་ལ་དེ་ལྟ་བུའི་མཁྱེན་པ་དང་བརྩེ་བའི་ཡོན་ཏན་ཡོད་དུ་ཟིན་ཀྱང་། ནུས་པའི་ཡོན་ཏན་ཡོད་དགོས་པ་རེད་མ་གཏོགས། ནུས་པའི་ཡོན་ཏན་མེད་ན་མཁྱེན་བརྩེ་རྐྱང་པས་གར་ཡང་མི་ཕྱིན། ནུས་པའི་ཡོན་ཏན་མེད་ན། དཔེར་ན་མ་རྒན་མིག་དང་ལག་པ་མེད་པ་ཞིག་གིས་རང་གི་བུ་ཆུས་ཁྱེར་སོང་ན། དེ་ལ་སྙིང་རྗེ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་དུ་ཟིན་ཀྱང་། བུ་ཆུ་བོ་ལས་སྒྲོལ་མི་ཐུབ་པ་བཞིན་དུ་ནུས་པ་མེད་ན་སེམས་ཅན་རྣམས་ལ་སྙིང་བརྩེ་བ་ཙམ་གྱིས་ཕན་ཐོགས་ཡོད་པ་དཀའ་མོ་ཡིན་ཡང་། བཅོམ་ལྡན་འདས་ལ་ནུས་པ་ཇི་ལྟ་བུ་ཡོད་ཅེ་ན། ཁོང་ལ་སྐུའི་ནུས་པ་དང་། གསུང་གི་ནུས་པ། ཐུགས་ཀྱི་ནུས་པ་སྟེ་གསུམ་ཡོད།

དེ་ཡང་བཅོམ་ལྡན་འདས་ཀྱི་སྐུ་ལ་ནུས་པ་ཇི་ལྟ་བུ་ཡོད་ཅེ་ན། བཅོམ་ལྡན་འདས་ཀྱི་ཞལ་མཇལ་བ་ཙམ་གྱིས་སྲིད་པ་ཁམས་གསུམ་འཁོར་བའི་སྡུག་བསྔལ་ལས་གྲོལ་ཏེ། གཏན་དུ་བདེ་བ་ཞི་བའི་གོ་འཕང་ལ་སྦྱོར་བར་བྱེད་པ་ཡིན། བཅོམ་ལྡན་འདས་ཀྱི་སྐུ་དངོས་མཐོང་ན་དེ་ལྟ་བུའི་ཕན་ཡོན་ཡོད་ན་ཡང་། ད་ལྟ་རང་ཅག་ལ་དེ་ལྟ་བུའི་ཡོན་ཏན་འབྱུང་ངམ་ཞེ་ན། དེ་ཡང་འབྱུང་བ་ཡིན། ཇི་ལྟར་འབྱུང་ཞེ་ན་བཅོམ་ལྡན་འདས་རང་ཉིད་ཀྱི་ཞལ་ནས། སྐུ་གཟུགས་རྣམ་པ་མང་པོ་དེར་སྤྲུལ་ཏེ། །འགྲོ་བ་དགེ་ལ་སྦྱོར་བའི་དོན་བྱེད་དོ། །ཞེས་གསུངས་པ་ལྟར། བཅོམ་ལྡན་འདས་གང་ཉིད་བླུགས་སྐུ་དང་བྲིས་སྐུ་སོགས་སྐུ་གཟུགས་འདྲ་མིན་རྣམ་པ་སྣ་ཚོགས་སུ་སྤྲུལ་ཏེ། སེམས་ཅན་རྣམས་ཀྱི་དོན་མཛད་པར་བྱེད་པ་ཡིན།

བཅོམ་ལྡན་འདས་ཀྱི་གསེར་སྐུ་དང་ས་སྐུ། ཤིང་སྐུ། རྡོ་སྐུ་སོགས་གང་ཡིན་ཡང་ཆོག དེ་དག་ལ་ཕྱག་འཚལ་བ་དང་། མཆོད་པ་འབུལ་བ། སྨོན་ལམ་འདེབས་པ་སོགས་བྱས་ན། བཅོམ་ལྡན་འདས་དངོས་ལ་ཕྱག་མཆོད་བྱས་པ་དང་ཁྱད་པར་མེད་ཚུལ་མདོ་སྡེ་རྣམས་སུ་གསུངས་ཡོད། བྲིས་སྐུ་ལ་བསམ་བློ་བཏང་ན། བཅོམ་ལྡན་འདས་ཀྱི་སྐུ་གཟུགས་དེ་རི་མོ་ཤིན་ཏུ་མཛེས་པ་ཡིན་ནའང་འདྲ། ཐ་ཆད་པ་ཡིན་ནའང་འདྲ། གང་ལྟར་དེ་མཇལ་བའི་གང་ཟག་ཐམས་ཅད་ལ་ཕན་པ་དང་བདེ་བ་བསམ་གྱིས་མི་ཁྱབ་པ་འབྱུང་བ་ཡིན།

དེ་ལྟར་བཅོམ་ལྡན་འདས་ཀྱི་སྐུ་གཟུགས་ལ་དད་པ་དང་གུས་པས་མཇལ་ན་བསོད་ནམས་བསམ་གྱིས་མི་ཁྱབ་པ་ཡོད་པ་སྨོས་མ་དགོས། དེར་མ་ཟད་སེམས་ཞེ་སྡང་དང་བཅས་བཅོམ་ལྡན་འདས་ཀྱི་སྐུ་གཟུགས་ལ་བལྟས་ན་ཡང་། དེའི་བསོད་ནམས་ཀྱི་སྟོབས་ཀྱིས། ཡུན་རིང་པོ་མི་དགོས་པར་ནམ་ཞིག་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་མདོ་སྡེ་རྣམས་ལས་གསལ་པོར་གསུངས་ཡོད།

བཅོམ་ལྡན་འདས་ཀྱི་གསུང་གི་ཡོན་ཏན་ལ་བསམ་བློ་བཏང་ན། སྔོན་བཅོམ་ལྡན་འདས་དངོས་སུ་བཞུགས་པའི་སྐབས་གསུང་དངོས་སུ་ཐོས་པའམ། ཡང་ན་ད་ལྟའི་གནས་སྐབས་སུ་བཅོམ་ལྡན་འདས་ལ་དད་པས་གསོལ་བ་རྩེ་གཅིག་ཏུ་བཏབ་སྟེ་ཞལ་དངོས་སུ་མཇལ་བའམ། ཉམས་སྣང་དང་རྨི་ལམ་དུ་མཇལ་ནས་ཆོས་གསན་པ་དེ་དག་ཐམས་ཅད་ཀྱང་། མྱུར་བ་ཉིད་དུ་ཡོན་ཏན་ཁྱད་པར་ཅན་དུ་གྱུར་ཏེ་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་འགྱུར་བ་རེད། ༼ང་ལ་སྐད་སྦུག་བཞག་མི་འདུག་སྙམ་ཡང་། འདིར་བཞག་འདུག ངས་མ་གོ། སྐོབ་སྒྲ་སྒྲོག་མཁན་ཁྱེད་གཉིས་རེད་དམ་ང་རེད། ང་ཡིན་ས་རེད་པ། ངས་ཧ་མ་གོ། སྐད་སྦུག་མི་འདུག་སྙམ་ཏེ་སྐད་ཆེར་བཀྱགས་ཀྱང་། སྐོབ་སྐོབ་ཀྱི་སྒྲ་བྱུང་། དེ་ང་རང་གི་ཟུར་ནས་སྐོབ་སྒྲ་བྱུང་བ་ཡིན་འདུག༽ དེར་མ་ཟད་བཅོམ་ལྡན་འདས་ཀྱི་གསུང་ད་ལྟ་ཡིག་ཐོག་ན་བཀོད་ཡོད་པའི་ཆོས་དེ་ཡང་། དངོས་སུ་ཐོས་ན་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ངན་སོང་གི་སྐྱེ་སྒོ་ཁེགས་པ་དང་། དེ་བཞིན་ཚེ་རིང་བ་དང་ནད་མེད་པ་ལོངས་སྤྱོད་ཆེ་བ་སོགས་སྨྲོས་མ་དགོས་པ་ཡིན། ངེད་ཅག་ལྟ་བུའི་བཅོམ་ལྡན་འདས་ཀྱི་གསུང་ལ་དངོས་སུ་ཉན་པའི་སྐལ་བ་མེད་པ་དང་། བྱ་དང་རི་དྭགས་ལ་སོགས་པ་ལྟ་བུ་ཞིག་ཡིན་ནའང་། བཅོམ་ལྡན་འདས་ཀྱིས་ཆོས་གསུང་བའི་དུས་སྐབས་བསྟན་པའི་ཆེད་དུ། རྔའམ་དུང་སོགས་བུས་པའི་སྒྲ་ཐོས་ན་དེ་ཡང་རིང་པོར་མི་ཐོགས་པར་འཁོར་བའི་སྡུག་བསྔལ་ལས་ཐར་བར་འགྱུར་བ་ཡིན།

བཅོམ་ལྡན་འདས་ཀྱི་ཐུགས་ཀྱི་ཡོན་ཏན་དེ་ཇི་ལྟ་བུ་ཡིན་ཞེ་ན། བཅོམ་ལྡན་འདས་ཀྱིས་བརྩེ་བའི་ཐུགས་རྗེ་ཆེན་པོ་དང་ཕྲིན་ལས་ཀྱིས་དུས་དང་རྣམ་པ་ཐམས་ཅད་དུ་སེམས་ཅན་གྱི་དོན་མཛད་པ་རེད། དཔེར་ན་རྒྱ་མཚོ་ཆེན་པོར་རླབས་མེད་པའི་དུས་སྐབས་ཤིག་མི་སྲིད་པ་བཞིན། བཅོམ་ལྡན་འདས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ་ལའང་ཡལ་བར་བཏང་སྙོམས་སུ་བཞག་པའི་དུས་ཤིག་རྩ་བ་ནས་མི་སྲིད། དེ་ཡང་བཅོམ་ལྡན་འདས་ཀྱིས་ཕྱོགས་བཅུའི་སྤྲུལ་པའི་ཞིང་རྣམས་སུ། སངས་རྒྱས་ཀྱིས་གདུལ་བར་བྱ་བ་རྣམས་ལ་སངས་རྒྱས་སུ་སྤྲུལ་ཏེ་སེམས་ཅན་གྱི་དོན་མཛད་པ་དང་། བྱང་ཆུབ་སེམས་དཔས་གདུལ་བར་བྱ་བ་རྣམས་ལ་བྱང་ཆུབ་སེམས་དཔར་སྤྲུལ་ཏེ་སེམས་ཅན་གྱི་དོན་མཛད། ཉན་ཐོས་དང་རང་སངས་རྒྱས་ཀྱིས་གདུལ་བར་བྱ་བའི་སེམས་ཅན་རྣམས་ལ་ཉན་ཐོས་དང་རང་སངས་རྒྱས་སུ་སྤྲུལ་ཏེ་སེམས་ཅན་གྱི་དོན་མཛད་པ་རེད།

དེ་བཞིན་བཅོམ་ལྡན་འདས་ཀྱིས་མི་མ་ཡིན་པའི་འགྲོ་བ་རྣམས་སུ། བྱ་ལ་བྱ་རུ་སྤྲུལ་པ་དང་། རི་དྭགས་ལ་རི་དྭགས་སུ་སྤྲུལ། ཆུ་གནས་ལ་ཆུ་གནས་སུ་སྤྲུལ། སེམས་ཅན་མང་པོའི་རྣམ་པར་སྤྲུལ་ཏེ་སེམས་ཅན་གྱི་དོན་མཛད། དེར་མ་ཟད་རི་དང་ནགས་ཚལ། ལྗོན་ཤིང་ལ་སོགས་པ་རྣམས་ལས་དམ་པའི་ཆོས་འབྱུང་བ་དང་། དེ་དག་གིས་སེམས་ཅན་ལ་ཕན་བདེ་དཔག་ཏུ་མེད་པ་བསྩལ་ཏེ་སེམས་ཅན་གྱི་དོན་མཛད་པ་རེད། དེས་ན་སེམས་ཅན་རེ་རེ་བཞིན་དུ། བཅོམ་ལྡན་འདས་ཀྱིས་དུས་རྟག་པ་རྒྱུན་དུ། ཉིན་ལན་གསུམ་དང་མཚན་ལན་གསུམ་དུ། སེམས་ཅན་རྣམས་ལ་ཕན་པ་སྒྲུབ་པའི་ཐབས་སུ་དགོངས་ཏེ། སེམས་ཅན་ལ་ཕན་པ་སྒྲུབ་པ་ལས་གཡོལ་མི་སྲིད།

ད་ནི་གོང་དུ་སྨྲས་པའི་ཚིག་དག་བསྐྱར་ཟློས་བྱས་ཏེ་ལན་གཅིག་ཞུ།

སྟོན་པ་སངས་རྒྱས་ཀྱིས་སེམས་ཅན་རྣམས་ཕན་བདེ་ལ་འགོད་པའི་ཐབས་མ་མཁྱེན་ན་བཅོམ་ལྡན་འདས་ལ་དགའ་དོན་ཅི་ཡང་མེད་ཀྱང་། དེ་མིན་པར་ཐབས་དེ་བཅོམ་ལྡན་འདས་ཀྱིས་མཁྱེན་པ་ཡིན། བཅོམ་ལྡན་འདས་ལ་མཁྱེན་པ་ཡོད་དུ་ཟིན་ཀྱང་། བརྩེ་བའི་སྙིང་རྗེ་ཆེན་པོ་མེད་ན་གདུལ་བྱ་རྣམས་ལ་ཐར་བའི་ལམ་མི་སྟོན་ནའང་། བཅོམ་ལྡན་འདས་ལ་བརྩེ་བའི་སྙིང་རྗེའང་ཆེན་པོ་ཡོད་པ་རེད། དེ་མཚུངས་བཅོམ་ལྡན་འདས་ལ་མཁྱེན་པ་དང་བརྩེ་བའི་སྙིང་རྗེ་ཆེན་པོ་ཡོད་དུ་ཟིན་ཀྱང་། སེམས་ཅན་རྣམས་ལ་ཕན་བདེ་སྒྲུབ་པའི་ནུས་མཐུ་མེད་ན་སེམས་ཅན་གྱི་དོན་སྒྲུབ་མི་ཐུབ་ཀྱང་། བཅོམ་ལྡན་འདས་ལ་ཐོགས་པ་མེད་པའི་ནུས་པ་ཡང་ཡོད་པ་ཡིན། དེ་ལྟ་བུའི་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་འགྲན་ཟླ་དང་བྲལ་བ་བཅོམ་ལྡན་འདས་ཁོ་ན་ལ་ཡོད་པ་རེད་མ་གཏོགས། གཞན་འཇིག་རྟེན་ཁམས་ཀྱི་སུ་དང་གང་ལའང་ཡོད་པ་མ་རེད། དེས་ན་བསམ་པ་རྣལ་དུ་ཕོབ་ལ་ཞིབ་ཏུ་རྟོག་དཔྱོད་ཅིག་གྱིས་དང་། ཁོག་པའི་ནང་ན་སྙིང་མེད་པ་དང་། མགོ་བོའི་ནང་ན་ཀླད་པ་མེད་པའི་གང་ཟག་ཅིག་ཡིན་ན་མ་གཏོགས། ཞིབ་དཔྱད་ཅིག་བྱས་ན་བཅོམ་ལྡན་འདས་ལ་དང་བ་མི་སྐྱེ་ཀ་མེད་དུ་གྱུར་ཡོད།

གཉིས་པ་ཆོས་ལ་དམིགས་པའི་འདོད་པའི་དད་པ།

བཅོམ་ལྡན་འདས་ཀྱིས་གསུངས་པའི་དམ་པའི་ཆོས་དེ། ཇི་བཞིན་ཉམས་སུ་ལེན་པར་འདོད་པའི་མོས་པ་ཁྱད་པར་ཅན་སྐྱེ་དགོས་པ་ཡིན། དེ་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་དེ་ཇི་ལྟར་ཉམས་སུ་ལེན་དགོས་ཤེ་ན། དགེ་བའི་ཕྱོགས་ཐམས་ཅད་བསྒྲུབ་དགོས་པ་དང་། མི་དགེ་བའི་ཕྱོགས་ཐམས་ཅད་སྤང་དགོས་པ་ཡིན།

དགེ་བའི་ཕྱོགས་གང་ཡིན་ཟེར་ན། སེམས་ཅན་ཐམས་ཅད་ལ་གནོད་ཅིང་འཚེ་བའི་བསམ་པ་མེད་པར་བྱམས་པ་དང་སྙིང་རྗེ་སྒོམ་པ་ནི་དགེ་བའི་ཕྱོགས་ཡིན། མི་དགེ་བའི་ཕྱོགས་གང་ལ་ཟེར་ཞེ་ན། སེམས་ཅན་མཆོག་དམན་རབ་འབྲིང་གང་ལའང་བསམ་པ་ངན་པ་དང་། སྦྱོར་བ་རྩུབ་མོའི་ལས་བྱེད་པ་དེ་ལ་མི་དགེ་བ་ཞེས་ཟེར། སེམས་ཅན་ལ་གནོད་པ་མི་བྱེད་པའི་ཚུལ་དེ་ཡང་། བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཆོས་བཞི་ཞེས་གསུངས་ཡོད། དགེ་སྦྱོང་གི་ཆོས་བཞི་ཞེས་ཟེར་བའི་རྒྱུ་མཚན་ཡང་། བཅོམ་ལྡན་འདས་ཀྱི་རྗེས་འཇུག་དག་ལ་དགེ་སྦྱོང་ཟེར་བ་ཡིན།

དེ་ལ་ཚང་མས་ཉམས་སུ་ལེན་པའི་ཆོས་རྣམ་པ་བཞི་ཡོད་དེ། དེ་དག་ལས་དང་པོ་ཁྲོ་ཡང་སླར་མི་ཁྲོ་བ་ནི། གཞན་དག་ཚུར་ལ་ཚིག་པ་ཟ་རུང་རང་ཉིད་ཕར་ལ་ཚིག་པ་མི་ཟ་བ་ལ་ཟེར། གཉིས་པ་གཤེ་ཡང་སླར་མི་གཤེ་བ་ནི། སེམས་ཅན་གཞན་གྱིས་རང་ལ་ཇི་ལྟར་གཤེ་སྟེ་ཚིག་རྩུབ་བརྗོད་ཀྱང་སླར་དེ་ལ་གཤེ་མི་རུང་བ་ཡིན། གསུམ་པ་བརྡེགས་ཀྱང་སླར་མི་རྡེག་པ་ནི། ཚུར་ལ་རྡོ་དང་དབྱུག་པ་མཚོན་སོགས་ཀྱིས་བསྣུན་པར་བྱས་ཀྱང་། དེ་ལ་བཅོམ་ལྡན་འདས་ཀྱི་རྗེས་འཇུག་དག་མ་ཡིན་ན་ཕར་ལན་སྤྲད་མི་རུང་བ་ཡིན། བཞི་པ་མཚང་འབྲུ་བ་ལ་སླར་མཚང་མི་འབྲུ་བ་ནི། ཁྱོད་ཀྱི་ཕ་མི་བཟང་། མ་མི་བཟང་། ཁྱོད་རང་ལ་གཟུགས་མེད། རྒྱུ་མེད། ཁྱོད་རྐུན་མ་རེད། ཁྱོད་ཤོབ་རྐྱལ་རེད་སོགས་ཚུར་ལ་ཇི་ལྟར་མཚང་བྲུས་ནའང་ཕར་ལ་མཚང་འབྲུ་མི་རུང་བ་ཡིན། དེ་ནི་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་ནང་ན། ཁེ་དང་རྒྱལ་ཁ་གཞན་ལ་སྦྱིན། །གྱོང་དང་བུབ་ཁ་རང་གིས་བླངས། །ཞེས་ལེགས་ཕྱོགས་དང་ཁེ་ཁ་གང་དང་ཅི་ཡོད་ཀྱང་གཞན་ལ་སྦྱིན་དགོས་ཤིང་། གྱོང་དང་ཉེས་ཁ་ཅི་ཡོད་ན་རང་གིས་ལེན་དགོས།

དེ་ལྟ་བུའི་བཅོམ་ལྡན་འདས་ཀྱི་དགེ་སྦྱོང་གི་ཆོས་བཞི་པོ་ཡང་དག་པ་ཞིག་ཉམས་སུ་ལེན་ཐུབ་ན། དེ་ལ་བཅོམ་ལྡན་འདས་ཀྱི་རྗེས་འཇུག་ཨང་དང་པོ་ཟེར་བ་ཡིན། དེ་ཉམས་སུ་མི་ལེན་པར་བཅོམ་ལྡན་འདས་ཀྱི་རྗེས་འཇུག་གི་ཚུལ་ཙམ་འཛིན་པ་རྣམས་ནི། ཁ་ཙམ་གྱིས་རྗེས་འཇུག་ཡིན་པར་བཤད་ཀྱང་དོན་ལ་དགེ་སྦྱོང་གི་ཆོས་བཞི་པོ་གང་ཡང་རྒྱུད་ལ་མེད་པས། དེ་ལ་བཅོམ་ལྡན་འདས་ཀྱི་རྗེས་འཇུག་གི་མིང་ཙམ་ཡོད་པ་མ་གཏོགས་རྗེས་འཇུག་རྣམ་པར་དག་པ་མ་རེད། དེ་ཡང་ཇི་ལྟར་སྒོམ་དགོས་ཤེ་ན། དཔེར་ན། སྤྱིར་གང་ཟག་རང་ག་བ་ཞིག་གིས་རང་ལ་གནོད་པ་བྱས་ན་དེ་ལ་ཕར་ཞེ་སྡང་སྐྱེ་ག་ལ་རུང་སྟེ། དེར་མ་ཟད་བདག་གིས་དུས་རྒྱུན་བུ་བཞིན་དུ་གཅེས་པར་བསྐྱངས་བའི་མི་ཞིག་གིས། རང་ལ་ཉེས་སྐྱོན་གང་ཡང་མེད་བཞིན་དུ་ཚུར་གནོད་པ་བསྐྱལ་ནའང་། དེ་ལ་ཕར་ཁོང་ཁྲོ་བར་བྱ་མི་རུང་བ་ཡིན། དཔེར་ན་མ་ཞིག་གི་བུ་སྨྱོ་ནད་ཀྱིས་ཐེབས་ཡོད་ཚེ། བུ་དེས་མ་ལ་ཇི་ལྟར་གནོད་པ་བྱས་ཀྱང་མ་རྒན་བུ་དེར་ཞེ་སྡང་ལངས་བ་མ་རེད། མོའི་བུ་དེ་ནམ་ཞིག་ན་ནད་ལས་གྲོལ་བར་འགྱུར་འོང་སྙམ་པ་བཞིན། རང་གིས་ཕར་ལ་ཕན་པ་བྱས་པའི་མིས་རང་ལ་ཚུར་གནོད་པ་བྱེད་སྐབས། ནམ་ཞིག་ན་ཉོན་མོངས་ངན་པ་འདི་ལས་གྲོལ་བའི་ཐབས་ཤིག་ཡོད་དམ་སྙམ་ཞིང་སྙིང་རྗེ་ཡང་དེ་ལྟར་བསྒོམ་དགོས།

རང་གིས་ཕར་གནོད་པ་བྱས་ཏེ། ཚུར་ལ་གནོད་ལན་བྱས་ན་དེ་ལ་ཕར་ཞེ་སྡང་སྐྱེ་ག་ལ་རུང་། དེར་མ་ཟད་བདག་ལ་ཉེས་པ་ཁབ་རྩེ་ཙམ་ཡང་མེད་བཞིན་དུ། གནོད་པ་ཆེན་པོ་མགོ་བོ་བཅད་ཀྱང་དེ་ལ་ཞེ་སྡང་མི་སྐྱེ་བར་མ་ཟད། དེའི་སྡིག་པ་ཐམས་ཅད་དང་སྡུག་བསྔལ་ཡོད་དོ་ཅོག་བདག་ལ་སྨིན་པར་གྱུར་ཅིག་སྙམ་ནས་བསམ་པ་བཟང་པོ་ཡང་བསྐྱེད་དགོས། ཡང་མི་རེ་ཟུང་གིས་མཚང་བྲུས་ན་དེ་ལ་ཞེ་སྡང་སྐྱེ་ག་ལ་རུང་སྟེ། དེར་མ་ཟད་རྒྱལ་ཁབ་མང་པོར་ཁྱབ་འགྲོ་བའི་ཚིག་ངན་དང་མཚང་འབྲུ་ཇི་ལྟ་བུ་བྱས་ནའང་། དེ་ལ་དགའ་སྤྲོ་བྱས་ཏེ་སླར་ཡང་དེའི་ཡོན་ཏན་བརྗོད་དགོས་པ་རེད། ཡང་རང་ལས་ལྷག་པ་ཞིག་གིས་རང་ལ་བརྙས་བཅོས་བྱས་ན་དེ་བྱེད་འོས་པ་ཞིག་ཡིན་པས་མི་ཁྲོ་བར་མ་ཟད། རང་ལས་ཤིན་ཏུ་དམན་པ་ཞིག་གིས་ཀྱང་རང་ལ་བརྙས་བཅོས་རྣམ་པ་སྣ་ཚོགས་བྱེད་སྐབས། དེ་ལ་ཞེ་སྡང་མི་སྐྱེ་བ་མ་ཟད་གུས་བཀུར་དང་ལེན་བྱེད་དགོས་པ་འདི་ཡང་བཅོམ་ལྡན་འདས་ཀྱི་བསྟན་པའི་སྲོལ་རེད།

དེས་ན་བཅོམ་ལྡན་འདས་ཀྱི་དམ་པའི་ཆོས་དེ་ནི་འཚེ་བ་མེད་པ་དང་། གཞན་ལ་ཕན་པ་འབའ་ཞིག་སྒྲུབ་པའི་འཚེ་མེད་ཞི་བའི་ལམ་བཟང་ཁོ་ན་ཡིན་ཟེར་བའི་རྒྱུ་མཚན་ཡང་དེ་ལ་ཐུག་ཡོད། ད་ཁྱེད་རྣམ་པས་བསམ་བློ་བཏང་ན། བཅོམ་ལྡན་འདས་ཀྱི་བསྟན་པ་འདི་ཧ་ཅང་ཡག་པོ་དང་བཟང་པོ་ཞིག་ཡིན་འདུག་ཀྱང་། དེ་ལ་སློབ་ཐུབ་མཁན་ཞིག་ཡོད་དཀའ་བས། ཆོས་དེ་ཉམས་སུ་ལེན་ཐུབ་མཁན་སུ་ཡང་ཡོད་པ་མ་རེད་སྙམ་ན། དེ་ལའང་ཐབས་ཤེས་ཤིག་ཡོད་པ་ཡིན།

ཆོས་དེ་དང་པོ་ནས་ཉམས་སུ་ལེན་དགོས་ན། ཁྱེད་རྣམ་པ་ལྟ་བུའི་སངས་རྒྱས་པའི་ཆོས་ལ་གསར་དུ་ཞུགས་པའི་གང་ཟག་ཅིག་ལ་དཀའ་བར་མ་ཟད། ང་ལ་དཔེ་མཚོན་ན་བོད་ཀྱི་གྲྭ་པ་ཞིག་རེད། གྲྭ་པ་མ་ཟད་བླ་མ་ཞིག་ཡིན་ནའང་། ངས་ཀྱང་དོན་ངོ་མ་ཞིག་ཉམས་སུ་ལེན་ཐུབ་མེད། དེས་ན་ང་ཚོ་ཚང་མས་རང་གིས་ནུས་ཚོད་དང་བསྟུན་ནས། བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་འདི་ལ་རིམ་པ་བཞིན་དུ་ཡར་བསླབ་ཏེ་འགྲོ་དགོས། དཔེར་ན་ང་ཚོ་བོད་ཡུལ་ན་ཡོད་པའི་བླ་མ་སེར་མོ་ཨང་དང་པོ་ཞིག་ཡིན་ན། ངོ་མ་ཁོའི་སྲོག་ལ་ཐུག་ཀྱང་སེམས་ཅན་གཞན་གྱི་སྲོག་གཅད་རྒྱུ་དང་། སེམས་ཅན་གཞན་གྱི་རྒྱུ་རྫས་རྐུ་བ་སོགས་རྩ་བ་ནས་བྱེད་མི་སྲིད། དེས་ན་ཁྱེད་རྣམ་པ་ལ་དཔེ་མཚོན་ན། ཁྱེད་རྣམ་པས་ཀྱང་དེ་རིང་ཉི་མ་ཕན་ཆོད་ནས་སེམས་ཅན་གཅིག་གི་སྲོག་མི་གཅད་རྒྱུ་དང་། སེམས་ཅན་གཅིག་གི་རྒྱུ་རྫས་མི་བརྐུ་བར་གནོད་པའི་ལས་རྩ་བ་ནས་མི་བྱེད་ཟེར་བ་དཀའ་མོ་ཡིན་ཡང་། ཅི་ནུས་གང་ནུས་ཀྱིས་རིམ་པ་བཞིན་དུ་བསླབས་ཏེ། མདོར་ན་སེམས་ཅན་ལ་གནོད་པའི་ལས་མི་བྱེད་པའི་ཐབས་ལ་བརྩོན་དགོས་པ་ཡིན།

དེས་ན་བཅོམ་ལྡན་འདས་ཀྱི་བསྟན་པ་ལས། གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ། །ཞེས་གསུངས་པ་ལྟར། སེམས་ཅན་གཞན་ལ་བསམ་པ་ངན་པ་དང་སྦྱོར་བ་རྩུབ་མོ་བྱེད་མཁན་ཡིན་ན། དེ་བཅོམ་ལྡན་འདས་ཀྱི་རྗེས་འཇུག་རྣམ་དག་མིན་ཞེས་བཅོམ་ལྡན་འདས་ཀྱིས་ཐུགས་ཐག་བཅད་དེ་གསུངས་ཡོད། བཅོམ་ལྡན་འདས་ཀྱིས། རང་གི་སེམས་ནི་ཡོངས་སུ་འདུལ། །གཞན་གྱི་སེམས་ནི་དཀྲུག་མི་བྱ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་གསུངས་པ་ལྟར། ཚང་མས་རང་གི་སེམས་གཟབ་གཟབ་བྱས་ཏེ་བསྲུང་དགོས་ཤིང་། གཞན་གྱི་སེམས་མི་དཀྲུག་པ་ལ་རང་ནུས་གང་ཡོད་ཀྱིས་ནུས་པ་རྩལ་སྤྲུགས་བྱས་ཏེ་བསླབ་དགོས།

རང་གི་སེམས་ཇི་ལྟར་བསྲུང་དགོས་སྙམ་ན། རང་གི་རྒྱུད་ལ་བཅོམ་ལྡན་འདས་ཀྱི་ཆོས་དང་མི་མཐུན་པའི་ཞེ་སྡང་ངན་པ་དང་། འདོད་ཆགས་ངན་པ། གཞན་ལ་ཕྲག་དོག་ངན་པ། གཞན་ལས་ང་ལྷག་སྙམ་པའི་ང་རྒྱལ་ལྟ་བུའི་བསམ་པ་ངན་པ་སྐྱེས་འོང་སྐབས། ལམ་སང་དེ་སྐྱེ་ཡོད་པ་ངོ་ཤེས་པར་བྱས། འདི་ལྟ་བུའི་རྟོག་པ་ངན་པ་དེ་སྐྱེ་བར་འཇུག་མི་རུང་སྙམ་ཞིང་དྲན་ཤེས་ཀྱིས་བཟུང་སྟེ། ཕྱིན་ཆད་འདི་ལྟ་བུའི་རྟོག་ངན་མི་སྐྱེ་བར་བླ་མ་དཀོན་མཆོག་གསུམ་གྱིས་བྱིན་གྱིས་བརླབ་ཏུ་གསོལ་སྙམ་ཞིང་། དཀོན་མཆོག་རྣམ་པ་གསུམ་ལ་གསོལ་བ་ཡང་ཅི་ནུས་སུ་འདེབས་དགོས།

གཞན་གྱི་སེམས་མི་དཀྲུག་པ་ནི། རང་གི་ལུས་ཀྱི་སྤྱོད་པ་ངན་པ་དང་། ངག་གི་གཏམ་སྨྲ་ཚུལ་ངན་པ། སེམས་ཀྱི་དྲན་རྟོག་ངན་པ་དེ་དག་གིས་གཞན་གྱི་སེམས་དཀྲུག་པར་འགྱུར་བ་ཡིན། དེས་ན་གཞན་སེམས་དཀྲུག་པའི་བྱ་སྤྱོད་ངན་པ་དེ་དག་རང་གི་རྒྱུད་ལ་འབྱུང་བའི་སྐབས་སུ། རབ་ན་རྩ་བ་ནས་སྤང་ཨེ་ཐུབ་བལྟ་དགོས། གལ་ཏེ་དེ་ཙམ་མི་ནུས་ན་རང་གིས་རང་ལ་བསྐུལ་ཏེ་ང་བཅོམ་ལྡན་འདས་ཀྱི་རྗེས་འཇུག་ཅིག་ཡིན་ཡང་། ད་དུང་གཞན་སེམས་དཀྲུག་པའི་ལས་ཀ་འདི་འདྲ་བྱེད་ཀྱིན་འདུག ད་ཕྱིན་ཆད་ལས་ཀ་འདི་འདྲ་རྩ་བ་ནས་བྱེད་མི་རུང་བསམས་ཏེ་དམ་བཅའ་བརྟན་པོ་རེ་བྱ་རྒྱུ་དང་། དཀོན་མཆོག་གསུམ་ལ་གསོལ་བ་ཡང་འདེབས་དགོས་པ་ཡིན།

དེ་ལྟར་སེམས་ཅན་ལ་གནོད་པ་མི་བྱེད་ཅིང་། རང་གི་སེམས་བསྲུང་ན་དགོས་པ་ཅི་ཡོད་ཅེ་ན། ཚེ་འདིར་ཡང་ཚེ་རིང་བ་དང་ནད་མེད་པ། ལོངས་སྤྱོད་ཆེ་བ། གཟི་བརྗིད་བཟང་བ། གཞན་གྱིས་བཀུར་འོས་པའི་གནས་སུ་གྱུར་པ་ལ་སོགས་པའི་ཡོན་ཏན་ཆེས་མང་པོ་ཞིག་འབྱུང་བ་དང་། ཚེ་ཕྱི་མར་ཡང་བདེ་བ་ཅན་ལ་སོགས་པའི་དག་པའི་ཞིང་རྣམས་སུ་སྐྱེ་ཞིང་། སངས་རྒྱས་ཀྱི་གོ་འཕང་འཐོབ་པར་འགྱུར་བ་སོགས་སྡུག་བསྔལ་ཐམས་ཅད་དང་བྲལ་བའི་བདེ་བ་ཕུན་སུམ་ཚོགས་པ་འཐོབ་རྒྱུ་རེད།

དེས་ན་བཅོམ་ལྡན་འདས་ཀྱིས་གསུངས་པའི་དམ་པའི་ཆོས་འདི། མི་གཅིག་གིས་ཉམས་སུ་བླངས་ན་མི་ཁོ་རང་བདེ་བ་དང་ལྡན་ལ་སྡུག་བསྔལ་དང་བྲལ་བ་དང་། ཁྱིམ་ཚང་གཅིག་གི་མིས་ཆོས་འདི་ཉམས་སུ་བླང་ན་ཁྱིམ་ཚང་གང་པོ་བདེ་བ་དང་ལྡན་པ་ཡིན། གྲོང་ཁྱེར་གཅིག་གི་མི་རྣམས་ཀྱིས་ཆོས་འདི་ཉམས་སུ་བླངས་ན་གྲོང་ཁྱེར་དེ་ཡང་གནས་སྐབས་དང་མཐར་ཐུག་ཀུན་ཏུ་བདེ་རྒྱུ་རེད། རྒྱལ་ཁབ་གཅིག་གི་མི་རྣམས་ཀྱིས་ཆོས་འདི་ཉམས་སུ་བླངས་ན་རྒྱལ་ཁབ་དེར་ཡང་བདེ་བ་ཕུན་སུམ་ཚོགས་པ་ཡོང་རྒྱུ་རེད། དེར་མ་ཟད་འཛམ་བུ་གླིང་གི་མི་ཚང་མས་སངས་རྒྱས་ཀྱི་བསྟན་པ་འདི་ཉམས་སུ་བླངས་ན། འཛམ་བུ་གླིང་འདི་ཡང་བདེ་ཞིང་སྐྱིད་པ་ཕུན་སུམ་ཚོགས་པ་དང་། འཛམ་གླིང་ཞི་བདེའི་དཔལ་ཡོན་དེ་ཡང་མངོན་དུ་འགྱུར་ཞིང་། སྡུག་བསྔལ་ཅན་གྱི་སེམས་ཅན་གང་ཡང་མེད་པར་བདེ་དགེ་ཕུན་སུམ་ཚོགས་པ་འབྱུང་རྒྱུ་རེད།

དེས་ན་སེམས་ཅན་སུ་ཡིན་ཡང་བདེ་བ་བྱུང་ན་དགའ་བ་དང་། སྡུག་བསྔལ་མ་བྱུང་ན་དགའ་མཁན་ཞིག་ལས། བདེ་བ་མ་བྱུང་ན་བསམ་མཁན་དང་། སྡུག་བསྔལ་བྱུང་ན་བསམ་མཁན་སུ་ཡང་ཡོད་མི་སྲིད། དེ་བས་སེམས་ཅན་ཐམས་ཅད་ལ་བདེ་བ་སྒྲུབ་པར་བྱེད་པའི་ཐབས་དང་། སྡུག་བསྔལ་མེད་པར་བྱེད་པའི་ཐབས་ནི་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་འདི་ཁོ་ན་ཡིན། གོང་བཤད་ལྟར་བསམ་བློ་ཞིབ་ཏུ་བཏང་སྟེ་བརྟག་དཔྱད་ཅིག་བྱས་ན། ཁོག་པའི་ནང་ན་སྙིང་མེད་པའི་གང་ཟག་དང་། མགོ་བོའི་ནང་ན་ཀླད་པ་མེད་པའི་གང་ཟག་ཅིག་ཡིན་ན་མ་གཏོགས། བཅོམ་ལྡན་འདས་ཀྱི་ཆོས་འདི་ལ་མོས་པ་མེད་པ་ཞིག་མི་སྲིད་པ་ལྟ་བུར་གྱུར་ཡོད།

དེས་ན་ཞིབ་མོའི་བློས་ད་དུང་བརྟག་དཔྱད་གྱིས་དང་། ཡང་ནས་ཡང་དུ་བརྟགས་ན། བཅོམ་ལྡན་འདས་ཀྱི་བསྟན་པ་འདི་ལ་མི་དད་པ་དང་མི་མོས་པའི་གང་ཟག་ཅིག་ཡོད་ན། ང་ཚོ་བོད་མིས་དེ་ལ་ཀླད་མེད་པོ་དང་། སྙིང་མེད་པོ་ཞེས་པའི་ཐ་སྙད་འདོགས་སྲོལ་ཡོད། དེ་ལྟར་བཤད་པ་ཁོག་པའི་ནང་ན་སྙིང་མེད་པ་དང་། མགོ་བོའི་ནང་ན་ཀླད་པ་མེད་པ་ལ་ཟེར་བ་མ་ཡིན་པར། བཅོམ་ལྡན་འདས་ཀྱི་རྗེས་འཇུག་ཞིག་གིས་ལྟ་ཚུལ་ལ། ཤ་རྡོག་པོ་ཞིག་ཁོག་པའི་ནང་ན་ཡོད་ན་དེ་ལ་སྙིང་ཞེས་ཧ་ཅང་གཅེས་པོ་བྱེད་པ་མིན་ལ། ཀླད་པའི་ནང་ན་ཞོ་མིན་ཞོ་ལྟར་ཉག་ཉོག་ཞིག་ཡོད་པ་དེ་ལ་རྩིས་པོ་ཆེར་བྱེད་པ་མ་ཡིན་པར། སུ་ཞིག་གིས་རང་ཉིད་འགྲོ་སའི་མདུན་ལམ་ཡང་དག་པ་ཞིག་ཤེས་ན། ད་གཟོད་དེ་ལ་སྙིང་ཡོད་འདུག ཀླད་པ་ཡོད་འདུག་ཟེར་བ་ཡིན།

རང་ལ་སྙིང་དང་ཀླད་པ་ཡོད་པར་འདོད་ན། རང་གིས་ཉམས་སུ་བླང་རྒྱུའི་ཆོས་དེ་མ་ནོར་བ་ཞིག་ཤེས་དགོས་མ་གཏོགས། ཁྱོད་ཉལ་ཤེས་པ་དང་། འགྲོ་ཤེས་པ། མི་གཙང་བ་འདོར་ཤེས་པ། གོས་གྱོན་ཤེས་པ་ཙམ་གྱིས་སྙིང་ཡོད་དང་ཀླད་ཡོད་ཅེས་པའི་ཐ་སྙད་དེ་སུས་ཀྱང་འདོགས་པ་མིན། ཆོས་ལ་དམིགས་པའི་འདོད་པའི་དད་པ་ཟེར་བ་དེ་ལྟ་བུ་ཞིག་ལ་གོ་དགོས།

གསུམ་པ་དགེ་འདུན་ལ་དམིགས་པའི་ཡིད་ཆེས་ཀྱི་དད་པ།

དེ་ཡང་དགེ་འདུན་དཀོན་མཆོག་ནི་བཅོམ་ལྡན་འདས་ཀྱི་རྗེས་སུ་འཇུག་པ་རྣམས་ལ་ཟེར་བ་ཡིན། བཅོམ་ལྡན་འདས་ཀྱི་རྗེས་འཇུག་ཅིག་ཡིན་ནས་བཟུང་། གཙོ་བོ་རང་དང་གཞན་ལ་ཕན་པ་སྒྲུབ་པའི་ཐབས་ཁོ་ནར་བརྩོན་མཁན་ཞིག་ཡིན།

འཛམ་བུ་གླིང་འདིའི་བཅོམ་ལྡན་འདས་ཀྱི་རྗེས་སུ་འཇུག་པའི་གང་ཟག་རྣམས་ཀྱི་དབང་དུ་བྱས་ན། སེམས་ཅན་ལ་གནོད་པ་མི་སྐྱེལ་བ་ཐེག་པ་དམན་པའི་ལུགས་དང་། སེམས་ཅན་ལ་གནོད་པ་མི་བྱེད་པར་མ་ཟད་སེམས་ཅན་ལ་ཕན་པ་སྒྲུབ་པ་ཐེག་པ་ཆེན་པོའི་ལུགས། སེམས་ཅན་ལ་ཕན་པ་སྒྲུབ་པ་དེའང་རྒྱ་ཆེན་པོ་དང་དཀའ་ཚེགས་མེད་པར་མྱུར་དུ་སྒྲུབ་པ་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ཉམས་སུ་ལེན་པའི་དགེ་འདུན་ཏེ་རིགས་གསུམ་ཡོད། དེ་ལྟ་བུའི་བསྟན་པ་འཛིན་པའི་སྐྱེས་བུ་གསུམ་ཡང་། སེམས་ཅན་ལ་ཕན་པ་སྒྲུབ་པའི་གང་ཟག་ཡིན་པར་ངོ་ཤེས་ན། དེ་ལ་ཡིད་མི་ཆེས་པའི་གང་ཟག་སུ་ཡང་ཡོད་སྲིད་རྒྱུ་མ་རེད་སྙམ།

དཔེར་ན། ཁྱོད་ལ་གྲོགས་པོ་ཞིག་ཡོད་པའི་དབང་དུ་བྱས་ན། གྲོགས་པོ་དེ་དངོས་སུ་འཕྲད་པའི་གནས་སྐབས་ན་ཁྱོད་ལ་དགའ་བ་དང་སྤྲོ་བས་བཀུར་བསྟི་བྱེད་ལ། ལྐོག་ནས་ཀྱང་ཁྱོད་ལ་བསྟོད་པ་བྱེད་ཅིང་བྱ་བ་གང་ཅིའི་ཐད་ནས་ཕན་པ་འབའ་ཞིག་སྒྲུབ་པའི་གྲོགས་པོ་དེ་ལ་ཡིད་ཆེས་ཡོད་པ་ཡིན། དེ་མིན་གྲོགས་པོ་ཁ་ཅིག་གིས་ངོ་ལ་བལྟས་ཏེ་བསྟོད་པ་བྱས་ཀྱང་ལྐོག་ནས་སྨད་པ་བྱེད་པ་དང་། གནོད་པ་སྣ་ཚོགས་བྱེད་པའི་གྲོགས་པོ་དེ་ལ་ཡིད་ཆེས་ཡོད་སྲིད་རྒྱུ་མ་རེད། དེས་ན་དགེ་འདུན་དཀོན་མཆོག་ལ་ཡིད་ཆེས་པའི་དད་པ་བསྐྱེད་དགོས་ཞེས་བཤད་པའི་རྒྱུ་མཚན་ཡང་དེ་ལ་ཐུག་ཡོད།

གོང་དུ་དཀོན་མཆོག་གསུམ་གྱི་ཡོན་ཏན་མདོར་བསྡུས་པ་ཙམ་ཞིག་བཤད་པ་ཡིན། ད་ཁྱེད་རྣམ་པ་ཚང་མ་དཀོན་མཆོག་གསུམ་ལ་དགའ་བ་སྐྱེས་སམ། སྤྲོ་བ་ཨེ་བྱུང་། ཡ་དཀོན་མཆོག་གསུམ་ལ་དགའ་མཁན་རྣམས་ཀྱིས་ལག་པ་རྐྱོངས་དང་ཅི་འདྲ་འདུག ད་དཀོན་མཆོག་གསུམ་ལ་མི་དགའ་མཁན་ཅི་ཙམ་འདུག དེ་རྣམས་ཀྱིས་ལག་པ་རྐྱོངས་དང་། ཧ་ཅང་ཡག་པོ་རེད། ཚང་མ་དཀོན་མཆོག་གསུམ་ལ་དགའ་བར་འདུག ༼དགོད་སྒྲ།༽

སྐྱབས་འགྲོའི་སྡོམ་པ།

དེས་ན་ཁྱེད་རྣམ་པས་དུས་ད་ནས་བཟུང་སྟེ། སྐྱེ་བ་ཚེ་རབས་ཀུན་ཏུ་སྟོན་པ་ཕུན་སུམ་ཚོགས་པ་སངས་རྒྱས་ལ་གསོལ་བ་འདེབས་པ་དང་། གཞན་ལ་འཚེ་བ་མེད་པའི་དམ་པའི་ཆོས་དེ་ཉམས་སུ་ལེན་པ་དང་། ཆོས་ཡང་དག་པར་ཉམས་སུ་ལེན་པའི་གྲོགས་དགེ་འདུན་པ་ཐམས་ཅད་དང་དུས་རྟག་ཏུ་འགྲོགས་ཏེ། སངས་རྒྱས་ཀྱི་ཆོས་ཉམས་སུ་ལེན་པའི་དམ་བཅའ་རྒྱུད་ལ་སྐྱེ་བར་མཛོད་ཅིག དེ་ལྟ་བུའི་དམ་བཅའ་དང་ལྡན་པའི་སྒོ་ནས་ཐལ་མོ་སྙིང་གར་སྦྱོར་ལ་ཚིག་འདིའི་རྗེས་ཟློས་གྱིས།

བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། ། ༼ལན་གསུམ།༽

ད་ཁྱེད་རྣམ་པ་ཚང་མ་ལ་སྐྱབས་འགྲོའི་སྡོམ་པ་ཐོབ་པ་ཡིན། ཁྱེད་རྣམ་པ་ཚང་མ་དུས་དེ་རིང་ནས་བཟུང་སྟེ་ནང་པ་སངས་རྒྱས་པ་མཚན་ཉིད་དང་ལྡན་པར་གྱུར་པ་ཡིན་ཞིང་། དུས་ད་ནས་བཟུང་སྟེ་ཁྱེད་རྣམ་པས་ཆོས་དང་འཇིག་རྟེན་གྱི་བྱ་བ་གང་བསྒྲུབས་ཀྱང་འགལ་རྐྱེན་མེད་པར་བསམ་པ་བཞིན་དུ་བསྒྲུབ་ཐུབ་རྒྱུ་རེད་ལ། དེ་ནས་མི་དང་མི་མ་ཡིན་པ་འདྲེ་བགེགས་ལ་སོགས་པའི་གནོད་པ་རྣམ་པ་སྣ་ཚོགས་ཀྱང་། དཀོན་མཆོག་གསུམ་གྱི་ཐུགས་རྗེ་ཡིས་སྐྱོབ་ཐུབ་རྒྱུ་རེད། ཁྱེད་རྣམ་པས་དུས་ནམ་ཡང་དཀོན་མཆོག་གསུམ་ལ་བློ་ཁ་མ་ལོག་པར་ལེགས་པར་བསྡད་ན་ཚེ་འདིར་བདེ་བར་མ་ཟད། ཚེ་ཕྱི་མར་ཡང་དམྱལ་བ་ཡི་དྭགས་དུད་འགྲོ་ལ་སོགས་ངན་པའི་སྐྱེ་བ་ལེན་དགོས་པ་མ་རེད། དེས་ན་ཁྱེད་རྣམ་པས་ད་རེབ་ཀྱི་དམ་བཅའ་དང་ཡིད་ཆེས་དེའི་སྟེང་གི་འགྱུར་བ་མེད་པ་གྱིས་དང་། ཁྱེད་ཚོས་མི་ལུས་ཐོབ་པ་དེ་ཡང་དོན་དང་ལྡན་པར་གྱུར་བ་ཡིན།

ངས་བསམ་ན་ཁྱེད་རྣམ་པ་ཕལ་ཆེ་བ་ཁེ་ན་ཏ་རྒྱལ་ཁབ་ཏུ་སྐྱེས་པའི་མི་ཡིན་པ་དང་། འགའ་རེ་ཨ་རིར་སྐྱེས་པའི་མི་ཡིན་ས་རེད། གང་ལྟར་ཡང་ཁྱེད་རྣམ་པར་ཚེ་གང་པོ་ལ་དེ་རིང་གི་བྱ་བ་འདི་ལྟ་བུའི་གྲུབ་འབྲས་རྒྱ་ཆེན་པོ་ཐོབ་མྱོང་ཡོད་པ་མ་རེད་སྙམ། དེ་ཟེར་བའི་རྒྱུ་མཚན་ཡང་ཁྱེད་རྣམ་པ་ཕལ་ཆེར་གྱིས་མི་ཚེ་གང་པོར། ཨ་རིའི་ལུང་པ་དང་ཁེ་ན་ཏ་ནས་གཟའ་སྤེན་པ་དང་གཟའ་ཉི་མ་གཉིས་པོར་མ་གཏོགས། ཟས་གོས་དང་སྙན་གྲགས། སྒོར་མོ་རྙེད་ཆེད་འབད་པ་བྱས་པ་རེད། དངོས་གནས་མི་ཚེ་གང་པོར་འབད་རྩོལ་བྱེད་ལུགས་དེ་ལ་བསམ་བློ་བཏང་ན། ད་ལྟ་ཨ་རིའི་ཕྱུག་པོ་རཱོ་ཁི་ཧྥེ་ལིར་(John Davison Rockefeller)གྱི་རྒྱུ་རྫས་དེ་ང་ཚོར་ཐོབ་ན་ཆོག་པའི་འབད་པ་བྱས་མྱོང་བ་ཚང་མའི་ཞེ་ན་ཡོད་པ་ཡིན། འབད་རྩོལ་བྱས་མྱོང་རུང་ད་ལྟ་རྒྱུ་འབྱོར་ཡང་དེ་ཙམ་དང་། ཟས་གོས་སྙན་གྲགས་ཡང་དེ་ཙམ་མ་གཏོགས། གང་ཡང་འགྲུབ་མེད་པས་མི་ཚེ་གང་པོར་འབད་པ་དོན་མེད་ལྟ་བུར་གྱུར་འདུག དེས་ན་ང་ཚོའི་མི་ཚེ་གང་པོའི་བྱ་བ་ལས་ལྷག་པའི་གྲུབ་འབྲས་ཤིག་དེ་རིང་ཐོབ་ཡོད་ཅེས་བཤད་པའི་རྒྱུ་མཚན་ཡང་དེ་ཡིན།

ཁྱེད་རྣམ་པ་མང་ཤོས་སྔར་ནས་ནང་པ་སངས་རྒྱས་པ་ཡིན་པ་དང་། འགའ་རེ་དེ་རིང་ནང་པ་སངས་རྒྱས་པར་གྱུར་ཡོད་པ་རེད། གང་ལྟར་ཡང་ནང་པ་སངས་རྒྱས་པའི་ཆོས་དེ་ལ་ཡིད་ཆེས་ཁྱད་པར་ཅན་སྐྱེས་ན་ང་ཡང་ས་ཆ་འདི་ལ་སླེབས་པ་དོན་དང་ལྡན་པར་གྱུར་པ་དང་། ཁྱེད་རྣམ་པ་ཡང་ཆོས་ཚོགས་ལ་འཚོགས་པ་འདི་ངས་བལྟས་ན་སྐལ་བ་བཟང་པོ་རེད་སྙམ།

དེ་ནས་སྐྱབས་འགྲོའི་བསླབ་བྱ་ནི། དུས་ད་ནས་བཟུང་སྟེ་སངས་རྒྱས་ལ་རྒྱུན་ཏུ་གསོལ་བ་འདེབས་རྒྱུ་མ་བརྗེད། ཆོས་ལ་སྐྱབས་སུ་སོང་བ་ཡིན་པས་སེམས་ཅན་ལ་གནོད་འཚེ་མི་བྱེད་པ་ལ་ཅི་ནུས་སུ་འབད་པར་གྱིས། དགེ་འདུན་ལ་སྐྱབས་སུ་སོང་བ་ཡིན་པས་སངས་རྒྱས་ཀྱི་རྗེས་འཇུག་ཚང་མར་གུས་བཀུར་དང་ཡིད་ཆེས་ཅི་ནུས་སུ་བསྐྱེད་དང་། དེ་ནས་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྲུབ་འོང་བ་ཡིན།

གོང་དུ་ཁྱེད་རྣམ་པ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བའི་ཆེད་དུ་ངས་དཀོན་མཆོག་གསུམ་ལ་དད་པ་ཇི་ལྟར་བསྐྱེད་ཚུལ་གྱི་གཏམ་བཤད་དེ་དག་བྱས་པ་ཡིན། ང་སྐད་ཆ་ལ་མཁས་པ་ཞིག་མིན་ལ། སྐད་གདངས་དེ་ཡང་སྙན་མོ་མིན་པས་ཁྱེད་རྣམ་པ་ཐུགས་ཧ་ཅང་སྤྲོ་བོ་བྱུང་མེད་ནའང་། ཚིག་དེས་བཤད་པའི་སྙིང་དོན་ནི། ཁྱེད་རྣམ་པ་ལ་འདི་ཕྱི་ཀུན་ཏུ་ཕན་པ་འབྱུང་བའི་གཏམ་བཤད་བཟང་པོ་ཡིན་པས་ཁྱེད་རྣམ་པས་ཐུགས་ཉམས་སུ་བསྟར་བའི་རེ་བ་ཡོད། དེ་རིང་གི་ལས་རིམ་དེ་ཙམ་ཡིན། དེ་ནས་སང་ཉིན་གནངས་ཉིན་གྱི་ལས་རིམ་གྱི་བཀོད་སྒྲིག་ལ་ཁྱེད་རྣམ་པ་ཅི་མོས་ཀྱིས་འཇུག་པར་མཛོད།

ཆེ་བ་བཞི་ལྡན་གྱི་ཆོས།

ཕྱི་ཟླ་༨པའི་ཚེས་༢༠ཉིན། ཆོས་རྗེ་ཉིད་ཀྱིས་འཇམ་དཔལ་ཡེ་ཤེས་སེམས་དཔའི་དབང་གི་སྔོན་དུ་འདི་ལྟར་གསུང་།

འཇམ་དཔལ་ཡེ་ཤེས་སེམས་དཔའི་སྒྲུབ་ཐབས་བྱིན་རླབས་མྱུར་སྩོལ་ཞེས་བྱ་བ་འདི་ཉིད་ཀྱི་དབང་བསྐུར་བའི་སྐབས་སུ་བབས་པ་ཡིན། འདིའི་བྱུང་ཚུལ་གྱི་ལོ་རྒྱུས་མདོར་བསྡུས་པ་ཙམ་ཞིག་ཞུ་ན། སྤྱིར་ལྷོ་རྒྱལ་འཛམ་བུ་གླིང་འདི་ཡི་དབུས་ན་དུས་གསུམ་སངས་རྒྱས་ཐམས་ཅད་མངོན་པར་རྫོགས་པར་འཚང་རྒྱ་བའི་གནས་རྒྱ་གར་རྡོ་རྗེ་གདན་ཞེས་བྱ་བ་ཡོད། དེ་མཇལ་བ་དང་ཕྱག་འཚལ་བ། སྨོན་ལམ་བཏབ་པ་ཙམ་གྱིས་ཀྱང་ཐོག་མེད་ནས་བསགས་པའི་སྡིག་ལྟུང་མ་ལུས་པ་ཡོངས་སུ་བྱང་བར་བྱེད་པའི་གནས་མཆོག་ཁྱད་པར་ཅན་ཞིག་ཡིན། དེ་ཡང་རྡོ་རྗེ་གདན་གྱི་ཤར་ཕྱོགས་སུ་མ་ཧཱ་ཙི་ན་ཞེས་བྱ་བའི་ཡུལ་གྲུ་ཆེན་པོ་ཞིག་ཆགས་ཡོད། དེ་ན་རྒྱ་ནག་རི་བོ་རྩེ་ལྔ་ཞེས་བྱ་བ་རི་རྩ་བ་གཅིག་ལ་རྩེ་མོ་ལྔ་ཡོད་པ། མགོན་པོ་འཇམ་པའི་དབྱངས་སྔར་ནས་ད་ལྟའི་བར་མངོན་སུམ་དུ་བཞུགས་པའི་གནས་མཆོག་ཁྱད་པར་ཅན་ཞིག་ཡོད། དེ་ལ་དུས་ཁྱད་པར་ཅན་རབ་བྱུང་བཅུ་བདུན་པའི་ཐོག་མ་མེ་ཡོས་ལོའི་བོད་ཟླ་བཞི་པའི་ཚེས་བཅོ་ལྔ་ལ་བབས་པའི་དུས་ན། ཆོས་ཁྱད་པར་ཅན་བཟང་པོ་སྤྱོད་པའི་སྨོན་ལམ་ལ་སོགས་པ་ཆེད་དུ་གདབ་པར་བྱ་བའི་ཕྱིར་དུ། འཁོར་ཁྱད་པར་ཅན་དང་བཅས་ཏེ་ང་རང་གནས་དེར་ཕྱིན་པ་ཡིན། དེའི་དུས་སུ་སྐྱེས་བུ་མཆོག་དམན་རབ་འབྲིང་ཚང་མ་ལའང་མགོན་པོ་འཇམ་པའི་དབྱངས་ཀྱི་ཐུགས་རྗེའི་བྱིན་རླབས་ཀྱི་འོད་ཟེར་དང་། སྤྲུལ་པ་རྣམ་པ་སྣ་ཚོགས་མ་མཇལ་བ་མེད་པ་ལྟ་བུར་གྱུར། དེའི་དུས་ན་མགོན་པོ་འཇམ་པའི་དབྱངས་ཀྱི་ཐུགས་རྗེ་དང་བྱིན་རླབས་ཀྱི་སྟོབས་ཀྱིས་ཁོ་བོའི་ཡིད་ལས་ཀྱང་ཆོས་ཚུལ་འདི་ལྟ་བུ་ཞིག་རྡོལ།

ཆོས་ཚུལ་འདི་ནི་སྐྱེས་བུ་མཆོག་དམན་སུས་ཉམས་སུ་བླངས་ཀྱང་། ཕན་པ་དང་བདེ་བ་བསམ་གྱིས་མི་ཁྱབ་པ་ཞིག་འབྱུང་བ་ཡིན། ཁྱད་པར་དུ་ནུབ་ཕྱོགས་ཀྱི་མི་རྣམས་ཀྱི་གཙོས་པའི་འགྲོ་བ་མང་པོ་ལ་ཆེད་དུ་བྱིན་རླབས་མྱུར་བ་དང་། ཁྱེད་རྣམས་ཀྱི་ཆོས་སྐལ་ཏུ་གྱུར་པའི་ཆོས་ཚུལ་ཟབ་མོ་ཉིད་དུ་གྱུར་ཡོད་པ་ཡིན། ད་ལོའི་གནས་སྐབས་ན་མགོན་པོ་འཇམ་པའི་དབྱངས་ཀྱི་ཐུགས་རྗེའི་བྱིན་རླབས་ཀྱི་སྟོབས་ཀྱིས་དབང་མེད་དུ་ཡུལ་ཁམས་འདི་ལ་བཀུག་འོང་བ་དང་། དེའི་སྐབས་སུ་ཁྱེད་འཁོར་སློབ་མང་པོ་ཡང་སྔོན་གྱི་ལས་ཀྱི་དབང་གིས་རང་བཞིན་གྱིས་འདུས་པ་རེད།

ད་རེས་ང་རང་གི་འཁོར་དུ་ཡོད་པའི་སློབ་ཚོགས་རྣམས་དང་ཁྱེད་འདིར་འཁོད་རྣམ་པ་འདུས་པ་དང་པོ་ལྟ་བུར་གྱུར་ཡོད་པས། ཆོས་འདི་ཉམས་སུ་བླངས་ན་བྱིན་རླབས་ལྷག་པར་དུ་ཆེ་བ་ཡིན། ཆོས་འདིའི་སྒྲུབ་ཐབས་དང་ཁྲིད་ཡིག་གང་ལ་བསམ་ཡང་ཆེ་བ་བཞི་དང་ལྡན་པ་ཡིན་ཏེ། གཅིག་ཆོས་འདིའི་ཚིག་ནི་ཧ་ཅང་ཉུང་ཉུང་དང་། དོན་ནི་སངས་རྒྱས་བཅོམ་ལྡན་འདས་རྗེས་འབྲང་དང་བཅས་པས་གསུངས་པའི་ཆོས་ཀྱི་གནད་མཐའ་དག་གཞུང་འདི་ཉིད་ལ་རྫོགས་ཡོད་པས་གནད་འདུས་པ་ཡིན། གཉིས་ཆོས་ཚུལ་གཞན་དང་མི་འདྲ་བར་ཡུན་རིང་པོའི་བར་དུ་སྦྱངས་པ་མ་བྱས་ཀྱང་བདེ་བླག་ཏུ་ཤེས་ནུས་པའི་ཞལ་ཧ་ཅང་གསལ་བ་ཡིན། གསུམ་བྱིན་རླབས་ཀྱི་ཚན་ཁ་ཡང་གཞན་ལས་ལྷག་པས་དུས་བབ་ཀྱི་ཆོས་ཡིན། དུས་སུ་བབ་ཅེས་པ་དེ་ཇི་ལྟ་བུ་ཞིག་ཡིན་ཞེ་ན། ཕྱི་རོལ་གྱི་དུས་དེ་ལ་འཕོ་འགྱུར་མང་པོ་ཞིག་འབྱུང་བས། དུས་རེ་རེ་བཞིན་དུ་དེ་དང་འཚམས་པའི་ཆོས་ཤིག་ཡོད་དགོས། དེ་ཡང་ཁ་རྩང་དེ་རིང་གི་དུས་ཚོད་ཏག་ཏག་འདི་ལ་ཉམས་སུ་ལེན་དགོས་པའི་ཆོས་ཤིག་ཡིན་འདུག བཞི་ཁྱེད་རྣམ་པ་ལྟ་བུ་ལ་ངེས་པར་དུ་ཕན་པའི་སྒེར་ཆོས་ཡིན། དཔེར་ན། ཚད་པའི་ནད་ལ་ག་བུར་ཐེབས་པ་ལྟ་བུར་རྒྱུད་ཀྱི་ལས་དང་ཉོན་མོངས་པ་ཐམས་ཅད་སེལ་བ་དང་། ཕན་པ་དང་བདེ་བ་སྦྱིན་པར་བྱེད་པའི་ཆོས་རྣམ་པར་དག་པ་ཞིག་ཡིན་པས། ད་ལྟ་ཁྱེད་རྣམས་ཀྱིས་དད་གུས་ཕུན་སུམ་ཚོགས་པ་དང་ལྡན་པའི་སྒོ་ནས་ཉོན། དེ་ལྟར་བཤད་མ་ཐག་པའི་ཆེ་བ་བཞི་དང་ལྡན་པའི་ཆོས་འདིའི་དབང་དང་ཁྲིད་ཞུ་བར་གྱིས། རྗེས་སུ་ཡང་ཁྱེད་རྣམ་པ་རང་རང་གིས་ཉམས་ལེན་བྱས་ནས་གཞན་སྐལ་བ་དང་ལྡན་པའི་གང་ཟག་རྣམས་ལའང་ཆོས་འདི་རྒྱ་ཆེར་སྤེལ་བར་གྱིས།

མདོར་ན་མགོན་པོ་འཇམ་པའི་དབྱངས་ཀྱི་བརྒྱུད་པ་ཟིན་ངེས་པར་བྱེད་པ་དེ་ཅི་ནས་ཀྱང་གལ་ཆེ་བ་ཡིན་པས་ཚང་མས་ཐུགས་ལ་ཞོག དེ་ལྟ་བུའི་ལོ་རྒྱུས་མདོར་བསྡུས་པ་ཙམ་ཞིག་གིས་ཁྱེད་རྣམས་ཀྱི་ཐུགས་ལ་སྤྲོ་བ་བསྐྱེད་ནས། དབང་ཞུ་བ་ལ་ནི་བླ་མ་ཉིད་ཀྱང་ཐ་མལ་མ་དག་པའི་གང་ཟག་མ་ཡིན་པར་འཇམ་དཔལ་ཡེ་ཤེས་སེམས་དཔའ་དངོས་ཡིན་སྙམ་པའི་དད་གུས་དང་ལྡན་པའི་སྒོ་ནས་བདག་ལ་སྨིན་བྱེད་ཀྱི་དབང་བསྐུར་ཟབ་མོ་གནང་བར་མཛད་དུ་གསོལ།

ཆོས་རྗེ་ཉིད་ཀྱིས་དབང་དོན་གྱི་ཡེ་ཤེས་ངོ་སྤྲོད་པའི་སྐབས་སུ་འདི་སྐད་དུ་གསུང་།

འཁོར་འདས་ཀྱི་ཆོས་ཐམས་ཅད་རང་གི་སེམས་ཀྱི་ཆོ་འཕྲུལ་ཙམ་མ་གཏོགས་ཕྱི་རོལ་ན་གང་ཡང་ཡོད་པ་མ་ཡིན་པའི་དོན་དེ་ཐོག་མར་ཤེས་དགོས། སེམས་དེ་ནི་མ་བརྟགས་ན་ཆུ་ནང་གི་ཟླ་གཟུགས་ལྟར་དུ་ཡོད་ཡོད་འདྲ་བ་ལྟ་བུར་སྣང་ཡང་། བརྟགས་ན་གང་ཡང་མི་གྲུབ་པའི་སྟོང་པ་ཉིད་ཀྱི་བདག་ཉིད་ཅན་དུ་ངོ་ཤེས་དགོས་པ་ཡིན། དེ་ཡང་ངོ་ཤེས་པ་ཙམ་གྱིས་མི་ཆོག་པར་དུས་རྒྱུན་དུ་ལྟ་བ་དེའི་ངང་དུ་འཇོག་དགོས། དེ་ལྟར་སྒོམ་པའི་ཚེ་ན་རྐྱེན་སྣང་བཟང་ངན་ཅི་འདྲ་བ་ཤར་ཡང་། དེ་ལ་དགག་སྒྲུབ་དང་རྟོག་དཔྱོད་མི་བྱེད་པར་ལྟ་བ་རང་གི་ངོ་བོའི་རྒྱུན་སྐྱོང་དགོས་པ་ཡིན། དེ་ལྟར་ཡང་ནས་ཡང་དུ་སྒོམ་པར་བྱས་ན་ད་ལྟ་རང་རང་རྣམས་ཀྱི་རྒྱུད་ལ་ཡོད་པའི་འདོད་ཆགས་དང་། ཞེ་སྡང་། གཏི་མུག ང་རྒྱལ། ཕྲག་དོག་ལ་སོགས་པ་ཤིན་ཏུ་མ་རུངས་བའི་རྟོག་པ་ངན་པ་འདི་དག་ཀུན་ཀྱང་ནམ་ཞིག་ན། རླུང་ནག་དྲག་པོ་ནམ་མཁའ་ལ་ཡལ་བ་བཞིན་དུ་དབྱིངས་སུ་དེངས་ནས། སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་ཡོན་ཏན་ཐམས་ཅད་ཀྱང་མ་བཙལ་ལྷུན་གྱིས་གྲུབ་པར་འགྱུར་བ་ཡིན། དེས་ན་དོན་དེ་དག་ལ་རྫོགས་པ་ཆེན་པོའམ་ཕྱག་རྒྱ་ཆེན་པོའི་ལྟ་བ་དང་། སྒོམ་པ། སྤྱོད་པ། འབྲས་བུ་ཡང་ཟེར་བ་ཡིན།

བདག་གི་འགྲམ་སོ་གཅིག་སྦས་ཡོད།

ངེད་ཅག་རྡོ་རྗེ་འདན་མ་གླིང་དུ་སྡོད་སྐབས། དེའི་ཁོར་ཡུག་གི་མཛེས་ལྗོངས་ཧ་ཅང་ཡིད་དབང་འཕྲོག་པ་ཞིག་ཡིན་ཡང་། ང་ལ་དེར་ལོངས་སུ་སྤྱོད་པའི་མོས་འདུན་མེད་དེ། གཅིག་ནས་ཆོས་རྗེ་ཉིད་ཀྱི་སྐུ་འགྲམ་དུ་བྱ་བ་ཧ་ཅང་མང་བས་ཉིན་རེ་བཞིན་ཁོམ་ལོང་གི་སྐབས་ཤིན་ཏུ་ཉུང་བ་དང་། གཉིས་ནས་བདག་གི་སོ་གློ་བུར་དུ་ན་ནས་ཉིན་ཁ་ཤས་ལ་གཉིད་ཀྱང་མི་ཁུག་པར་ཟུག་གཟེར་གྱིས་གདུང་བར་གྱུར་བས། ང་ཚོ་བོད་ཀྱི་གཏམ་དཔེ་ལ། འཆི་བའི་ནད་ལ་མགོ་ནད་སྐྱིད། །མི་འཆིའི་ནད་ལ་སོ་ནད་སྡུག །ཅེས་ཟེར་བ་དེ་ངོ་མ་བདེན་པ་རེད་སྙམ་པ་བྱུང་།

དེ་ལྟར་སོ་ན་ནས་དུས་ཡུན་ངེས་ཅན་སོང་ཡང་དྲག་སྐྱེད་མ་བྱུང་རྐྱེན། ཉིན་ཞིག་བདག་གཅིག་པུར་ཉེ་ཟུར་གྱི་གྲོང་ནང་དུ་སྨན་ཁང་འཚོལ་དུ་སོང་ཞིང་། ཕལ་ཆེར་སྤྱི་ལེ་གཅིག་ཙམ་སོང་བ་ན་སོ་ནད་བརྟག་བཅོས་ཁང་ཞིག་རྙེད། སྨན་ཁང་དེའི་སྨན་པའི་རྣམ་འགྱུར་ཤིན་ཏུ་ལེགས་ཤིང་། ང་ལ་བཟི་སྨན་བཏང་སྟེ་འགྲམ་སོ་གཅིག་བཏོན་སོང་། སོ་བཅད་པའི་སྨན་ཡོན་ལ་ཁེ་ན་ཏའི་སྒོར་མོ་བདུན་ཅུ་ཙམ་རེད་ལ། དམངས་སྒོར་ལ་བསྒྱུར་ན་སྒོར་༣༥༠ལྷག་ཐོབ་འདུག་པས། རིན་གོང་མཐོན་པོ་ཡིན་པ་ཤེས་རྗེས་སོ་མི་ན་ཡང་སེམས་ཅུང་ཟད་ན་བར་གྱུར། སྐབས་དེར་ང་ཚོ་བོད་ཡུལ་ནས་སོ་གཅིག་བཅད་ན་ཇི་ལྟར་གོང་ཆེ་ཡང་དམངས་སྒོར་ཁ་ཤས་ལས་སྤྲད་མི་དགོས།

བདག་ཕྱིར་ལོག་པའི་ལམ་བར་གྱི་ས་སྟོང་ཞིག་ཏུ། རིན་གོང་མཐོན་པོ་སྤྲད་ནས་བཅད་པའི་སོ་དེ་སྨོན་ལམ་བཟང་པོའི་མཚམས་སྦྱོར་དང་བཅས་ཏེ་ས་འོག་ཏུ་སྦས་པ་ཡིན། རྗེས་སུ་ཁེ་ན་ཏར་འགྲོ་རྒྱུའི་གོ་སྐབས་རེ་བྱུང་ན། ས་ཆ་དེ་ནས་སོ་སྦེད་ཡུལ་དེ་ཡང་འཆུགས་མེད་དུ་རྙེད་སྲིད།

དབང་གཉིས་བསྐུར་བ།

ཕྱི་ཟླ་༨པའི་ཚེས་༢༡ཉིན་གྱི་སྔ་དྲོར། དབང་གཉིས་གནང་བའི་དང་པོ་ཕུར་བ་མགུལ་ཁུག་མའི་དབང་གི་སྔོན་དུ་བྱ་བའི་ཆོས་རྣམས་གོང་དུ་གྲུབ་ཟིན་ནས་དབང་གི་ལོ་རྒྱུས་གསུང་པའི་སྐབས་སུ་བབས་པ་ན། ཆོས་རྗེ་མཆོག་གིས་འདི་ལྟར་གསུང་།

སྔོན་གྱི་དུས་སུ་ཨོ་རྒྱན་སངས་རྒྱས་གཉིས་པས་བོད་ཀྱི་ལྷ་སྲིན་མ་རུངས་པ་ཐམས་ཅད་དམ་འོག་ཏུ་བཙུད་པ་དང་། བོད་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་བྱ་བའི་ཆེད་དུ། བལ་ཡུལ་ཡང་ལེ་ཤོད་ཀྱི་བྲག་ཕུག་ནས་རྩེ་གཅིག་ཏུ་བསྙེན་སྒྲུབ་ལ་གཞོལ་བའི་དུས་སུ་དཔལ་རྡོ་རྗེ་གཞོན་ནུ་དང་སྐལ་བ་མཉམ་པའི་དངོས་གྲུབ་ཐོབ། ཕྱག་རྒྱ་ཆེན་པོ་མཆོག་གི་ས་ནོན་ཏེ། ཕུར་པའི་རྒྱུད་དང་སྒྲུབ་ཐབས་མཐའ་དག་གི་དོན་ཡང་ཁོང་གི་ཐུགས་ལམ་དུ་བཀྲ་ལམ་མེར་ཤར། དེའི་དུས་སུ་ཨོ་རྒྱན་རིན་པོ་ཆེས་དགོས་པ་ཁྱད་པར་ཅན་གཟིགས་ལ། དེ་ཡང་གཏེར་གཞུང་རྩ་བ་ལས། རང་བྱུང་པདྨ་རྒྱལ་པོ་ངས། །བྷི་ཏོ་ཏ་མའི་རྒྱུད་ཀུན་ཀྱི། །སྙིང་པོ་མཐར་ཐུག་འདི་ཁོ་ན། །ཛི་ན་མི་ཏྲ་ཁྱོད་ལ་གཏད། །ཡལ་བར་མ་དོར་ཉམས་སུ་ལོངས། །ཕྱིས་འབྱུང་དུས་ཀྱི་ཐ་མ་ལ། །ཁྱོད་ཀྱི་སྤྲུལ་པའི་སྐྱེས་བུ་དང་། །འཕྲད་ནས་བསྟན་པ་སྐྱོང་བར་འགྱུར། །ཞེས་ཉེ་བའི་གདུལ་བྱ་བལ་པོའི་རྒྱལ་པོ་ཛི་ན་མི་ཏྲ་ལ་སོགས་པའི་འཁོར་ཚོགས་ལྔ་དང་། ཕྱི་མའི་དུས་ཀྱི་ཚེ་ན་སྐྱེ་བོ་མང་པོ་ལ་ཕན་ཞིང་བདེ་བར་བྱ་བའི་ཕྱིར་དུ། ཕུར་པ་མགུལ་ཁུག་མའི་གདམས་པ་འདི་ཉིད་ཨོ་རྒྱན་རིན་པོ་ཆེས་རང་གི་མགུལ་ཁུག་ལས་ཕྱུང་སྟེ། ཛི་ན་མི་ཏྲ་ལ་སྨོན་ལམ་གྱི་གཏད་རྒྱ་དང་བཅས་ཏེ་ཡོངས་སུ་གཏད་པ་དང་། ཕུར་སྲུང་མ་མོ་བཅུ་གཉིས་ལ་སོགས་པའི་ཆོས་སྐྱོང་བའི་སྲུང་མ་རྣམས་ལ་ཕྲིན་ལས་གཉེར་དུ་གཏད་དེ། ཕྱི་མའི་དུས་ན་དར་ཞིང་རྒྱས་ལ་ཕུན་སུམ་ཚོགས་པ་འོང་དགོས་པའི་ལུང་བསྟན་དང་བཅས་ཏེ་གསལ་བར་བཀའ་བསྩལ་བ་བཞིན། ཕྱིས་སུ་གནས་དང་། དུས། འཁོར་གྱི་རྟེན་འབྲེལ་ཕུན་སུམ་ཚོགས་པའི་སྐབས་དེར་རྗེས་དྲན་གྱི་ཚུལ་དུ་ཆོས་འདི་གཏན་ལ་ཕབ་པ་ཡིན། དེ་དག་གི་ལོ་རྒྱུས་ནི་སྔོན་ཆད་རི་བོ་རཱོ་ཁཱེས་ཀྱི་རི་ཁྲོད་དུ་ཅུང་ཟད་རྒྱས་སྤྲོས་ཀྱི་ཚུལ་དུ་བཤད་པ་དེ་ཚང་མས་ཐུགས་ལ་ངེས་པར་གྱིས།

དེ་ནས་རྡོ་རྗེ་གྲོ་ལོད་ཀྱི་དབང་གི་སྐབས་སུ་འཕྲོས་དོན་གསུང་པ་འདི་ལྟར།

དེ་ལ་གང་གསན་པར་བྱ་བའི་ཆོས་ནི། འབྲུག་ཡུལ་སྤ་གྲོ་སྟག་ཚང་གི་གནས་སུ་གྲོ་ལོད་བདེ་གཤེགས་ཡོངས་འདུས་ཀྱི་གཏེར་ཁ་ཟབ་མོ་ལས་ཁོལ་དུ་བྱུང་བའི་ལུས་དཀྱིལ་མདོར་བསྡུས་པ་ཞིག་ཡོད་པ་འདི་ཉིད་ཀྱི་དབང་བསྐུར་བའི་སྐབས་སུ་བབ་པ་ཡིན། ཆོས་ཚུལ་འདི་ནི་འཛམ་བུ་གླིང་གི་སྐྱེ་འགྲོ་མཆོག་དམན་སུས་ཉམས་སུ་བླངས་ཀྱང་ཚེ་འདིར་ཚེ་རིང་བ་དང་། ནད་མེད་པ་དང་། ལོངས་སྤྱོད་ཆེ་བ་དང་། ཁྱད་པར་དུ་འགལ་རྐྱེན་བར་ཆད་ཐམས་ཅད་ཡོངས་སུ་ཞི་བར་བྱ་བའི་དགོས་པ་ཁྱད་པར་ཅན་ཞིག་ཡོད་པ་ཡིན། ཚེ་འདི་འཕོས་མ་ཐག་ཏུ་རྔ་ཡབ་དཔལ་གྱི་རི་བོ་པདྨ་འོད་ཀྱི་ཕོ་བྲང་ངམ་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེས་ཏེ། ཟག་པ་མེད་པའི་བདེ་འབྲས་བསམ་གྱིས་མི་ཁྱབ་པ་ལ་ལོངས་སྤྱོད་ནས། ཞི་བ་མཆོག་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པར་བྱེད་པའི་ཉེར་རྒྱུ་ཐུན་མོང་མ་ཡིན་པ་ཞིག་ཡིན། ཁྱད་པར་དུ་ཆོས་ཚོགས་འདིའི་སློབ་མ་ཚང་མས་ཆོས་འདི་ཉམས་སུ་བླངས་ན་བསམ་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པའི་དགོས་པ་ཁྱད་པར་ཅན་ཞིག་ཡོད། དེའི་རྒྱུ་མཚན་དེ་ཡང་མཁའ་འགྲོའི་བརྡ་ལུང་སོགས་ལས་གསལ་པོར་ཐག་ཆོད་པ་ཞིག་མ་བྱུང་ཡང་། ང་རང་གིས་ཚོད་འཇོག་གི་ཡིད་ཆེས་ཀྱི་དབང་དུ་བྱས་ན། དྲུང་པ་རིན་པོ་ཆེས་སྔོན་ཆད་རྡོ་རྗེ་གྲོ་ལོད་ཀྱི་གཏེར་ཆོས་ཤིག་འབྲུག་སྤ་གྲོ་སྟག་ཚང་ནས་བཏོན་པ་དེ་དང་། འདི་གཉིས་ཀའང་ཆོས་གཅིག་པ་ལྟ་བུ་རུ་གྱུར་ཡོད་པ་རེད་བསམ། དེས་ན་ང་རང་གིས་བླངས་པའི་རྡོ་རྗེ་གྲོ་ལོད་ཀྱི་ཆོ་ག་དེ་ཉམས་བཞེས་བྱས་ན་ཁྱེད་ཆོས་ཚོགས་ཀྱི་སློབ་མ་ཚང་མའི་ཐུགས་བཞེད་གེགས་མེད་དུ་འགྲུབ་པ་དང་། སངས་རྒྱས་ཀྱི་བསྟན་པ་ལ་ཕན་ཐོགས་རྒྱ་ཆེན་པོ་འོང་རྒྱུ་རེད་སྙམ་པའི་ཡིད་ཆེས་ང་ལ་ཡོད། རྗེས་མ་ཡང་ཆོས་འདི་ཉམས་སུ་ལེན་སྟངས་ནི། ཁྱེད་རྣམ་པས་ང་རང་གི་གཏེར་ཆོས་འདི་ཉམས་སུ་བླངས་ན་ཆོག་ལ། ཁོང་གིས་གསུངས་པའི་ཆོས་དེ་ཉམས་སུ་བླངས་ན་ཡང་ཆོག གང་ལྟར་ཆོས་ཚོགས་འདིའི་སློབ་མ་ཚང་མས་ཐུགས་དམ་གྱི་རྩ་བ་དེ་འདི་ཁོ་ན་བྱེད་དགོས་པར་སྣང་། དེ་ཡང་ངས་བྷོ་སི་ཐིན་ནས་སྤྱི་དང་བྱེ་བྲག་གི་དགོས་པ་ཡོད་ཚུལ་གྱི་ལོ་རྒྱུས་རྒྱ་ཆེན་པོ་ཞིག་བཤད་ཡོད། དེ་འགའ་ཞིག་གི་ཐུགས་ལ་ལོན་ཚར་ཡོད་རྒྱུ་རེད། དེར་མ་གཏོགས་པའི་གཞན་ཞིག་བཤད་རྒྱུ་མེད། ང་ཨ་མེ་རི་ཁའི་ཡུལ་ཁམས་འདི་ལ་ཐོན་ནས་ཟླ་བ་གཉིས་ཡིན་ཡང་དབང་འདི་ཁྱེད་ཚོའི་ཆོས་ཚོགས་མ་གཏོགས་མང་པོར་བསྐུར་མེད། དེས་ན་ཁྱེད་ཚོའི་ཆོས་ཚོགས་རྐྱང་པའི་སྒེར་གྱི་ཆོས་སྐལ་ཞིག་ཡིན་པ་གོ་བར་གྱིས། བདག་གིས་གཞན་ལ་སྦྱིན་མ་བྲ་བའི་ཟ་མ་ཞིམ་པོ་ཞིག་ཡོད་པ་ཁྱེད་ཚོའི་ཆོས་ཚོགས་སྒེར་ལ་སྦྱིན་པ་ལྟ་བུ་ཡིན་པ་དེ་གོའམ། ༼དགོད་སྒྲ།༽

དབང་བསྐུར་ནས་དངོས་གཞིའི་སྐབས་ཤིག་ཏུ་སླར་ཡང་འདི་ལྟར་གསུང་།

དཔེར་ན་ནམ་མཁའི་ཁམས་ལ་སྤྲིན་དང་རླུང་ལ་སོགས་པ་ཇི་ལྟར་གཡོས་ཀྱང་། དང་པོ་ཤར་ཡང་ནམ་མཁའི་ཀློང་ནས་ཤར། ཐིམ་ཡང་ནམ་མཁའི་ཀློང་དུ་ཐིམ། ནམ་མཁའི་ཀློང་ལས་གཞན་དུ་མི་འགྱུར་བ་བཞིན་དུ་སྣང་བ་སྣོད་ཀྱི་འཇིག་རྟེན་དང་། སྲིད་པ་བཅུད་ཀྱི་སེམས་ཅན་ཇི་སྙེད་ཅིག་སྣང་བ་ཐམས་ཅད་ཀུན་ཀྱང་། རྨི་ལམ་གྱི་སྣང་བ་བཞིན་དུ་སེམས་ཀྱི་ཆོ་འཕྲུལ་ཡིན་པར་ཐོག་མར་ཐག་གཅད་དགོས་པ་ཡིན། འཕྲོ་གཞི་སེམས་དེ་ཅི་འདྲ་ཞིག་ཡིན་སྙམ་ན། མ་བརྟག་ན་ཆུ་ནང་དུ་ཟླ་བའི་གཟུགས་བརྙན་ཤར་བ་བཞིན་དུ་ཡོད་ཡོད་འདྲ་བ་ལྟར་སྣང་ཡང་། རྣམ་པར་བརྟགས་ཤིང་དཔྱད་ན་ཕྱི་ནང་བར་གསུམ་གང་དུ་ཡང་མ་གྲུབ་པའི་སྟོང་པ་ཉིད་ཀྱི་རང་བཞིན་ཅན་ལ་སེམས་ཐག་ཆོད་པ་དེ་ལ་ལྟ་བ་ཞེས་བྱ། ལྟ་བ་དེའི་རྒྱུན་སྐྱོང་པ་ལ་ནི་སྒོམ་པ་ཞེས་བྱ། སྒོམ་པ་དེའི་རྩལ་སྦྱོང་བར་བྱེད་པ་ལ་སྤྱོད་པ་ཞེས་བྱ། དེ་ནས་སྒོམ་པའི་བཙན་ས་ཟིན་པ་ལ་འབྲས་བུ་ཞེས་བྱ། དེ་ལྟ་བུའི་དོན་ཇི་བཞིན་དུ་རྟོགས་པ་དེ་ནི་ཀརྨ་པ་པཀྵི་ཞེས་བྱ་བ་ཡིན་ལ། གུ་རུ་རྡོ་རྗེ་གྲོ་ལོད་ཀྱང་དེ་ཡིན། མདོར་ན་དེ་གཉིས་ཀ་ཡང་རང་གི་སེམས་དང་དབྱེར་མེད་པའི་རང་བཞིན་ཅན་ཡིན་པ་དེ་ངོ་ཤེས་པར་གྱིས་ཤིག་ཅེས་ངོ་སྤྲོད་པའི་ཚིག་འདི་ལ་གསན་པར་ཞུ། བོད་ཀྱི་བླ་མ་རྣམས་ཀྱི་ནང་ནས་ཀརྨ་པ་པཀྵི་དམིགས་བསལ་དུ་བཤད་དགོས་དོན་དེ་ལ་རྒྱུ་མཚན་ཞིག་ཡོད། སྤྱིར་དྲུང་པ་རིན་པོ་ཆེའི་རྡོ་རྗེ་གྲོ་ལོད་དེ་ཡང་ཀརྨ་པ་པཀྵི་དང་གུ་རུ་རྡོ་རྗེ་གྲོ་ལོད་གཉིས་ངོ་བོ་དབྱེར་མེད་དུ་སྒྲུབ་པའི་སྒྲུབ་ཐབས་ཤིག་ཡིན། སྔོན་གྱི་ལོ་རྒྱུས་ཀྱི་དབང་དུ་བྱས་ན་ཡང་། ཨོ་རྒྱན་རིན་པོ་ཆེའི་བླ་མ་དགོངས་པ་འདུས་པའི་ནང་ན། ཀརྨ་པ་དུས་གསུམ་མཁྱེན་པ་དང་པཀྵི་ལ་སོགས་པ་ཚང་མ་ཡང་ཨོ་རྒྱན་རིན་པོ་ཆེ་ཁོང་གི་སྤྲུལ་པ་ཡིན་ཞེས་ལུང་བསྟན་པ་ཡིན། ཀརྨ་པ་པཀྵི་རྒྱ་ནག་རྒྱལ་པོའི་དབུ་བླ་ལ་འཁོད་པའི་དུས་སུ་ཁོང་ཉིད་ཀྱིས་ཀྱང་རྫུ་འཕྲུལ་རྣམ་པ་སྣ་ཚོགས་བསྟན་ནས། ང་རེས་འགའ་ཨོ་རྒྱན་པདྨ་འབྱུང་། །རེས་འགའ་གྲུབ་ཆེན་ས་ར་ཧ། །ཞེས་ཁོང་གིས་ཀྱང་ཨོ་རྒྱན་རིན་པོ་ཆེ་ཡིན་པར་ཞལ་གྱིས་བཞེས་ཡོད། དེ་ཡང་ངས་དམིགས་ཡུལ་གཞན་པའི་སྒོ་ནས་ཁྱེད་རྣམ་པ་དགའ་བའི་ཆེད་དུ་སྐད་ཆ་དེ་བཤད་པ་མིན། དོན་དངོས་སུ་ཀརྨ་པ་པཀྵི་དང་གུ་རུ་རྡོ་རྗེ་གྲོ་ལོད་གཉིས་རང་སེམས་དང་དབྱེར་མེད་པ་ལྟ་བུར་གྱུར་ཡོད་པས་ཡིན།

ཆོས་འདིའི་མཇུག་ཏུ་ཆོས་གཞན་བཞིན་དུ་བཀྲ་ཤིས་དང་སྨོན་ལམ་གཞན་འདོན་རྒྱུ་མིན། ཐམས་ཅད་ཀྱིས་སྣང་བ་རྡོ་རྗེ་གྲོ་ལོད་ཀྱི་སྐུ་དང་། སྒྲ་གྲགས་རྡོ་རྗེ་གྲོ་ལོད་ཀྱི་གསུང་། དྲན་རྟོག་རྡོ་རྗེ་གྲོ་ལོད་ཀྱི་ཐུགས་ཀྱི་རང་བཞིན་ཅན་གྱི་ང་རྒྱལ་དང་མ་བྲལ་བའི་ངང་ནས། སྤྱོད་ལམ་གཞན་ལ་འཇུག་དགོས་གསུངས་འདུག་པས་དེ་མ་གཏོགས་གཞན་ཅི་ཡང་ཡོད་པ་མིན།

དབང་ཐམས་ཅད་བསྐུར་ཚར་བའི་རྗེས་སུ་ཞལ་གདམས་གསུང་པ་འདི་ལྟར།

ང་རང་ད་ལོ་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཨ་རིའི་སྐམ་སྒང་ཆེན་པོ་ལ་ཐོག་མར་ཐོན་པ་ནས་བཟུང་། ཁྱེད་ཚོའི་ཆོས་ཚོགས་དང་འཕྲད་ཅིང་རང་ཅག་མཉམ་དུ་ཐེག་པ་ཆེན་པོའི་ཆོས་ཀྱི་དགའ་སྟོན་བསམ་གྱིས་མི་ཁྱབ་པ་ལ་རོལ། ད་ལྟ་ཨ་རིའི་རྒྱལ་ཁབ་དང་ཁེ་ན་ཏའི་རྒྱལ་ཁབ་གཉིས་ཆར་གྱི་ཆོས་ཀྱི་མཛད་སྒོ་ཚང་མ་མཇུག་དྲིལ་བའི་གནས་སྐབས་ནའང་། ཆོས་ཚོགས་འདི་དང་མཉམ་དུ་གཏམ་བཤད་བྱས་ཏེ་འགྲོ་བའི་དུས་ལ་བབ་ཐལ། འུ་ཅག་ཚང་མས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་ཆེད་དུ་འབྲེལ་བ་ཁོ་ན་བྱས་ཏེ་བསྒྲུབས་པ་མིན་ཡང་། རྟེན་འབྲེལ་བཟང་པོ་མ་བསྒྲིགས་རང་འགྲིགས་སུ་གྱུར་བས། དགེ་ལེགས་ཕུན་སུམ་ཚོགས་པའི་བྱ་བ་བཟང་པོ་ལེགས་པར་གྲུབ་སོང་། དེའི་རྒྱུ་མཚན་ཡང་སྔོན་གྱི་སྨོན་ལམ་དང་རྟེན་འབྲེལ་གྱི་གནད་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་རྒྱུ་རེད། ཁྱེད་རྣམ་པ་ཚང་མས་ང་ལ་ཆོས་ཀྱི་འབྲེལ་པ་བཞག་པར་མ་ཟད། འཇིག་རྟེན་ཕྱོགས་ཀྱི་མཛའ་བརྩེ་ཡང་བསམ་གྱིས་མི་ཁྱབ་པ་གནང་བ་ལ་ཐུགས་རྗེ་ཆེ་ཞེས་ཞུ་བ་ཡིན། ཁྱེད་ཆོས་ཚོགས་ཁག་ཕན་ཚུན་ཐུགས་མཐུན་པ་དང་། བྱ་བ་གཅིག་འགྱུར་གྱི་སྒོ་ནས་ཆོས་དང་མཐུན་པའི་བྱ་བ་ཡར་རྒྱས་སུ་འགྲོ་བའི་སྨོན་འདུན་བཟང་པོ་ཞུ་རྒྱུ་ཡིན། ངས་ཡང་བསྐྱར་དུ་ཞུ་རྒྱུ་ཞིག་ལ། དྲུང་པ་རིན་པོ་ཆེས་དཀའ་བ་དང་དུ་བླངས། ངལ་བ་ཁྱད་དུ་བསད། ལུས་སྲོག་འབེན་དུ་བཙུགས་ནས་ནུབ་ཕྱོགས་ཀྱི་རྒྱལ་ཁབ་འདི་ལ་འོང་ནས་བསྟན་པ་དང་སེམས་ཅན་གྱི་དོན་སྒྲུབ་པའི་རེ་བ་དེ། ཁྱེད་རྣམ་པས་ཀྱང་ནི་མཐར་འཁྱོལ་དུ་བྱུང་བ་ལ་འབད་རྩོལ་བྱེད་པར་སྙིང་ནས་ཞུ་བ་ཡིན། ཁོང་གི་མཛད་པ་དག་འུ་ཅག་གིས་དྲན་དགོས། དེ་ཡང་དང་པོའི་གནས་སྐབས་ན་ནུབ་ཕྱོགས་ཀྱི་རྒྱལ་ཁབ་རྣམས་ལ་ཆོས་མ་དར་བའི་སྐབས་ཡིན་པས་ན། ཁོང་གིས་མེ་ཏོག་རེ་རྨོས། ལྗོན་ཤིང་རེ་བཙུགས་པ་ལྟ་བུའི་མཐུན་འཇུག་གི་སྤྱོད་པ་མཛད་ནས་དཀའ་ལས་ཆེན་པོ་ཞིག་བརྒྱབ། རྗེས་མར་ཆོས་ཚོགས་ཁག་འདི་ལྟ་བུ་ཚུགས་ཐུབ་པ་དེ་ནི་དཔེར་ན་རྒྱལ་སྲས་འཇམ་དཔལ་དཔའ་བོའི་སྙིང་སྟོབས་ལྟ་བུའི་སྙིང་སྟོབས་ཚད་མེད་པ་ཞིག་རེད་བསམས་ནས། ངས་ཁོང་གི་མཛད་པ་དེ་ལ་སྙིང་རྗེ་ཡང་སྐྱེས་ཐལ། དད་པ་ཡང་སྐྱེས་ཐལ། གསོལ་འདེབས་ཀྱང་བྱེད་དགོས་ཐུག་ཐལ། ཁྱེད་རྣམ་པས་ཀྱང་དེ་ལྟར་ཡིད་ལ་ཟུངས། འུ་ཅག་དཔོན་སློབ་ཚང་མ་ཚེ་འདིར་ཡང་ནས་ཡང་དུ་འཕྲད་ཅིང་ཐེག་པ་ཆེན་པོའི་ཆོས་ལ་མཉམ་དུ་ལོངས་སྤྱོད་པ་དང་། ཚེ་འདི་འཕོས་མ་ཐག་ཏུ་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེས་ནས་མགོན་པོ་འོད་དཔག་མེད་ཀྱི་དྲུང་དུ་ཞལ་འཛོམས་འོང་བའི་སྨོན་འདུན་ཞུ་བ་ཡིན། བཀྲ་ཤིས་བདེ་ལེགས།

ཐུན་མིན་གྱི་དད་པ།

ཉིན་དེའི་ཉིན་གུང་། ཆོས་རྗེ་ཉིད་ཁེ་ན་ཏའི་ས་ཆ་ནས་འབྱོན་གྲབས་ཡིན་པས། རྡོ་རྗེ་ཆོས་ཚོགས་ཀྱི་ཆོས་སྲུང་རྣམས་ཀྱིས། ཁོ་རང་ཚོའི་སྲོལ་རྒྱུན་ལྟར་ཆེས་ཚད་མཐོ་བའི་གུས་ཞབས་ཀྱི་རྣམ་པའི་སྒོ་ནས། ཆོས་རྗེ་ཉིད་ལ་ཤམྦྷ་ལའི་དམག་སྦྱོང་འཁྲབ་སྟོན་དང་ཤམྦྷ་ལའི་བསྟོད་གླུ་བླངས་ནས་ཆོས་ཀྱི་མཆོད་པ་དམིགས་བསལ་གྱིས་ཕུལ་བར་མ་ཟད། མ་འོངས་པར་ནང་པ་སངས་རྒྱས་པའི་ཆོས་ལུགས་བདུད་སྲིན་ལས་རྣམ་པར་རྒྱལ་བའི་རྟེན་འབྲེལ་བསྒྲིགས།

ཆོས་རྗེ་ཉིད་བོད་ཡུལ་དུ་བཞུགས་སྐབས་ཀྱང་། རྡོ་རྗེའི་གླུ་གར་དང་གེ་སར་གྱི་སྒྲུང་འཁྲབ་སྟོན་སོགས་ལ་ཐུགས་ཤིན་ཏུ་མཉེས་པོ་ཡོད་པས། ཁོང་གིས་ཧ་ཅང་གཟབ་ནན་གྱིས་འཁྲབ་སྟོན་ལ་གཟིགས་ཤིང་ཐུགས་ཀྱང་རབ་ཏུ་དགྱེས་པའི་ཚུལ་མཛད།

འདི་འདྲའི་དམག་སྦྱོང་ནི་ཆོས་རྗེ་དྲུང་པ་རིན་པོ་ཆེས་གདུལ་བྱ་རྣམས་ལ་ཤེས་རབ་དང་དྲན་ཤེས་ཀྱི་སྒོ་ནས་རིག་ངོ་བསྐྱངས་ཏེ། འདོད་ཆགས་དང་ཞེ་སྡང་། གཏི་མུག་བཅས་དུག་གསུམ་བཏུལ་ནས་ཐམས་ཅད་དགེ་བའི་ཕྱོགས་ལ་འཁྲིད་པའི་ཐབས་མཁས་ཀྱི་སྤྱོད་པ་ཞིག་ཡིན། ལྟར་སྣང་ལ་རང་དབང་ཁོ་ན་སྙེགས་པ་ལས་སྒྲིགས་ལམ་སོགས་ཀྱི་བཀག་རྒྱ་ལ་མི་དགའ་བའི་ནུབ་ཕྱོགས་པ་རྣམས་ཀྱིས་ཀྱང་། ཆོས་ཚོགས་འདིར་དམག་མི་ངོ་མ་ལྟར་ཕྲེང་བསྒྲིགས་ཤིང་ཁ་འབོད་བསྒྲགས་ཏེ། དད་གུས་ཀྱི་སྒོ་ནས་སྒྲིགས་ལམ་བརྩི་ཞིང་བཀའ་ལ་ཉན་པ་ནི་ཆེས་བསམ་ཡུལ་ལས་འདས་པ་ཞིག་ཏུ་སྣང་།

ང་ཚོས་འཁྲབ་སྟོན་དེར་ལྟད་མོ་བལྟས་རྗེས། ཆོས་རྗེ་ཉིད་ཀྱིས་རྡོ་རྗེ་ཆོས་སྲུང་རྣམས་ལ་ཞལ་གདམས་གསུངས་ཤིང་། གསུང་བཤད་གནང་བའི་བརྒྱུད་རིམ་ཁྲོད་དུ། ཆོས་རྗེ་དྲུང་པ་རིན་པོ་ཆེའི་མཚན་བརྗོད་ཐེངས་རེ་རེར། དེར་འཁོད་ཀྱི་མི་ཚང་མའི་མིག་ནས་མཆི་མ་ཐོན་ཞིང་དད་པ་བླ་ལྷག་ཏུ་སྐྱེས་པའི་རྣམ་པ་མངོན། ཁེ་ན་ཏ་ཙམ་དུ་མ་ཟད། ང་ཚོ་ཨ་རིའི་ཆོས་ཚོགས་རྣམས་སུ་འགྲོ་སྐབས་ཀྱང་། ཁོང་གི་སློབ་མ་རྣམས་ཀྱིས་ནམ་རྒྱུན་དེ་ལྟར་མཛད་ཀྱིན་པ་མཐོང་།

བདག་གིས་ཆོས་ཚོགས་དེའི་མི་འགའ་ལ། དྲུང་པ་རིན་པོ་ཆེའི་མཚན་བརྗོད་པ་ན་སློབ་མ་རྣམས་ལ་ནམ་རྒྱུན་དང་མི་འདྲ་བའི་རྣམ་འགྱུར་བྱུང་བ་ཅིའི་ཕྱིར་ཡིན་ཞེས་དྲིས་པ་ན། ང་ཚོས་ཀྱང་རྒྱུ་མཚན་ཤེས་ཀྱིན་མེད་མོད། ནམ་རྒྱུན་བླ་མའི་མཚན་ཐོས་ཐེངས་རེར། སྔོན་བླ་མ་དང་ངེད་ཚོ་ལྷན་ཅིག་ཏུ་གནས་པའི་བདེ་སྐྱིད་ལྡན་པའི་ཡུལ་ངོས་དག་དྲན་སོས་ཡོང་ཞིང་། སེམས་གཏིང་དུ་ཉར་བའི་བླ་སློབ་ཀྱི་བརྩེ་བ་ཁྱད་པར་ཅན་དེའང་བསླངས་ཡོང་བས། རང་དབང་མེད་པར་མིག་ཆུ་བཞུར་ཡོང་གིན་འདུག་ཟེར།

སྤྱིར་བཏང་བླ་མའི་དགོངས་བརྒྱུད་ཀྱི་བྱིན་རླབས་སློབ་མའི་རྒྱུད་ལ་འཕོས་ནས། སློབ་མ་ལ་བརྗོད་ལས་འདས་པའི་ཕན་པ་བྱུང་བ་ནི་ཆོས་པ་ཞིག་ལ་མཚོན་ན་ཆེས་གལ་ཆེ་བ་ཡིན་ཞིང་། ཆོས་རྗེ་དྲུང་པ་རིན་པོ་ཆེས་སློབ་མ་རྗེས་སུ་འཛིན་སྟངས་དེ་སྲོལ་རྒྱུན་གྱི་ཐབས་ཚུལ་དང་ཅུང་ཟད་མི་འདྲ་ཡང་། ཁོང་གི་ཐུགས་བསྐྱེད་རྒྱ་ཆེན་པོ་དང་ཐབས་མཁས་ཀྱི་སྤྱོད་སྟངས་ལ་བརྟེན་ནས་སློབ་མ་འབོར་ཆེན་གྱི་གཤིས་རྒྱུད་རྩ་བ་ནས་བསྒྱུར་ཅིང་མི་ཚེ་ལ་འགྱུར་བ་ཆེན་པོ་བྱུང་འདུག ལོ་ངོ་བཅུ་ཕྲག་ལྷག་གི་རྗེས་སུ། བདག་ནུབ་ཕྱོགས་སུ་སོང་ནས་ཆོས་ཁྲིད་བྱེད་སྐབས། ཆོས་གྲལ་དུ་ཡོད་པའི་སློབ་མ་རྒན་པ་རྣམས་ཀྱིས་བླ་མའི་མཚན་ཐོས་མ་ཐག་དད་པ་དང་གུས་པ་ཆེན་པོས་མིག་ནས་མཆི་མ་བཏང་བའང་ལན་མང་དུ་མཐོང་བྱུང་།

ཁོ་ཚོའི་བླ་མ་དྲན་པའི་འདུན་པ་ནི། དུས་ཚོད་ཀྱི་ཆུ་རྒྱུན་དྲག་པོས་གསུབ་མ་ནུས་པར། ནམ་ཡང་སེམས་སུ་འགྱུར་མེད་བརྟན་པོར་གནས་ཡོད་པར་སྣང་།

དུས་རབས་ལས་བརྒལ་བའི་རླབས་ཆེན་གྱི་མི་བུ།

ཆོས་རྗེ་ཉིད་ཆོས་ཚོགས་འདིར་བཞུགས་པའི་རིང་ལ། མི་ཧ་ཅང་མང་པོས་ཁོང་ལ་ཆེས་ཤིན་ཏུ་དད་པའི་རྣམ་པ་མངོན་ཞིང་། དེའི་ནང་ནས་སྐུ་ཞབས་རའེ་ཆཱར་ཊི་རའེ་སེན་ཀིར་(Richard Peissinger)ནི་བླ་མའི་སྣེ་ལེན་ཞབས་ཞུ་བ་དང་བདེ་སྲུང་གི་འགན་ཁུར་མཁན་ཡིན། ཉེ་ཆར་ང་ཚོས་ཁོང་ལ་འབྲེལ་གཏུག་བྱེད་ཐུབ་སོང་བས། ཁོང་གིས་ལོ་དེའི་བྱ་བ་རྣམས་ཕྱིར་དྲན་བྱས་པ་འདི་ལྟར།

ལོ་དེར་ང་རང་ལོ་ཞེ་གསུམ་ཡིན་ལ་ཆོས་རྗེ་དྲུང་པ་རིན་པོ་ཆེའི་སློབ་མ་བྱས་ནས་ལོ་བཅུ་བདུན་སོང་ཡོད། སྐབས་དེར་ངས་གཙོ་བོ་རྡོ་རྗེ་སྐུ་སྲུང་གི་དམར་སེར་དམག་གི་དམག་དཔོན་གྱི་ལས་འགན་ཁུར་ཡོད་པས། ང་རང་ལ་ཆོས་རྗེ་རིན་པོ་ཆེ་མཇལ་བའི་སྐལ་བ་བཟང་པོ་ཐོབ་སོང་། རྡོ་རྗེ་སྐུ་སྲུང་ནི་རྡོ་རྗེ་ཆོས་སྐྱོང་གི་ཡན་ལག་ཅིག་ཡིན་ལ། གཙོ་བོའི་ལས་དོན་ནི་བླ་མ་རྣམས་ལ་བསྙེན་བཀུར་དང་སྲུང་སྐྱོབ་བྱེད་པ་དེ་ཡིན། དམར་སེར་ནི་སྟག་སེང་ཁྱུང་འབྲུག་གི་ནང་ནས་ཞི་བའི་རྒྱ་སྟག་མཚོན་བྱེད་ཡིན་པ་དང་། དཔའ་བོའི་འགྲུལ་བཞུད་ཀྱི་རྨང་གཞི་ནི་གཟབ་ནན་དང་ཏན་ཏིག ཁེངས་སྐྱུང་དང་ཞི་དུལ་བཅས་ཀྱི་མཚོན་དོན་ལྡན་ཡོད། རྒྱ་སྟག་གི་སྦྱོང་བརྡར་ནི་ང་རྒྱལ་འདུལ་བ་དང་རང་གཞན་ལ་ཕན་པའི་སྤྱོད་བཟང་སྐྱོང་བ་དེ་ཡིན།

དེ་ནི་རྡོ་རྗེ་འདན་མ་གླིང་དུ་ཐེངས་དང་པོར་འཚོགས་པའི་ཆོས་ཚོགས་ཆེ་ཤོས་ཡིན་ལ། ཚོགས་ཡུལ་ནི་གསར་དུ་ཕུབ་པའི་གུར་ཆེན་པོ་ཞིག་གི་ནང་རེད། ངས་དྲན་ཚོད་ལ། ཁོང་འབྱོན་ཁར་ངེད་ཅག་རྡོ་རྗེ་སྐུ་སྲུང་གི་ཚོ་ཆུང་ལ་མཇལ་ཁ་གནང་བར་མ་ཟད། རྡོ་རྗེ་སྐུ་སྲུང་རྣམས་ལ་ངོ་མཚར་བའི་གདེང་འཇོག་ཀྱང་མཛད། སྐབས་དེར་ཆོས་རྗེ་ཉིད་ཀྱིས་ང་ཚོར་ཞལ་གདམས་གསུངས་པའི་ཟིན་བྲིས་ད་ལྟ་རྙེད་མིན་མི་ཤེས་མོད། གང་ལྟར་ཡང་། ང་རང་རྡོ་རྗེ་སྐུ་སྲུང་ཡིན་པའི་ངོས་ནས། དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་དང་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་སོགས་ཧ་ཅང་རླབས་ཆེ་བའི་བླ་མ་མང་པོར་སྣེ་ལེན་བྱེད་པའི་གོ་སྐབས་ཐོབ་སོང་། དེ་དག་གི་བརྒྱུད་རིམ་ཁྲོད། ངས་རང་གི་རྣོ་མྱུར་གྱི་ཤེས་རབ་ལ་བརྟེན་ནས་རྟོགས་པ་དང་ལྡན་པའི་གང་ཟག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མང་པོ་ཞིག་མཐོང་སོང་ལ། ཆོས་རྗེ་ཉིད་ཀྱི་སྐུ་ལས་ཁྱད་ཆོས་དེ་དག་མཐོང་བ་ནི་ཆེས་སླ་མོ་ཞིག་ཏུ་གྱུར་འདུག སྤྱིར་སྐབས་དེར་ཁོང་གི་སྐུ་ལུས་ཐང་པོ་མེད་ཀྱང་། ཁོང་ནི་དངོས་གནས་ནང་པ་སངས་རྒྱས་པའི་ཉི་མ་ལྟ་བུ་རེད་འདུག་སྟེ། ནང་ཆོས་ཀྱི་དོན་རྣམས་ཆུ་བོ་བཞུར་བ་ལྟར་རང་བཞིན་གྱིས་ཞལ་ནས་རྡོལ་ཡོང་གིན་འདུག

ང་ལ་བག་ཆགས་ཆེས་ཟབ་པ་ཞིག་བཞག་པ་ནི། ཆོས་རྗེ་ཉིད་ཀྱི་སྐུ་གཟུགས་ལས་གཟི་བྱིན་གྱི་འོད་ཟེར་འཕྲོས་ཤིང་། ཁོང་ནི་དྲང་བདེན་དང་རང་རྟོན། སྟོབས་ཤུགས་རྒྱས་པ། ཐམས་ཅད་དབང་དུ་བསྒྱུར་བའི་ཟིལ་རྔམ་ཅན་ཞིག་ཏུ་མཐོང་། ངས་ཁོང་གིས་མི་ཚེ་གང་པོར་ཤར་ཕྱོགས་བོད་ཀྱི་ཡུལ་དུ་འཚོ་བ་བསྐྱལ་བ་དང་། འདི་ནི་ཐེངས་དང་པོར་ནུབ་ཕྱོགས་སུ་བསྐྱོད་པ་ཡིན་པ་ཤེས་མོད། འོན་ཀྱང་། ཁོང་ལ་རྒྱུས་མེད་ཀྱི་ཁོར་ཡུག་ལ་མི་འཕྲོད་པ་སྤུ་ཙམ་ཡང་མེད་པར་མ་ཟད། དེ་ལས་ཀྱང་ཤིན་ཏུ་རང་དབང་དང་གུ་ཡངས་ཀྱི་རྣམ་པས་ཐམས་ཅད་ལ་དབང་བསྒྱུར་བ་མིའི་རྒྱལ་པོ་ལྟ་བུ་ཞིག་ཏུ་འདུག ད་དུང་དྲན་སོས་པ་ཞིག་ལ། ཁོང་གི་བཞིན་རས་ནི་ཅུང་ཟད་རྩུབ་རེག་གི་རྣམ་པ་ཅན་ཞིག་ཡིན་ཡང་། དེས་ཀྱང་བདག་གི་སེམས་དབང་མེད་དུ་འཕྲོག་སོང་སྟེ། ད་ལྟ་ཕྱིར་དྲན་བྱས་ན། དེ་ཕལ་ཆེར་གཞི་རྒྱུ་དང་འབྲེལ་བ་ཟབ་མོ་ཡོད་པས། གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་ཞལ་རས་ཀྱང་དེ་འདྲ་ཡིན་ངེས་སྙམ་པའི་ཚོར་སྣང་བྱུང་།

ཆོས་རྗེ་ཉིད་ཀྱིས། ཤམྦྷ་ལ་དང་ངེད་ཅག་གི་བླ་མའི་སྐོར་ནས་མ་འོངས་ལུང་བསྟན་ཅི་རིགས་གསུངས་བྱུང་། དེ་ནི་ངེད་ཅག་གི་བླ་མར་དམ་པ་གཞན་གྱིས་དེ་འདྲའི་གདེང་འཇོག་མཛད་པ་ཐོས་ཐེངས་དང་པོ་ཡིན་པས། ངས་སྐབས་དེའི་ཁོང་གི་ཞལ་གསུང་རྣམས་ལ་ཡང་ནས་བསྐྱར་དུ་མཉན་དགོས་བྱུང་ལ། ཞལ་གསུང་འདི་དག་གིས་ཆོས་རྗེ་ཉིད་ཀྱི་འཇིག་རྟེན་ལས་འདས་པའི་མཁྱེན་དཔྱོད་ལ་བརྟེན་ནས་ཁོང་དང་ཤམྦྷ་ལའི་བར་དུ་རྟེན་འབྲེལ་ཐུན་མོང་མ་ཡིན་པ་ཞིག་བསྒྲིགས་ཡོད་སྙམ།

ཆོས་རྗེ་མཆོག་རྡོ་རྗེ་འདན་མ་གླིང་དུ་བཞུགས་པའི་དུས་ཚོད་ཐུང་ཐུང་ལས་མིན་རུང་། ཁོང་དེར་ཕེབས་པའི་ཤུགས་རྐྱེན་ཧ་ཅང་རྒྱུན་རིང་ཞིང་གཏིང་ཟབ་པ་ཡིན་ལ། ད་ལྟ་ད་དུང་ཡང་ང་ཚོར་རྟག་ཏུ་བྱིན་རླབས་མཛད་ཀྱིན་ཡོད་ངེས་ཤིང་། ཁོང་ནི་ངོ་མ་དུས་རབས་ལས་བརྒལ་བའི་མི་བུ་རླབས་ཆེན་ཞིག་རེད་ཅེས་བཤད།

འདན་མ་གླིང་དང་ཞལ་གྱེས་ཁའི་གསུང་བཤད།

ཕྱི་ཟླ་༨པའི་ཚེས་༢༢ཉིན་གྱི་སྔ་དྲོར། ཆོས་རྗེ་ཉིད་ཀྱིས་རྡོ་རྗེ་འདན་མ་གླིང་གི་འཁོར་ཚོགས་ཐམས་ཅད་ལ་ཐོག་མར་དབང་སྡུད་གསོལ་འདེབས་གསུངས་རྗེས་བཀའ་སློབ་བསྡུས་པ་ཞིག་གནང་བ་འདི་ལྟར།

ད་ལོའི་གནས་སྐབས་ན་ང་རང་ཉིད་ཨ་རི་དང་ཁེ་ན་ཏའི་རྒྱལ་ཁབ་འདི་ལ་སླེབས་ནས་དེ་རིང་བར་ཟླ་གཉིས་དང་ཞག་མ་ལྔ་སོང་ཟིན་ཐལ། ང་རང་གིས་ཀྱང་ཨ་རི་དང་ཁེ་ན་ཏའི་མི་ཁྲི་ཕྲག་མང་པོ་ལ་འབྲེལ་བ་བཞག་ཅིང་། སངས་རྒྱས་པའི་ཆོས་འཆད་སྤེལ་བྱས་ཏེ་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་ནས་དེ་རིང་བཀྲ་ཤིས་བདེ་ལེགས་ཀྱི་ངང་ནས་མཇུག་གྲོལ་བ་ཡིན། ཁྱེད་སློབ་ཚོགས་ཚང་མ་ལ་ཡང་སྔར་ཐུགས་རྒྱུད་ན་ཡོད་པའི་ཡོན་ཏན་གོང་འཕེལ་དུ་གྱུར་པ་དང་། སྔར་མེད་པའི་ཡོན་ཏན་མང་པོ་གསར་དུ་སྐྱེས་ནས་བཀྲ་ཤིས་བདེ་ལེགས་ཀྱི་སྣང་བས་ཁྱབ་པར་གྱུར། ང་རང་གིས་ཀྱང་དུས་ད་ནས་བཟུང་སྟེ་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་ཀྱི་བར་དུ། དགྲ་འདུལ་གཉེན་སྐྱོང་ལ་སོགས་པའི་འཇིག་རྟེན་པའི་བྱ་བ་ཐམས་ཅད་རང་ནུས་གང་ཡོད་ཀྱིས་ཆེ་བཞག་ཆུང་བསྐྱུར་བྱས་ནས། བསྟན་པ་དང་སེམས་ཅན་གྱི་དོན་ལ་བརྩོན་པར་བྱ་རྒྱུ་དེ་དམ་བཅའ་ཡིན།

ཁྱེད་རྣམ་པ་ཚང་མ་ཡང་སྔོན་གྱི་དུས་སུ་གུ་རུ་རྡོ་རྗེ་གྲོ་ལོད་དང་། ད་ལྟའི་གནས་སྐབས་ན་འཛམ་གླིང་སེང་ཆེན་རྒྱལ་པོ། ཕྱི་མའི་དུས་ན་རིགས་ལྡན་དྲག་པོ་ལྕགས་ཀྱི་འཁོར་ལོ་ཅན་གྱི་རྗེས་སུ་སློབ་མཁན་ཡིན། ཁོང་རྣམ་པ་གསུམ་གྱི་མཛད་སྤྱོད་ནི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྤེལ་བ་དང་འཛིན་པ། སྲུང་བ་རྣམ་པ་གསུམ་གྱི་ལས་ཡིན་པས་ཀྱང་དེ་ལྟ་བུའི་མཛད་རྗེས་ལ་སློབ་པའི་རེ་བ་ཡོད།

དེ་དག་གིས་བསྟན་པ་ཅི་ལྟར་སྤེལ་བ་ཡིན་ཞེ་ན། སྔོན་གྱི་དུས་སུ་ཨོ་རྒྱན་རིན་པོ་ཆེས་བོད་ཡུལ་དུ་སངས་རྒྱས་ཀྱི་བསྟན་པའི་མིང་ཙམ་མེད་པའི་གནས་སྐབས་ན། རྒྱ་གར་གྱི་ནང་ཆོས་མ་ལུས་པ་བོད་ཡུལ་དུ་བསྒྱུར་ནས་བསྟན་པ་སྤེལ། དེ་ལ་བར་དུ་གཅོད་པའི་བདུད་བགེགས་དམ་སྲི་ལ་སོགས་པ་ཐམས་ཅད་ཚར་བཅད་ནས་བསྟན་པ་སྲུང་བར་བྱས་པ་ཡིན། སངས་རྒྱས་ཀྱི་བསྟན་པ་ཉམས་དམའ་བར་གྱུར་པའི་གནས་སྐབས་ན་གླིང་སེང་ཆེན་རྒྱལ་པོས་འཛམ་བུ་གླིང་ལ་སངས་རྒྱས་ཀྱི་བསྟན་པ་སྤེལ། ཉེ་བར་འཚེ་བའི་བདུད་སྡེ་མ་རུངས་བ་ཐམས་ཅད་ཚར་བཅད་པ་ཡིན། མ་འོངས་པའི་གནས་སྐབས་ན་རིགས་ལྡན་དྲག་པོ་ལྕགས་ཀྱི་འཁོར་ལོ་ཅན་གྱིས་ཀྱང་། སངས་རྒྱས་ཀྱི་བསྟན་པ་ཕལ་ཆེར་ཀླ་ཀློས་ཉམས་པར་བྱེད་པའི་གནས་སྐབས་ན། བསྟན་དགྲ་དེ་དག་ཐམས་ཅད་ཚར་བཅད། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་དགོངས་འགྲེལ་དང་བཅས་པ་ཐམས་ཅད་རྒྱ་ཆེར་སྤེལ་ནས་བསྟན་པ་བཟུང་། རྗེས་སུ་ལོ་སྟོང་ཕྲག་དུ་མའི་བར་དུ་བསྟན་པ་འཕེལ་རྒྱས་ཕུན་སུམ་ཚོགས་པར་མཛད་རྒྱུ་རེད།

སྔོན་ཆད་ཁེ་ན་ཏའི་ས་ཆ་འདི་ལ་སངས་རྒྱས་ཀྱི་བསྟན་པ་རྒྱ་ཆེར་མི་དར་བའི་གནས་སྐབས་ན། བོད་ཀྱི་བླ་མ་རྣམས་ཀྱིས་གཙོ་བོར་བྱས་ཏེ་སངས་རྒྱས་ཀྱི་བསྟན་པའི་དབུ་བཙུགས་ཏེ་འཛིན་པར་བྱས། ད་ལྟ་ཁྱེད་ནང་བསྟན་པ་རྣམས་ཀྱིས་བསྟན་པ་སྤེལ་བར་བྱས་ཤིང་། ཤམ་བྷ་ལར་སློབ་སྦྱོང་མཛད་པ་ཐམས་ཅད་ཀྱིས་བསྟན་པ་དེ་སྲུང་བར་བྱེད་པ་རེད།

དེ་ལྟར་དང་པོ་བསྟན་པ་བཙུགས་པ་དང་། བར་དུ་བསྟན་པ་འཛིན་པ། དུས་རྒྱུན་དུ་བསྟན་པ་སྲུང་བ་སྟེ། དེ་གསུམ་གྱི་ནང་དུ་ཁྱེད་རྣམ་པ་ཚང་མའི་མཛད་སྤྱོད་ཀྱང་འདུ་བ་ཡིན་པས། ཐམས་ཅད་ཀྱི་ཞེ་འདོད་མཐར་ཐུག་པ་ནི། སེམས་ཅན་ཐམས་ཅད་ལ་བདེ་སྐྱིད་འབྱུང་བའི་ཕྱིར་དུ་སངས་རྒྱས་ཀྱི་བསྟན་པ་འདི་ཁོ་ན་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ལ་ཐུག་ཡོད་པ་ཡིན།

དེས་ན་ཤམ་བྷ་ལར་སློབ་སྦྱོང་མཛད་པའི་རྡོ་རྗེ་བཀའ་སྲུང་དང་སྐུ་སྲུང་ལ་སོགས་པ་ནི་ལྕགས་རི་བཟང་པོ་ལྟ་བུ་དང་། ནང་བསྟན་ལ་སློབ་སྦྱོང་བྱེད་མཁན་རྣམས་ནི་དེའི་ནང་ན་གནས་པའི་སྐྱེད་མོའི་ཚལ་བཟང་པོ་ལྟ་བུ་ཡིན། གནས་སྐབས་སུ་སློབ་སྦྱོང་བྱེད་སྟངས་མི་འདྲ་བ་ཅུང་ཙམ་ཡོད་ཀྱང་། མཐར་ཐུག་གི་དོན་ནི་སེམས་ཅན་ལ་བདེ་སྐྱིད་འབྱུང་བའི་ཕྱིར་དུ་སངས་རྒྱས་ཀྱི་བསྟན་པ་ཁོ་ན་ཉམས་བཞེས་མཛད་པ་ལ་ཐུག་ཡོད་པས་ཚང་མའི་ཐུགས་ལ་དེ་ལྟར་འཇོག་པར་ཞུ།

སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག །

སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པར་ཤོག །

ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །

རང་གཞན་དོན་གཉིས་ལྷུན་གྱིས་འགྲུབ་པར་ཤོག །

རྡོ་རྗེ་སློབ་དཔོན་ཞབས་བརྟན་བཞེད་པ་འགྲུབ། །

དགེ་འདུན་སྡེ་འཕེལ་བཤད་སྒྲུབ་བསྟན་པ་དར། །

དཔོན་སློབ་སྦྱིན་བདག་མངའ་ཐང་འབྱོར་པ་རྒྱས། །

བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །

བསླབ་པ་གསུམ་ལྡན་ངུར་སྨྲིག་འཛིན་པ་ཡི། །

འདུས་པའི་ཚོགས་ཀྱིས་གནས་འདིར་ཡོངས་གང་ཞིང་། །

རྟག་ཏུ་བཤད་སྒྲུབ་བྱ་བས་སྲིད་མཐའི་བར། །

ཐུབ་བསྟན་ཕྱོགས་མཐར་རྒྱས་པའི་བཀྲ་ཤིས་ཤོག །

ཅེས་སྨོན་ཚིག་འདི་དག་གསུངས་རྗེས། ཆོས་རྗེ་ཉིད་ཀྱིས་ཐམས་ཅད་ལ་ཕྱག་དབང་དང་བྱིན་རླབས་མཛད་ཅིང་། དེ་མཚུངས་སུ་མི་རེ་རེ་བཞིན་དུ་ཕྱག་མདུད་རེའང་གནང་། ཆོས་ཚོགས་དེའི་འགྲོ་ལུགས་ལྟར། བླ་མ་འབྱོན་ཁར་སློབ་མ་རྣམས་ལམ་འགྲམ་དུ་གྲལ་བསྒྲིགས་ཏེ་སྐྱེལ་མ་བྱས་ཤིང་། ཐམས་ཅད་ཀྱིས་ཀི་ཀི་བསྭ་བསྭ་ལྷ་རྒྱལ་ལོ་ཞེས་སོགས་མི་སེམས་སྒུལ་བའི་རྡོ་རྗེ་གླུ་དབྱངས་ཀྱི་ཁྲོད། ཆོས་རྗེ་ཉིད་འབྲལ་མི་ཕོད་པ་ལྟ་བུའི་ངང་རླངས་འཁོར་ལ་བཞུགས་ཏེ། གནས་འདིའི་མཛེས་སྡུག་ལྡན་པའི་ཕྱིར་དྲན་རྣམས་ཁྱེར་ནས་ལམ་ལ་ཆས།

ཕྱག་རྗེས་བཞག་པའི་ཆུ་ཤེལ།

ངེད་ཅག་གནམ་གྲུ་ཐང་དུ་འགྲོ་བའི་ལམ་བར་ནས། ཆོས་རྗེ་ཉིད་ཀྱིས་ཁེ་ན་ཏའི་མཚོ་ངོགས་ཀྱི་མཛེས་ལྗོངས་དང་གྲོང་ཁྱེར་གྱི་འཛུགས་སྐྲུན་བཟོ་བཀོད་ལ་གཟིགས་མོ་མཛད།

ཕྱི་དྲོར་ཧཱ་ལི་ཧྥ་ཁི་སི་གྲོང་ཁྱེར་དང་ཞལ་གྱེས་ཏེ་དུས་ཚོད་གཉིས་ཙམ་ལ་འཕུར་བ་ན། སླར་ཡང་ཨ་རིའི་བྷོ་སི་ཐིན་གྲོང་ཁྱེར་གྱི་གནམ་ཐང་དུ་འབྱོར་ཞིང་། དགོང་མོར་ཡོ་རོབ་ཀྱི་རྒྱལ་ཁབ་ཧྥ་རན་སིའི་ཕྱོགས་སུ་འཕུར་སྐྱོད་བྱེད་པའི་སྟ་གོན་བྱས།

ཨ་རི་དང་ཁེ་ན་ཏའི་སློབ་མ་མང་པོ་རྗེ་ཉིད་ལ་སྐྱེལ་མ་བྱེད་པར་གནམ་གྲུ་ཐང་དུ་སླེབས་འདུག རྒྱ་སྤྲུལ་རིན་པོ་ཆེ་རྗེ་ཉིད་དང་ཁ་འབྲལ་སྐབས། ཆོས་རྗེ་མཆོག་གིས་ཕྱག་ཏུ་ཆུ་ཤེལ་ཞིག་བསྣམས་ཏེ། འདི་ཁྱེད་ལ་དད་རྟེན་དུ་བྱིན་པ་ཡིན་ཞེས་གསུངས་ཤིང་། ཕྱག་གཉིས་ཀྱིས་གཅིར་གཅིར་ལན་འགའ་མཛད་ནས་ཁོང་ལ་སྤྲད།

རྗེས་སུ་ཆུ་ཤེལ་དེར་རྗེ་ཉིད་ཀྱི་ཕྱག་མཛུབ་ཀྱི་རྗེས་ཤུལ་རྣམས་གསལ་བར་དོད་ནས་ལན་ཆགས་བཟོས་པ་ལྟར་གྱུར་ཡོད་པ་ཤེས་རྟོགས་བྱུང་། ད་ལྟ་ཆུ་ཤེལ་དེ་བཀྲ་ཤིས་ཆོས་གླིང་དགོན་དུ་ཉར་ཚགས་མཛད་ཡོད་ཅིང་དངོས་སུ་མཇལ་ཆོག་པར་འདུག འདི་ནི་ཆོས་རྗེ་ཉིད་མེ་གླིང་དང་ཁ་འབྲལ་ཁར། ནུབ་ཕྱོགས་ཀྱི་སློབ་མ་རྣམས་ལ་རྫུ་འཕྲུལ་གྱི་སྒོ་ནས་བཞག་པའི་བྱིན་རྟེན་ཁྱད་པར་ཅན་ཞིག་ཡིན་པར་སྣང་།

ཁོང་འབྱོན་ཁར་རིན་ཐང་ཆེ་བའི་མན་ངག་ཚིག་གསུམ་གནང་བ་ནི། ཁྱེད་ཅག་ནུབ་ཕྱོགས་རྒྱལ་ཁབ་ཀྱི་དད་ལྡན་རྣམས་ཀྱིས་ཀྱང་། ཐོག་མར་གལ་ཆེ་བ་བླ་མ་དཀོན་མཆོག་གསུམ་ལ་ཡིད་ཆེས་རྩེ་གཅིག་གི་དད་པའི་སྒོ་ནས་སྐྱབས་སུ་འགྲོ་བ་དང་། བར་དུ་གལ་ཆེ་བ་བསམ་པ་བཟང་པོ་བྱམས་པ་དང་སྙིང་རྗེས་ཀུན་ནས་བསླངས་ཏེ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། མཐར་འོད་གསལ་རྫོགས་པ་ཆེན་པོའི་ལམ་ཉམས་སུ་བླངས་ཏེ། ཚེ་གཅིག་གིས་ཟུང་འཇུག་གི་གོ་འཕང་སྒྲུབ་པར་བྱེད་པ་ནི་ཅི་ནས་ཀྱང་གལ་ཆེ་བ་ཡིན། ཞེས་གསུངས་པ་དེ་ཡིན།

དྲན་ངོགས་ཀྱི་ནུབ་བསྐྱོད་ལས་ཡུལ་ཧཱ་ལི་ཧྥ་ཁི་སིའི་མཛད་རིམ་ལེགས་པར་གྲུབ་པའི་སྐབས་ཏེ་བརྒྱད་པའོ། །

འབབ་ཚུགས་དགུ་པ། ཧྥ་རན་སིའི་མོན་ཐི་ཕཱེ་ལེར།

༼ ༨·༢༣~༨·༣༠ ༽

མཛད་རིམ།

ཕྱི་ཟླ་༨པའི་ཚེས་༢༣ཉིན། ལས་རབ་གླིང་དུ་འབྱོར།

ཕྱི་ཟླ་༨པའི་ཚེས་༢༤ཉིན། སྔ་དྲོར་རྟེན་འབྲེལ་ཉེས་སེལ་གྱི་དབང་གནང་།

ཕྱི་ཟླ་༨པའི་ཚེས་༢༥ཉིན། ལས་རབ་གླིང་གི་མཐོ་རིམ་ལས་གཉེར་པ་རྣམས་ལ་མཇལ་ཕྲད་མཛད་དེ་བསླབ་སྟོན་གནང་།

ཕྱི་ཟླ་༨པའི་ཚེས་༢༦ཉིན། ལས་རབ་གླིང་གི་དཔོན་སློབ་ཡོངས་དང་མཉམ་དུ་རྟེན་འབྲེལ་ཉེས་སེལ་གྱི་ཆོ་གའི་ཚོགས་འཁོར་རྒྱ་ཆེན་བསྐོར།

ཕྱི་ཟླ་༨པའི་ཚེས་༢༧ཉིན། ཕུར་པ་ཡང་ཟབ་སྙིང་པོའི་དབང་དང་ཞལ་གདམས་གནང་།

ཕྱི་ཟླ་༨པའི་ཚེས་༢༨ཉིན། ཚེ་གཅིག་རྫོགས་འཚང་རྒྱ་བའི་གསང་གནད་ཅེས་པའི་འཆད་ཁྲིད་གནང་།

ཕྱི་ཟླ་༨པའི་ཚེས་༢༩ཉིན། ཕྱི་དྲོར་སེམས་ངོ་མཛུབ་ཚུགས་ཀྱི་མན་ངག་གསུངས།

ཕྱི་ཟླ་༨པའི་ཚེས་༣༠ཉིན། སྔ་དྲོར་འཇམ་དཔལ་ཡེ་ཤེས་སེམས་དཔའི་དབང་དང་ལྷུན་གྲུབ་ཐོད་རྒལ་གྱི་ཁྲིད་གནང་རྗེས་གྱེས་ཁའི་སྙིང་གཏམ་གསུངས་ཤིང་། ཕྱི་དྲོར་བཅར་འདྲི་དང་ལེན་གནང་།

ལས་རབ་གླིང་དུ་འབྱོར་བ།

ཆོས་རྗེ་ཉིད་ཨ་རིའི་བྷོ་སི་ཐིན་ནས་གནམ་གྲུར་ཞུགས་ཏེ་ནུབ་རྒྱ་མཚོ་ཆེན་མོའི་མཁའ་ལམ་བརྒྱུད་ནས་ཆུ་ཚོད་བདུན་ལྷག་ལ་འཕུར་སྐྱོད་གནང་རྗེས། ཧྥ་རན་སིའི་རྒྱལ་ས་ཕེ་རིས་(Paris)ལ་འབྱོར། སླར་ཡང་གནམ་གྲུ་གཞན་ཞིག་ལ་ཞུགས་ནས་ཆུ་ཚོད་གཅིག་ཕྱེད་ཙམ་ལ་འཕུར་བ་ན། ཧྥ་རན་སིའི་གྲོང་ཁྱེར་མོན་ཐི་ཕཱེ་ལེར་(Montpellier)དུ་སླེབས་ཤིང་། དེ་ནས་ཆུ་ཚོད་གཅིག་ལྷག་ལ་རླངས་འཁོར་ལ་བརྟེན་ནས་ལས་རབ་གླིང་གི་ཕྱོགས་སུ་ཆིབས་ཁ་བསྒྱུར།

ལས་རབ་གླིང་དུ་འབྱོར་ལ་ཉེ་བའི་རི་ལམ་གྱི་གཡས་གཡོན་གཉིས་སུ། སྔ་མོ་ནས་བསྒུགས་པའི་ཆོས་ཚོགས་ཀྱི་སློབ་མ་རྣམས་ཕྲེང་བསྒྲིགས་ཤིང་དར་དཀར་བཏེགས་ཏེ། རྗེ་ཉིད་ལ་ཧ་ཅང་གཟབ་རྒྱས་ངང་དགའ་བསུ་དང་སྣེ་ལེན་མཛད།

ལས་རབ་གླིང་དུ་འབྱོར་བ་ན། ཆོས་རྗེ་ཉིད་ཆོས་ཚོགས་དེའི་བླ་བྲང་དུ་བཞུགས་སུ་གསོལ་བ་སྟེ། ཁོང་བཞུགས་སའི་གཟིམས་ཁང་ནི། སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ་དང་ས་སྐྱ་གོང་མ་སོགས་སྐྱེས་ཆེན་དམ་པ་མང་པོ་བཞུགས་མྱོང་སའི་ཆེས་ངོ་མཚར་ཞིང་བྱིན་རླབས་ལྡན་པའི་ཕོ་བྲང་ཞིག་ཡིན་པར་བཤད།

ལས་རབ་གླིང་གི་གདན་ས་འདི་ནི། བོད་ཀྱི་སྐྱེ་འཆིའི་རྣམ་གཞག་ཅེས་པའི་བསྟན་བཅོས་མཛད་པ་པོ་བསོད་རྒྱལ་རིན་པོ་ཆེས་ཕྱག་བཏབ་གནང་བའི་ཆོས་ཚོགས་ཤིག་ཡིན་ལ། ཕྱི་ལོ་༡༩༩༠ལོར། དིལ་མགོ་མཁྱེན་བརྩེ་རིན་པོ་ཆེས་ས་དཔྱད་གནང་སྟེ་གནས་འདིར་གདབ་རྒྱུ་གཏན་ཁེལ་མཛད་ཅིང་། ཕྱི་ལོ་༡༩༩༡ལོར། ཆོས་ཚོགས་ཀྱི་རྨང་གཞིའི་འཛུགས་སྐྲུན་རྣམས་གྲུབ་པ་མ་ཟད། རྡོ་གྲུབ་རིན་པོ་ཆེ་བྱོན་ནས་རབ་གནས་དང་བྱིན་རླབས་གནང་བ་དང་། ད་ལྟ་ཧྥ་རན་སིའི་བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་ཆེ་ཤོས་སུ་གྱུར་ཡོད། ཆོས་ཚོགས་འདིའི་ཡུལ་ལྗོངས་ཀྱི་བཀོད་པ་ནི་བོད་ཡུལ་དང་ཤིན་ཏུ་འདྲ་བར། མཐའ་འཁོར་རྣམས་སུ་སྔོ་ལྗང་གི་ནགས་ཚལ་དང་མཛེས་སྡུག་གི་རི་ཀླུང་ཉམས་དགའ་བས་བསྐོར་འདུག་པས། བོད་ཡུལ་གྱི་དགོན་པ་ཞིག་དང་ཀུན་ནས་མཚུངས། ནམ་རྒྱུན་དབྱར་དུས་སུ། གནས་འདི་ནས་དགེ་འདུན་པ་དང་དད་ལྡན་མང་པོས་དུས་ཚོད་ངེས་གཏན་ཡོད་མེད་གང་རུང་གི་སྒོ་ནས་ཆོས་ཀྱི་མཛད་སྒོ་སྤེལ་བཞིན་ཡོད།

ཆོས་རྗེ་ཉིད་བྱོན་པའི་སྐབས་དེ་ནི། ཁོ་ཚོའི་དབྱར་ཟླ་གསུམ་གྱི་སྒོམ་སྒྲུབ་ཀྱི་དུས་སུ་ཁེལ་འདུག་པས། རྒྱང་རིང་གི་རི་ལྷས་ཀྱི་སྟེང་དུ་ཁ་དོག་དང་རྣམ་པ་གཅིག་པའི་གུར་ཆུང་བརྒྱ་ཕྲག་མང་པོ་སྒར་བཏབ་པ་བཞིན་ཚར་དུ་དངར་བར་ཕུབ་ནས། ཆོས་པ་རྣམས་ཀྱིས་ཉམས་ལེན་ལ་གཞོལ་གྱིན་པ་ནི་ཆེས་རྔམ་བརྗིད་ལྡན་པ་ཞིག་རེད། ནམ་རྒྱུན་ཁོ་ཚོས་མཉམ་ཚོགས་ཀྱིས་ཆོས་འཆད་ཉན་དང་སྒོམ་སྒྲུབ་བྱེད་ས་ནི། ཉེ་ཟུར་དུ་གུར་ཆེན་པོ་ཞིག་འདུག་པ་དེའི་ནང་ཡིན་ལ། ད་ལན་ཆོས་རྗེ་ཉིད་ཀྱིས་ཀྱང་གནས་དེ་ནས་གཟའ་འཁོར་གཅིག་གི་རིང་ལ་ཆོས་གསུངས་པ་ཡིན། སྐབས་དེའི་སྐད་སྒྱུར་པ་ནི་རི་མགུལ་རིན་པོ་ཆེ་ཡིན།

ཉེ་བའི་ཆར་ཆོས་རྗེ་ཉིད་ཁེ་ན་ཏ་ནས་ཨ་རིར་འཕུར་སྐྱོད་གནང་ཞིང་། དེ་ནས་སླར་ཡང་ཧྥ་རན་སིར་ཕེབས་པ་ཡིན་པས། ཕེབས་ལམ་ཆེས་ཤིན་ཏུ་རིང་པོ་སྟེ། གནམ་གྲུར་ཞུགས་པ་དང་། གནམ་གྲུ་སྒུག་པ། རླངས་འཁོར་དུ་ཞུགས་པའི་དུས་ཚོད་རྣམས་ཕྱོགས་གཅིག་ཏུ་བསྡོམས་ན། བྱོན་ཐེངས་གཅིག་ཁོ་ནར་དུས་ཚོད་ཉི་ཤུ་ཡས་མས་འགོར་ཡོད་པས། སྐུ་ལུས་ཀྱང་ཅུང་ཟད་ཐང་ཆད་པའི་ཚུལ་མཛད།

བསོད་རྒྱལ་རིན་པོ་ཆེས་ཁོང་གི་གནས་ཚུལ་དག་མཐོང་ནས། ད་ཐེངས་ཁྱེད་ནུབ་ཕྱོགས་སུ་ཆོས་གསུང་བར་བྱོན་ནས་དུས་ཡུན་དེ་འདྲའི་རིང་པོ་སོང་འདུག་ལ། མཛད་རིམ་གྱི་དུས་ཚོད་བཀོད་སྒྲིག་ཀྱང་ཤིན་ཏུ་ཚགས་དམ་པོ་ཡིན་པས། འོ་བརྒྱལ་ཧ་ཅང་ཆེན་པོ་མྱངས་ཡོད་ཐག་ཆོད་ཡིན། ཆོས་ཚོགས་འདི་ནས་གཞན་གྱི་ཆོས་ཚོགས་དང་མི་འདྲ་བར་ཁྱེད་ཉིད་ཀྱིས་སྐུ་ངལ་གསོ་རྒྱུ་དེ་གཙོ་བོར་མཛད་དགོས། ཆོས་ཚོགས་འདིའི་མཛད་རིམ་བཀོད་སྒྲིག་གི་དབང་ཆ་ཚང་མ་ང་ལ་ཡོད་པས། ཇི་ལྟར་མཛད་དགོངས་ན་དེ་ལྟར་གནང་ན་འགྲིག་གི་རེད། ཁྱེད་ཀྱིས་དང་པོར་སྐུ་ངལ་ལེགས་པོ་གསོས་དང་། ཁྱེད་ཐུགས་མཉེས་པོ་ཡོང་བ་ནི་ཆོས་ཀྱི་རྩ་བ་ཡིན་ཞེས་ཞུས།

དངོས་གནས་ཆོས་རྗེ་ཉིད་ཀྱིས་ལམ་ཐག་རིང་པོ་ནས་འོ་བརྒྱལ་ཆེན་པོ་མཛད་ཡོད་དེ། སྐུ་ལུས་ལ་སྙུང་གཞི་མང་བ་དང་། ཆོས་ཁྲིད་རྣམས་གཅིག་རྗེས་གཉིས་མཐུད་དུ་བཀོད་སྒྲིག་བྱས་པ། མཚན་མོར་གཟིམས་ལེགས་པོ་མི་ཁུག་པ། ཞལ་ཟས་གསོལ་བའི་ཡི་ག་མེད་པ། དུས་ཁྱད་སྙོམ་ལོང་མེད་པ་སོགས་ཕྱོགས་གང་ཅིའི་ཐད་ནས་སྐུ་ལུས་དང་ཐུགས་སེམས་གཉིས་ལ་ཚོད་བགམ་ཆེན་པོ་ཞིག་ཏུ་གྱུར་པས། ཁོང་གིས་དེ་ལྟར་གསུངས་པ་གསན་ཚེ། ཆོས་རྗེ་ཉིད་ཀྱང་ཐུགས་ཤིན་ཏུ་ལྷོད་པོའི་ངང་བག་ཕེབས་པར་བཞུགས།

དེ་ལྟ་ནའང་། རྗེས་སུ་ཆོས་རྗེ་ཉིད་ཀྱིས་བཀོད་སྒྲིག་ལྡན་ཞིང་དུས་ཚོད་དམ་འཛིན་གྱི་སྒོ་ནས། ལས་རབ་གླིང་གི་ཆོས་ཚོགས་སུ་ཟབ་ཆོས་གསུངས་པ་ནི། ཆོས་ཚོགས་གཞན་དག་ལས་ཀྱང་ལྷག་པ་ཞིག་བྱུང་སོང་།

ང་རང་ལས་རབ་གླིང་པ་ཡིན་ནམ།

ཕྱི་ཟླ་༨པའི་ཚེས་༢༤ཉིན་གྱི་སྔ་དྲོར། ཆོས་རྗེ་ཉིད་ཀྱིས་རྟེན་འབྲེལ་ཉེས་སེལ་གྱི་དབང་མ་གནང་བའི་སྔོན་དུ། བསོད་རྒྱལ་རིན་པོ་ཆེས་དད་གུས་དང་སྤྲོ་སེམས་གྱི་ངང་ནས་ཐམས་ཅད་ལ་ངོ་སྤྲོད་འདི་ལྟར་གནང་།

ཆོས་རྗེ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་ནི། དུས་རབས་བཅུ་དགུ་པའི་ནང་ཆེས་རླབས་ཆེ་བའི་གཏེར་སྟོན་བསོད་རྒྱལ་ཏེ་ལས་རབ་གླིང་པའི་སྤྲུལ་སྐུ་ཡིན་ཞིང་། ཁོང་གི་ཕ་ཡབ་ནི་སྐྱབས་རྗེ་བདུད་འཇོམས་མཆོག་གི་ཁྱིམ་རྒྱུད་ལས་འཁྲུངས་པ་དང་། རྡོ་གྲུབ་རིན་པོ་ཆེ་སྐུ་ཕྲེང་གསུམ་པ་ནི་ཁོང་གི་ཕ་ཡབ་ཀྱི་ཁུ་བོ་ཡིན། ཆོས་རྗེ་མཆོག་གིས་སྐུ་ན་ཆུང་དུས་ནས། སྔ་འགྱུར་དཔལ་ཡུལ་དགོན་པའི་ཡན་ལག་ཏུ་གྱུར་པའི་གནུབས་ཟུར་དགོན་དུ་ནང་པའི་ཆོས་ལ་ཐོས་བསམ་མཛད། དགུང་ལོ་བཅོ་བརྒྱད་ཀྱི་ཐོག་རྫ་སྟོད་ལྕང་མ་རི་ཁྲོད་དུ་བྱོན་ཏེ། ཐུབ་དགའ་ཡིད་བཞིན་ནོར་བུ་རྩ་བའི་བླ་མར་བསྟེན་ནས་བགྲང་བྱ་དྲུག་ཙམ་ལ་ཆོས་ཕྱིར་དཀའ་སྤྱད་མཛད་མཐར། བླ་མའི་ཐུགས་རྒྱུད་ཀྱི་ཡོན་ཏན་མ་ལུས་བུམ་པ་གང་བྱོའི་ཚུལ་དུ་ཐོབ་པར་མ་ཟད། རྡོ་རྗེ་ཐེག་པ་སྤྱི་དང་ཁྱད་པར་རྫོགས་པ་ཆེན་པོ་ལ་མངའ་དབང་འབྱོར་བར་གྱུར།

ཁོང་གིས་བོད་ཡུལ་དུ་ཐོས་བསམ་སྒོམ་སྒྲུབ་བྱེད་སའི་སློབ་གླིང་དང་ཆོས་ཚོགས་མང་དུ་བཙུགས་ཡོད་ཅིང་། ཁྱད་པར་དུ། གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་ནི་ཆོས་ལུགས་དང་གྲུབ་མཐའ་རིས་མེད་ཀྱི་སྒོ་ནས་ནང་ཆོས་སློབ་གཉེར་བྱ་སའི་ཚད་མཐོ་བའི་སློབ་གླིང་ཆེན་པོ་ཞིག་སྟེ། ད་ལྟ་དགེ་འདུན་པ་སྟོང་ཕྲག་མང་པོ་རྒྱུན་བཞུགས་ཀྱིས་སློབ་གཉེར་གནང་བཞིན་ཡོད། ཆོས་རྗེ་མཆོག་གིས་སྐུ་ཚེ་ཧྲིལ་པོའི་རིང་ལ། ཆོས་པ་ཕོ་མོ་ཁྲི་སྟོང་མང་པོར་དབུ་སྐྲ་བསིལ་ཏེ་རབ་བྱུང་བསྒྲུབས་པར་མ་ཟད། ངོ་མཚར་བའི་གཏེར་ཆོས་ཀྱང་མང་དུ་བཞེས་ཡོད།

ད་ལོར་ཁོང་ཐེངས་དང་པོར་ནུབ་ཕྱོགས་སུ་བྱོན་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡིན་ལ། ཨ་རི་དང་ཁེ་ན་ཏ་སོགས་བརྒྱུད་ནས་ཧྥ་རན་སིར་ཕེབས་ཤིང་། ད་ལྟ་ང་ཚོའི་ལས་རབ་གླིང་དུ་བྱོན་ཐུབ་པ་ལ། ཐོག་མར་ངས་རང་ཉིད་སྒེར་གྱི་ཚབ་བྱས་ཏེ་ཁྱེད་ཉིད་ཀྱི་ཕེབས་འབྱོར་ལ་སྤྲོ་སེམས་རབ་ཏུ་འཁོལ་བའི་སྒོ་ནས་དགའ་བསུ་ཞུ་རྒྱུ་ཡིན།

བདག་ཅག་རྣམས་ལ་མཚོན་ན། ཁྱེད་ཉིད་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་ལས་རབ་གླིང་དུ་བྱོན་ཏེ་ཆོས་འཁོར་བསྐོར་ཞིང་། ཆེས་བླ་ན་མེད་པའི་བྱིན་རླབས་བསྩལ་བའི་བཀའ་དྲིན་ནི་སྨྲ་བརྗོད་ཙམ་གྱིས་མཚོན་ཐབས་བྲལ་བ་ཞིག་ཡིན། ལས་རབ་གླིང་ནི་གཏེར་སྟོན་ལས་རབ་གླིང་པའི་མཚན་ཐོག་ནས་བཏགས་པ་ཡིན་ལ། ཁྱེད་ཉིད་ནི་གཏེར་ཆེན་ལས་རབ་གླིང་པའི་སྐུ་སྐྱེ་དངོས་ཡིན་པས། ད་ལན་སྐུ་དངོས་སུ་གནས་འདིར་ཕེབས་པ་ལ། དོན་སྙིང་ཆེན་པོ་ལྡན་པའི་རྟེན་འབྲེལ་ཁྱད་པར་ཅན་ཞིག་ཀྱང་ཡོད་ངེས་ཡིན།

ཁྱེད་ནི་གཏེར་སྟོན་ལས་རབ་གླིང་པའི་སྤྲུལ་སྐུ་ཙམ་དུ་མ་ཟད། རང་ངོས་ནས་ཀྱང་ཧ་ཅང་རླབས་ཆེ་བའི་དགེ་བའི་བཤེས་གཉེན་ཡིན་ཏེ། ང་ཚོས་དུས་ཡུན་རིང་པོ་ནས། ཁྱེད་ཀྱི་མི་སེམས་སྒུལ་ཞིང་བསྟོད་པའི་འོས་སུ་གྱུར་པའི་རླབས་ཆེན་གྱི་མཛད་འཕྲིན་སྣ་ཚོགས་པ་གོ་ཐོས་བྱུང་ཞིང་། དུས་དང་རྣམ་པ་ཀུན་ཏུ་དད་གུས་ཆེན་པོས་རྗེས་སུ་ཡི་རང་ཞུ་བཞིན་ཡོད། ཁྱེད་ནི་རྫོགས་པ་ཆེན་པོར་མངའ་དབང་འབྱོར་བའི་བསྟན་འཛིན་གྱི་སྐྱེས་བུ་ཆེན་པོ་དང་། དུས་རབས་འདིའི་ཨོ་རྒྱན་རིན་པོ་ཆེ་ཡི་རྒྱལ་ཚབ། ཟབ་མོ་གཏེར་གྱི་བརྒྱུད་པ་འཛིན་ནུས་པའི་གཏེར་སྟོན་ཞིག་ཀྱང་ཡིན། ང་ཚོ་ཚང་མས་བོད་ཡུལ་དུ་ཁྱེད་ཀྱིས་བརྗོད་ལས་འདས་པའི་བསྟན་འགྲོའི་དོན་ཆེན་བསྒྲུབས་པའི་མཛད་འཕྲིན་རྣམས་གོ་ཐོས་བྱུང་ཞིང་། སྐུ་ཉིད་ཀྱི་མཚན་སྙན་ནི་སྔ་མོ་ནས་ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་ཁྱབ་འདུག་པ་མ་ཟད། ཉིད་ཀྱིས་བོད་ཡུལ་དུ་ཡང་དར་བསྟན་པའི་འཕྲིན་ལས་ཀྱི་ཁུར་ཆེན་བཞེས་ཤིང་། སེམས་ཅན་གྲངས་མེད་པ་ལ་ནང་ཆོས་ཉམས་ལེན་གྱི་ལམ་བསྟན་པའི་མཛད་འཕྲིན་ནི་གཞན་སུས་ཀྱང་འགྲན་དུ་མེད་པར་ངེས་ཏེ། ནུབ་ཕྱོགས་སུ་ཡོད་པའི་བོད་བརྒྱུད་ནང་བསྟན་གྱི་སློབ་མ་རྣམས་ལའང་ཡིད་འགུལ་ཆེན་པོ་ཐེབས་པར་བྱས་ཡོད། ང་ཚོས་འདི་ནས་ནང་ཆོས་དར་སྤེལ་གྱི་བྱ་བ་སྒྲུབ་ཁུལ་བགྱི་བ་ནི། ཁྱེད་ཀྱི་རླབས་ཆེ་བའི་མཛད་འཕྲིན་དང་བསྡུར་ན་ཤིན་ཏུ་ཉག་ཕྲ་བ་ཞིག་ཡིན།

དེ་ལྟ་ནའང་ང་ཚོའི་སེམས་སུ་ཁྱེད་ཉིད་ནི་བདག་ཅག་དང་ཐུགས་ཐག་ཉེ་ཞིང་རང་བཞིན་གཅིག་པ་ལྟ་བུར་མཐོང་བས། ཁྱེད་ཀྱི་ཡོད་ཚད་ནས་ཡོད་ཚད་ལ་ནམ་ཡང་ཡིད་སྨོན་དང་རྗེས་སུ་ཡི་རང་ཞུ་བ་ཡིན། ད་ལན་འདི་ནས་ཐུགས་བརྩེ་བ་ཆེན་པོས་ངེད་ཅག་ལ་དབང་དང་བཀའ་ཆོས་གནང་བར་བཀའ་དྲིན་བླ་ན་མེད་པ་ཞུ་ཞུ།

དེ་ནས་ཆོས་རྗེ་ཉིད་ཀྱིས་འདི་ལྟར་གསུང་།

དུས་ཚེས་ཕུན་སུམ་ཚོགས་པ་འདི་ལ། ལས་རབ་གླིང་པའི་གདན་ས་འདིར་ངེད་ཅག་གཞིས་བྱེས་གཉིས་དང་གཏེར་ཆེན་ལས་རབ་གླིང་པ་ཁོང་གི་སྤྲུལ་བའི་སྐུ་མཆོག་བསོད་རྒྱལ་རིན་པོ་ཆེ་དངོས་སུ་འདིར་བཞུགས་ཡོད་པ་དེ་དང་ཞལ་འཛོམས་བྱུང་བ་ཙམ་དུ་མ་ཟད། ཕན་ཚུན་དགའ་བཞིན་སྤྲོ་བཞིན་དུ་ཐེག་པ་ཆེན་པོའི་ཆོས་ལ་ལོངས་སྤྱོད་པའི་སྐལ་པ་བཟང་པོ་ཐོབ་པ་ལ་ང་རང་ཧ་ཅང་དགའ་སྤྲོ་ཆེ།

ད་རེས་སྔོན་དུ་བསོད་རྒྱལ་རིན་པོ་ཆེས་གསུང་མཛད་གནང་བ་ལ་ཐུགས་རྗེ་ཆེ་ཞུ། ཁོང་གིས་དེ་ལྟ་བུའི་གསུང་མཛད་གནང་བ་ཚང་མ་ཡང་དགོས་པའི་དབང་གིས་གསུངས་པ་རེད་མ་གཏོགས། ང་ལ་དོན་དངོས་ཐོག་ན་དེ་ལྟ་བུའི་ཡོན་ཏན་ཞིག་ཡོད་པ་ཨེ་རེད་ཅེ་ན་རྩ་བ་ནས་ཡོད་པ་མ་ཡིན། ཁོང་གིས་ཀྱང་དགོས་པ་ཁྱད་པར་ཅན་དུ་གཟིགས་ཏེ། དཔེར་ན་ཁྱི་ལ་སེང་གེའི་མིང་བཏགས་པ་བཞིན་དུ་ང་ལྟ་བུའི་སྐྱོན་གྱི་ཆ་ནི་ཆ་ཚང་བ་དང་། ཡོན་ཏན་གྱི་ཆ་ནི་ངོ་མ་དངོས་དག་གིས་སྣ་གཅིག་ཀྱང་མེད་པ། ཕར་ལྟར་སྣང་ལ་ཆོས་པའི་མིང་དང་ཆོས་པའི་གཟུགས་བརྙན་ཙམ་ཞིག་བཟུང་བ་ལ་དེ་ལྟར་གསུངས་པ་རེད།

དེས་ན་ང་ལྟ་བུ་ཞིག་ཤཱཀྱ་སེང་གེའི་བསྟན་པའི་མཇུག་མ་འདི་ལ་ཆོས་ཀྱི་ཁྲི་ཆེན་པོའི་སྟེང་དུ་བསྡད་ནས་སྐྱེ་བོ་མང་པོ་ལ་ཆོས་སྨྲ་དགོས་ཐུག་པ་དེའང་སུས་ཀྱང་བཟློག་ཏུ་མེད་པ་ཞིག་ཡིན། དེ་ཡང་སྔོན་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རྒྱལ་པོ་ཀྲི་ཀྲིས་རྨི་ལྟས་མི་འདྲ་བ་བཅོ་བརྒྱད་རྨིས་པ་ལས། རྨི་ལྟས་གཅིག་ལ་ནི་སྤྲེའུ་ངན་པ་ཞིག་རྒྱལ་པོའི་ཁྲི་ཆེན་པོ་རུ་བཞུགས་ཏེ། སྤྲེའུ་མང་པོ་ཞིག་གིས་དེ་ལ་བཀུར་བཞིན་ཆོས་ཉན་པ་ཞིག་རྨིས། དེ་ཅི་རེད་ཅེས་ཞུས་པ་ན། མ་འོངས་པར་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པའི་མཇུག་མ་ལ་ཐོན་པའི་གནས་སྐབས་ན། ཡོན་ཏན་སྣ་གཅིག་ཀྱང་མེད་པའི་སྤྲེའུ་ལྟ་བུ་དེའང་ཁྲི་ཐོག་ལ་བསྡད། ཡོན་ཏན་གྱི་ཆ་ཡོངས་སུ་རྫོགས་པར་ཚང་བའི་སྤྲེའུ་ལྟ་བུ་མང་པོའང་འཁོར་སློབ་ཏུ་འདུ་བའི་སྔ་ལྟས་རེད་ཅེས་གསུངས། དེ་ནི་གཙོ་བོ་ང་ལྟ་བུ་ལ་ལྷག་ཏུའང་འབྲེལ་ཆགས་པ་དང་སུས་ཀྱང་བཟློག་ཐབས་མེད་པ་ཞིག་རེད།

ང་རང་ཆུང་དུས་དཔེ་ཆ་ལ་སློབ་སྦྱོང་བྱས་ཏེ་ཧ་ཅང་བཙུན་པ་ཡིན་སྣང་ཤར་བའི་གནས་སྐབས་ན། ང་ལས་རབ་གླིང་པ་རེད་ཅེས་མིང་བཏགས་པ་ཡིན། དེའི་སྐབས་སུ་ངས་དེ་དག་ལ་རྒོལ་གཏམ་བཏང་བ་ཡིན། གཏེར་སྟོན་ལས་རབ་གླིང་པ་ཟེར་བ་དེ། རྡོ་རྗེ་བདུད་འཇོམས་སྐུ་ཡི་སྤྲུལ་བ་སྟེ། །རྡོ་རྗེ་ཕག་མོའི་གསུང་གི་བྱིན་གྱིས་བརླབས། །པདྨ་འབྱུང་གནས་ཐུགས་ཀྱི་སྒྱུ་འཕྲུལ་གར། །ཟབ་གཏེར་སྒོ་འབྱེད་འགྲོ་འདུལ་རིག་པ་འཛིན། །ལས་རབ་གླིང་པའི་ཞབས་ལ་གསོལ་བ་འདེབས། །ཞེས་ཁོང་སངས་རྒྱས་ཡིན་པར་གསུངས་འདུག སངས་རྒྱས་འཁོར་བ་ལ་འཁོར་སྲིད་རྒྱུ་ཨེ་རེད། གལ་ཏེ་འཁོར་བ་ལ་འཁོར་སྲིད། སེམས་ཅན་ཐ་མལ་པ་ཞིག་ཏུ་འགྱུར་སྲིད་ན་ང་ཡང་དེའི་སྤྲུལ་སྐུ་ཡིན་ཐང་མ་གཏོགས། ཡིན་སྲིད་པ་མ་རེད་ཅེས་ཁས་ལེན་རྩ་བ་ནས་བྱེད་མ་མྱོང་།

ང་རང་ལོ་ལོན་ནས་དེང་སང་གི་གནས་སྐབས་ལ་ཐོན་འོང་དུས། དཔལ་སྤྲུལ་ཚང་གིས། མགོ་དམ་མཇུག་ལྷོད་དགེ་སློང་བྱེད་རེ་ཤི །ཁ་འཇམ་རྒྱུད་རྩུབ་བྱང་སེམས་བྱེད་རེ་ཤི །ཞེས་གསུངས་པ་ལྟར། ངའི་དགེ་སློང་གི་སྡོམ་པ་དེ་མགོ་དམ་པོ་ཞིག་ཡིན་ཡང་རྔ་མ་ཅུང་ཙམ་ལྷོད་པོ་རུ་གྱུར་ཐལ། ལྷོད་ཐལ་ཟེར་བའི་རྒྱུ་མཚན་ནི། ངས་བསམ་བློ་མང་པོ་བཏང་བ་ན། ལས་རབ་གླིང་པ་ཁོང་དང་ཁོང་གི་སློབ་མ་ཆོས་ཀྱི་བདག་པོ་མང་ཆེ་བ་ཞིག་གིས་དོན་དངོས་ཐོག་ནས་ང་ལ་མིང་དེ་བཏགས་པར་འདུག མིང་བཏགས་པས་ང་ཁོང་ལ་གྱུར་སོང་བ་རྩ་བ་ནས་མ་རེད་མོད། འོན་ཀྱང་དེ་ལ་དགོས་པ་ཞིག་ཡོད་རྒྱུ་རེད་བསམས་ནས་ང་ལས་རབ་གླིང་པ་མིན་ཟེར་བའི་རྒོལ་གཏམ་དེ་རྩ་བ་ནས་མཚམས་འཇོག་བྱས་པ་ཡིན། རྒོལ་གཏམ་མི་གཏོང་བའི་རྩ་བའང་གཅིག་ནས་ང་ལ་ལས་རབ་གླིང་པའི་མིང་ཞིག་ཐོགས་ན། ང་རང་ངོས་ནས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་ཅུང་ཙམ་རེ་ཐོགས་པ་ཨེ་ཡིན་བསམས། གཉིས་ནས་ལས་རབ་གླིང་པའི་གསུང་ཆོས་ཚང་མ་རྒྱུན་ཆད་ལ་ཁད་དང་ནུབ་ལ་ཁད་པར་ཐུག་འདུག་པས། དེ་གསོ་བའི་ཆེད་དུ་ཁོང་གི་མཚན་དེ་ང་ལ་གསོལ་ན། དགོས་པ་ཞིག་ཡོད་པར་གཟིགས་པ་ཨེ་ཡིན་བསམས་ནས་རྒོལ་གཏམ་མི་གཏོང་བར་མ་ཟད། ཁོང་གི་གསུང་ཚང་མ་གང་ཐུབ་ཐུབ་ཀྱིས་སྤེལ། གསུང་ཆོས་པར་ཤིང་ལྟ་བུ་ལ་མཚོན་ན་ཡང་། ཕྱོགས་སོ་སོར་ཐོར་འདུག་པ་རྣམས་དཔེ་བསྡུ་བྱས་ཤིང་། པར་ཤིང་རྙིང་པ་བྱི་བ་སོགས་ཀྱིས་གཏོར་བརླག་བཏང་བ་སོགས་པར་དུ་བརྐོས། ཁོང་གི་གདན་ས་དེ་ལ་ཡང་བདག་པོ་རེ་བྱས་ནས་ད་ལྟའི་བར་དུ་བསྡད་པ་ཡིན།

དེས་ན་གཏེར་ཆེན་ལས་རབ་གླིང་པ་ནི་སྔོན་གཏེར་སྟོན་ཡོངས་རྫོགས་ཀྱི་ཐོག་མ་གཏེར་སྟོན་སངས་རྒྱས་བླ་མ་ནས་བཟུང་སྟེ། ད་ལྟའི་བར་དུ་ཁོང་འདྲ་བའི་གྲུབ་པ་དང་མཁས་པ། མཛད་པ་མཐའ་ཡས་པ་ཅན་ཞིག་རྩ་བ་ནས་བྱོན་མ་མྱོང་བ་ལྟ་བུ་ཡིན། དེ་ཡིན་པའི་རྒྱུ་མཚན་དེ་ཡང་། གཏེར་སྟོན་ཁོང་བཞུགས་པའི་དུས་སུ་བོད་གངས་རིའི་ལྗོངས་ན་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་དང་། ཀརྨ་པ་སྐུ་ཕྲེང་བཅོ་ལྔ་པ་མཁའ་ཁྱབ་རྡོ་རྗེ། ས་སྐྱ་དང་རྙིང་མ་སོགས་གང་གི་དབང་དུ་བྱས་ནའང་ཆོག་པ་འཇམ་དབྱངས་མཁྱེན་བརྩེ་དབང་པོ་དང་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། གཞན་ཡང་ཀུན་མཁྱེན་མི་ཕམ་རྒྱ་མཚོ་ལ་སོགས་པའི་ས་སྐྱ་དང་དགེ་ལྡན། རྙིང་མ། བཀའ་བརྒྱུད། བོན་པོ་སོགས་ཀྱི་མཁས་ཤིང་གྲུབ་པ་ཚང་མས་བླ་མ་ཉིད་དུ་བཀུར་ཅིང་གདེང་འཇོག་མཐོན་པོ་གནང་སའི་སྤྲུལ་པའི་གཏེར་སྟོན་ཆེན་པོ་ཞིག་ཡིན། སྤྱིར་བོད་གངས་རིའི་ལྗོངས་འདིར་མཐའ་དམག་དེ་ཡང་རྣམ་པ་བཅུ་གཉིས་ཀྱི་བར་དུ་འབྱུང་རྒྱུ་ཡོད་ཅིང་། གཏེར་སྟོན་ལས་རབ་གླིང་པའི་དུས་སུ་མཐའ་དམག་དགུ་པ་དེ་བོད་ལ་འབྱུང་བའི་དུས་སྐབས་ཡིན་པས། རྒྱལ་དབང་བཅུ་གསུམ་པས་ཁོང་མཐའ་དམག་དགུ་པ་མ་ལུས་པར་བཟློག་ཅིང་། བོད་གངས་ཅན་གྱི་རྒུད་པ་ཐམས་ཅད་སེལ་བའི་བྱེད་པ་པོ་ཉིད་དུ་མངའ་གསོལ་བ་ཡིན། ཁོང་གི་སྐུ་ཚེ་གཅིག་ལ་ཡང་བོད་གངས་ལྗོངས་ཀྱི་བསྟན་འགྲོའི་དོན་དུ་སྐུ་ཚེགས་འོ་བརྒྱལ་བསམ་གྱིས་མི་ཁྱབ་པ་མཛད། དེས་ན་ཁོང་སྐུ་བཞུགས་པའི་དུས་སུ་བོད་ལ་ནད་མུག་མཚོན་འཁྲུག་སོགས་གང་གིས་ཀྱང་གནོད་པ་ཅི་ཡང་མ་བྱུང་བ་ཡིན།

གཏེར་ཆེན་ལས་རབ་གླིང་པ་ཁོང་གི་སློབ་མ་ཐམས་ཅད་ཀྱི་རྩ་བའི་རྩ་བར་གྱུར་པ་ནི། རྒྱལ་དབང་ཐུབ་བསྟན་རྒྱ་མཚོ་དང་རྡོ་གྲུབ་བསྟན་པའི་ཉི་མ་རྣམ་པ་གཉིས་ཡིན་ལ། རྡོ་གྲུབ་བསྟན་པའི་ཉི་མ་ལ་དཔེར་མཚོན་ན། འཇམ་དབྱངས་མཁྱེན་བརྩེ་དབང་པོས་དགུང་ལོ་ལྔ་བཅུ་མ་གཏོགས་མི་བཞུགས་པར་གསུངས་མོད། འོན་ཀྱང་གཏེར་ཆེན་ལས་རབ་གླིང་པས་ཁོང་འདས་མ་སོང་གི་བར་དུ་སློབ་མ་ཆོས་བདག་གཉིས་པོ་ཡང་མི་འདའ་བའི་ཞལ་བཞེས་གསལ་པོར་གནང་། ཁོང་ལ་གཉེར་བ་ཨ་འཕྲིན་ཟེར་བ་ཞིག་ཡོད་པ་དེ་དང་། ཆོས་བདག་རྩ་བ་ཤུགས་འབྱུང་སྤྲུལ་སྐུ་ཚུལ་ཁྲིམས་བཟང་པོ། རྡོ་གྲུབ་བསྟན་པའི་ཉི་མ། རྒྱལ་དབང་ཐུབ་བསྟན་རྒྱ་མཚོ། ཁོང་བཞི་པོ་གལ་ཏེ་གདན་ས་ཆེན་པོ་ལྷ་སའི་པོ་ཏ་ལ་རུ་འཚོགས་ཐུབ་པ་དང་། གཏེར་སྟོན་ཁོང་གིས་ཕབ་ཚར་བའི་སྒྱུ་འཕྲུལ་གསང་སྙིང་གི་སྒྲུབ་ཐབས་དང་། རྒྱུད་འགྲེལ་སོགས་ཁྲིད་མང་པོ་ཞིག་གསུངས་ཡོད་པ་དེ་བཤད་པའི་དུས་བཟང་པོ་འགྲིག་ན། ཁོང་གི་ཡང་སྤྲུལ་དང་ཡང་སྤྲུལ་ཕྱི་མའི་དུས་སུ་ཡང་བོད་གངས་རིའི་ལྗོངས་ལ་རྒུད་པ་རྩ་བ་ནས་མི་འབྱུང་བའི་ཞལ་བཞེས་གནང་རུང་། སེམས་ཅན་གྱི་ལས་དང་བསོད་ནམས་དམན་པའི་སྟོབས་ཀྱིས་རྡོ་གྲུབ་རིན་པོ་ཆེ་བྱོན་མ་ཐུབ་པ་ཡིན། འོན་ཀྱང་རྒྱལ་བ་ཐུབ་བསྟན་རྒྱ་མཚོས་དེར་དགོངས་ཏེ་བང་ཆེན་པ་བཏང་ནས་གདན་འདྲེན་དུ་མངགས་པ་ཡིན།

དེའི་དུས་སུ་ཤུགས་འབྱུང་སྤྲུལ་སྐུས་ཨ་སྐྱོའི་ཚུལ་མཛད་དེ་ང་སྔོན་དུ་སོང་སྟེ་བསྒུག་འདུག་ཅེས་གསུངས་ནས་ལྷ་སར་བྱོན། གྲུབ་ཆེན་བསྟན་པའི་ཉི་མས་དགྱེས་ཚོར་ཆེན་པོ་བྱས་ཏེ་ལྷ་སར་འགྲོ་བའི་ལམ་ལ་ཆས་པ་ན། ཟུར་ན་རྡོ་ཆུ་ཟེར་བའི་ཆུ་ཆེན་པོ་ཞིག་ཡོད་པ་དེ་ལ་ཁལ་མ་རྣམས་འབུད་དུ་མ་བཏུབ་སྐབས། གྲྭ་པ་རྣམས་ཀྱིས་ལྕག་དང་རྡོ་ཡིས་རྡུང་རྡེག་བྱས་པ་ན། ཁོང་ཧ་ཅང་བཙུན་པ་ཡིན་པས་ཐུགས་སུན་ཏེ། རྒྱང་གྲགས་གཅིག་ལྷག་ཙམ་གྱི་ས་མཚམས་ནས་དེ་འདྲ་བའི་སྡིག་པ་ཚབས་ཆེན་བསོག་དགོས་ན། འདི་ལྟར་ལྷ་སར་སོང་ན་དགེ་བ་ལས་ཀྱང་སྡིག་པའི་ལས་ཆེ་བར་འདུག་སྙམ་ནས། ཁོང་རྩ་བ་ནས་ཕེབས་རྒྱུ་མིན་གསུངས་ཏེ་ཕྱིར་ལ་ལོག དེ་མ་ཐག་ཏུ་གཉེར་བ་ཨ་འཕྲིན་ཡང་འདས་སོང་བ་ཡིན།

དེ་ནས་ཧོར་ཟླ་དང་པོའི་ཚེས་གཅིག་གི་ཉིན་ལ་གཏེར་ཆེན་ལས་རབ་གླིང་པ་གྲུབ་ཆེན་རིན་པོ་ཆེ་བསྟན་པའི་ཉི་མའི་སྐུ་མདུན་ལ་ཕེབས་ནས། ཁོང་རྣམ་པ་གཉིས་ཞལ་གྱེས་སྐབས། གྲུབ་ཆེན་རིན་པོ་ཆེས་སྔོན་ཆད་ཡིན་ན་ཕར་འགྲོ་དུས་དར་ཁ་འབུལ་སྲོལ་མེད་ཀྱང་། ད་ཐེངས་ཁྱེད་ལ་དར་ཁ་ཞིག་དབུལ་རྒྱུ་ཡིན། སྐྱེ་བ་ད་རེས་ཀྱི་ལུས་ཐོག་ལ་དེ་ལས་འཕྲད་པ་མེད་ཀྱང་སྐྱེ་བ་ཚེ་རབས་ཀྱི་བར་དུ་འབྲལ་བ་མེད་ཅེས་ཞལ་བཞེས་གནང་།

གཞན་ཡང་ཤར་ཕྱོགས་གཉན་པོ་གཡུ་རྩེའི་གཏེར་ནས་བཞེས་པའི་རྟ་ཕག་གི་བླ་རྡོ་ཟེར་བ་ཞིག་ཡོད། དེ་ནི་རྒྱལ་བ་ཐུབ་བསྟན་རྒྱ་མཚོའི་ཕྱག་དངོས་ལ་ཐོག་མར་གསང་བའི་སྒོ་ནས་འཕྲོད་ཅིང་། སྐུ་ཕྲེང་རིམ་བྱོན་རྣམས་རྟེན་དེ་དང་མ་འབྲལ་ན་ལེགས་ཞེས་ཁོང་གིས་ཞལ་བཞེས་གནང་། དེ་རྗེས་བསྟན་རྒྱམ་རིན་པོ་ཆེའི་ཕྱག་ཏུ་འཕྲོད་ཡོད་པར་མ་ཟད། དེང་སང་ཡང་ཁོང་གི་ཕྱག་ན་བཞུགས། དགུ་བཅུ་ཐམ་པའི་ལོར་ངས་ཁོང་དང་མཇལ་འཕྲད་བྱེད་པའི་གནས་སྐབས་ན། ཁོང་གིས་རྟ་ཕག་གི་བླ་རྡོ་དེ་ང་ལ་མཇལ་ཁ་གནང་ཐལ། ཁོང་ནོར་བུ་གླིང་ག་ནས་ཕྱི་ཕྱོགས་སུ་ཕེབས་པའི་དུས། ཁོང་གི་ཐུགས་ལ་དཀའ་ཁག་འདི་ལྟ་བུ་ལ་ཐུག་ཚེ་སྐུ་སྲོག་སྐྱོབ་ངེས་ཅན་གྱི་རྟེན་དེ་གང་ཡིན་སྙམ་ནས་བསམ་བློ་ཞིབ་མོར་བཏང་ཚེ། གཏེར་སྟོན་བསོད་རྒྱལ་གྱིས་གཏེར་ནས་བཞེས་པའི་སྐུ་ཚབ་ཉེར་ལྔ་ལས་སྐུ་ཚབ་གཉིས་པའི་རྟེན་འདི་ཡིན་རྒྱུ་རེད་དགོངས་སོང་གསུངས། རྟ་ཕག་གི་བླ་རྡོའི་སྟེང་ན་རྟ་མགྲིན་གྱི་སྐུ་རང་བྱུང་དུ་ཡོད་པ། འོག་ན་བྃ་ཧཱ་རི་ནི་ས་དོད་ཡོད་པ་ཞིག་རེད། དེས་ན་ངོ་མ་དངོས་ཐོག་གིས་ད་ལྟ་ཁོང་བར་ཆད་ཀྱི་དབང་དུ་རྩ་བ་ནས་འགྲོ་སྲིད་རྒྱུ་མ་རེད་སྙམ།

དེ་བཞིན་དུ་གཏེར་ཆེན་ལས་རབ་གླིང་པའི་སྐུ་སྐྱེ་གོང་མ་སྔགས་པ་རྡོ་རྗེ་བདུད་འཇོམས་དེ་ཡང་ཨོ་རྒྱན་རིན་པོ་ཆེ་དང་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་ཐུགས་ཟིན་པ་ལ་གཞན་གང་དང་ཡང་མི་འདྲ་བར་ཞབས་ཞུ་ལྷག་པར་བསྒྲུབས་ཡོད། དེའི་རྟེན་འབྲེལ་གྱིས་ཁོང་གི་སྐྱེ་བ་ཕྱི་མ་ཕྱི་མ་རྣམས་སུ་མཛད་པ་རྒྱ་ཆེ་བ་དང་འགྲོ་དོན་རྒྱ་ཆེན་པོ་འབྱུང་བའང་ཡིན། ཁྲི་སྲོང་ལྡེ་བཙན་གྱི་ཞབས་ཞུ་བསྒྲུབ་ཚུལ་ལ་བསམ་བློ་བཏང་ན། ཁོང་ནི་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་ཡོངས་ཀྱི་གཙོ་བོ་ཡིན་ལ་ལོ་ཙཱ་བའང་ཡིན། ཨོ་རྒྱན་སངས་རྒྱས་གཉིས་པ་བོད་ཡུལ་དུ་གདན་འདྲེན་པའི་བྱེད་པ་པོ་ཡང་ཡིན། ཁྲི་སྲོང་ལྡེ་བཙན་གྱི་སྐུ་ཚེ་གཅིག་གི་རིང་ལ་རྒྱལ་པོའི་མཛད་པ་ཅི་མཛད་དགོས་པ་ཐམས་ཅད་ཀྱང་སྔགས་པ་རྡོ་རྗེ་བདུད་འཇོམས་ཀྱིས་མཛད། རྗེས་མ་ལྷ་སྲས་མུ་ཁྲི་བཙད་པོ་དང་། མུ་ཏིག་བཙད་པོ་ལ་སོགས་པའི་སྐུ་དུས་ན་ཡང་རྒྱལ་པོའི་བྱ་བ་ཚང་མ་ཁོང་བློན་པོ་གཅིག་གིས་མཛད། ཆོས་རྒྱལ་ཆེན་པོའི་ཐུགས་ཀྱིས་ཟིན་ཡོད་པ་ཁོང་འདྲ་བ་ཞིག་རྩ་བ་ནས་ཡོད་པ་མ་ཡིན།

ཨོ་རྒྱན་སངས་རྒྱས་གཉིས་པ་ལ་བསམ་བློ་བཏང་ན་ཡང་། རྡོ་རྗེ་བདུད་འཇོམས་ཀྱིས་ཞབས་ཞུ་སྒྲུབ་པ་ལྟ་བུ་ཞིག་རྗེ་འབངས་སུས་ཀྱང་བསྒྲུབས་ཐུབ་ཡོད་པ་མིན། ཁོང་གིས་ཐེངས་དང་པོར་ཨོ་རྒྱན་རིན་པོ་ཆེ་གདན་ཞུ་བྱས་ཤིང་། བལ་ཡུལ་ཡང་ལེ་ཤོད་ནས་བོད་ཡུལ་བར་དུ་ཁུར་བོ་ཁུར་ཏེ་ཁོང་ལ་ཞབས་ཞུ་སྒྲུབ་ནས་ཡོང་བ་ཡིན། རྡོ་རྗེ་བདུད་འཇོམས་ཀྱིས་ཕུར་བའི་ཆོས་བཀའ་ཞུ་བའི་སྐབས་ལ། འབུལ་བ་ཡོན་གྱི་རྣམ་གྲངས་ཀྱང་གསེར་དང་དངུལ། གཡུ། བྱུ་རུ་ལ་སོགས་པ་ཡོ་བྱད་སུས་ཀྱང་བློ་ཡུལ་དུ་མི་ཤོང་བ་ཕུལ་བར་མ་ཟད། སེམས་ཅན་གཅིག་ལ་ཡང་གནོད་པ་མེད་པར་ཚོགས་ཤ་རྒྱ་ཆེན་པོ་དུས་གཅིག་ལ་འབུལ་བ་ཕུལ་ཚུལ་ཕུར་བའི་ལོ་རྒྱུས་ལས་གསུངས་ཡོད་པ་ཡིན། ཨོ་རྒྱན་རིན་པོ་ཆེས་ཀྱང་སློབ་མ་ཡོངས་རྫོགས་ཀྱི་ནང་ན། རྡོ་རྗེ་བདུད་འཇོམས་རླུང་ལྟར་ཐོགས་པ་མེད། །ཅེས་གྲུབ་པ་བརྙེས་པ་ལ་ཐོགས་པ་མེད་པ་ཙམ་དུ་མ་ཟད་ཕྱིན་ཆད་ཨོ་རྒྱན་རིན་པོ་ཆེའི་རྗེས་འཇུག་ཡོངས་རྫོགས་ལས། རྔ་རྡུང་ཕུར་ཐོགས་ཡོངས་ཀྱི་གཙོ་བོ་ཉིད་དུ་མངའ་གསོལ་བས། རྔ་རྡུང་བ་ལ་རྡོ་རྗེ་བདུད་འཇོམས་ལས་བཟང་མེད་པ་དང་། ཕུར་བ་འཛིན་པ་ལ་ཡང་རྡོ་རྗེ་བདུད་འཇོམས་ལས་ནུས་པ་ཆེ་བ་ཞིག་མེད་པ་ཡིན།

དེ་ཡིན་ན་ད་ལྟ་རྡོ་རྗེ་བདུད་འཇོམས་དེ་ངེད་གཉིས་སུ་གྱུར་ཡོད་པར་བཤད་པས། ངེད་གཉིས་ཀ་ལ་ཡང་ནུས་པ་ཅུང་ཙམ་རེ་ཡོད་རྒྱུ་རེད། ཁོང་གི་ལག་ལ་རྔ་ཞིག་དང་ངའི་ལག་ལ་ཕུར་བ་ཞིག་ཞོག་དང་ངེད་གཉིས་ཀྱི་ནུས་པ་དེ་ཇི་ལྟ་བུ་ཞིག་ཡིན་འཛམ་བུ་གླིང་ལ་གསལ་པོར་མངོན་ཡོང་རྒྱུ་རེད། ༼དགོད་སྒྲ།༽

དེར་མ་ཟད་རྡོ་རྗེ་བདུད་འཇོམས་ཀྱིས་གུ་རུ་རིན་པོ་ཆེའི་ཐུགས་མཉེས་པ་དང་ཡོན་ཕུལ་བའི་ཚུལ་དེ་གཞན་གང་དང་ཡང་མི་འདྲ་བའི་རྒྱུ་མཚན་གྱིས། རྗེས་མ་བདུད་འཇོམས་ཀྱི་སྐྱེ་མཐའ་ཚང་མའི་གཏེར་རྫས་དེ་ཡང་། གཞན་གང་དང་ཡང་མི་འདྲ་བའི་རྒྱུ་རྩ་ཧ་ཅང་ཁྱད་དུ་འཕགས་ཤིང་སྒྲོས་ཆ་ཡང་ཕུལ་དུ་བྱུང་བ་ཞིག་ཡིན། དེ་ནི་རིག་འཛིན་རྒོད་ལྡེམ་ཅན་གྱི་གཏེར་རྫས་ཕལ་ཆེར་དང་། ཁྱད་པར་དུ་གཏེར་ཆེན་ལས་རབ་གླིང་པའི་གཏེར་རྫས་དེ་དག་ང་ལ་ཡང་མང་པོ་ཡོད། སྤྱི་ཁྱབ་ཀྱི་གཏེར་རྫས་ཚང་མ་ཆོས་བདག་རྣམས་ལ་བགོས་བཞག་པས་ཡུལ་ཁམས་ཚང་མ་ལ་ཡང་ཁོང་གི་གཏེར་རྫས་ཀྱིས་ཁྱབ་ཡོད།

མདོར་ན་ང་གཏེར་ཆེན་ལས་རབ་གླིང་པ་མིན་མི་ཟེར་བ་དེའང་ང་རང་གི་རང་དོན་ལ་བསམ་བློ་བཏང་ནས་དེ་ལ་ངོ་རྒོལ་གྱི་སྐད་ཆ་མ་བཤད་པ་ཡིན། ཇི་ལྟར་ཡིན་ཞེ་ན། རྡོ་རྗེ་བདུད་འཇོམས་དང་གཏེར་ཆེན་ལས་རབ་གླིང་པའི་མིང་ཙམ་ཐོགས་པ་དེས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་བསམ་གྱིས་མི་ཁྱབ་པ་ཞིག་ཐོགས་རྒྱུ་རེད་བསམ། ཉེ་སྔོན་ང་ཨ་མེ་རི་ཁའི་ལུང་པ་ན་ཡོད་པའི་སྐབས་སུ། ཨ་རིའི་བྷོ་སི་ཐིན་ལ་རླུང་འཇིག་ཆེན་པོ་ཞིག་འོང་རྒྱུ་རེད་ཅེས་ཁ་པར་ཐོན་ཐལ། ང་ལ་དཔའ་གདེང་ཡོད་པས་བཤད་པ་མིན་ཡང་། ངས་རྒྱ་སྤྲུལ་རིན་པོ་ཆེ་ལ་ཉམས་མཚར་དུ། དེ་སྐྱོན་རྒྱུ་མ་རེད། ད་སྔོན་ཡན་ཆད་ལ་རླུང་འཇིག་དེ་བྱུང་ཡོད་ན་ང་ལ་འགན་མེད་མ་གཏོགས། ད་ཕྱིན་ཆད་འབྱུང་རྒྱུ་མ་རེད། རྒྱུ་མཚན་ནི་ང་ལ་སྔགས་པ་རྡོ་རྗེ་བདུད་འཇོམས་ཀྱི་མིང་ཐོགས་ཡོད་པས། ངས་རྡོ་རྗེ་བདུད་འཇོམས་ཀྱི་མིང་ཐོག་དེས་བྱ་བ་ཞིག་བྱས་ན་སྣང་སྲིད་ལྷ་འདྲེ་ཞིག་གིས་གནོད་པ་གཏན་ནས་བྱེད་རྒྱུ་མ་རེད། དཔེ་བཞག་ན། འཇོན་ཐང་གི་ཡོན་ཏན་གང་ཡང་མེད་པའི་མི་ཞིག་ལ་ཨ་རི་རྒྱལ་ཁབ་ཀྱི་སྲིད་འཛིན་གྱི་མིང་ཐོགས་ཡོད་ན། ཁོས་སྲིད་འཛིན་གྱི་མིང་ཐོག་ནས་ཐམ་ག་ཞིག་བརྒྱབ་པ་རྐྱང་པས་ཀྱང་ཤུགས་རྐྱེན་རེ་ཐེབས་རྒྱུ་རེད། ང་རྡོ་རྗེ་བདུད་འཇོམས་རྩ་བ་ནས་ཡིན་རྒྱུ་མ་རེད་མོད། འོན་ཀྱང་ངས་རྡོ་རྗེ་བདུད་འཇོམས་ཀྱི་མཚན་ཐོག་ནས་སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་ལ་བཀའ་ཞིག་བསྒོས་ནའང་ཕན་ཐོགས་ཡོད་རྒྱུ་རེད་སྙམ། དེས་ན་རྡོ་རྗེ་བདུད་འཇོམས་ཀྱི་སྐུ་སྐྱེ་ལས་རབ་གླིང་པ་མིན་མི་ཟེར་བའི་རྒྱུ་མཚན་ཡང་དེ་ཡིན།

དེས་ན་ངས་གཏེར་ཆེན་ལས་རབ་གླིང་པ་མིན་ཟེར་བའི་རྒོལ་གཏམ་མ་བཤད་པ་རེད་མ་གཏོགས། ང་ཁོང་ཡིན་ཟེར་བའི་ཁས་ལེན་གཙང་མ་ཞིག་སྔར་ནས་ད་ལྟའི་བར་གཏན་ནས་བྱས་མ་མྱོང་བ་དེ་ངོ་མ་དངོས་དག་ཡིན། འོན་ཀྱང་ཁོང་གི་བྱིན་རླབས་ཁྱད་པར་ཅན་ཞིག་ང་ལ་འགོས་ཡོད་རྒྱུ་རེད་སྙམ་པའི་ཡིད་ཆེས་ཡོད།

སྤྱིར་གཏེར་སྟོན་གཞན་ལ་བསམ་བློ་བཏང་ན། འབྲས་བུའི་དུས་དང་སྒྲུབ་པའི་དུས། ལུང་གི་དུས། རྟགས་ཙམ་འཛིན་པའི་དུས་ཏེ། གཏེར་སྟོན་རང་རང་ལ་བསྟན་པའི་གནས་ཚད་ཅིག་བཤད་རྒྱུ་ཡོད་ལ། གཏེར་སྟོན་རང་ཉིད་བཞུགས་པའི་ཚེ་ལྷག་པར་དུ་བྱིན་རླབས་ཆེ་ཡང་། དེའི་སློབ་མ་ཐམས་ཅད་ཀྱི་རིང་ལ་བྱིན་རླབས་དེ་ཙམ་མི་ཆེ་བ་དང་། དེ་ནས་བཟུང་བྱིན་རླབས་ཇེ་དམན་དུ་འགྲོ་བ་ཡིན་མོད། འོན་ཀྱང་གཏེར་ཆེན་ལས་རབ་གླིང་པའི་མཛད་པ་ནི་ཁོང་རང་གི་སྐུ་དུས་ལས་ཀྱང་། ཡང་སྤྲུལ་གྱི་དུས་ན་ཕྲིན་ལས་དང་ནུས་པ། བྱིན་རླབས་སོགས་གང་ཅིའི་ཐད་ནས་ཀྱང་བརྒྱ་འགྱུར་གྱིས་ཆེ་བར་གསུངས་པ་དང་། ཁོང་གི་སྒེར་གྱི་བསྟན་པའི་གནས་ཚད་དེའང་མི་ལོ་ལྔ་བརྒྱའི་བར་དུ་ཉམས་རྒུད་གང་ཡང་མི་འབྱུང་བར་དར་རྒྱས་ཕུན་སུམ་ཚོགས་པ་ཡོང་ཞེས་ཞལ་བཞེས་མཛད་ཡོད།

དེ་རིང་ལས་རབ་གླིང་པའི་གདན་སར་ཐོན་ནས་སེམས་ཧ་ཅང་དགའ་སོང་བས། ངའི་སྐད་ཆ་དེའང་ཉོག་པ་དང་དུས་ཚོད་ཀྱང་ཡུན་རིང་བརྒྱངས་ཐལ། ཉེས་སེལ་གྱི་དབང་ཧ་ཅང་གི་བསྡུས་པོ་ཞིག་ཡིན། ཁྱེད་རྣམ་པ་ཡུད་ཙམ་ཞིག་སྡོད་དང་དཀའ་ངལ་ཆེན་པོ་མི་དགོས།

ཕུར་པའི་ཆོས་དར་ཁྱབ་བྱུང་བའི་རྟེན་འབྲེལ།

ཕྱི་ཟླ་༨པའི་ཚེས་༢༥ཉིན། ཆོས་རྗེ་ཉིད་ཀྱིས་ལས་རབ་གླིང་གི་མཐོ་རིམ་ལས་གཉེར་པ་རྣམས་ལ་མཇལ་ཕྲད་མཛད་དེ་བསླབ་སྟོན་གནང་། ཉིན་དེར་ཁོང་ལ་ཁྲོམ་བསྒྲགས་ཆོས་ཁྲིད་གནང་བའི་བཀོད་སྒྲིག་མེད་པས། མཁན་རྣམ་གྲོལ་མཆོག་གིས་དེར་འཁོད་རྣམས་ལ་ཆོས་ཁྲིད་དང་བཀའ་སློབ་གནང་།

ཕྱི་ཟླ་༨པའི་ཚེས་༢༦ཉིན། བོད་རྩིས་ཀྱི་ཚེས་བཅུ་ལ་ཁེལ་ཡོད་པས། ཆོས་རྗེ་ཉིད་ལས་རབ་གླིང་གི་དཔོན་སློབ་ཡོངས་དང་མཉམ་དུ་རྟེན་འབྲེལ་ཉེས་སེལ་གྱི་ཆོ་གའི་སྒོ་ནས་ཚོགས་འཁོར་རྒྱ་ཆེན་པོ་བསྐོར།

ཕྱི་ཟླ་༨པའི་ཚེས་༢༧ཉིན། ཆོས་རྗེ་ཉིད་ཀྱིས་འདུས་པ་ཡོངས་ལ་གཏེར་ཆེན་ལས་རབ་གླིང་པའི་ཕུར་པ་ཡང་ཟབ་སྙིང་པོའི་དབང་གནང་བའི་ཐོག་མར་འདི་ལྟར་གསུང་།

འོ་ཡ། ད་དབང་སྐུར་བར་བྱེད་པ་ལ་ཐོག་མར་སློབ་དཔོན་གྱི་བྱ་བ་དང་། སློབ་མའི་བྱ་བ་གཉིས་སུ་ཡོད་པ་ལས་སློབ་དཔོན་གྱི་བྱ་བ་དེ་བླ་མ་བརྒྱུད་པའི་ཕྱག་བཞེས་ཇི་བཞིན་དུ་མདོར་ཧ་ཅང་བསྡུས་པ་ཞིག་སྔོན་དུ་སོང་ནས། གཉིས་པ་སློབ་མའི་ངོ་སྐལ་དུ་གྱུར་པའི་དབང་ཞུ་བ་ལ་འགལ་རྐྱེན་བསལ་བ་དང་། མཐུན་རྐྱེན་སྒྲུབ་པ་གཉིས་ཡོད་པ་ལས། འགལ་རྐྱེན་བསལ་བ་ལ་ནི། ནང་གི་སྒྲིབ་པ་སྦྱང་བ་ཁྲོ་བོ་བདུད་རྩི་འཁྱིལ་བ་བསྐྱེད་པའི་སྐུ་ལུས་ལ་བརྟེན་ནས་ཁྲུས་བྱ་བ་དང་། རྣམ་པར་རྟོག་པའི་དབང་གིས་བྱུང་བའི་ཕྱི་རོལ་གྱི་གདོན་བགེགས་འབྱུང་པོ་རྣམས་རྒྱང་རིང་དུ་བསྐྲད་དེ་སྲུང་འཁོར་སྒོམ་པ་དང་གཉིས་ཡོད་པ་ལས་གཉིས་ཀ་ཡང་གྲུབ་ཟིན། གཉིས་པ་མཐུན་རྐྱེན་སྒྲུབ་པ་ལ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། མཎྜལ་འབུལ་བ་གཉིས་སུ་ཡོད་པ་ལས། དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི། ཁྱེད་རང་རྣམས་ཀྱིས་བསམ་པ་འདི་བཞིན་དུ་བཅོས་པར་བྱ་སྟེ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཟུང་འཇུག་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད། ཁྱབ་བདག་གདོད་མའི་མགོན་པོ། ཆོས་སྐུ་ཀུན་ཏུ་བཟང་པོའི་གོ་འཕང་སྐུ་ཚེ་འདི་ཉིད་ལ་མངོན་དུ་བསྒྲུབ་པར་བྱ། དེའི་ཕྱིར་དུ་སྨིན་བྱེད་ཀྱི་དབང་བསྐུར་ཟབ་མོ་ཞུས་ནས། གྲོལ་བྱེད་ལམ་གྱི་རིམ་པ་རྣམས་ཚུལ་བཞིན་ཉམས་སུ་བླང་བར་བགྱིའོ་སྙམ་པའི་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་དང་བཅས་ཏེ་གསན་འཚལ།

དེ་ལ་གང་གསན་པར་བྱ་བའི་ཆོས་ནི། བདག་ཅག་གི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་འདི་ཉིད་ཀྱིས་གདུལ་བྱའི་ཁམས་དབང་མོས་པ་བསམ་པའི་བྱེ་བྲག་དང་མཐུན་པར། ཆོས་ཀྱི་རིམ་པ་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་ཤིང་། དེ་དག་ཐམས་ཅད་རིགས་བསྡུ་ན་གཞན་གནོད་གཞི་བཅས་སྤོང་བ་ཉན་ཐོས་ཀྱི་ཐེག་པའི་ལམ་དང་། གཞན་ཕན་གཞི་དང་བཅས་པ་སྒྲུབ་པ་བྱང་ཆུབ་སེམས་དཔའི་ཐེག་པ་དང་། གཞན་ཕན་དེ་ཡང་ཐབས་ལ་མཁས་པ་དང་། ཤེས་རབ་ཆེན་པོའི་ཁྱད་པར་ལ་བརྟེན་ནས་ལམ་བདེ་མྱུར་དུ་སྒྲུབ་པར་བྱེད་པ་གསང་སྔགས་རྡོ་རྗེ་ཐེག་པ་དང་གསུམ་དུ་ཡོད་པ་ལས། ད་རེས་སྐབས་སུ་བབས་པ་ནི་གསང་སྔགས་རྡོ་རྗེ་ཐེག་པ་ཡིན་ལ། དེ་ལ་ཡང་མི་ཚེ་གསུམ་དང་བཅུ་དྲུག་ལ་སོགས་པ་ཚེ་རབས་གཞན་ལ་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་པར་འདོད་པ་ཕྱི་རྒྱུད་དང་། ཚེ་གཅིག་གིས་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་པར་འདོད་པ་སྔགས་ནང་རྒྱུད་དང་གཉིས་ཡོད་པ་ལས། ད་རེས་སྔགས་ནང་རྒྱུད་ཀྱི་ཕྱོགས་སུ་གཏོགས་པ་ཡིན། ཚེ་ལུས་གཅིག་གིས་རྡོ་རྗེ་འཆང་གི་གོ་འཕང་སྒྲུབ་པར་བྱེད་པ་སྔགས་བླ་མེད་ཀྱི་རྒྱུད་སྡེ་དེ་ལའང་། བོད་དུ་ཇི་ལྟར་དར་ཚུལ་གྱི་དབང་དུ་བྱས་ན། ཐོན་མི་སམ་བྷོ་ཊ་ནས་བཟུང་སྟེ་ལོ་ཙཱ་བ་རོང་ཟོམ་ཆོས་བཟང་ཡན་ཆོད་ཀྱིས་བསྒྱུར་བའི་མདོ་རྒྱུད་ཐམས་ཅད་ལ་གསང་སྔགས་སྔ་འགྱུར་རྙིང་མ་ཞེས་ཡོངས་སུ་གྲགས་པ་དང་། ལོ་ཆེན་རིན་ཆེན་བཟང་པོ་མན་ཆོད་ཀྱི་ལོ་ཙཱ་བ་ཐམས་ཅད་ཀྱིས་བསྒྱུར་བ་ལ་ཕྱི་འགྱུར་གསར་མ་ཞེས་ཡོངས་སུ་གྲགས་པ་གཉིས་སུ་ཡོད་པ་ལས། ད་རེས་ཀྱི་ཆོས་འདི་ནི་སྔ་འགྱུར་གྱི་ཁོངས་སུ་གཏོགས་པ་ཡིན། དེ་ལྟ་བུའི་སྔ་འགྱུར་གྱི་ཆོས་དེ་ལ་ཡང་རྡོ་རྗེ་འཆང་ནས་བཟུང་སྟེ་རྒྱལ་བ་རྣམས་དགོངས་པའི་བརྒྱུད་པ་དང་། རིག་འཛིན་རྣམས་བརྡ་ཡི་བརྒྱུད་པ། གང་ཟག་རྣམས་རྣ་བར་བརྒྱུད་པའི་བརྒྱུད་པ་གསུམ་བར་མ་ཆད་དུ་བྱུང་བའི་ཆོས་ཚུལ་དེ་ལ་བཀའ་མ་ཞེས་ཡོངས་སུ་གྲགས་པ་དང་། དེ་ནས་བརྒྱུད་པ་དེ་ལྟ་བུའི་སྟེང་དུ་བརྒྱུད་པ་གཞན་གསུམ་ཡང་ཚང་བར་གཏེར་མ་ཞེས་གཉིས་སུ་ཡོད་པ་ལས། སྐབས་སུ་བབས་པའི་ཆོས་འདི་ནི་གཏེར་མའི་ཁོངས་སུ་གཏོགས་པ་ཡིན།

གཏེར་མ་དེ་ལ་ཡང་སྤྱིར་གཏེར་མའི་རིགས་ཙམ་དང་ལས་འཕྲོའི་གཏེར་དངོས་གཉིས་ཡོད་པ་ལས། དང་པོ་གཏེར་མའི་རིགས་ཙམ་ཞིག་ནི་སྔོན་ནས་ཡོད་པ་ཡིན་ཏེ། སྔོན་གསང་བའི་བདག་པོས་དམ་པའི་རིགས་ཅན་དྲ་མ་ལྔ་ལ་གསང་སྔགས་ཀྱི་རྒྱུད་སྡེ་གསུངས་པ་རྣམས་དང་། ཁྱད་པར་དུ་སྒྲུབ་སྡེའི་སྐོར་ཐམས་ཅད་མཆོད་རྟེན་བདེ་བྱེད་བརྩེགས་པ་རུ། མཁའ་འགྲོ་མ་ལས་ཀྱི་དབང་མོས་གཏེར་དུ་སྦས་པ་ཉིད་རྗེས་སུ་འཕགས་ཡུལ་གྱི་གྲུབ་ཆེན་བརྒྱད་ཀྱིས་གཏེར་ནས་བཏོན་པ་ལྟ་བུ་དང་། མ་ཟད་རྒྱ་ནག་པོའི་སློབ་དཔོན་ཤྲཱི་སེངྷས་རྫོགས་པ་ཆེན་པོ་ལ་སྙན་བརྒྱུད་དང་བཤད་བརྒྱུད་གཉིས་སུ་ཡོད་པ་ལས། སྙན་བརྒྱུད་ཀྱི་ཆོས་སྐོར་རྣམས་རྡོ་རྗེ་གདན་དུ་གཏེར་དུ་སྦས་པ་དེ་ཉིད་རྗེས་མར་ཛྙཱ་ན་སུ་ཏྲས་གཏེར་ནས་བཞེས་ཚུལ་སོགས་དེ་འདྲའི་གཏེར་མའི་རིགས་ཙམ་ཞིག་ནི་ཨོ་རྒྱན་རིན་པོ་ཆེའི་སྔོན་དུའང་ཡོད་པ་ཡིན། དེང་སང་ཡོངས་སུ་གྲགས་པའི་གཏེར་མ་དངོས་དེ་མ་ཡིན། དེ་དག་ལ་ནི་སྒྲུབ་བྱེད་མང་པོ་ཡོད་ཀྱང་དེ་རིང་གི་སྐབས་སུ་རྒྱས་སྤྲོས་མི་བྱེད། གཉིས་པ་གཏེར་མ་དངོས་ནི་ཨོ་རྒྱན་རིན་པོ་ཆེ་རྔ་ཡབ་སྲིན་པོའི་གླིང་དུ་འབྱོན་ཁར་རྗེ་འབངས་འདུས་པའི་འཁོར་རྣམས་ལ་སྨོན་ལམ་གྱིས་གཏད་རྒྱ་མཛད་པ་དང་། མ་ཚད་དེང་སང་གི་གནས་སྐབས་ནའང་ཟངས་མདོག་དཔལ་གྱི་རི་བོ་པདྨ་འོད་ཀྱི་ཕོ་བྲང་དུ། སྐལ་པ་དང་ལྡན་པའི་གང་ཟག་རྣམས་ལ་སྐབས་སྐབས་སུ་སྨོན་ལམ་གྱིས་གཏད་རྒྱ་མཛད་པ་རྣམས་ཡིན།

ཡོངས་གྲགས་ཀྱི་གཏེར་མ་དངོས་དེ་ལ་ཡང་ནང་གསེས་རིགས་ཀྱི་སྒོ་ནས་དབྱེ་ན་ཆོས་གཏེར་དང་ཟབ་གཏེར། རྫས་གཏེར། ཐུགས་གཏེར། དགོངས་གཏེར་སོགས་གཏེར་རིགས་བཅོ་བརྒྱད་ལ་སོགས་པ་ཡོད་པ་ཡིན། དེའི་ནང་གི་ཆོས་གཏེར་རྐྱང་པ་ལ་བསམ་བློ་བཏང་ན་ཟབ་པ་ས་ཡི་གཏེར་དང་། རྒྱ་ཆེ་བ་དགོངས་པའི་གཏེར་ཏེ་རྣམ་པ་གཉིས་སུ་ཡོད། ད་རེས་འདི་ནི་ཟབ་པ་ས་གཏེར་གྱི་ཁོངས་སུ་གཏོགས་པ་ཡིན། གཏེར་ཆེན་ལས་རབ་གླིང་པ་ལྟ་བུ་ལ་མཚོན་ན། ཁོང་གཏེར་རིགས་བཅོ་བརྒྱད་ཐམས་ཅད་ཀྱི་བདག་པོར་གྱུར་ཚུལ་རྒྱས་པ་ནི་རྣམ་ཐར་ལས་གསལ་བོར་བསྟན་ཡོད། གཏེར་ཆོས་འདི་ལ་ཡང་བརྒྱུད་པ་སྔ་མ་གསུམ་གྱི་སྟེང་དུ་སྨོན་ལམ་གཏད་རྒྱའི་བརྒྱུད་པ་དང་། བཀའ་བབས་ལུང་བསྟན་གྱི་བརྒྱུད་པ། ཤོག་སེར་ཚིག་གི་བརྒྱུད་པ་སྟེ་བརྒྱུད་པ་དྲུག་ཀྱང་ཡོད་པ་ཡིན།

དེ་ཡང་ཆོས་འདི་ནི་སྔོན་གྱི་དུས་སུ་ཨོ་རྒྱན་རིན་པོ་ཆེས་བོད་ཡུལ་གྱི་ནག་ཕྱོགས་དྲེགས་པ་ཅན་མ་ལུས་པ་ཐམས་ཅད་ཚར་བཅད། དཀར་ཕྱོགས་རྣམས་དབང་དུ་བསྡུས། བོད་ཡུལ་དུ་སངས་རྒྱས་ཀྱི་བསྟན་པའི་གཞི་བཙུགས་པའི་གནས་སྐབས་སུ། བསམ་ཡས་མཆིམས་ཕུ་བྲག་དམར་ཀེའུ་ཚང་དུ་རྗེ་འབངས་སྙིང་གི་བུ་དགུ་ལ། སྒྲུབ་པ་བཀའ་བརྒྱད་ཀྱི་དཀྱིལ་འཁོར་གཉན་པོའི་ཞལ་ཕྱེས་ཏེ་དབང་བསྐུར་བ་ན། རང་རང་གི་སྐལ་བ་དང་འཚམ་པའི་ལྷག་པའི་ལྷའི་མེ་ཏོག་རེ་བབས། ཁྱད་པར་དུ་ཡེ་ཤེས་མཚོ་རྒྱལ་ལ་ནི་ཕྲིན་ལས་ཕུར་པའི་དཀྱིལ་འཁོར་དུ་མེ་ཏོག་བབས་པ་ཡིན། དེ་ནས་ཡེ་ཤེས་མཚོ་རྒྱལ་གྱིས་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ཞལ་ཕྱེས་ཏེ་ཕུར་པ་རྡོ་རྗེ་གཞོན་ནུ་དང་སྐལ་པ་མཉམ་པ་དང་། དམ་ཅན་མ་མོ་བཅུ་གཉིས་ལ་སོགས་པ་བྲན་དུ་འདུ་བར་གྱུར་པ་ལ་སོགས་པའི་མཆོག་དང་ཐུན་མོང་གི་དངོས་གྲུབ་ཀྱང་ཐོབ་པར་གྱུར། དེ་དག་ནི་ཨོ་རྒྱན་རིན་པོ་ཆེའི་སྒྲུབ་སྡེའི་ཆོས་བཀའ་རྣམས་ཀྱི་འདུས་པ་དང་པོའི་འཁོར་ཡིན།

དེའི་དུས་སུ་རྡོ་རྗེ་བདུད་འཇོམས་འཁོར་དུ་བཞུགས་མེད་པས། རྡོ་རྗེ་བདུད་འཇོམས་ཀྱིས་ཡེ་ཤེས་མཚོ་རྒྱལ་དེ་ཕུར་པའི་རྣལ་འབྱོར་མ་ཡིན་པར་ཐུགས་ཀྱིས་དགོངས་ནས་གསེར་གྱི་དོང་ཙེ་བདུན་དང་། ཡིག་འཕྲིན་ཞིག་ཕུག་རོན་གྱི་མགུལ་དུ་བཏགས་ནས། བདག་ལ་ཕུར་པའི་དབང་བཀའ་མ་ལུས་པ་གནང་བར་མཛད་དུ་གསོལ་ཞེས་ཡེ་ཤེས་མཚོ་རྒྱལ་ལ་ཞུ་བ་ཕུལ་བ་ན། ཡེ་ཤེས་མཚོ་རྒྱལ་གྱིས་ཕུག་རོན་གྱི་མགུལ་ནས་ཡི་གེ་བཏོན་ཏེ་བཀླགས། གསེར་གྱི་དོང་ཙེ་རྣམས་བཞེས། ཡིག་ལན་གང་ཡང་མེད་པར་རྡོ་རྗེ་ཕུར་པའི་བསྙེན་སྒྲུབ་ཀྱི་ཐུགས་དམ་ལ་རྩེ་གཅིག་ཏུ་གཞོལ་བར་མཛད།

དེ་ནས་ཞག་བདུན་གྱི་ནམ་གུང་གི་དུས་སུ་ཕུར་སྲུང་མ་མོ་བཅུ་གཉིས་མངོན་སུམ་དུ་བྱོན་ནས། ད་ནི་རྡོ་རྗེ་བདུད་འཇོམས་ལ་སོགས་པའི་སྐལ་བ་དང་ལྡན་པ་རྣམས་ལ་ཕུར་པའི་ཆོས་བཀའ་ཟབ་མོའི་སྒོ་ཕྱེ་བ་དང་། བླ་མ་ཨོ་རྒྱན་ཆེན་པོ་ལ་ཞུ་བསྐུལ་བྱེད་པའི་དུས་ལ་བབས་པ་རེད་ཅེས་ཞུས་པ་ན། ཡེ་ཤེས་མཚོ་རྒྱལ་གྱིས་ཕུར་སྲུང་བཅུ་གཉིས་ལ་ཚིག་འཇམ་པོ་ཙམ་གྱི་ལན་ཡང་མེད་པར། ཁྱེད་ཁ་རོག་སྡོད་ཅིག་བྲན་མོ་རྣམས། །ངས་བླ་མའི་བཀའ་ལ་ཉན་ཉན་ནས། །ཁྱེད་ལྷ་འདྲེ་ཙམ་ཞིག་ངས་ཀྱང་ཤེས། །ཞེས་གསུངས་ནས་ལན་ཅི་ཡང་མ་བཏབ་པར་དགོངས་པ་ལ་རྩེ་གཅིག་ཏུ་མཉམ་པར་བཞག་ནས་བཞུགས།

ཐོ་རངས་ཀྱི་ཆ་ལ་ཡི་དམ་རྡོ་རྗེ་གཞོན་ནུས་མངོན་སུམ་དུ་ཞལ་གཟིགས་ནས། ད་ནི་ཕུར་པའི་ཆོས་བཀའ་རབ་འབྱམས་རྣམས་སྤེལ་བའི་དུས་ལ་བབས་པ་ཡིན། བླ་མ་ཨོ་རྒྱན་ཆེན་པོ་ལ་ཞུས་ཤིག་ཅེས་གསུང་པའི་གནས་སྐབས་ན། ཡེ་ཤེས་མཚོ་རྒྱལ་གྱི་ཐུགས་དགོངས་ལ་ཡི་དམ་ཡང་བསམ་གྱིས་མི་ཁྱབ་པ་ཡིན་མོད། འོན་ཀྱང་བླ་མ་དེ་ལས་ཀྱང་ལྷག ཇི་སྲིད་དུ་བླ་མ་ཨོ་རྒྱན་ཆེན་པོས་བཀའ་མ་བསྩལ་གྱི་བར་དུ་ནི་ཅི་ཡང་མི་སྨྲ་བར་འདུག་དགོས་དགོངས་ནས། ཡི་དམ་ལ་ཡང་ཚིག་ལན་མ་བྱིན་པར་རྩེ་གཅིག་ཏུ་ཏིང་ངེ་འཛིན་ལ་མཉམ་པར་བཞག་སྟེ་བཞུགས།

དེས་ན་བོད་དུ་ཕུར་པའི་ཆོས་བཀའ་རབ་འབྱམས་ད་ལྟའི་བར་དུ་དར་ཁྱབ་རྒྱ་ཆེན་པོ་བྱུང་བ་དང་། བར་ཆད་གང་ཡང་མེད་པའི་རྟེན་འབྲེལ་གྱི་སྣ་ཁ་དེ་ནས་འགྲིགས། བླ་མ་དང་ལྷག་པའི་ལྷ་གཉིས་ལས་བཟང་བ་དེ་ལྷག་པའི་ལྷ་ཡིན་བསམ་ན་རྟེན་འབྲེལ་ཐམས་ཅད་དེས་རལ་འགྲོ་བ་ཡིན། སྔོན་བོད་ཀྱི་བླ་མ་ལ་ལས་བླ་མ་དང་ཡི་དམ་ལྷག་པའི་ལྷ་གཉིས་ལས་ཡི་དམ་གཙོ་བོར་བཟུང་ནས་རྟེན་འབྲེལ་ཅུང་ཟད་རལ་བའི་ལོ་རྒྱུས་ཀྱང་ཡོད། ཁྱེད་རྣམ་པས་གོ་དགོས་པ་ཞིག་ལ། དུས་རྒྱུན་དུ་བླ་མ་དང་ལྷག་པའི་ལྷ་གཉིས་ལས་བླ་མ་གཙོ་བོར་འཛིན་དགོས། དེ་རིང་ཡི་དམ་རྡོ་རྗེ་གཞོན་ནུ་དངོས་སུ་བྱོན་འོང་ན། ཁྱེད་རྣམ་པ་ཕལ་ཆེར་གྱིས་བསོད་རྒྱལ་རིན་པོ་ཆེའི་སྐུ་མདུན་ནས་ཆོས་མང་པོ་ཐོབ་སོང་། དེ་རིང་ཡི་དམ་གྱི་སྐུ་མདུན་ནས་ཆོས་ཞུ་བ་ཡིན་ཟེར་བའི་ཚིག་དེ་ཐོན་ཨེ་ཡོང་བསམ། དེ་ཡང་ངོ་མ་འགྲིག་ནི་མ་རེད། དེ་སྔོན་དེ་ལྟ་བུའི་རྣམ་རྟོག་ངན་པ་ཡོད་ན་བསལ་ནས། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བླ་མ་ཡིན་པས་བླ་མ་དེ་གཙོ་བོར་འཛིན་དགོས།

ད་ངས་སྐད་ཆ་ཧ་ཅང་མང་སོང་ཡང་ཁྱེད་རྣམ་པའི་ཐུགས་མ་སུན། གཅིག་ནས་ཁྱེད་རྣམ་པས་ཟླ་བ་གསུམ་གྱི་བར་དུ་སྒྲུབ་པ་ཉམས་ལེན་མཛད་ནས་དཀའ་ངལ་མཐོང་བ་དང་། ཁྱད་པར་དུ་ཁར་རྩང་ཉི་མ་གཅིག་ལ་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ནས་ནམ་གང་པོར་འོ་བརྒྱལ་མྱངས་ཐལ། དེ་རིང་ཡང་ངས་སྐད་ཆ་ལབ་ལོབ་མང་པོ་བཤད་ན་དེ་ལས་ཀྱང་དཀའ་ངལ་མྱོང་པ་ཡིན། ཁྱེད་རྣམ་པས་སྙིང་སྟོབས་སྐྱེད་དང་། ཉིན་གསུམ་གྱི་མཇུག་ལེགས་པར་གྲུབ་རན་པ་ཡིན། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱིས་ཀྱང་སྔོན་སློབ་པ་ལམ་གྱི་གནས་སྐབས་ན། དྲང་སྲོང་སྐར་རྒྱལ་རིའི་ཕུག་པ་ན་བཞུགས་པའི་དུས་སུ། སྐྱེས་བུ་ཁྱུ་མཆོག་ཁྱོད་འདྲའི་དགེ་སྦྱོང་ཆེན་པོ་གཞན་དག་ལྷ་ཡུལ་ས་ལའང་མེད། །འཇིག་རྟེན་འདི་ནའང་ཡོད་པ་མ་ཡིན་རྣམ་ཐོས་བུ་ཡི་གནས་ནའང་ཡོད་མ་ཡིན། །ཞེས་བསྟོད་པའི་ཚིགས་སུ་བཅད་པ་གཉིས་ཀློག་བཞིན་རྐང་པ་ཡ་གཅིག་གིས་བཏེགས་ནས་ཞག་བདུན་གྱི་བར་དུ་བཞུགས་པས་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་རྫོགས་སོང་བ་ཡིན་ན། ད་ངེད་ཚོས་ཀྱང་མདང་མཚན་གང་པོ་དང་དེ་རིང་ཉིན་གང་པོར་སྙིང་སྟོབས་སྐྱེད་དང་ཕལ་ཆེར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་རྫོགས་འོང་ཤས་ཆེ།

དབང་བཞི་པའི་སྐབས་སུ་ཆོས་རྗེ་ཉིད་ཀྱིས་འདི་ལྟར་གསུང་།

དབང་བཞི་པ་འདི་ལ་ནི། བདེ་བ་ཆེན་པོའི་དབང་དང་། བརྡ་ཡི་དབང་། ཚིག་གི་དབང་སྟེ། རྒྱུད་སྡེ་སོ་སོའི་ཁྱད་པར་གྱི་དབང་གིས་གསུམ་ཡོད་ལ། དང་པོ་བདེ་བ་ཆེན་པོའི་དབང་ཞེས་བྱ་བ་ནི།

རྒྱུད་གསང་བ་འདུས་པ་དང་། དཔལ་གསང་བའི་སྙིང་པོའི་དངོས་བསྟན་གྱི་དབང་བཞི་པ་སྟེ། བཀའ་སྡེ་ཟུར་པའི་ལུགས་སྲོལ་ལས་བྱུང་བ་བཞིན་དུ། གསུམ་པའི་ཡས་བབ་ཀྱི་དགའ་བ་བཅུ་དྲུག་མྱོང་བའི་མཐར་དེ་ལ་བརྟེན་ནས་བདེ་བ་ཆེན་པོའི་ཡེ་ཤེས་ངོ་སྤྲད་པ་དེ་ཡིན།

གཉིས་པ་བརྡའི་དབང་ནི། རྫོགས་པ་ཆེན་པོའི་རྒྱུད་བཅུ་བདུན་དང་ཁྱད་པར་དུ་ཡ་བཞི་ལ་སོགས་པའི་རབ་ཏུ་སྤྲོས་མེད་ཀྱི་དབང་བསྐུར་བའི་སྐབས་སུ། གཙོ་བོ་ཐོད་རྒལ་གྱི་དབང་དེ་ཉིད་བརྡ་ཐབས་ལ་བརྟེན་ནས་སྐུར་སྟངས་དེ་ཡིན།

གསུམ་པ་ཀ་དག་ཚིག་གི་དབང་ནི། ཚིག་གི་བརྗོད་ཐབས་ལ་བརྟེན་ནས་རིག་པ་རང་བྱུང་གི་ཡེ་ཤེས་མངོན་སུམ་དུ་གསལ་བར་བྱེད་པ་དེ་ལ་ཟེར་ཞིང་གཙོ་བོ་ཁྲེགས་ཆོད་ཀྱི་དབང་བསྐུར་ཡིན། དེ་ནི་ཨོ་རྒྱན་རིན་པོ་ཆེའི་གཏེར་མ་ཕལ་ཆེར་གྱི་དབང་བཞི་པ་སྐུར་སྟངས་ཡིན།

དེ་ནས་རྫོགས་པ་ཆེན་པོའི་ལྟ་སྒོམ་སྤྱོད་འབྲས་སྐོར་ཞིག་ཀྱང་འདི་ལྟར་གསུང་།

ད་ཁྱེད་ཅག་གིས་སེམས་ཀྱིས་སེམས་ལ་ལྟ་བའི་ཚེ། སེམས་ཀྱི་རང་གཤིས་ཡེ་ནས་མ་གྲུབ་པ་ནམ་མཁའ་སྟོང་པ་ལྟ་བུ་ལ་ཁོ་ཐག་ནང་ནས་ཆོད་ཅིང་། འཛིན་ཞེན་གང་ཡང་མེད་པ་ལྟ་བུ་ཞིག་ཏུ་དཔེ་ཆའི་གོ་བ་དང་གཏན་ཚིགས་ཀྱིས་དཔྱད་པ་ཙམ་མ་ཡིན་པར་ཡོངས་སུ་རྟོགས་པ་ལ་ནི་ལྟ་བ་ངོ་འཕྲོད་པ་ཞེས་བྱ།

ཡང་ན་ད་ཁྱེད་ཅག་གིས་སེམས་ཀྱིས་སེམས་ལ་ལྟོས་དང་། སེམས་དེ་ཡེ་ནས་གྲུབ་མ་མྱོང་བའི་སྟོང་ཧ་རེ་བ་ཡིན་པར་ཉམས་མྱོང་གི་སྟོབས་ཀྱིས་གོ་ན་དེ་ལ་རྫོགས་ཆེན་གྱི་ལྟ་བ་ཞེས་བྱ། དེ་ལས་གཞན་གང་ཡང་ཡོད་པ་མ་རེད། དེའི་ངང་དུ་རྒྱུན་བསྐྱངས་ནས་གོམས་པ་ལ་སྒོམ་པ་ཟེར། རྣམ་རྟོག་དང་སྣང་བ་གང་ཤར་ན་ཡང་དེའི་རྗེས་སུ་འགྲོ་རུ་མི་འཇུག་པར། རིག་པ་ཁོ་རང་གིས་རང་ས་ཨེ་ཟིན་བལྟ་བ་ལ་སྤྱོད་པ་ཟེར། ནམ་ཞིག་སྒོམ་པའི་སྐབས་སུ་ཁ་སང་དེ་རིང་གི་འདི་འདྲའི་རྣམ་རྟོག་ངན་པའི་དབང་དུ་མི་འགྲོ་བར། རིག་པ་འབའ་ཞིག་རྗེན་ལ་འབུད་འོང་བ་ལ་འབྲས་བུ་ཞེས་ཟེར།

དེ་ཚང་མས་གོ་དགོས་པ་ཡིན། དེ་གོ་སོང་ན་ནོར་བ་རྩ་བ་ནས་མི་སྲིད། ཉམས་མྱོང་རྒྱ་ཆེན་པོ་མེད་ཀྱང་རྫོགས་པ་ཆེན་པོའི་དོན་གྱི་ཆ་ལ་གོམས་ཆ་ཅུང་ཟད་ཡོད་དགོས། དེས་རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་དོན་མདོར་བསྡུས་སུ་བཤད་པ་ཡིན།

བླ་མའི་དྲུང་ན་ཡོད་དུས།

མི་མང་པོ་ཞིག་གིས། བླ་མ་དང་མཉམ་དུ་རྒྱལ་ཁབ་མང་པོར་ལྗོངས་རྒྱུ་དང་སྤྲོ་གསེང་ལ་འགྲོ་བའི་གོ་སྐབས་ལྡན་ན། བློ་བདེ་སེམས་སྐྱིད་ངང་གནས་ཡུལ་མི་འདྲ་བ་ཀུན་ཏུ་མྱོང་རོལ་བྱེད་ཆོག་པས་ཧ་ཅང་སྐྱིད་པོ་ཡིན་སྣང་འཆར་ཡང་། དོན་དུ་ཞབས་འབྲང་པ་སུ་ཡིན་ཡང་། ནམ་རྒྱུན་གོང་བླ་མའི་ཐུགས་དགོངས་འཚོ་དགོས་ཤིང་། འོག་དད་ལྡན་རྣམས་ཀྱི་སེམས་བསྲུང་དགོས་ལ། བར་མི་ཆེན་བླ་ཆེན་དག་ལ་ངོ་ལེན་ཞུ་ཤེས་དགོས་པར་མ་ཟད། ད་དུང་ཕྱི་ནང་གི་བྱ་བ་མང་པོར་རྟག་ཏུ་བྲེལ་འཚུབ་བྱེད་དགོས་པའི་དབང་གིས། སེམས་པ་དེ་གཟུགས་མེད་ཀྱི་ཐག་པས་བསྡམས་པ་ཇི་བཞིན་དལ་ཞིང་ལྷོད་པའི་སྒོ་ནས་ཟས་ཟ་ལོང་དང་གཉིད་ཁུག་ལོང་ཡང་མེད་པ་ལྟ་བུ་ཡིན།

ཆོས་རྗེ་ཉིད་བྱོན་བཞུགས་ཀྱི་དུས་ཚོད་བཀོད་སྒྲིག་རྣམས་ཤིན་ཏུ་ཚགས་དམ་པོར་བྱས་ཡོད་པའི་ཁར། ཁོང་གི་ཐུགས་གཤིས་ཀྱང་ཧ་ཅང་བྲེལ་མོ་ཡིན་སྟབས། རྒྱུན་དུ་འབབ་ཚུགས་གཅིག་ནས་ཆོས་ཁྲིད་གསུངས་ཚར་མ་ཐག མགྱོགས་མྱུར་ངང་ས་ཚུགས་ཕྱི་མ་རྣམས་སུ་འབྱོན་དགོས་པས། ཆོས་ཁྲིད་ཀྱི་བར་མཚམས་སུ་ངལ་གསོ་བའི་དུས་ཚོད་ཀྱང་ཕལ་ཆེར་མེད། ནམ་རྒྱུན་རྗེ་ཉིད་ཀྱིས་གསོལ་ཚིགས་བཞེས་པའི་སྐབས་ནི། ང་ཚོས་ལམ་ཆས་བསྡུ་གསོག་རྒྱག་པ་དང་ཤུལ་དུ་ཅི་ཞིག་ལྷག་ལུས་བྱུང་ཡོད་མེད་ལ་ཞིབ་བཤེར་བྱེད་ཆོག་པའི་དུས་ཚོད་བཟང་ཤོས་ཡིན་པར་མ་ཟད། རྗེ་ཉིད་ཀྱི་གསོལ་ཚིགས་ཀྱི་སྐབས་དང་བསྟུན་ཏེ། ས་ཚུགས་རྗེས་མར་གྲ་སྒྲིག་ཅི་ཞིག་དགོས་པ་དང་། དབང་བསྐུར་བར་ཉེ་བར་མཁོ་བའི་དངོས་པོ་གང་དག་འཁྱེར་དགོས་པ། མི་སྣ་སུ་དང་མཇལ་འཕྲད་གནང་བ། ཡུལ་ངོས་ཀྱི་གནས་སྟངས་ག་འདྲ་ཡིན་པ་སོགས་ལ་རྒྱུས་ལོན་ཞིབ་ཚགས་བྱས་ཏེ་དེར་མཐུན་གྱི་སྟ་གོན་སྣ་ཚོགས་བྱེད་དགོས་པ་ལས། རང་ཉིད་ཀྱང་མགྲོན་པོ་བཞིན་དུ་རྗེ་ཉིད་དང་མཉམ་དུ་ཟས་ཅོག་གི་མཐར་བསྡད་དེ་ལྷོད་ལྷོད་ངང་ཟས་ལ་རོལ་བའི་དུས་ཚོད་ཡེ་ནས་མེད་ཅིང་། ཚང་མས་ཟ་མ་ཟོས་ཚར་རྗེས་ང་ཚོ་ལ་ཟ་མ་ཆེད་དུ་ལས་སུ་འཇུག་པ་ནི་དེ་ལས་ཀྱང་ག་ལ་སྲིད། དེ་བས་ནམ་རྒྱུན་བྱ་བ་སྒྲུབ་ཞོར་དུ་སོབ་གོར་ཙམ་རེ་ཟ་རྒྱུ་ཡོད་ན་ཡིད་ཤིན་ཏུ་ཚིམ་པར་འགྱུར་བ་ཡིན།

དེ་བཞིན་དུ་ཆོས་ཚོགས་སོ་སོའི་སྣེ་ལེན་པ་རྣམས་ཀྱིས་ནི། གཙོ་བོ་ཆོས་རྗེ་ཉིད་ལ་བཞུགས་གནས་དང་གསོལ་ཆས་སོགས་ཀྱི་བསྙེན་བཀུར་ཇི་ལྟར་ཞུ་བར་བློ་སེམས་གཏོད་པ་ལས། ཞབས་འབྲིང་རྣམས་ལ་ལྟ་སྐྱོང་ལེགས་པོ་བྱེད་ཐུབ་པའི་ངེས་པ་ཁྱོན་ནས་མེད་པའི་རྐྱེན་གྱིས། ང་ཚོར་བཀོད་སྒྲིག་བྱས་པའི་གནས་མལ་དག་ཀྱང་། མཚམས་རེར་རྗེ་ཉིད་ཀྱི་བཞུགས་གནས་དང་བར་ཐག་རིང་དྲགས་པ་དང་ཐེངས་རེར་ཐག་ཉེ་དྲགས་པ་སོགས་ཡིད་ཚིམ་པོ་ཞིག་འོང་ཐབས་མི་འདུག དེ་བས་རྗེ་ཉིད་ཀྱི་བདེ་འཇགས་དང་སྟབས་བདེ་སོགས་ལ་དམིགས་ཏེ། ཁོང་གི་གཟིམས་ཁང་དང་ཐག་ཅུང་ཟད་ཉེ་བའི་མཚམས་ཀྱི་གྲུ་ཟུར་སོགས་སུ། ཉལ་ཐུལ་དང་མགོ་སྔས་ཀྱང་མེད་པར་མཚན་བསྐྱལ་བ་མང་དུ་ཡོད།

ཁྱད་པར་དུ་རྗེ་ཉིད་སྐུ་ཁམས་ཅུང་ཟད་མི་བདེ་བའི་སྐབས་སུ། བོས་པ་ཙམ་གྱིས་ཚོར་ཐུབ་པའི་གནས་སུ་ཉལ་དགོས་པ་སོགས་རྒྱུ་རྐྱེན་དམིགས་བསལ་བ་མང་པོ་ཡོད་པས། ཐེངས་རེར་རྗེ་ཉིད་དང་མི་རིང་བའི་ཁྲི་རྩ་ནས་ཉལ་བ་དང་། སྐབས་རེར་སྐས་ཁ་ནས་ཉལ་བ་སོགས་ཀྱང་ཅི་རིགས་སུ་ཡོད། མ་གཞི་ཆོས་ཚོགས་རྣམས་ཀྱིས་ཀྱང་འདི་འདྲའི་མཚན་ཉིད་དང་ལྡན་པའི་བླ་མ་ཞིག་གདན་ཞུ་བྱེད་ཐུབ་པ་ནི་ལས་སླ་མོ་རང་མིན་པས། ཁོང་ལ་སྣེ་ལེན་ཕུན་སུམ་ཚོགས་པ་ཡོང་ན། ངེད་ཅག་སྐུ་འཁོར་རྣམས་ལ་ཅི་བྱས་ཀྱང་མི་འགྲིག་པ་ཆེར་མི་འདུག་སྙམ་ནས་རྒྱུན་དུ་བཀའ་དྲིན་ཞུ་བཞིན་ཡོད།

ཆོས་རྗེ་ཉིད་ནུབ་ཕྱོགས་སུ་འབྱོན་སྐབས། བདག་གིས་དེ་སྔོན་རྒྱ་གར་ལ་ཕེབས་དུས་ལྟར། ཁོང་གི་གསོལ་ཆས་དང་མནབས་གོས། བྱོན་བཞུགས་སོགས་ཀྱི་ཞབས་ཞུ་དང་། མགྲོན་པོ་སྣ་ཚོགས་ལ་མཇལ་ཕྲད་གནང་བར་ཞབས་འདེགས་ཞུ་བ་སོགས་ཀྱི་བྱ་བ་སྒྲུབ་དགོས། ཡིན་ཡང་། བྱ་བ་དེ་དག་ལ་འགྱུར་ལྡོག་མང་པོ་འབྱུང་བས། ནམ་རྒྱུན་ཉིན་ཧྲིལ་པོར་ཕར་རྒྱུག་ཚུར་རྒྱུག་བྱས་ཏེ་བྲེལ་འཚུབ་ཤིན་ཏུ་ཆེ། དེ་ལྟ་ནའང་། བདག་གི་སེམས་ལ་སུན་སྣང་གང་ཡང་མེད་པར་རྒྱུན་དུ་སྤྲོ་སྣང་གིས་ཁེངས་ཡོད། སྤྱིར་བཏང་རང་ཉིད་ཀྱི་ལུས་ཁམས་དེ་འདྲ་བཟང་པོ་མིན་ཡང་། ནམ་རྒྱུན་ཆོས་རྗེ་ཉིད་དང་མཉམ་དུ་ཕྱི་ལོགས་སུ་འབྱོན་དུས་ནི། ལུས་པོས་ཀྱང་ང་ལ་དཀའ་ངལ་ཆེན་པོ་གཏོད་ཀྱིན་མེད།

བདག་གིས་ཆོས་རྗེ་ཉིད་ཀྱི་སྐུ་གཟུགས་ལ་ལྟ་སྐྱོང་ཞབས་ཞུ་དགོས་པར་མ་ཟད། ཁོང་གིས་མཐོང་ཆེན་གནང་ཡུལ་རྣམས་ལའང་དེ་ལྟར་བྱས་པ་ཡིན། སྤྱིར་ཁོང་གིས་སེམས་ཅན་ཐམས་ཅད་ལ་མཐོང་ཆེན་གནང་ཞིང་། སྒོས་སུ་ཤར་ཕྱོགས་དང་ནུབ་ཕྱོགས་སོགས་རིགས་རུས་ཀྱི་དབྱེ་བ་མེད་པར་མི་ཀུན་ལ་ཐུགས་གཏིང་ནས་ཤིན་ཏུ་བརྩེ་བ་ཡིན། ཉིད་ཀྱི་སྐུ་གཟུགས་ལ་སྙུང་གཞི་ལྕི་བའི་སྐབས་མ་གཏོགས། རྒྱང་རིང་ནས་ཡོང་བའི་སྐུ་མགྲོན་དང་མཇལ་མཁན་སུ་ཡིན་ཡང་། མཇལ་ཁ་གནང་ཞིང་བྱིན་རླབས་ཀྱང་སྩོལ་གྱིན་ཡོད་པས། བདག་གིས་ཀྱང་རང་ནུས་གང་ཡོད་ཀྱི་སྒོ་ནས། ཞི་འཇམ་གྱི་སྐད་ཆ་དང་བྱམས་བརྩེའི་རྣམ་འགྱུར་བཟུང་སྟེ། མི་ཐམས་ཅད་ཀྱི་འདོད་པ་བསྐང་བ་དང་ཞབས་ཞུ་ཅི་འགྲུབ་ལ་བརྩོན་པ་ལས། སྒེར་གྱི་སེམས་ཁམས་དང་བསྟུན་ཏེ་སྣང་མེད་དང་སླ་བཅོས་བྱས་པ་ཡེ་ནས་མེད།

མི་འགའ་རེ་བླ་མའི་མདུན་ནས་ཡུན་རིང་དུ་ཕྱག་ཕྱིར་བསྡད་པའི་རྐྱེན་གྱིས། རང་ཉིད་ཀྱི་ང་རྒྱལ་ཇེ་མཐོར་སོང་ནས་ཐམས་ཅད་ལ་མཐོང་ཆུང་བྱེད་པ་དང་མིག་ལམ་དུ་མི་འཇོག་པ་ནི་ཆེས་ཤིན་ཏུ་མི་ལེགས་པས། བདག་ཅག་གིས་རྟག་ཏུ་དྲན་ཤེས་བག་ཡོད་བརྟེན་ནས་ཞབས་ཞུ་མ་བྱས་ན། བླ་མ་བྱམས་སེམས་ཆེ་བ་ཡང་། འཁོར་སློབ་རྣམས་ང་རྒྱལ་ཆེ་ཞིང་ཁྲོ་སྐྱེན་པ་ལས། སྐུ་མགྲོན་དང་དད་ལྡན་རྣམས་ལ་སྣེ་ལེན་ལེགས་པོ་བྱ་མ་ནུས་ཚེ། བླ་མའི་འཕྲིན་ལས་ལའང་ཤུགས་རྐྱེན་མི་ལེགས་པ་འབྱུང་ངེས་ཡིན་པས་ཐུགས་མཉེས་པར་འགྱུར་དཀའ་བ་ཡིན།

ཁྱད་པར་དུ་བླ་མ་ལ་བསྟན་འགྲོའི་དོན་མཛད་པའི་ཐུགས་དགོངས་དང་རྟེན་འབྲེལ་ཡོད་ཀྱང་། སློབ་མས་བླ་མ་ཉིད་རང་གི་རྒྱུ་ནོར་ལྟར་བདག་ཏུ་བཟུང་སྟེ། རྟག་ཏུ་སྲུང་འདུག་པ་ལས་དད་ལྡན་རྣམས་ལ་མཇལ་བའི་གོ་སྐབས་མི་སྤྲོད་པ་དང་། འབྲེལ་ཐོགས་ཐམས་ཅད་རྒྱང་དུ་སྐྲོད་པ་ནི་ཤིན་ཏུ་མི་འོས་ཏེ། དེ་ནི་བླ་མའི་འཕྲིན་ལས་ཀྱི་སྒོ་བཀག་པ་ཡིན་པས། བླ་མ་ལ་མཚོན་ནའང་ཤིན་ཏུ་གྱོང་རྒུད་ཆེ་ཞིང་བློ་ཕངས་བའི་གནས་ཡིན་པས། བླ་མའི་སྐུ་གཟུགས་ཀྱིས་ལྕོགས་ཤིང་དགོངས་པ་ཐོབ་ན། ཉེ་གནས་དག་ཇི་ལྟར་དཀའ་ཡང་སེམས་ཅན་རྣམས་དང་ཆོས་འབྲེལ་ཐོགས་པར་མཐུན་རྐྱེན་གང་ལེགས་སྒྲུབ་འོས། མི་མང་པོ་ཞིག་ལ་ནམ་རྒྱུན་བླ་མའི་མདུན་ནས་ཆོས་ཞུ་བའི་སྐལ་བ་མི་ལྡན་ལ། མི་ཚེ་གཅིག་ལ་ཐེངས་གཅིག་མཇལ་བ་ཙམ་གྱི་གོ་སྐབས་ལས་མེད་སྲིད་པས། བླ་མས་ཕྱག་དབང་ལན་གཅིག་གནང་བའམ་ཡང་ན་གཟུངས་སྔགས་ཀྱི་བྱིན་རླབས་ཐེངས་གཅིག་མཛད་པ་ཙམ་གྱིས་ཀྱང་། དེ་དག་གི་རྒྱུད་ལ་ཐར་བའི་ས་བོན་ཐེབས་ངེས་པ་ཡིན།

བདག་ལ་མཚོན་ན། ཆོས་རྗེ་ཉིད་ལ་འབྲེལ་བ་ཐོགས་པའི་སེམས་ཅན་ཇི་ལྟར་མང་པོ་བྱུང་ན་དེ་ལྟར་དགའ་ཞིང་སྤྲོ་བཞིན་ཡོད། འདི་འདྲའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཁོང་ལྟ་བུ་ལ། སེམས་ཅན་གཅིག་གིས་འབྲེལ་བ་ཅུང་ཟད་རེ་ཐོགས་ནའང། དེ་ལ་ཕན་པ་བརྗོད་ལས་འདས་པ་འབྱུང་ངེས་པས། གང་ཟག་སུ་ཞིག་གིས་རྗེ་ཉིད་ལ་མཇལ་ཁ་ཞུ་འདོད་ཀྱང་། བདག་གིས་ཅི་ནུས་ཀྱིས་མཐུན་རྐྱེན་སྦྱར་བ་ཡིན།

ཆོས་རྗེ་ཉིད་ཀྱིས་དད་ལྡན་རྣམས་ལ་བྱིན་རླབས་མཛད་སྐབས། ཐེངས་རེར་ཕྱག་དངོས་དང་ལན་རེར་རྒྱལ་མཚན་ལྟ་བུའི་ཅོད་པན་ཞིག་ཡོད་པ་དེ་ཁོ་ཚོའི་སྤྱི་བོར་བཞག་སྟེ། ཞལ་ནས་འཇམ་དཔལ་གྱི་བསྙེན་པ་དང་གུ་རུ་སིདྡྷི། ཚིག་བདུན་གསོལ་འདེབས་སོགས་གསུངས་ཏེ་བྱིན་རླབས་མཛད་ཅིང་། ཆོས་པ་དམིགས་བསལ་བ་རྣམས་ལ། ཧོཿ གདོད་མའི་མགོན་པོ་རང་བྱུང་ཡེ་ཤེས་སྐུ། །སྙིང་ལ་དབྱེར་མེད་ཞུགས་པའི་འོད་ཟེར་གྱིས། །འཁྲུལ་སྣང་འཁོར་བའི་མུན་པ་མ་ལུས་པ། ། མཉམ་ཉིད་བདེ་ཆེན་དབྱིངས་སུ་ཞི་བར་མཛོད། །ཅེས་གསུངས་ཏེ་བྱིན་རླབས་གནང་བ་ཡིན།

བྱིན་རླབས་གནང་བྱེད་ཀྱི་ཅོད་པན་ནི་ཁོང་སྐུ་དངོས་ཀྱིས་བཟོས་པ་དང་། དེའི་ནང་རིམ་ནི་བཏགས་གྲོལ་དང་ཐོས་གྲོལ། རེག་གྲོལ་གྱི་ཡི་གེ་དང་རྟེན་བྱིན་རླབས་ཅན་གྱིས་གྲུབ་པ་ཞིག་ཡིན་ལ། རྒྱུན་དུ་ཕྱི་ལོགས་སུ་འབྱོན་སྐབས་ཅོད་པན་དེ་ཡིས་དད་ལྡན་རྣམས་ལ་བྱིན་རླབས་གནང་བར་བྱེད། ཐེངས་རེར་གཞན་ལ་བྱིན་རླབས་གནང་ཚར་རྗེས། ཅོད་པན་དེ་ངེད་ཅག་གི་མགོ་ལ་བཞག་ནས་བྱིན་རླབས་མཛད་དར། ཁོང་གི་དབྱེས་ཆེ་ལ་དྲོད་ཁོལ་ལྡན་པའི་ཕྱག་བདག་ཅག་གི་མགོ་ལ་བཞག་ནས་ཕྱག་དབང་གནང་སྐབས་ལྗིད་ཏིག་གེ་བ་ཞིག་ཡོད་ཅིང་། སེམས་སུ་དགའ་དད་ཚད་མེད་འཕེལ་ནས་ཉོན་མོངས་པ་རྣམས་ཀྱང་རང་སར་ཞི་སོང་བ་ལྟ་བུའི་སྣང་བ་སྐྱེས།

བདག་ཁོང་གི་ཕྱག་ཕྱིར་སྡོད་སྐབས། ཐེངས་རེར་མི་གཞན་གྱིས་ལྐོག་ནས་བླ་མ་ལ་དབྱེན་སྦྱོར་གྱི་ཚིག་ཞུ་བ་ཡོད་ཀྱང་། དེ་དག་མི་སུ་ཡིན་དང་དམིགས་ཡུལ་ཅི་ཡོད་ཤེས་ཀྱང་དོ་སྣང་ཆེར་མ་བྱས། སྐབས་ལན་རེར་ཆོས་རྗེ་ཉིད་ཀྱི་ཐུགས་ཅུང་ཟད་མི་དགྱེས་པར་གྱུར་ནའང་། བདག་གིས་ཕྲ་མ་སྨྲ་མཁན་གང་དེར་སྡང་སེམས་མ་བཅངས་པར། དེ་ནི་རང་ཉིད་ཀྱི་སྐྱོན་དུ་བལྟས་ཏེ་རང་ལ་རྟོག་དཔྱོད་ཡང་ཡང་བྱས་པ་ལས། དབྱེན་སྦྱོར་བྱེད་མཁན་ལ་བདའ་འདེད་མ་བྱས་ཤིང་ཆོས་རྗེ་མཆོག་ལའང་ལོག་ལྟ་རྩ་བ་ནས་སྐྱེས་མ་མྱོང་།

མདོར་ན་མི་གཞན་པའི་ལྟར་སྣང་ལ། བླ་མའི་མདུན་ན་ཡོད་པའི་གང་ཟག་ནི་ཆེས་སྐྱིད་པོ་ཞིག་ཡིན་སྣང་འཆར་ཡང་། དོན་དུ་ལུས་སེམས་གཉིས་ཀྱི་སྟེང་ནས་བྱ་བ་ཆེ་ཆུང་སྣ་ཚོགས་ལ་གདོང་ལེན་བྱེད་དགོས་པས་དེ་འདྲའི་ལས་སླ་མོ་ཞིག་ནི་མ་ཡིན་ནོ། །

ཚེ་གཅིག་རྫོགས་འཚང་རྒྱ་བའི་གསང་གནད།

ཕྱི་ཟླ་༨པའི་ཚེས་༢༨ཉིན་གྱི་སྔ་དྲོར། ཆོས་རྗེ་ཉིད་ཀྱིས་བོད་ཀྱི་གྲུབ་མཐའ་སོ་སོ་ཕན་ཚུན་མི་འགལ་བའི་ཚུལ་དང་རྫོགས་པ་ཆེན་པོའི་ཐུན་མིན་ཁྱད་ཆོས་སྐོར་འདི་ལྟར་གསུང་།

དེ་ལ་གང་གསན་པར་བྱ་བའི་ཆོས་ནི། བདག་ཅག་གི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་འདི་ཉིད་ངེས་པའི་དོན་དུ་ཡེ་ནས་མངོན་པར་རྫོགས་པར་སངས་རྒྱས་སུ་ཟིན་ཀྱང་། གདུལ་བྱའི་སྣང་ངོར་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་རྒྱ་གར་རྡོ་རྗེ་གདན་དུ་མངོན་པར་རྫོགས་པར་སངས་རྒྱས་ནས། ཡུལ་ཝ་ར་ཎཱ་སི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་བཀའ་དང་པོ་བདེན་པ་བཞིའི་ཆོས་འཁོར་དང་། གནས་བྱ་རྒོད་ཕུང་པོའི་རི་ལ་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར། ཡུལ་པདྨ་ཅན་ལ་སོགས་པའི་གནས་མ་ངེས་པ་རྣམས་སུ་བཀའ་ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོ་བཅས་བསྐོར་ཏེ། ཐུན་མོང་གི་གདུལ་བྱ་རྣམས་ཡང་དག་པའི་ལམ་ལ་འགོད་པར་མཛད་པ་ཡིན།

གསང་སྔགས་ཀྱི་རྒྱུད་སྡེ་དར་ཚུལ།

ཐུན་མོང་མ་ཡིན་པའི་གདུལ་བྱ་རྣམས་ཀྱི་ངོར་ལྷ་ཀླུ་གནོད་སྦྱིན་དྲི་ཟ་ལ་སོགས་པའི་ཡུལ་དུ་གསང་སྔགས་ཀྱི་ཆོས་རྒྱ་ཆེན་པོ་གསུངས་ཤིང་། མི་ཡུལ་དུའང་ཨོ་རྒྱན་གྱི་ཡུལ་དུ་གསང་བ་འདུས་པ་དང་། འབྲས་སྤུངས་ཀྱི་མཆོད་རྟེན་ཆེན་པོ་རུ་དུས་ཀྱི་འཁོར་ལོ་གསུངས་པས་མཚོན་གསང་སྔགས་ཀྱི་ཆོས་མདོར་བསྡུས་པ་ཙམ་ཞིག་ཁོང་གི་སྐུ་ཚེ་དེ་ཉིད་ལ་གསུངས། དེ་ནས་དགོངས་པ་ཡོངས་སུ་མྱ་ངན་ལས་འདའ་ཁར་གསང་སྔགས་ཐུན་མོང་གི་གདུལ་བྱ་རྣམས་ལ་ནི་ཐུན་མོང་གི་ཆོས་རྒྱ་ཆེར་བསྟན་པ་ཡིན་མོད། འོན་ཀྱང་ཐུན་མོང་མ་ཡིན་པ་ངེས་དོན་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་དེ་ནི་མ་འོངས་ཕྱི་མའི་དུས་ཀྱི་ལོ་ཉི་ཤུ་རྩ་བརྒྱད་ཙམ་ན་རྒྱ་ཆེར་འབྱུང་བར་འགྱུར་རོ་ཞེས་གསུངས་པ་བཞིན་དུ། རྒྱལ་པོ་ཛའི་ཁང་སྟེང་དུ་རྡོ་རྗེ་སེམས་དཔའི་སྐུ་རྟེན་དང་གསང་སྔགས་ཀྱི་གླེགས་བམ་བབས་ནས་མ་ཧཱ་ཡོ་ག་དར་བ་དང་། གསང་བའི་བདག་པོས་དམ་པའི་རིགས་ཅན་དྲྭ་མ་ལྔ་ལ་གསང་སྔགས་རྒྱ་ཆེར་གསུངས་ནས་ཨ་ནུ་ཡོ་ག་དར་བར་མ་ཟད། རིག་འཛིན་དགའ་རབ་རྡོ་རྗེ་ལ་རྫོགས་པ་ཆེན་པོའི་རྒྱུད་ལུང་མན་ངག་ཐམས་ཅད་ཀུན་ཀྱང་གསལ་རྒྱས་སུ་གསུངས་པས་ཨ་ཏི་ཡོ་ག་དར་བར་བྱས་པ་ཡིན།

དེ་ལྟ་བུའི་སྟོན་པ་ཐུགས་རྗེ་ཅན་གྱི་གསུང་དེ་དག་ཐམས་ཅད་ཀྱང་གནད་ཚུར་བསྡུ་ན། སྤང་བྱ་ལ་ལྟོས་ནས་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དུ་འདུ་བ་ཡིན་ལ། འབྲས་བུ་ཐོབ་ཚུལ་གྱི་དབང་དུ་བྱས་ན་བསྐལ་ཆེན་གྲངས་མེད་དུ་མའི་མཐར་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་དང་། མི་ཚེ་འགའ་ཞིག་གི་རྗེས་སུ་འཚང་རྒྱ་བར་འདོད་པ་དང་། ཚེ་འདི་ལ་སངས་རྒྱ་བར་འདོད་པ་སྟེ། ཆོས་ཚུལ་ལམ་གནད་རྣམ་པ་གསུམ་གྱི་ནང་དུ་འདུ་བ་ཡིན། དེ་དག་ཀྱང་ད་ལྟ་སངས་རྒྱས་མ་ཡིན་པའི་སེམས་ཅན་ཞིག་གིས་གདོད་སངས་རྒྱས་བསྒྲུབ་པར་འདོད་ནས་བསྐལ་པ་མང་པོའི་མཐར་འཚང་རྒྱ་བར་འདོད་པ་ནི་མདོ་ཕར་ཕྱིན་ཐེག་པའི་ལམ་དང་། སེམས་ཅན་ཡིན་པ་ལ་ཐབས་བུལ་བའི་སྒོ་ནས་མི་ཚེ་མང་པོའི་མཐར་འཚང་རྒྱ་བར་འདོད་པ་ནི་ཕྱི་རྒྱུད་སྡེ་གསུམ་གྱི་ལུགས་དང་། ད་ལྟ་ནས་སངས་རྒྱས་ཡིན་པ་ལ་ཡིན་པའི་རང་ངོ་ཤེས་པའི་ལམ་སྒྲུབ་ནས་ཚེ་གཅིག་གིས་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་འདོད་པ་ནི་སྔགས་བླ་ན་མེད་པའི་ལུགས་སྲོལ་ཡིན།

བླ་ན་མེད་པའི་རྒྱུད་སྡེ་ལ་ཡང་སྤྱིར་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་ཀྱང་། གཙོ་བོའི་བརྗོད་བྱ་ཆེ་རིགས་ཀྱི་དབང་དུ་བྱས་ན། རིམ་པ་ལྔའི་ཉམས་ལེན་གཙོ་བོར་སྟོན་པ་ཕ་རྒྱུད་གསང་བ་འདུས་པ་དང་། ལམ་འབྲས་བུ་དང་བཅས་པའི་ཆོས་ཚུལ་གསལ་བོར་སྟོན་པ་མ་རྒྱུད་ཀྱཻ་རྡོ་རྗེ་ལྟ་བུ། གཉིས་མེད་རྩོལ་མེད་ཀྱི་ལམ་ཉམས་སུ་ལེན་པ་དཔལ་དུས་ཀྱི་འཁོར་ལོ་རྫོགས་རིམ་སྦྱོར་བ་དྲུག་གི་ཉམས་ལེན་ལྟ་བུ་ཡིན། དེ་དག་ལས་ཀྱང་མཆོག་ཏུ་གྱུར་པ་ནི། དཔལ་དུས་ཀྱི་འཁོར་ལོ་རྫོགས་རིམ་སྦྱོར་བ་དྲུག་གི་ཉམས་ལེན་འདི་ཁོ་ན་ཡིན་ཏེ། གསང་འདུས་རིམ་ལྔ་དང་། ཀྱཻ་རྡོ་རྗེའི་ལམ་འབྲས་དང་། དགྱེས་པ་རྡོ་རྗེའི་ཆོས་ཚུལ་ལ་སོགས་པ་ཐམས་ཅད་ཀུན་ཀྱང་དུས་ཀྱི་འཁོར་ལོ་ལ་ལྟོས་ན། རྩོལ་བ་དང་བཅས་པའི་ལམ་ཡིན་པའི་ཕྱིར་ན་གསང་སྔགས་གསར་མའི་རྒྱུད་སྡེ་ཀུན་ཀྱི་ནང་ནས་ཆེས་མཆོག་ཏུ་གྱུར་པ་ནི་དཔལ་དུས་ཀྱི་འཁོར་ལོ་འདི་ཁོ་ན་ཡིན། དེས་ན་ང་ཚོ་བོད་ཀྱི་ཡུལ་དུ་ཕྱི་འགྱུར་གསར་མའི་ཆོས་ལུགས་ཆེན་པོ་བཞི་དར་བ་ཡང་རྒྱུད་སྡེ་སོ་སོའི་རྗེས་འབྲང་གི་དབང་གིས་དར་བ་སྟེ། དཔེར་ན་གསང་བ་འདུས་པའི་ལམ་ཉམས་སུ་ལེན་པར་བྱེད་པ་ལ་བཀའ་གདམས་གསར་རྙིང་གཉིས་དང་། ཀྱཻ་རྡོ་རྗེའི་ལམ་འབྲས་བུ་དང་བཅས་པ་ཉམས་སུ་ལེན་པར་བྱེད་པ་དཔལ་ལྡན་ས་སྐྱ་བ། དགྱེས་པ་རྡོ་རྗེའི་ཐབས་ལམ་ནཱ་རོ་ཆོས་དྲུག་དང་གྲོལ་ལམ་ཕྱག་རྒྱ་ཆེན་པོ་ཉམས་སུ་ལེན་པ་ལ་འགྲོ་མགོན་བཀའ་བརྒྱུད་པ། དཔལ་དུས་ཀྱི་འཁོར་ལོའི་བསྐྱེད་རིམ་ཕྱི་ནང་གཞན་གསུམ་གྱི་མན་ངག་དང་རྫོགས་རིམ་སྦྱོར་བ་དྲུག་གིས་ཉམས་སུ་ལེན་པ་ལ་ཇོ་ནང་པ་ཞེས་ཡོངས་སུ་གྲགས། དེ་ཐམས་ཅད་ཀུན་ཀྱང་སངས་རྒྱས་ཀྱི་བཀའ་སོ་སོའི་རྗེས་སུ་འབྲངས་ནས་ཉམས་ལེན་གཙོ་བོའི་དབང་གིས་མིང་ཐོགས་པ་ཡིན།

སྔ་འགྱུར་རྙིང་མ་པ་རྣམས་ལ་ནི་དེ་དག་ཐམས་ཅད་ལ་མ་གྲགས་པའི་མན་ངག་ཁྱད་པར་ཅན་མཆོག་ཏུ་གྱུར་པ། ཐབས་བསྐྱེད་པའི་རིམ་པ་གཙོ་བོར་སྟོན་པ་ཕ་རྒྱུད་མ་ཧཱ་ཡོ་ག་དང་། ཤེས་རབ་རྫོགས་པའི་རིམ་པ་གཙོ་བོར་སྟོན་པ་མ་རྒྱུད་ཨ་ནུ་ཡོ་ག གཉིས་མེད་རང་གནས་ཀྱི་ཡེ་ཤེས་གཙོ་བོར་སྟོན་པ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་ཆོས་ཚུལ་ཏེ་རྣམ་པ་གསུམ་ཡོད།

ཆོས་ལུགས་རྣམས་འགལ་བ་མེད་ཚུལ།

དེས་ན་འགྱུར་སྔ་ཕྱིའི་དབང་གིས་སྔ་འགྱུར་རྙིང་མ་དང་། ཕྱི་འགྱུར་གསར་མ་ཞེས་ཡོངས་སུ་གྲགས་ཤིང་། ཕྱི་འགྱུར་གསར་མ་ཟེར་བ་དེ་ཡང་། ཁ་རྩང་ཞུས་པ་ལྟར་ལོ་ཆེན་རིན་ཆེན་བཟང་པོ་མན་ཆོད་ཀྱི་ས་སྐྱ་བཀའ་བརྒྱུད་དགེ་ལྡན་ལ་སོགས་པ་ཐམས་ཅད་ལ་ཕྱི་འགྱུར་གསར་མ་ཞེས་ཟེར། འོ་ན་རྙིང་མ་ལ་དུས་ཀྱི་འཁོར་ལོ་དང་གསང་བ་འདུས་པ་ལ་སོགས་པའི་ཉམས་ལེན་ཡོད་པ་ཨེ་རེད་ཟེར་ན། དེ་ཡང་གནད་ཆ་ཚང་བ་ཞིག་ཡོད་པ་ཡིན། སྔོན་བྱོན་དམ་པའི་ཞལ་ནས། མདོ་སྔགས་ཆོས་ཚུལ་ཚང་ལ་མ་ནོར་བ། །མཁས་ཤིང་གྲུབ་བརྙེས་རིག་འཛིན་བརྒྱུད་པའི་སྲོལ། །ཐུབ་བསྟན་སྙིང་པོ་གསང་སྔགས་སྔ་འགྱུར་བའི། །ཞེས་མདོ་སྔགས་ཡོངས་རྫོགས་ཀྱི་ཆོས་ཚུལ་ཆ་ཚང་བ་ཞིག་བསྒྱུར་ཡོད་པ་དེ་གསང་སྔགས་སྔ་འགྱུར་བ་ཁོ་ན་རེད་མ་གཏོགས། ཕྱི་འགྱུར་གྱི་ལོ་ཙཱ་བས་ཐ་རེ་ཐོ་རེ་ཙམ་ལས་མ་བསྒྱུར། དེའི་ཕྱིར་ན་ལུགས་སྲོལ་འདི་ནི་གཙོ་བོ་མདོ་སྔགས་ཆོས་ཚུལ་ཆ་ཚང་བ་ཞིག་དང་། དེའི་ནང་ནས་ཀྱང་ནང་རྒྱུད་ཡོ་ག་གསུམ། དེ་ལས་ཀྱང་རྫོགས་པ་ཆེན་པོ་ཉམས་སུ་ལེན་པ་དེ་གསང་སྔགས་སྔ་འགྱུར་རྙིང་མ་པའི་མཚན་ཉིད་དུ་ངོ་ཤེས་དགོས། འོ་ན་སྔ་འགྱུར་རྙིང་མའི་བསྟན་པ་དང་ཕྱི་འགྱུར་གསར་མའི་བསྟན་པ། སྔ་འགྱུར་རྙིང་མའི་མཁས་གྲུབ་དང་ཕྱི་འགྱུར་གསར་མའི་མཁས་གྲུབ་རྣམས་ཀྱི་དགོངས་པ་འགལ་བ་མིན་ནམ་སྙམ་ན། དེ་ཡང་མ་ཡིན་ཏེ། བསྟན་པ་འཛིན་པའི་སྐྱེས་བུ་རྣམས་ཀྱི་དབང་དུ་བྱས་ན། མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་དཱི་པཾ་ཀ་ར་དང་། རྗེ་བདག་ཉིད་ཆེན་པོ་བློ་བཟང་གྲགས་པ་ཡང་ཨོ་རྒྱན་རིན་པོ་ཆེའི་སྤྲུལ་པ་ཡིན་ཚུལ་བཀའ་གདམས་བུ་ཆོས་ལས་གསལ་བར་གསུངས་ཡོད་པ་དང་། དེ་བཞིན་དུ་འཇམ་མགོན་ས་སྐྱ་པཎ་ཆེན་ཡང་ཨོ་རྒྱན་སངས་རྒྱས་གཉིས་པའི་སྤྲུལ་པ་ཡིན་པར་ཁོང་རང་གི་རྣམ་ཐར་ལས་ཀྱང་གསལ་བར་གསུངས་ལ། ཨོ་རྒྱན་རིན་པོ་ཆེ་ཉིད་ཀྱིས་ཀྱང་གཏེར་ལུང་དུ་མ་ནས་ལུང་བསྟན་ཡོད། གཞན་ཡང་ཇོ་ནང་ཀུན་མཁྱེན་དོལ་པོ་བ་དང་། བཀའ་བརྒྱུད་ཕྱོགས་ཀྱི་དྭགས་པོ་ལྷ་རྗེ་དང་། ཀརྨ་པ་པཀྵི་ལ་སོགས་པ་ཡང་ཨོ་རྒྱན་རིན་པོ་ཆེ་དངོས་ཀྱི་སྤྲུལ་པ་ཡིན་ཚུལ་གསུངས་པའི་ཕྱིར། མདོར་ན་བོད་འདིར་བསྟན་པ་འཛིན་པའི་སྐྱེས་བུ་ཇི་སྙེད་ཅིག་ཡོད་པ་ཚང་མ་ཡང་ཨོ་རྒྱན་བདག་ཉིད་ཆེན་པོ་འབའ་ཞིག་གི་སྤྲུལ་པ་ཡིན་པས། བསྟན་པ་འཛིན་པའི་སྐྱེས་བུ་ཚང་མའི་དགོངས་པ་ཡང་འགལ་བ་མ་ཡིན་ལ། དེ་ཐམས་ཅད་ཀྱི་བསྟན་པའི་གནད་ཀྱང་རྩོལ་བ་དང་བཅས་མ་བཅས་ཙམ་ལས་ཁྱད་ཆེར་མེད། འོ་ན་གསར་མ་དང་རྙིང་མ་གཉིས་ཀྱི་ཆོས་ལ་ཁྱད་པར་ཅི་ཡོད་ཅེ་ན། གསར་མའི་རྒྱུད་སྡེ་ལ་ཡང་ཚེ་གཅིག་ལུས་གཅིག་ལ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་འགྲུབ་པར་བྱེད་པའི་ཐབས་ཡོད་ཅེས་རྒྱུད་སྡེ་རང་གི་སྐབས་ན་གསལ་ཁ་དང་བཅས་ཏེ་གསུངས་ཡོད་ལ། རྙིང་མའི་ཕ་རྒྱུད་དང་མ་རྒྱུད་ལ་སོགས་པའི་སྐབས་ན་ཡང་། ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ཀྱི་གོ་འཕང་འགྲུབ་པར་བྱེད་པའི་ཐབས་བསྟན་ཡོད་པ་ལ་གཅིག་མཚུངས་ཡིན། ཁྱད་པར་ཆེ་ཤོས་དེ་རྙིང་མ་རང་ལ་ཡང་སྤྱིར་རྫོགས་པ་ཆེན་པོའི་དབང་དུ་བྱས་ན་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་སངས་རྒྱས་འགྲུབ་པར་འདོད་པ་དང་། དེ་ལས་ཀྱང་གསང་བ་མན་ངག་སྡེའི་དབང་དུ་བྱས་ན། ལོ་གསུམ་མམ། ཟླ་བ་དྲུག་གིས་ཀྱང་མངོན་པར་རྫོགས་པར་འཚང་རྒྱ་བའི་ཐབས་བསྟན་ཡོད་པས། ལམ་མྱུར་བུལ་གྱི་ཁྱད་པར་ཙམ་ལས་མེད། བསྟན་པ་ཐམས་ཅད་སངས་རྒྱས་ཀྱི་བཀའ་དང་། བླ་མ་ཐམས་ཅད་ཨོ་རྒྱན་རིན་པོ་ཆེའི་སྤྲུལ་པ་ཡིན་པ་ཚང་མས་ངོས་ཟིན་དགོས།

སློབ་མ་ལ་གདམས་པ།

དེས་ན་སྐབས་འདིར་ངས་ཁྱེད་རྣམ་པ་ལ་བསམ་པ་དཀར་བའི་ཤ་ཚའི་གྲོས་འདེབས་ཚིག་གཅིག་ཡོད། དེ་ནི་ཁྱེད་རྣམ་པས་ཐུགས་ལ་འཛིན་པར་ཞུ། དེ་གང་ཡིན་ཞེ་ན། སྔོན་གྱི་དུས་སུ་བསྟན་རྒྱམ་རིན་པོ་ཆེ་གཙོ་བོར་གྱུར་པའི་སྐྱེས་ཆེན་དམ་པ་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་དང་། བདུད་འཇོམས་ཡང་སྤྲུལ། ཀརྨ་པ། དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ལ་སོགས་པས་ཡུན་རིང་པོའི་བར་དུ་ཐུགས་བསྐྱེད་རྨད་དུ་བྱུང་བའི་དཀའ་བ་བརྒྱ་ཕྲག་སྤྱད་པའི་གྲུབ་འབྲས་ད་ལྟ་མངོན་དུ་གྱུར་ནས། ཁྱེད་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཚང་མ་ལ་ཡང་སངས་རྒྱས་ཀྱི་བསྟན་པའི་ཉི་རྩེ་གསར་དུ་ཤར་བཞིན་པའི་གནས་སྐབས་ལྟ་བུར་གྱུར་ཡོད།

ད་སྐབས་ངེད་བོད་ཡུལ་ལུང་པའི་ཐེག་པ་ཆེན་པོའི་བསྟན་པ་དེ་ཁོང་རྣམ་པའི་སྐུ་དུས་ལས་ཀྱང་ལྷག་པར། ནུབ་ཕྱོགས་ཀྱི་རྒྱལ་ཁབ་ལ་ཧ་ཅང་དར་རྒྱས་ཕུན་སུམ་ཚོགས་པ་ཞིག་བྱུང་ཡོད་པ་ནི། ང་རང་གིས་ཀྱང་ཕྱི་ནང་གསང་གསུམ་གྱི་རྟགས་མཚན་གང་ལ་བསམ་བློ་བཏང་ན་ཡང་། ངེས་པར་དུ་འདིར་བཞུགས་པའི་རིན་པོ་ཆེ་རྣམས་དང་དུས་མཉམ་ཡིན་པའི་བོད་ཀྱི་བླ་མ་མང་ཆེ་བ་ཞིག་རྒྱ་གར་གྱི་ཡུལ་ན་བཞུགས་པའི་སྐུ་དུས་ཚུན་ཆད་ལ་དར་ཡོང་བ་ཡིན་གྱི་རེད་སྙམ། དེས་ན་ཆོས་ཟབ་པ་ན་ནག་པོའི་བདུད་ཀྱང་ཟབ་ཟེར་བ་ལྟར། འདི་ལྟ་བུའི་བསྟན་པ་དང་བསྟན་འཛིན་གྱི་སྐྱེས་བུའི་ཕྲིན་ལས་དུས་སུ་སྨིན་པར་གྱུར་པའི་སྐབས་སུ། ཁྱེད་རྣམ་པ་ཚང་མ་ཡང་ལོག་པའི་ལམ་དུ་ཁྲིད་པར་བྱེད་པའི་ལོག་པའི་གང་ཟག་དང་ལོག་པའི་བཤེས་གཉེན་འགའ་ཞིག་ཀྱང་འབྱུང་སྲིད། དེ་ལ་དོགས་གཟབ་བྱ་དགོས། དེ་ནི་ཇི་ལྟར་འབྱུང་བ་ཡིན་ཞེ་ན། ང་ཚོ་བོད་ཡུལ་དུ་དར་བའི་བསྟན་པ་ཆེ་ཤོས་ལ་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཟེར་བ་ཡོད་ཅིང་། དེ་ཚང་མ་ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པ་དང་ཆོས་རྣམ་པར་དག་པ་ཡིན་པ་ལ་ནི་ཁྱད་པར་གང་ཡང་ཡོད་པ་མིན། འོན་ཀྱང་ཁྱེད་རྣམ་པ་ལ་རྗེས་སུ་ལ་ལ་ཞིག་གིས། བླ་མ་འགའ་རེ་ནི་གྲུབ་པ་ཐོབ་པ། བླ་མ་ཕལ་ཆེར་ནི་བདུད་རེད་ཟེར་མཁན་ངེས་པར་དུ་འབྱུང་རྒྱུ་རེད། སྔོན་ཆད་བོད་ཀྱི་ལོ་རྒྱུས་ཀྱི་ཐོག་དེ་འདྲ་བྱུང་མྱོང་བ་ཡིན་ཏེ། དཔེར་ན་རྒྱལ་པོ་གླང་དར་མ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་དང་། ཨོ་རྒྱན་རིན་པོ་ཆེ་བདུད་ཀྱི་སྤྲུལ་པ་རེད་ཟེར་བ་དང་། གཞན་ཡང་རྗེ་བློ་བཟང་གྲགས་པ་ལ་སོགས་པ་མང་པོ་ཞིག་བདུད་དང་བདུད་ཀྱི་ཆོ་འཕྲུལ་རེད་ཟེར་མཁན་ཡང་མང་པོ་བྱུང་། དེ་བཞིན་དུ་ཆོས་འགའ་ཞིག་ནི་རྣམ་པར་དག་པ་དང་འགའ་ཞིག་ནི་ཕྱིན་ཅི་ལོག་ཡིན། དཔེར་ན་ང་ཚོ་རྙིང་མ་བའི་ཆོས་འདི་ནི་རྣམ་པར་དག་པ་ཡིན། གཞན་གསར་མ་དང་ས་སྐྱ་བཀའ་བརྒྱུད་ལ་སོགས་པའི་ཆོས་དེ་དག་ནི་ཆོས་ལོག་ཡིན་ཟེར་བ་དང་། ཡང་འགའ་ཞིག་གིས་གསར་མ་བའི་ཆོས་དེ་ལམ་རྣམ་པར་དག་པ་ཡིན། དེ་མ་གཏོགས་རྙིང་མ་པའི་ཆོས་དེ་ནི་ལོག་པ་རེད་ཟེར་ན། དེ་ལྟ་བུའི་སྐད་ཆ་ལ་གཏན་ནས་ཉན་རུང་བ་མ་ཡིན། དེ་དག་ནི་བདུད་ངེས་ཅན་ཡིན་པ་ཁྱེད་ཅག་གིས་ཤེས་དགོས། དེས་ལོག་ལམ་ལ་ཁྲིད་ནས་བདུད་ཀྱི་ལམ་བསྟན་པ་ཡིན་ཞིང་། ཁྱེད་ཅག་གི་ཚེ་རབས་གཏན་གྱི་འདུག་ཆུས་དེ་བརླགས་ནས་ངན་འགྲོ་མུ་མཐའ་མེད་པའི་གནས་སུ་འཁྲིད་པར་བྱེད་པའི་བདུད་ཀྱི་བཤེས་གཉེན་ཟེར་བའང་དེ་ཡིན།

ལམ་ངན་པ་སྟོན་པའི་བཤེས་གཉེན་དང་འཕྲད་པ་ཡིན་ནའང་འདྲ། ཁྱེད་རྣམ་པའི་རྒྱུད་ལ་དེ་ལྟ་བུའི་ལོག་རྟོག་སྐྱེ་ཡོང་བའི་གནས་སྐབས་ན་མཚན་ཉིད་དང་ལྡན་པའི་བླ་མ་དགེ་བའི་བཤེས་གཉེན་རྣམས་ལ་འདྲི་གཏུགས་གྱིས། ངས་ཀྱང་བོད་ལུང་པ་ལ་འདི་ལྟ་བུའི་གནད་དོན་ནི་ཤུགས་ཆེན་པོའི་སྒོ་ནས་བཤད་མྱོང་། ངོ་མ་དངོས་གནས་ཀྱིས་བསམ་བློ་བཏང་ན། ད་སྐབས་ང་རང་གི་མིག་མི་གསལ་ཞིང་། བློ་རིག་ཀྱང་ཧ་ཅང་ཇེ་རྟུལ་དུ་སོང་ཡང་། སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་བསྟན་པ་འཛིན་པའི་སྐྱེས་བུ་ཐམས་ཅད་དགོངས་པ་གཅིག་ཡིན་པ་དང་། དེའི་བསྟན་པ་ཚང་མ་ཡང་རྣམ་པར་དག་པ་ཡིན་པ་ནི་ང་རྐྱང་པས་ཀྱང་བསྒྲུབ་ཐུབ་ཀྱི་རེད། དེས་ན་ཁྱེད་རྣམ་པ་ལོག་པའི་ལམ་ལ་མི་འགྲོ་རྒྱུར་མ་འཆུགས། རྗེས་མར་ཁྱེད་ཅག་གིས་ལྟོས་དང་། བསྟན་འཛིན་གྱི་སྐྱེས་བུ་ལ་ལ་བཟང་། ལ་ལ་ངན། ཆོས་ལ་ལ་བཟང་། ལ་ལ་ནི་ཆོས་ལོག་རེད་ཅེས་འདྲ་མི་འདྲ་ཟེར་མཁན་དེ་ང་ཤི་ཟིན་པའི་རྗེས་དང་མ་ཤི་གོང་ནས་ཀྱང་ཧ་ཅང་མང་པོ་ཡོང་སྲིད་པས་དེ་ལ་དོགས་གཟབ་གྱིས། དེ་ནི་ངའི་ཁ་ཞེ་གཉིས་མེད་ཀྱི་ཤ་ཚའི་གྲོས་འདེབས་ཡིན།

འོན་ཀྱང་ཆོས་རྣམས་ཀྱི་བརྗོད་བྱ་ལ་ཟབ་མིན་གྱི་ཁྱད་པར་ཡོད་པ་ནི་སྨོས་མ་དགོས་པ་སྟེ། དཔེར་ན་རྙིང་མ་པ་རང་གི་གཞུང་ལ་བསམ་བློ་བཏང་ན་ཡང་། ཕ་རྒྱུད་དང་མ་རྒྱུད་ལ་ལྟོས་ན་གཉིས་མེད་ཀྱི་རྒྱུད་སྡེ་ཨ་ཏི་ཡོ་ག་དེ་ཤིན་ཏུ་ཟབ་པ་དང་། མྱུར་བ། ཉམས་ལེན་བདེ་བ་སོགས་གནམ་དང་ས་ལྟ་བུའི་ཁྱད་པར་ཡོད་ནའང་། དེ་ཅིག་ཤོས་ངན་པ་དང་ཅིག་ཤོས་བཟང་པོ་ཡིན་པས་མིན། དེ་དག་ནི་གང་ཟག་གི་ཁམས་དབང་མོས་པ་བསམ་པའི་བྱེ་བྲག་དང་བསྟུན་ནས་བཅོམ་ལྡན་འདས་ཀྱིས་སོ་སོར་གསུངས་པ་ཡིན།

དེ་དག་ལས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཇི་སྙེད་གསུངས་པའི་ཐེག་པ་ཐམས་ཅད་ཀྱི་རྩེ་མོའམ་ཕུལ་དུ་བྱུང་བ་ནི་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ཡིན་ལ། རྫོགས་པ་ཆེན་པོ་འདི་ནི་སངས་རྒྱས་ཀྱི་གསུང་མཐའ་དག་གི་གནད་གསལ་བར་སྟོན་པ། ལུང་ཐམས་ཅད་ཀྱི་སྤྱི་འགྲེལ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པའི་ཞེ་ཕུག་དམ་པ། ཐམས་ཅད་ཀུན་ཀྱང་མངོན་པར་རྫོགས་པར་འཚང་རྒྱ་བའི་ལམ་ཚང་ལ་མ་ནོར་བ་ཡིན་པར་ཚང་མས་ངོ་ཤེས་དགོས་པ་ཡིན།

རྫོགས་ཆེན་ཐུན་མིན་གྱི་ཁྱད་ཆོས།

དེ་ལ་འགའ་ཞིག་གིས་འདི་ལྟར་བསམ་ཡང་སྲིད་དེ། ང་ཚོ་བོད་ལ་ནེ་ཙོའི་ཁ་ཡི་ཆོས་བཤད་ཟེར་རྒྱུ་ཞིག་ཡོད་དར། ནེ་ཙོས་འབུ་མ་གསོད་འབུ་མ་གསོད་ཟེར་བཞིན་དུ་ཁོ་རང་གིས་འབུ་ཟ་འགྲོ་བ་བཞིན། གྲུབ་མཐའ་ལ་ཕྱོགས་རིས་མ་བྱེད་ཟེར་ནས་རྫོགས་པ་ཆེན་པོ་ཁོ་ན་ལ་བསྟོད་ཀྱིན་འདུག་བསམ་ན། ༼དགོད་སྒྲ།༽ དེ་རྩ་བ་ནས་མིན། དེ་ལ་ཡིད་ཆེས་པའི་ཁུངས་རྣམ་པ་དུ་མ་ཞིག་ཡོད།

༡ ལོ་རྒྱུས་ལ་བསྙེགས་པ།

ཐོག་མར་སྔོན་གྱི་ལོ་རྒྱུས་ལ་བསམ་བློ་བཏང་ན། རིག་འཛིན་དགའ་རབ་རྡོ་རྗེ་ནས་བཟུང་འཇམ་དཔལ་བཤེས་གཉེན། ཤྲཱི་སེང་ཧ། ཛྙཱ་ན་སུ་ཏྲ་ལ་སོགས་པ་འཇའ་ལུས་འཕོ་བ་ཆེན་པོའི་སྐུར་བཞེངས་པ་མ་ཟད། ཨོ་རྒྱན་སངས་རྒྱས་གཉིས་པ་དང་པཎ་ཆེན་བི་ལ་མི་ཏྲ་རྣམ་པ་གཉིས་ནི་སྐུ་ལུས་ཀྱང་མ་བརྗེས་པར། ད་ལྟ་ཡང་ཨོ་རྒྱན་རིན་པོ་ཆེ་ལྷོ་ནུབ་རྔ་ཡབ་དཔལ་རི་ན་བཞུགས་པ་དང་། པཎ་ཆེན་བི་མ་ལ་མི་ཏྲ་རྒྱ་ནག་རི་བོ་རྩེ་ལྔར་བཞུགས་པ་སོགས་རྙིང་མ་པའི་བླ་མ་བརྒྱུད་པ་དང་བཅས་པ་ཐམས་ཅད་ཀུན་ཀྱང་འཇའ་ལུས་རྡུལ་བྲལ་ལམ། འཇའ་ལུས་འཕོ་ཆེན་གང་རུང་གི་སྐུར་མ་བཞེངས་པ་མེད་པ་ལྟ་བུ་ཡིན། དེང་སང་གི་དུས་སྐབས་ན་ཡང་། བོད་ཡུལ་གྱི་ས་ཆའི་སྟོད་སྨད་བར་གསུམ་ཀུན་ཏུ་རྫོགས་པ་ཆེན་པོའི་ལམ་ཉམས་སུ་ལེན་པའི་གང་ཟག་ལ། ཕྱི་ནང་གསང་གསུམ་གྱི་རྟགས་མཚན་དང་འཇའ་ལུས་ཀྱི་སྐུར་བཞེངས་པ་ཡང་མང་པོ་ཡོད་ཚུལ་རྒྱས་པར་སྐྱབས་རྗེ་བདུད་འཇོམས་པ་ཆེན་པོའི་ཆོས་འབྱུང་ལས་ཇི་སྐད་གསུངས་པ་ལྟ་བུ་ཡིན། ད་རུང་ཡང་བདུད་འཇོམས་ཀྱི་ཆོས་འབྱུང་ནང་དུ་བཀོད་མེད་པའི་འཇའ་ལུས་པ་འདི་དང་འདི་ལྟ་བུ་འབྱུང་ཡོད་ཅེས་དང་། ད་ལྟ་ཡང་ལམ་གྲུབ་པའི་རྟགས་མཚན་ཅན་འདི་འདྲ་ཡོད་ཅེས་བཤད་དགོས་ནའང་མང་པོ་ཡིན། དེ་རྐྱང་པ་ལ་བསམ་བློ་བཏང་ན་ཡང་རྫོགས་པ་ཆེན་པོའི་ཆོས་ལྟ་བུ་ཞིག་ད་སྔོན་སའི་སྟེང་མ་ལུས་པ་ཀུན་ཏུ་བྱུང་མ་མྱོང་བ་ལྟ་བུ་ཡིན།

༢ ལམ་མྱུར་བ།

དེ་ནས་ལམ་མྱུར་བུལ་ལ་བསམ་བློ་བཏང་ན། གཞུང་རང་རང་གི་སྐབས་ན་བཤད་པ་དེ་ཚད་མ་ཉིད་དུ་འཛིན་དགོས་པ་ཡིན། དཔེར་ན་གསང་བ་འདུས་པ་དང་དུས་ཀྱི་འཁོར་ལོ་ལ་སོགས་པའི་གཞུང་ལ་བསམ་བློ་བཏང་ན། བརྩོན་འགྲུས་དང་ཤེས་རབ་མཆོག་དང་ལྡན་པས་ཚེ་གཅིག་གིས་སངས་རྒྱས་ཀྱི་གོ་འཕང་འགྲུབ་པར་འགྱུར་རོ་ཞེས་ཚེ་གཅིག་གི་ངོས་འཛིན་དེ་ཡང་ཚེ་ལོ་བརྒྱ་པ་ལྟ་བུ་ལ་ངོས་བཟུང་ཡོད། དེ་མ་གཏོགས་གཞུང་རང་གི་ནང་དུའང་མ་བཤད་པ་ཡིན། མ་བཤད་པ་ཞིག་བཙན་ཐབས་ཀྱིས་དེའི་མགོར་གླན་ནས་དེ་ལས་མྱུར་བ་ཞིག་ཡིན་ཟེར་ཐབས་མེད་ལ། རྫོགས་པ་ཆེན་པོ་འདིར་ཅི་ཞིག་བཤད་ཡོད་པ་ཡིན་ན། སྙིང་ཐིག་ཡ་བཞི་ལ་སོགས་པའི་སྐབས་ན་བརྩོན་འགྲུས་མཆོག་དང་ལྡན་ན་ལོ་གསུམ་གྱིས་ཟུང་འཇུག་གི་གོ་འཕང་འགྲུབ་པར་འགྱུར་བར་གསུངས། ད་རུང་མན་ངག་གི་ཡིག་ཆ་ལྕེ་བཙུན་སྙིང་ཐིག་ཆེན་མོ་ལས་དབང་པོ་མཆོག་དང་ལྡན་པའམ་ཁྱད་པར་དུ་དད་པའི་དབང་པོ་མཆོག་དང་ལྡན་ན། ཟླ་བ་དྲུག་གིས་འཕོ་བ་ཆེན་པོའི་སྐུ་འགྲུབ་པར་འགྱུར་རོ་ཞེས་པ་ནི་གཞུང་རང་གི་བསྟན་བྱ་ཡིན། དེ་ཚད་མ་ཉིད་དུ་བཟུང་ན་རྫོགས་པ་ཆེན་པོ་ལྟ་བུའི་འབྲས་བུ་ཐག་ཉེ་མོ་འདི་འདྲ་བཤད་ཡོད་ས་གསར་མའི་རྒྱུད་སྡེ་གང་ལ་ཡང་དཀོན་མོ་ཡིན།

༣ ཉམས་ལེན་བདེ་བ།

དེ་ནས་ལམ་ཉམས་སུ་ལེན་བདེ་ཚུལ་ལ་བསམ་བློ་བཏང་ན། དཔེར་ན་གསང་སྔགས་གསར་མའི་རྒྱུད་སྡེ་ཐམས་ཅད་ཀྱི་ཆེས་མཆོག་ཏུ་གྱུར་བ་དཔལ་དུས་ཀྱི་འཁོར་ལོ་ཡིན་ལ། དེ་ལས་ལྷག་པ་ཞིག་གསང་སྔགས་གསར་མའི་རྒྱུད་སྡེ་ལ་མེད། དེའི་རྩོལ་མེད་ཀྱི་ལམ་ནི་རྫོགས་རིམ་སྦྱོར་བ་དྲུག་གི་ཉམས་ལེན་རེད། དེ་ཉམས་སུ་ལེན་པའི་དབང་དུ་བྱས་ན་ཡང་ཁྱེད་རྣམ་པས་ཞིབ་པར་སྦྱོར་བ་དྲུག་ལ་ལྟོས་དང་། དང་པོ་སོ་སོར་སྡུད་པའི་རྣལ་འབྱོར་ལ་ལྟ་དུས་ཧ་ལམ་རྫོགས་ཆེན་དང་འདྲ་བར་ལུས་ངག་ཡིད་གསུམ་པོ་རང་བབས་སུ་ཞོག་ཅེས་དང་། ནམ་མཁའ་ཆུ་འཛིན་བྲལ་བ་དག་ལ་བགྲད་པའི་མིག་གིས་བལྟ་བར་བྱ་ཞེས་གསུངས་ཡོད་ཀྱང་། རྗེས་མ་བསམ་གཏན་དང་རྗེས་དྲན་གྱི་སྐབས་སུ་དེ་ལ་གེགས་ཀྱང་ཧ་ཅང་མང་། གོལ་ས་ཡང་ཧ་ཅང་མང་། བོགས་འདོན་གྱི་མན་ངག་ཀྱང་ཤིན་ཏུ་མང་པོ་དགོས། ཁྱད་པར་དུ་བླ་མ་དེ་ཡང་ཧ་ཅང་མཁས་པ་དང་གྲུབ་མཐའ་ལ་བྱང་བ། ཉམས་མྱོང་ཚད་དང་ལྡན་པ་ཞིག་རྒྱུན་དུ་མ་བསྟེན་ན་རྩ་བ་ནས་ལམ་མཐར་ཕྱིན་པའི་ཐབས་མེད། དེའི་ཚུལ་ཡང་ཇོ་ནང་ཀུན་མཁྱེན་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་ལ་སོགས་པའི་སྐབས་ན་ཇི་ལྟར་བཤད་པ་བཞིན་ཡིན། དེང་སང་གི་གནས་སྐབས་ན་ལམ་དེ་ལྟར་ཉམས་སུ་ལེན་དགོས་ཟེར་ན་ཧ་ཅང་དཀའ་མོ་ཡིན། དེས་ན་རྫོགས་པ་ཆེན་པོ་ཉམས་སུ་ལེན་པར་བྱེད་པ་ལ་བླ་མར་སངས་རྒྱས་དངོས་མཐོང་གི་དད་པ་ཡོད། དེ་ལ་གསོལ་བ་ཐོབ། རང་བཞག་གི་མན་ངག་གཅིག་གི་ཐོག་ཏུ་སྡོད་དང་། དེ་མ་གཏོགས་ཅི་ཡང་མི་དགོས། ལྕེ་བཙུན་སྙིང་ཐིག་ཆེན་མོའི་ནང་ན། ཁྱད་པར་བཅོས་མ་མ་ཡིན་པའི་མོས་གུས་དྲག་པོས་བླ་མ་ལ་ནན་ཏན་དུ་གསོལ་བ་གདབ་པ་ནི་གེགས་སེལ་དང་བོགས་འདོན་ཐམས་ཅད་ཀྱི་མཆོག་ཏུ་འགྱུར་རོ༔ ཞེས་གསུངས་ཡོད་པས། དེ་མ་གཏོགས་གང་ཡང་ཡོད་དགོས་པ་མིན། དེ་ནས་སྐྱིད་སྐྱིད་བྱས་ནས་ཉལ་བསྡད་ན་ཡང་ཆོག འདི་ལ་བསམ་བློ་བཏང་ན་རྫོགས་པ་ཆེན་པོ་ནས་བཤད་པ་ལྟ་བུ་ཞིག་གང་ནའང་ཡོད་པ་མིན།

༤ དུས་བབ་ཀྱི་ཆོས།

དེ་ནས་དུས་བབ་ཀྱི་ཆོས་ཡིན་ཚུལ་ལ་བསམ་བློ་བཏང་ན། སེམས་ཅན་རྣམས་ཉོན་མོངས་ཇི་ཙམ་རགས་པ་དེ་ཙམ་དུ་ཆོས་དེ་ཡང་ཇེ་ཟབ་ཇེ་ཟབ་ཏུ་འགྲོ་དགོས་པ་ཡིན། དཔེར་ན། མི་ཞིག་ནད་ཚབས་ཆེན་ཞིག་གིས་ཐེབས་ན་དེའི་གཉེན་པོ་སྨན་ཡང་ཕན་ནུས་ཆེ་བ་ཞིག་མ་བཏང་ན་དྲག་ཐབས་མེད་པ་བཞིན་དུ། རྫོགས་ལྡན་དང་པོའི་གནས་སྐབས་སུ་སེམས་ཅན་རྣམས་ཉོན་མོངས་ཧ་ཅང་ཆུང་བ་ཡིན་པས་དེའི་གཉེན་པོར་བྱ་རྒྱུད་དང་། གསུམ་ལྡན་དུ་སྤྱོད་རྒྱུད། ཉིས་ལྡན་གྱི་གནས་སྐབས་ན་རྣལ་འབྱོར་རྒྱུད། རྩོད་ལྡན་གྱི་གནས་སྐབས་ན་ཉོན་མོངས་ཧ་ཅང་རགས་པས་བླ་མེད་ཀྱི་རྒྱུད་བསྟན། རྩོད་ལྡན་ལས་ཀྱང་དེང་སང་སྙིགས་མ་ལྔ་བདོ་བ་སྐྱེ་བོ་རྣམས་ཧ་ཅང་གདུལ་བར་དཀའ་བའི་གནས་སྐབས་ན། རྫོགས་པ་ཆེན་པོ་འདི་ཁོ་ན་མ་གཏོགས་གཞན་གང་གིས་ཀྱང་གདུལ་བར་མི་ནུས་པས། ཀཿ ཐོག་བདུད་འདུལ་གྱིས་ཀྱང་། ཐེག་བརྒྱད་གྲུབ་མཐས་གདུལ་བར་དཀའ་བའི་ཚེ། །ཐེག་རྩེ་ཨ་ཏིའི་བསྟན་པ་གསལ་བར་མཛད། །ཅེས་དེང་སང་ཐེག་པ་བརྒྱད་གང་གིས་ཀྱང་གདུལ་བར་དཀའ་བའི་དུས་སུ་ཐེག་རྩེ་ཨ་ཏི་ཡོ་ག་ཁོ་ན་དུས་བབ་ཀྱི་ཆོས་ཡིན་པས་ཆེས་རྨད་དུ་བྱུང་བ་ཞིག་ཡིན།

༥ བསྟན་པའི་གནས་ཚད།

དེ་ནས་བསྟན་པའི་གནས་ཚད་ལ་བསམ་བློ་བཏང་ན། སྤྱིར་སངས་རྒྱས་ཀྱི་བསྟན་པ་ཕལ་ཆེར་རྫོགས་ལ་ཉེ་བ་ཡིན་ཏེ། དཔེར་ན། འབྲས་བུའི་དུས་དང་བསྒྲུབ་པའི་དུས། ལུང་གི་དུས། རྟགས་ཙམ་འཛིན་པའི་དུས་བཅས་རྣམ་པ་བཞི་ཡོད་པ་ལས། ད་ལྟ་ཕལ་ཆེར་ལུང་གི་དུས་ཀྱི་ཚུལ་ཁྲིམས་ཀྱི་དུས་ཡོལ་ནས་ཏིང་འཛིན་གྱི་དུས་ལ་ཐུག་ཡོད་པ་ཡིན། རྒྱུད་སྡེ་སྤྱི་ཁྱབ་ཀྱི་དབང་དུ་བྱས་ན་ཡང་རེ་རེ་བཞིན་དུ་བསྟན་པའི་གནས་ཚད་ཕལ་ཆེར་རྫོགས་འགྲོ་བཞིན་ཡོད། དཔལ་དུས་ཀྱི་འཁོར་ལོར་མཚོན་ན། ཆོས་རྒྱལ་བདུན་དང་རིགས་ལྡན་ཉེར་ལྔའི་རིང་ལ་བསྟན་པ་སྔ་དར་རྒྱ་ཆེར་སྤེལ། རིགས་ལྡན་དྲག་པོ་ལྕགས་ཀྱི་འཁོར་ལོ་ཅན་གྱི་སྲས་རྣམ་པ་གཉིས་ཀྱིས་དུས་ཀྱི་འཁོར་ལོའི་ཕྱི་དར་གྱི་བསྟན་པ་སྤེལ་དགོས་ན། ད་ལྟ་སྔ་དར་གྱི་བསྟན་པ་སྟེ་ཆོས་རྒྱལ་བདུན་ཡང་རྫོགས། རིགས་ལྡན་ཉེར་ལྔ་ལས་རིགས་ལྡན་ཉེར་གཅིག་པ་མ་འགགས་པ་ཡང་གསེར་ཁྲི་ལ་འཁོད་ནས་ད་ལོ་དགུང་ལོ་དྲུག་བཅུ་རེ་དྲུག་ཡིན་པས། སྔ་དར་གྱི་བསྟན་པ་ཕལ་ཆེར་རྫོགས། འོན་ཀྱང་བསྟན་པའི་གནས་ཚད་རྫོགས་ལ་ཇི་ཙམ་ཉེ་བར་ཆོས་ཀྱི་བྱིན་རླབས་སམ་ནུས་པ་ནི་ཇེ་བུལ་ཇེ་བུལ་དུ་འགྱུར་རྒྱུ་ཡིན་མོད། རྫོགས་པ་ཆེན་པོའི་བསྟན་པ་ནི། སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས། དེ་ནས་མཁའ་འགྲོ་དཔལ་འཛིན་མས། །བསྟན་པ་འདི་ཉིད་བཟུང་ནས་ནི། །ཚེ་ལོ་བཅུ་པའི་དུས་ལ་དར། །དེ་ནས་མི་གནས་ངོ་བོའོ། །ཞེས་ཁ་རྩང་དེ་རིང་གི་དུས་ཚོད་ཏག་ཏག་ཏིག་ཏིག་འདིར་རྫོགས་པ་ཆེན་པོའི་བསྟན་པ་ཧ་ཅང་དར་བའི་དུས་ཚོད་ཡིན། དེ་ཡང་རྗེས་སུ་མང་ཆེ་བ་ཞིག་བུད་མེད་ཀྱི་ལུས་རྟེན་ལ་འཇའ་ལུས་འཕོ་བ་ཆེན་པོའི་སྐུ་འགྲུབ་པར་འགྱུར་བར་གསུངས་ཡོད། ལྷག་པར་ཚེ་ལོ་བཅུ་པའི་དུས་སུ་མཁའ་འགྲོ་དཔལ་འཛིན་མ་ཞེས་བྱ་བས་མཐོང་ཐོས་དྲན་རེག་གི་སེམས་ཅན་ཐམས་ཅད་འཕོ་བ་ཆེན་པོའི་སྐུར་བཞེངས་བའི་ས་ལ་འགོད་པར་བྱེད་ཅེས་རྒྱ་ཆེར་བཤད་ཡོད་པས། རྫོགས་པ་ཆེན་པོ་འདི་ནི་ད་སྐབས་ཧ་ཅང་དར་རྒྱས་ཕུན་སུམ་ཚོགས་པ་ཞིག་དང་། ཉམས་སུ་བླངས་ན་བསམ་གྱིས་མི་ཁྱབ་པའི་ཆོས་ཚུལ་ཞིག་ཡིན།

དེས་ན་རྫོགས་པ་ཆེན་པོའི་མན་ངག་གི་ཆེ་བ་འདི་ཉིད་གཟུངས་ཐོབ་པའི་བྱང་ཆུབ་སེམས་དཔའ་ཞིག་གིས་བཤད་ན། བསྐལ་པ་ནས་བསྐལ་པའི་བར་དུ་བཤད་ཀྱང་འཛད་མཐའ་མེད་པ་ཞིག་ཡོད་པ་ནི་སྨོས་མ་དགོས་པ་ཡིན་ལ། དཔེར་ན་དམན་པ་བདག་ལྟ་བུས་བཤད་ན་ཡང་ཞག་ཁ་ཤས་ཀྱི་བར་དུ་མི་འཛད་པའི་སྐད་ཆ་ལབ་ལོབ་མང་པོ་ཞིག་བཤད་རྒྱུ་ཡོད་ཀྱང་། དེ་རིང་དེ་ཙམ་ཞིག་གིས་མཚམས་འཇོག་བྱ།

མཇུག་སྡུད།

ངས་རྟེན་འབྲེལ་གྱི་ཆེད་དུ་མཇུག་སྡུད་ཀྱི་ཚུལ་དུ་ལུང་གཉིས་འདྲེན་རྒྱུ་ཡིན།

དང་པོ་ནི། རིག་འཛིན་དགའ་རབ་རྡོ་རྗེའི་བསྟན་པ་བུ་གཅིག་གི་འགྲེལ་བའི་མཇུག་རྩོམ་དུ། དུས་གསུམ་སངས་རྒྱས་ཐམས་ཅད་ལ། །ཐུན་མོང་མན་ངག་བསམ་འདས་ཀྱང་། །མཆོག་གི་མན་ངག་སྲས་གཅིག་པོ། །འདི་ལས་ཟབ་པ་ཞིང་ཁམས་ནི། །མཐའ་མེད་དག་ན་ཡོད་རེ་ཀན། །ཞེས་འདས་མ་འོངས་ད་ལྟ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལ་ཆོས་ཀྱི་ཚུལ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་ཀྱང་མཐར་ཐུག་གི་གནད་ཡོངས་སུ་རྫོགས་པ་དྲིལ་བ་ནི། སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་པོ་རང་བྱུང་བསྟན་པ་བུ་གཅིག་གི་རྒྱུད་རྫོགས་པ་ཆེན་པོ་འདི་ལས་ལྷག་པ་ཞིག་ཡོད་པ་མིན། ཞེས་ང་ཚོ་བོད་ཀྱིས་ཉི་མ་ལྷ་ས་ཟེར་ནས་མནའ་བསྐྱལ་བ་ལྟར། རིག་འཛིན་དགའ་རབ་རྡོ་རྗེས་འུ་ཅག་ཡིད་ཆེས་པའི་ཆེད་དུ་དབུ་སྙུང་བཞེས་པ་ཡིན། དེ་ཚང་མས་ཐུགས་ལ་ཟུང་།

ལུང་གཉིས་པ་ནི། རང་རེ་རྣམས་ལ་བཀའ་དྲིན་མཚུངས་ཟླ་དང་བྲལ་བ། རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས། དགེ་བའི་བཤེས་གཉེན་གྱི་ཚུལ་དུ་སྣང་བ། ཀུན་མཁྱེན་མི་ཕམ་རྒྱ་མཚོ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཀྱི་ཞལ་སྔ་ནས་ཀྱང་། སྙིགས་མའི་རྒུད་པ་མུན་ལྟར་འཁྲིགས་ན་ཡང་། །རྒྱལ་དབང་པདྨའི་ཕྲིན་ལས་ཟླ་ལྟར་གསལ། །ཞེས་སྙིགས་མ་ལྔ་བདོ་བའི་སྐབས་འདིར་ནད་མུག་མཚོན་དང་། ཁྱད་པར་དུ་ནང་གི་ཉོན་མོངས་པ་འདོད་ཆགས་ཞེ་སྡང་གཏི་མུག་ལ་སོགས་པ་ཇི་ཙམ་རྒྱས་པ་དེ་ཙམ་དུ་རྒྱལ་དབང་པདྨ་ཀ་རའི་འཕྲིན་ལས་ནི་དེ་བས་ཀྱང་གསལ་བ་ཡིན།

དཔེར་ན་སྨག་ཇི་ཙམ་ནག་ན་ཟླ་བའི་འོད་དེ་ཙམ་གྱིས་གསལ་བ་ལྟར། སྙིགས་མའི་མུན་པ་ཇི་ཙམ་ཞིག་འཁྲིགས་པ་ན་རྒྱལ་དབང་པདྨའི་འཕྲིན་ལས་ནི་དེ་ཙམ་གྱིས་མྱུར་བ་ཡིན་ཞེས་གསུངས་པ་ཡིན་ན། ཁྱེད་རྣམ་པ་ཚང་མས་ཀྱང་ཆོས་དེ་རྫོགས་པ་ཆེན་པོ་ཁོ་ན་ལ་ཉམས་བཞེས་མཛད་པ་དང་། བླ་མ་ནི་ཨོ་རྒྱན་རིན་པོ་ཆེ་ཁོ་ན་ལ་གསོལ་བ་རྩེ་གཅིག་ཏུ་འདེབས་པ་དེ་ནི་ངས་ཁྱེད་ཅག་ལ་གསོལ་བ་བཏབ་པའི་སྙིང་པོ་ཡིན།

ང་དང་བསོད་རྒྱལ་རིན་པོ་ཆེ་གཉིས་ལས་རབ་གླིང་པའི་སྤྲུལ་པ་ཡིན་པར་བཤད་ཀྱིན་ཡོད་ན། ངེད་གཉིས་ཀྱིས་ཀྱང་ཚེ་གཅིག་རེ་ལྟོས་འཆའ་ས་ནི་བླ་མ་ཨོ་རྒྱན་ཆེན་པོ་ཁོ་ན་ཡིན་ལ། ཐུབ་རུང་མ་ཐུབ་རུང་ཉམས་སུ་ལེན་རྒྱུ་ནི་རྫོགས་པ་ཆེན་པོ་ཁོ་ན་ཡིན་ན། ཁྱེད་རྣམ་པས་ཀྱང་ང་དང་ཁྱད་པར་དུ་ཁྱེད་ཅག་གི་བླ་མའི་རྗེས་སུ་འཇུག་པར་འདོད་ན་དེ་བཞིན་དུ་མཛད་པར་སླར་ཡང་ཞུ་བ་ཡིན།

དེ་རིང་བཤད་དགོས་རྒྱུའི་སྙིང་པོ་ནི་རྫོགས་པ་ཆེན་པོ་ཁོ་ན་ལས་བརྩམས་པའི་སྐད་ཆ་དེ་བཤད་དགོས་པ་ཡིན། དེ་ནི་ཁྱེད་ཅག་གི་བླ་མའི་ཐུགས་བཞེད་ཀྱང་ཡིན། ངོ་མ་ངས་གཤོབ་དང་རྫུན་བཤད་པ་མིན། ལས་རབ་གླིང་པའི་ཆོས་ཚོགས་འདི་ལ་ཐོན་ནས་བཟུང་། ངས་གྲ་སྒྲིག་ཚིག་གཅིག་ཀྱང་བྱས་མེད་ཀྱང་སྐད་ཆ་ཕར་འཕྲོས་སོང་དུས་མཚམས་འཇོག་རྩ་བ་ནས་མི་ཐུབ་པ་བྱུང་། དེས་ན་དེ་རིང་རྫོགས་པ་ཆེན་པོའི་དངོས་གཞིའི་ཁྲིད་བཤད་པའི་སྐབས་ལ་ཐོན་མ་ཐུབ་ཀྱང་། རྫོགས་པ་ཆེན་པོའི་དངོས་གཞིའི་ཆོས་ནི་ཁྱེད་རྣམ་པས་སྔར་དང་ད་ལྟ་དང་ཕྱིས་ཀྱང་ཉམས་སུ་ལེན་དང་ལེན་བཞིན་པའི་སྒང་རེད། དེའི་ཕྱིར་ན་དེ་དག་གིས་འཐུས་པར་བྱས་ནའང་ཆོག་མོད། གལ་ཏེ་སླར་ཡང་ཁོམ་སྐབས་ཡོད་ན་མདོར་བསྡུས་ཙམ་རེ་སང་ཉིན་གནངས་ཉིན་གྱི་དུས་ཚོད་ལའང་ངས་ཅུང་ཟད་རེ་ལབ་ཀྱང་ཆོག གལ་སྲིད་ཁོམ་པ་མ་བྱུང་ནའང་རང་རང་གི་བླ་མ་ཡུན་རིང་པོའི་བར་དུ་བསྟེན་ནས་འདྲི་གཅོད་གྱིས་དང་དེས་མ་འཐུས་པ་མི་འདུག ད་ཡང་བླ་རྒན་ཐུགས་ཐོག་ནས་ཅུང་ཟད་བུད་ཡོད་པས། མཚམས་འཇོག་རྒྱུ་མི་ལོན་སེམས་ཐག་གོར་མོ་རྡོ་རེད། ད་རུང་རང་བབ་ལ་བཞག་བཏང་ན་ཉི་མ་ནུབ་སོང་ཡང་གཏམ་ལ་ཟད་མཐའ་མི་འདུག ཆུ་ཚོད་ཀྱིས་ཀྱང་ང་ལ་མཚམས་འཇོག་རན་ཐལ་ཟེར་གྱིན་འདུག དེ་ཙམ་གྱིས་ཆོག་པར་བྱ།

ལས་གླིང་ཆོས་ཚོགས་མཐའ་རྒྱ་ནམ་མཁའ་འདྲ། །

བསོད་རྒྱལ་སྤྲུལ་སྐུའི་བྱིན་རླབས་ཉི་འོད་འདྲ། །

ཁོ་བོའི་ངག་ལ་ཟད་མཐའ་མེད་པས་ན། །

མཐའ་གཅིག་ཚང་བར་བརྗོད་པར་དཀའ་ན་ཡང་། །

རེ་ཞིག་དུས་ཚོད་དབང་གིས་དེ་ཙམ་མོ། །

བདག་གིས་ཀྱང་ཆོས་ཁྲིད་འགའ་རེ་བཤད།

ཉིན་དེའི་དགོང་མོར། ཆོས་ཚོགས་ཀྱི་དད་ལྡན་རྣམས་ཀྱིས་རེ་བསྐུལ་བྱས་པ་ལྟར། བདག་གིས་དེར་འཁོད་རྣམས་ལ་ཆོས་ཁྲིད་ཅིག་བཤད་པ་ཡིན་ལ། དེའི་ནང་དོན་གཙོ་བོ་ནི་གཏེར་ཆེན་ལས་རབ་གླིང་པ་དང་ཁོང་གི་ཡང་སྤྲུལ་གྱི་སྐོར་དང་། ཁྱད་པར་དུ་ཆོས་རྗེ་ཉིད་ཀྱི་རྣམ་ཐར་དང་སྦྲགས་ནས་ཁོང་གི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྣམས་ངོ་སྤྲོད་བྱས་པ་ཡིན།

ཐེངས་འདིར་ཕྱི་ལོགས་སུ་ཆོས་རྗེ་ཉིད་ཀྱི་ཕྱག་ཕྱིར་འགྲོ་བའི་རིང་ལ། བདག་གིས་ལས་རབ་གླིང་ཙམ་དུ་མ་ཟད། ས་ཚུགས་གཞན་དག་ནས་ཀྱང་ཆོས་ཁྲིད་ལན་འགར་བཤད་པ་སྟེ། དཔེར་ན། ནཱ་ཕཱ་ལུང་དུ་འཇམ་དཔལ་གྱི་སྒོམ་ཐབས་བཤད་ཅིང་ཡུལ་ངོས་དྲི་བ་དྲིས་ལན་ཐེངས་གཉིས་བྱས། བྷོ་སི་ཐིན་དུ་དམ་པ་གསུམ་དང་བདག་མེད་ཀྱི་སྐོར་བཤད་ཅིང་། ཕུར་པའི་ལས་ཆོག་གི་ལུང་བཏོན་པ་ཡིན།

ཁྱད་པར་དུ་བདག་མེད་ཀྱི་སྐོར་འཆད་པའི་སྐབས་སུ། བདག་གིས་སྔོན་གྱི་སློབ་དཔོན་རྣམས་ཀྱི་དགོངས་པ་དང་བསྟུན་པ་སྟེ། སློབ་དཔོན་ཀླུ་སྒྲུབ་ཀྱི་རྩ་ཤེས་ལས་བསྟན་པའི་རྣམ་ལྔ་ཤིང་རྟའི་རིགས་པ་དང་། ཟླ་གྲགས་ཀྱི་དབུ་མ་འཇུག་པའི་རྣམ་བདུན་ཤིང་རྟའི་རིགས་པ། ཞི་བ་འཚོའི་དབུ་མ་རྒྱན་གྱི་གཅིག་ཏུ་བྲལ་གྱི་རིགས་པ། ཞི་བ་ལྷའི་སྤྱོད་འཇུག་ལས་བསྟན་པའི། སོ་དང་སྐྲ་སེན་བདག་མ་ཡིན། །ནས་རྣམ་ཤེས་དྲུག་ཀྱང་བདག་མིན་པའི་སྐོར་སོགས་ཏེ། ལུང་དང་རིགས་པ་ལ་བརྟེན་ནས་ཅུང་ཟད་ཞིབ་ཕྲའི་སྒོ་ནས་བདག་མེད་ཀྱི་ལྟ་བ་ངོ་སྤྲོད་བྱས་ཤིང་། གཏན་ཚིགས་ཡང་དག་གི་ལམ་ནས་བདག་མེད་པའི་ཚུལ་ཤེས་པར་བྱེད་པ་དང་བདག་མེད་སྒོམ་སྟངས་སོགས་ཀྱང་འཆད་ཁུལ་བྱས་པ་ཡིན།

འོན་ཀྱང་ནུབ་ཕྱོགས་རྣམས་སུ་བསྟན་འགྲོའི་དོན་མཛད་པ་ལ། ཡང་ན་ཆོས་རྗེ་ཡིད་བཞིན་ནོར་བུ་ལྟ་བུའི་ཐུན་མོང་མ་ཡིན་པའི་བརྒྱུད་པའི་བྱིན་རླབས་དང་ཉམས་རྟོགས་ཀྱི་གདེང་དང་ལྡན་པ། དད་ལྡན་ཚེ་འདིར་གྲོལ་བ་དང་འབྲེལ་ཐོགས་སེམས་ཅན་རྣམས་ཀྱི་རྒྱུད་ལ་དགེ་རྩ་ལེགས་པར་བསྐྲུན་ནུས་པའི་སྐྱེས་བུ་དམ་པའམ། ཡང་ན་ནུབ་ཕྱོགས་སུ་ལོ་མང་འཚོ་བ་བསྐྱལ་བས་ཁོ་ཚོའི་སྡུག་བསྔལ་དང་དགའ་ཕྱོགས། རིག་གནས་སོགས་ལ་རྒྱུས་མངའ་གཏིང་ཟབ་ཡོད་པ་གཞིར་བཞག་ཐོག དེང་རབས་ཀྱི་སེམས་ཁམས་རིག་པ་སོགས་སེམས་འདུལ་སྦྱོང་གི་ཐབས་ཤེས་ཁོང་དུ་ཆུད་མཁན་ཞིག་ཡིན་ན་འགྲོ་དོན་ཆེན་པོ་ཡོང་ངེས་རེད་མ་གཏོགས། རྒྱུད་ན་ཉམས་དང་རྟོགས་པས་དབུལ་ཞིང་ནུབ་ཕྱོགས་ཀྱི་རིག་གནས་ལ་རྒྱུས་ལོན་ཉུང་བ་བདག་ལྟ་བུ་ཞིག་གིས། ཆོས་ཁྲིད་འགའ་ཞིག་བཤད་པ་ཙམ་གྱིས་ནི། ཁོ་ཚོ་ལ་ནུས་པ་ཆེར་མི་ཐོན་ཞིང་ཕན་ཅི་ཐོགས་འདི་ཐོགས་མི་འདུག་སྙམ།

དེས་ན་འདིར་གཙོ་བོ་ཆོས་རྗེ་ཉིད་ཀྱི་རྡོ་རྗེའི་གསུང་རྣམས་སྒྲིག་སྦྱོར་བྱས་པ་ལས། གཞན་པའི་འཆད་ཁྲིད་རྣམས་ནི་རེ་ཞིག་བཏང་སྙོམས་སུ་བཞག་གོ །

བླ་མ་མུ་མཚོ།

ཕྱི་ཟླ་༨པའི་ཚེས་༢༩ཉིན་གྱི་སྔ་དྲོར། བླ་མ་མུ་མཚོས་འདུས་པ་ཡོངས་ལ་རྡོ་རྗེ་གྲོ་ལོད་ཀྱི་དབང་གསུངས་ཤིང་། ད་ལན་ཕྱི་ཕྱོགས་སུ་ཕེབས་པའི་རིང་ལ། ཕལ་ཆེར་ས་ཚུགས་རེ་རེ་བཞིན་ཆོས་ཚོགས་སོ་སོས་དབང་གང་བསྐུར་བར་གསོལ་བ་ལྟར། ཁོང་གིས་ཕུར་པ་མགུལ་ཁུག་མ་དང་འཇམ་དཔལ་ཡེ་ཤེས་སེམས་དཔའ། རྟེན་འབྲེལ་ཉེས་སེལ། སྤྱན་རས་གཟིགས་སོགས་ཀྱི་དབང་མང་པོ་གནང་བར་མཛད།

ཕོ་མོ་འདྲ་མཉམ་ལ་གཙིགས་ཆེན་བྱེད་པའི་ནུབ་ཕྱོགས་པའི་མི་མང་པོ་ཞིག་གིས། བླ་མ་མུ་མཚོ་མཆོག་ལ་ལྷག་པར་དུ་དགའ་གུས་བྱེད་ཅིང་། ཆོས་ཚོགས་རེ་རེ་བཞིན་ཁོང་ལ་གཞན་དང་མི་འདྲ་བའི་དགའ་བསུ་ཆེན་པོ་ཐོབ། དེའི་རྒྱུ་མཚན་ཡང་། ནུབ་ཕྱོགས་རྒྱལ་ཁབ་རྣམས་སུ་ཆོས་གསུང་བར་ཕེབས་པའི་བླ་མ་དག་གི་ཁྲོད་དུ་བུད་མེད་གྱི་རྟེན་ཅན་ཡིན་པ་ཧ་ཅང་ཉུང་ཞིང་། དབང་ཁྲིད་གནང་མཁན་གྱི་མཁའ་འགྲོ་མ་དང་བུད་མེད་སྤྲུལ་སྐུ་ནི་དེ་ལས་ཀྱང་ཤིན་ཏུ་དཀོན་པས་ཡིན། བླ་མ་མུ་མཚོ་མཇལ་བའི་མི་མང་པོ་ཞིག་གིས། ཁོང་ནི་བྱམས་བརྩེའི་རང་གཟུགས་སུ་མཐོང་ཞིང་། བརྩེ་སེམས་དང་འཛུམ་མདངས་ཀྱིས་མི་རྣམས་ཀྱི་ཡིད་ལ་དྲོད་ཁོལ་བྱིན་པར་མ་ཟད། ཁོང་གི་ཞལ་ཐེངས་གཅིག་མཇལ་བ་ཙམ་གྱིས་ཀྱང་། ཐུན་མིན་ཆོས་པའི་རང་གཤིས་ཀྱིས་ཡིད་དབང་འཕྲོག་གིན་འདུག ལྷག་པར་དུ་བུད་མེད་ཆོས་པ་རྣམས་ལ་ཆོས་སྒྲུབ་པའི་རེ་འདུན་དང་སྤོབས་སེམས་གསར་བ་སྟེར་གྱིན་ཡོད་པར་བཤད།

བདག་ཆོས་རྗེ་ཉིད་ཀྱི་ཕྱག་ཕྱིར་རྒྱལ་ཕྱི་ནང་གི་ས་ཆ་མང་པོར་སོང་བའི་སྐབས་དག་ལ། བླ་མ་མུ་མཚོ་མཆོག་ལའང་ཅུང་ཟད་ཐག་ཉེ་བའི་སྒོ་ནས་བསྙེན་བཀུར་ཞུ་མྱོང་ཡོད། ཁོང་ལ་འཇིག་རྟེན་ལས་འདས་པའི་ཉམས་རྟོགས་དང་། མདོ་སྔགས་ཀྱི་ཆོས་ལ་མཁྱེན་རྒྱ་ཡངས་བའི་ཁྱད་མཚར་གྱི་ཤེས་རབ་མངའ་བར་མ་ཟད། རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དུ་གཞན་ལ་འབྲེལ་འདྲིས་དང་བྱ་བ་སྒྲུབ་སྟངས་ཐད་ནས་ཀྱང་། འཇིག་རྟེན་གྱི་བུད་མེད་དཀྱུས་མ་འགའ་རེ་ལྟར་སྤོབས་པ་ཆུང་བ་དང་ཚོར་བ་སྐྱེན་པོ། དགའ་སྡུག་མ་ངེས་པ་ལྟ་བུ་མ་ཡིན་པར། ལྷན་སྐྱེས་སུ་རང་བཞིན་ཞི་ཞིང་དུལ་ལ་ངག་སྨྲ་བ་ཉུང་བ། འཇིག་རྟེན་གྱི་འདོད་ཡོན་ལ་མངོན་ཞེན་ཆུང་བ། བཟའ་བཏུང་དང་སྡོད་གནས་སོགས་ཀྱིས་མ་འགྲིགས་པ་མེད་པར་སྤྱོད་ལམ་གང་ལའང་ཆོག་ཤེས་ལྡན་པ་ཞིག་ཡིན།

ལྷག་པར་དུ། དུས་རྟག་ཏུ་ཁོང་གི་ཞང་པོ་ཆོས་རྗེ་ཡིད་བཞིན་ནོར་བུ་དང་མ་ཡུམ་ཨ་ནེ་མེ་སྒྲོན་གཉིས་དང་འབྲལ་བ་མེད་པར། བློ་གཅིག་སེམས་གཅིག་གིས་བསྙེན་བཀུར་ཞུ་བ་ལས་ཁོང་ཁྲོ་ལངས་ཏེ་ཚིག་རྩུབ་སྨྲ་བ་ཐེངས་གཅིག་ཀྱང་མཐོང་མ་མྱོང་ལ། ཆོས་རྗེ་ཉིད་དང་འཁོར་སློབ་རྣམས་ཀྱི་བར་ལའང་། དབྱེན་སྦྱོར་དང་ཕྲ་མས་རྩོད་སློང་གི་ལས་སོགས་ཡེ་མི་བྱེད་པར། དུས་དང་རྣམ་པ་ཀུན་ཏུ་མི་ཐམས་ཅད་ལ་བརྩེ་སེམས་འབའ་ཞིག་གིས་ཐུགས་ཁུར་མཛད་མཁན་ཞིག་ཡིན།

ཁོང་ལ་མི་ཕལ་བ་ལས་ལྷག་པའི་ཤེས་རབ་དང་ཡིད་འཛིན་མངའ་བའང་ཡིན་ཏེ། དཔེར་ན། བདག་ཅག་གི་ཅ་ལག་གང་ཞིག་གནས་གང་ལ་བཞག་པ་བརྗེད་ཙ་ན། ཁོང་གིས་ལམ་སང་ཐུགས་ལ་འཆར་ཡོང་ཞིང་། གནས་ཚུལ་གང་བྱུང་ཐམས་ཅད་ཀྱི་ཞིབ་ཕྲའི་དུས་ཚོད་ཚུན་ཆད་ཀྱང་གསལ་པོར་དྲན་ཐུབ་པ་མ་ཟད། རྒྱུན་དུ་སྔགས་བཟླ་བ་དང་ཁ་ཏོན་འདོན་པ། རྩེ་གཅིག་ཏུ་ཉམས་ལེན་བྱེད་པ་ལ་ཐུགས་དགྱེས་པོ་ཡོད་པ་ལས། རང་བཞིན་གྱི་གཏམ་འཁྱར་སྨྲ་བ་སོགས་ལ་སྤྲོ་བ་ཁྱོན་ནས་མེད།

བདག་རང་ཉིད་ལ་མཚོན་ན། ཁོང་ནི་ཆོས་དང་འཇིག་རྟེན་གང་ཐད་ནས་ཀྱང་བཀའ་དྲིན་བླ་ན་མེད་པ་ཡིན་ཞིང། ད་ལྟ་ཡང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་དགེ་འདུན་པ་སྤྱིའི་རྡོ་རྗེ་སློབ་དཔོན་ཉིད་དུ་སྐུ་འཚོ་ཞིང་གཞེས་ལ། རྟག་ཏུ་དབང་ཁྲིད་གནང་བཞིན་བཞུགས་ཡོད། ཁོང་གི་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཆོས་ཀྱི་འཁོར་ལོ་རྟག་ཏུ་བསྐོར་བའི་གསོལ་བ་ཡང་ཡང་འདེབས་པ་ལགས།

མཛེས་ལྗོངས་ལ་མྱོང་རོལ།

བླ་མ་མུ་མཚོས་དབང་གནང་བའི་རྗེས་སུ། བསོད་རྒྱལ་རིན་པོ་ཆེས་གདན་ཞུ་བྱས་པ་ལྟར། ཆོས་རྗེ་ཉིད་ལས་རབ་གླིང་གི་རྒྱབ་རིའི་རི་རྩེ་རུ་བསང་མཆོད་ལ་འབྱོན་པར་ཞལ་བཞེས་མཛད།

བདག་ཅག་རླངས་འཁོར་དུ་བསྡད་ནས་རི་རྩེར་སོང་བ་ན། དེར་གེ་སར་དང་རྟེན་འབྲེལ་ཉེས་སེལ་གྱི་དར་སོགས་དར་ཆ་མང་དུ་བཙུགས་ཡོད་པ་དང་། ལས་རབ་གླིང་ཆོས་ཚོགས་ཀྱི་སློབ་མ་རྣམས་དུས་ཆེན་ཁྱད་པར་ཅན་རྣམས་སུ་གནས་འདིར་ཡོང་ནས་རི་བསང་བྱེད་སྲོལ་ཡང་ཡོད་འདུག རི་རྩེ་འདི་ནི་ཧ་ཅང་ཁོད་ཡངས་ཤིང་ཕྱོགས་ཀྱི་རི་ལུང་ཐམས་ཅད་ཧྲིལ་གྱིས་མིག་འོག་ཏུ་ཆུད་པར་མ་ཟད། རྒྱང་ཐག་མི་རིང་བའི་སར་སི་ཕེན་དང་ཧྥ་རན་སིའི་རྒྱལ་མཚམས་ཀྱི་ཕི་རཱེ་ནེ་ཨོ་སིའི་རི་རྒྱུད་(Pyrenees)ཀྱང་གསལ་བོར་མཐོང་ཐུབ། ཁོང་ཚོས་ཆོས་རྗེ་ཉིད་ལ་ཉེ་འཁོར་གྱི་རི་རྒྱུད་དང་ཡོ་རོབ་ཀྱི་རྒྱལ་ཁབ་སོ་སོའི་གནས་ཕྱོགས་སོགས་ངོ་སྤྲོད་བྱས་པ་དང་། དེ་རྗེས་ཆོས་རྗེ་ཉིད་ཀྱིས་ཚང་མ་དང་མཉམ་དུ་དབྱངས་རྟ་ཧ་ཅང་སྙན་མོའི་སྒོ་ནས། རི་ཁྲུས་དང་བསང་མཆོད་ཀྱི་ཆོ་ག་རྒྱས་སྤྲོས་ཀྱི་ཚུལ་དུ་གསུངས་ཤིང་། བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ། སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པའི་ཐུགས་སྨོན་རྒྱ་ཆེར་གནང་།

དེ་ནས་རི་ལས་བབས་ཏེ་གུང་ཚིགས་གསོལ་རྗེས། ཆོས་རྗེ་ཉིད་དེར་འཁོད་ཀྱི་བླ་མ་འགའ་དང་མཉམ་དུ་ཇ་ཁང་(Teahouse)ཞེས་པ་རུ་བྱོན། ཇ་ཁང་ཞེས་པ་ནི་བསོད་རྒྱལ་རིན་པོ་ཆེས་ནགས་གསེང་དུ་བསྐྲུན་པའི་ཤིང་ཁང་ཆུང་ཆུང་ཞིག་ཡིན་ལ། དེ་ཡང་ཁོང་གིས་ཆོས་ཁྲིད་གསུང་སའི་གུར་ཆེན་གྱི་འོག་ཕྱོགས་ཀྱི་འབབ་ཆུའི་བཞུར་སྒྲ་ལྷུང་ལྷུང་སྒྲོག་པའི་ལུང་ཁུག་ཏུ་གནས་ཡོད། དེར་བགྲོད་པར་རི་ལམ་ཀྱག་ཀྱོག་ཅིག་ལས་མེད་སྟབས་རླངས་འཁོར་ཐོན་ཐབས་མི་འདུག དེར་བརྟེན། བདག་ཅག་གིས་ཆོས་རྗེ་ཉིད་ཀྱི་ཕྱག་ནས་བསྐྱོར་ཏེ་ཡར་མར་གཉིས་ལ་བྱོན་པས། སྐུ་ལ་འོ་བརྒྱལ་ཅུང་ཟད་མྱོང་དགོས་པ་བྱུང་།

ཇ་ཁང་ཞེས་པ་དེར་ཐོན་པ་ན། ཆོས་རྗེ་ཉིད་ཀྱིས་ཁོར་ཡུག་གི་མཛེས་ལྗོངས་ལ་མྱོང་རོལ་གནང་བཞིན། གུ་རུ་རིན་པོ་ཆེ་དང་མཁན་པོ་བོ་དྷི་ས་ཏྭ་བོད་ཡུལ་དུ་བྱོན་ནས་ཆོས་གསུངས་པའི་སྐོར་དང་། ལས་རབ་གླིང་ཆོས་ཚོགས་ཀྱི་ད་ལྟའི་གནས་བབས་སོགས་ཡུན་རིང་དུ་བག་ཕེབས་ངང་གསུང་མོལ་ལྷོད་པོར་གནང་།

སེམས་ངོ་མཛུབ་ཚུགས་ཀྱི་མན་ངག

ཕྱི་དྲོར་ཇ་ཁང་ནས་ཕྱིར་ཕེབས་རྗེས་སློབ་ཚོགས་རྣམས་ལ་ཚིག་དོན་བཅུ་གཅིག་དང་ཀ་དག་ཁྲེགས་ཆོད་ཀྱི་སྐོར་འདི་ལྟར་གསུང་།

དེ་ལ་འདིར་གང་གསན་པར་བྱ་བའི་ཆོས་ནི། ཐེག་པ་ཐམས་ཅད་ཀྱི་རྩེ་རྒྱལ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་མཐར་ཐུག འོད་གསལ་རྫོགས་པ་ཆེན་པོ་འདི་ཉིད་ནས་བརྩམས་ཏེ་ཚིག་ཁ་ཤས་ཤིག་ཁྱེད་རྣམས་ལ་ཞུ་བར་བྱེད་པ་ལ། དེང་སང་གི་དུས་སུ་དར་བའི་རྫོགས་པ་ཆེན་པོའི་བསྟན་པ་འདི་མིའི་ཡུལ་དུ་ཐོག་མར་རིག་འཛིན་དགའ་རབ་རྡོ་རྗེ་ལ་བཀའ་བབས། ཁོང་གིས་རྫོགས་པ་ཆེན་པོའི་ཆོས་ཐམས་ཅད་ཤོ་ལོ་ཀ་འབུམ་ཕྲག་དྲུག་ཅུ་རྩ་བཞི་རུ་བཀའ་བསྡུས་པར་མཛད། དེ་ཉིད་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་ཕྱི་སེམས་སྡེ། ནང་ཀློང་སྡེ། གསང་བ་མན་ངག་གི་སྡེ་གསུམ་དུ་བསྡུས། མན་ངག་གི་སྡེ་དེ་ཉིད་ལ་ཡང་སློབ་དཔོན་ཤྲཱི་སེངྷས་ཕྱི་སྐོར་དང་། ནང་སྐོར། གསང་སྐོར། ཡང་གསང་སྙིང་ཐིག་གི་སྐོར་ཏེ་སྐོར་ཚོ་ཆེན་པོ་བཞི་རུ་བསྡུས། དེ་ཉིད་པཎྜི་ཏ་ཆེན་པོ་བི་མ་ལ་མི་ཏྲས་ཚེ་འདིར་གྲོལ་བའི་མན་ངག་ཐམས་ཅད་ལ་བཤད་བརྒྱུད་དང་། བར་དོ་རང་སྣང་གི་ཡེ་ཤེས་སུ་གྲོལ་བར་བྱེད་པའི་མན་ངག་ཐམས་ཅད་ལ་སྙན་བརྒྱུད་ཅེས་པའི་བཤད་ཐབས་རྣམ་པ་གཉིས་སུ་མཛད།

བོད་གངས་ལྗོངས་འདིར་བཤད་བརྒྱུད་དང་སྙན་བརྒྱུད་ཀྱི་ཆོས་ཚུལ་ཆེན་པོ་དེ་གཉིས་ཀྱང་། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིས་མཛོད་ཆེན་བདུན་དང་ངལ་གསོ་སྐོར་གསུམ་ལ་སོགས་པར་རྒྱ་ཆེ་བ་པཎྜི་ཏའི་ལུགས་ཀྱི་བཤད་སྟངས་ལྟར་དང་། སྙིང་ཐིག་མ་གཉིས་བུ་གཉིས་ཀྱིས་ཟབ་པ་ཀུ་སཱ་ལིའི་བཤད་སྟངས་ལྟར་གཏན་ལ་ཕབ། དེ་ལྟ་བུའི་མན་ངག་གི་བརྒྱུད་པ་དེ་ལ་ཡང་ཡིག་ཆའི་དབང་དུ་བྱས་ན། དེང་སང་རྒྱུད་ལུང་མན་ངག་གསུམ་དུ་བཞུགས། རྒྱུད་ཀྱི་དབང་དུ་བྱས་ན། གཙོ་བོ་ཡང་ཟབ་སྙིང་པོའི་རྒྱུད་ཆེན་བཅུ་བདུན་དང་། ཀློང་གསལ་འབར་མའི་རྒྱུད་དང་བཅོ་བརྒྱད། བཀའ་སྲུང་ནག་མོ་ཁྲོས་མའི་རྒྱུད་དང་བཅུ་དགུ་སྟེ་རྒྱུད་རྣམ་པ་བཅུ་དགུར་བཞུགས། ལུང་གི་དབང་དུ་བྱས་ན། གསེར་ཡིག་ཅན་དང་། གཡུ་ཡིག་ཅན། དུང་ཡིག་ཅན། ཕྲ་ཡིག་ཅན་ཏེ་ཟབ་པ་པོད་བཞིར་བཞུགས་ཡོད་པ་ཡིན། མན་ངག་གི་དབང་དུ་བྱས་ན། མན་ངག་སྙིང་པོ་བརྒྱ་དང་བཅུ་དགུ་རུ་བཞུགས། དེ་དག་ཐམས་ཅད་ཀྱི་གནད་གཅིག་ཏུ་བསྡུས་ཏེ་ཉམས་སུ་ལེན་པའི་ཚུལ་ནི། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་རབ་འབྱམས་ཀྱི་བླ་མ་ཡང་ཏིག་ཡིད་བཞིན་ནོར་བུར་ཆོས་སྡེ་ལྔ་བཅུ་ང་གཅིག་བཞུགས་པ་བཞིན་དུ་ཉམས་སུ་བླང་ན་ཆ་ཚང་ལ་མ་འདུས་པ་མེད་པ་ཡིན།

ཚིག་དོན་བཅུ་གཅིག

བླ་མ་ཡང་ཏིག་གི་མན་ངག་དེ་ཡང་རྒྱུད་གང་གི་རྗེས་སུ་འབྲངས་ནས་བཤད་པ་ཡིན་ཞེ་ན། གཙོ་བོ་མུ་ཏིག་ཕྲེང་བའི་རྒྱུད་ཀྱི་རྗེས་སུ་འབྲངས་ཏེ་ཚིག་དོན་རྣམ་པ་བཅུ་གཅིག་གི་སྒོ་ནས་བཤད་པ་ཡིན། ཚིག་དོན་བཅུ་གཅིག་དེ་གང་ཡིན་ཞེ་ན། གཞི་དང་འཁྲུལ་ཚུལ་ཁྱབ་ཚུལ་དང་། །གནས་དང་ལམ་དང་སྒོ་དང་ཡུལ། །ཉམས་ལེན་ཚད་དང་བར་མ་དོ། །གྲོལ་ས་ཉིད་དང་བཅུ་གཅིག་གོ །ཞེས་གསུངས་པ་ལྟར་ཡིན།

དེ་ཡང་ཚིག་དོན་དང་པོ་གཞི་ནི། ཐོག་མར་རྟོགས་ཏེ་སངས་རྒྱས་མ་བྱུང་། མ་རྟོགས་ཏེ་སེམས་ཅན་མ་བྱུང་བའི་སྔོན་རོལ་ན། གཞི་རང་གི་ངོ་བོ་ལུང་མ་བསྟན་དུ་བཞུགས། དེ་ཡང་ངོ་བོ་སྟོང་པ། རང་བཞིན་གསལ་བ། ཐུགས་རྗེའི་གདངས་འཆར་རུང་གི་ཚུལ་དུ་བཞུགས། དེ་ལ་ཡང་ཆ་ཤས་ཀྱིས་དབྱེ་ན་སྐུ་ལྔ་དང་། ཡེ་ཤེས་ལྔ། རླུང་ལྔ། མཁའ་འགྲོ་ལྔ། འོད་ལྔ་ལ་སོགས་པ་ལྔ་ཚན་ལྔའི་ཡོན་ཏན་དུ་མ་ཡང་ཡོད་པ་ཡིན།

ཚིག་དོན་གཉིས་པ་འཁྲུལ་ཚུལ་ནི། ངོ་བོས་གོ་ཕྱེས། རང་བཞིན་ཡུལ་དང་ཐུགས་རྗེ་སེམས་སུ་བཟུང་སྟེ། རྒྱུ་གསུམ་དང་རྐྱེན་བཞིའི་སྒོ་ནས་སེམས་ཅན་རྣམས་འཁོར་བའི་གནས་སུ་ལུ་གུ་རྒྱུད་དུ་འཁྱམས། དེ་ལས་རྒྱུ་གསུམ་ནི། བདག་ཉིད་གཅིག་པའི་མ་རིག་པ་དང་། ལྷན་ཅིག་སྐྱེས་པའི་མ་རིག་པ། ཀུན་ཏུ་བརྟག་པའི་མ་རིག་པ་སྟེ་གསུམ་གྱི་དབང་གིས་འཁྲུལ་བ་ཡིན། རྐྱེན་བཞི་ནི་བདག་པོའི་རྐྱེན་དང་། དམིགས་པའི་རྐྱེན། རྒྱུའི་རྐྱེན། དེ་མ་ཐག་པའི་རྐྱེན་ཏེ་བཞིའི་སྒོ་ནས་འཁྲུལ། གཞི་ལས་གཞི་སྣང་ཤར་བའི་གནས་སྐབས་ན། ཀུན་ཏུ་བཟང་པོས་གཞི་སྣང་ལ་རང་སྣང་དུ་ཤེས་པས་དེ་མ་ཐག་ཏུ་གྲོལ། གྲོལ་ཚུལ་དེ་ལའང་ཁྱད་ཆོས་དྲུག་གམ་དེ་ཡང་བསྡུ་ན་གསུམ་དུ་ཡོད། ཁྱད་ཆོས་རྣམ་པ་གསུམ་པོ་དེ་གང་ཡིན་ཞེ་ན། རྒྱུ་ལས་མ་བྱུང་བའི་འབྲས་བུ། ལུང་ལས་མ་བྱུང་བའི་མན་ངག སེམས་ལས་མ་བྱུང་བའི་སངས་རྒྱས་ཏེ་རྣམ་པ་གསུམ་གྱི་སྒོ་ནས་གྲོལ་བར་གྱུར་བ་ཡིན།

ཚིག་དོན་གསུམ་པ་ཁྱབ་ཚུལ་ནི། དེ་ལྟར་འཁོར་འདས་ཀྱི་སྣང་བ་མུ་མེད་པ་ཞིག་ཤར་ཡང་བདེ་བར་གཤེགས་པའི་རང་བཞིན་ཅན་ལས་གཞན་དུ་གཡོས་མ་མྱོང་བ་སྟེ། དེ་ཡང་མདོ་ཕར་ཕྱིན་ཐེག་པའི་དབང་དུ་བྱས་ན། བཀའ་འཁོར་ལོ་ཐ་མའི་སྙིང་པོ་བསྟན་པའི་མདོ་བཅུ་དང་། དེ་དག་གི་དགོངས་པ་འགྲེལ་བར་བྱས་པ་ལ་རྒྱལ་ཚབ་བྱམས་པ་མགོན་པོའི་རྒྱུད་བླ་མར་དཔེ་དགུ་དོན་དགུ་དང་། མགོན་པོ་ཀླུ་སྒྲུབ་ཀྱིས་ཆོས་དབྱིངས་བསྟོད་པ་ལས་དཔེ་དྲུག་དང་དོན་དྲུག་གིས་གཏན་ལ་ཕབ། སྔགས་རྡོ་རྗེ་ཐེག་པའི་དབང་དུ་བྱས་ན། སྒྱུ་འཕྲུལ་གསང་བའི་སྙིང་པོ་དང་སངས་རྒྱས་མཉམ་སྦྱོར་གྱི་རྒྱུད་ཀྱི་རྗེས་སུ་འབྲངས་ཏེ། རོང་ཟོམ་ཆོས་ཀྱི་བཟང་པོས་སྣང་བ་ལྷ་རུ་སྒྲུབ་པ་དང་ཡུལ་ཅན་ཡེ་ཤེས་སུ་སྒྲུབ་པ། གཞན་ཡང་ཀུན་མཁྱེན་ཆེན་པོའི་ལེགས་བཤད་མང་པོ་ལས་གསུངས་པ་བཞིན་དུ་ཤེས་དགོས་པ་ཡིན།

ཚིག་དོན་བཞི་པ་ཡེ་ཤེས་ཀྱི་གནས་ནི། རིག་པ་རང་བྱུང་གི་ཡེ་ཤེས་དེ་གང་ལ་གནས་ན། དངོས་ནི་ཙིཏྟ་རིན་པོ་ཆེ་ཟུར་བརྒྱད་པ་ལ་གནས། དེའི་གདངས་ནི་དུང་ཁང་བྷནྡྷའི་གཞལ་ཡས་དང་། ལྟ་བྱེད་མིག་གི་གཞལ་ཡས་དང་། འགྱུ་བྱེད་རྩ་ཡི་གཞལ་ཡས་ཏེ་གཞལ་ཡས་ཆེན་པོ་བཞི་ལ་བཞུགས། དེ་ཡང་སྙིང་ཁ་རིན་ཆེན་གྱི་གཞལ་ཡས་ན་ཞི་བ་སྐུའི་བདག་ཉིད་ཅན་དུ་བཞུགས་ཡོད། དུང་ཁང་བྷནྡྷའི་གཞལ་ཡས་ན་ཁྲོ་བོ་ལྷ་ཚོགས་ཀྱི་ཚུལ་དུ་བཞུགས་ཡོད། ལྟ་བྱེད་མིག་གི་གཞལ་ཡས་ན་ཟེར་གྱི་ཚུལ་དུ་བཞུགས་ཡོད། འགྱུ་བྱེད་རྩ་ཡི་གཞལ་ཡས་ན་འོད་ཀྱི་རང་བཞིན་ཅན་དུ་བཞུགས་ཡོད་པ་ཡིན།

ཚིག་དོན་ལྔ་པ་ཡེ་ཤེས་ཀྱི་ལམ་ནི། རྩ་ཀ་ཏི་ཤེལ་གྱི་སྦུ་གུ་ཅན་ཡལ་ག་གཉིས་སུ་གྱེས་པ་ཕྲ་ལ་འཁྲིལ་བ་དང་། དར་དཀར་སྣལ་མ་བཞིན་དུ་མིག་གཡས་གཡོན་གཉིས་ལ་ཟུག་པ་ལས་བརྒྱུད་དེ་འཆར།

དྲུག་པ་སྒོ་གང་ལ་འཆར་ན། ཆུ་བུར་གྱི་མིག་འདི་ཡི་དབུས་ན་རྩ་བ་ཕྲ་ལ། རྩེ་མོ་ཆེ་བ། བ་མེན་གྱི་རྭ་ལྟ་བུ་འོད་དྭངས་ལ་གསལ་བ་རྒྱང་ཞགས་ཆུ་ཡི་སྒྲོན་མ་ཞེས་བྱ་བ་དེ་ཉིད་ཀྱི་སྒོ་ནས་འཆར།

བདུན་པ་ཡུལ་གང་ལ་འཆར་ན། ནམ་མཁའ་རྐྱེན་བྲལ་ལ། ཆོས་སྐུའི་རྟེན་ཉི་མ་དང་། ལོངས་སྐུའི་རྟེན་ཟླ་བ། སྤྲུལ་སྐུའི་རྟེན་མར་མེ་དག་ལ་བརྟེན་ནས་དང་པོའི་དུས་སུ་འཆར་ལ། དེ་ཡང་དབྱིངས་རྣམ་དག་གི་སྒྲོན་མ་མཐིང་དབྱིངས་ཁྱབ་པ་ཆེན་པོ་འོད་ལྔའི་མུ་ཁྱུད་ཅན་དང་། ཐིག་ལེ་སྟོང་པའི་སྒྲོན་མ་བཀོད་མའི་ཆུ་ལ་རྡོ་བསྐྱུར་བ་ལྟ་བུ་ཕྱི་ནང་རིམ་པ་ཅན་དུ་སྣང་བ་དང་། རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་གསེར་གྱི་སྐུད་པ་ལ་ཤེལ་ཕྲེང་གིས་བརྒྱན་པ་ལྟ་བུར་སྣང་།

ཚིག་དོན་བརྒྱད་པ་ཉམས་སུ་ལེན་སྟངས་ནི། གཞི་ཀ་དག་གིས་བཟུང་ན་ལམ་ཁྲེགས་ཆོད་ཀྱིས་བསྐྱངས་ཏེ་འབྲས་བུ་རྡུལ་ཕྲན་དུ་དེངས་བ་དང་། གཞི་ལྷུན་གྲུབ་ཀྱིས་བཟུང་ན་ལམ་ཐོད་རྒལ་གྱིས་བསྐྱངས་ཏེ་འབྲས་བུ་འོད་སྐུ་རུ་གྲོལ་དགོས་པ་ཡིན།

ཚིག་དོན་དགུ་པ་གོམས་པའི་ཚད་ནི། ཆོས་ཉིད་མངོན་སུམ་དང་། ཉམས་གོང་འཕེལ། རིག་པ་ཚད་ཕེབས། ཆོས་ཉིད་ཟད་ས་སྟེ་རྣམ་པ་བཞི་ཡིས་འཛིན།

ཚིག་དོན་བཅུ་པ་བར་དོའི་མན་ངག་ནི། གསང་སྐོར་མན་ཆོད་ཀྱི་བཤད་ཚུལ་གྱི་དབང་དུ་བྱས་ན་བར་དོ་དྲུག་དང་། ཡང་གསང་སྙིང་ཐིག་གི་བཤད་ཚུལ་ཐུན་མོང་མ་ཡིན་པའི་དབང་དུ་བྱས་ན་བར་དོ་རྣམ་པ་བཞི་ཡོད་ཅིང་། དེ་ལ་ཡང་ཞིབ་ཕྲའི་སྒོ་ནས་བཤད་ན། པད་འབྱུང་དང་བི་མ་གཉིས་ལ། ས་མཚམས་འཇོག་ཚུལ་ཅུང་མི་འདྲ་བ་ཡོད་ཀྱང་། སྤྱིར་བཤད་ན་རང་བཞིན་གྱི་བར་དོ་དང་། འཆི་ཁའི་བར་དོ། ཆོས་ཉིད་བར་དོ། སྲིད་པ་བར་དོ་སྟེ་རྣམ་པ་བཞི་རུ་འདུ། དེ་ཡང་རང་བཞིན་གྱི་བར་དོར་ཐོས་བསམ་ལ་སྒྲོ་འདོགས་ཆོད་པ་ཐི་བྱ་ཚང་ལ་འཇུག་པ་ལྟ་བུའི་གདམས་པ་དྲན་པ། འཆི་ཁའི་བར་དོར་མི་གསལ་བ་ལ་གསལ་འདེབས་པ་སྒེག་མོ་ལ་མེ་ལོང་བསྟན་པ་ལྟ་བུའི་གདམས་པ་དྲན་པ། ཆོས་ཉིད་ཀྱི་བར་དོར་རང་སྣང་དུ་ཡིད་ཆེས་པ་མ་པང་དུ་བུ་འཇུག་པ་ལྟ་བུའི་གདམས་པ་དྲན་པ། སྲིད་པའི་བར་དོར་ལས་བཟང་པོས་འཕྲོ་མཐུད་པ་ཡུར་བ་རྐང་ཆད་པ་ལ་ཝ་འཛུགས་པ་ལྟ་བུའི་གདམས་པ་དྲན་པར་བྱ་བ་དེ་དག་ཡིན།

ཚིག་དོན་བཅུ་གཅིག་པ་གྲོལ་ས་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་དང་། མངོན་པར་རྫོགས་པའི་སངས་རྒྱས་ཏེ། རྣམ་པ་གཉིས་གང་རུང་དུ་གྲོལ་བར་འགྱུར་བ་ཡིན།

ཚིག་དོན་བཅུ་གཅིག་པོ་དེ་དག་གིས་རྫོགས་པ་ཆེན་པོའི་རྒྱུད་ལུང་མན་ངག་གི་གནད་མཐའ་དག་ཡོངས་སུ་རྫོགས་པ་བསྡུས་ལ། དེ་དག་ཀུན་ཀྱང་པདྨ་སཾ་བྷ་ཝས་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་བར་ཁང་གཡུ་ཞལ་འབར་བ་རུ། སྔགས་པ་རྡོ་རྗེ་བདུད་འཇོམས་ལ་ཇི་ལྟར་གནང་བའི་ཚུལ་མདོར་བསྡུས་ཏེ་བཤད་པ་ཡིན་ལ། དེ་དག་ཐམས་ཅད་ཀྱང་ཕལ་ཆེར་རྒྱ་ཆེ་བ་པཎྜི་ཏའི་ལུགས་ཀྱི་བཤད་སྟངས་རེད། དེ་རིང་ཐད་ཀར་འུ་ཅག་ལ་གོ་རྒྱུ་ཆེན་པོ་ཞིག་མེད་ཀྱང་། ངས་རྟེན་འབྲེལ་གྱི་དབང་གིས་རྫོགས་པ་ཆེན་པོའི་རྒྱུད་མཐའ་དག་གི་གནད་མདོར་བསྡུས་པ་ཙམ་ཞིག་ལས་རབ་གླིང་པའི་ཆོས་ཚོགས་ཀྱི་གདན་ས་འདི་ཉིད་ནས་བཤད་པ་ཡིན།

ཀ་དག་ཁྲེགས་ཆོད།

ད་སྐབས་སུ་བབས་པའི་སྙིང་དོན་དངོས་ནི། བསོད་རྒྱལ་རིན་པོ་ཆེས་ཀ་དག་ཁྲེགས་ཆོད་ཀྱི་ལྟ་བ་དེ་མདོར་བསྡུས་ཤིག་བཤད་དགོས་ཞེས་གསུངས་པས་དེ་མདོར་བསྡུས་པ་ཙམ་ཞིག་ཞུ་རྒྱུ་ཡིན། ཁྲེགས་ཆོད་དེ་ཡང་རིག་འཛིན་སོ་སོའི་དགོངས་པའི་གནད་གཅིག་ཡིན་ཡང་སོ་སོར་བཤད་སྟངས་མི་འདྲ་བ་ཡོད་དེ། རིག་འཛིན་དགའ་རབ་རྡོ་རྗེས་ངོ་རང་ཐོག་ཏུ་སྤྲད་པ་དང་། ཐག་གཅིག་ཐོག་ཏུ་བཅད་པ། གདེང་གྲོལ་ཐོག་ཏུ་བཅའ་བ་སྟེ་ཚིག་གསུམ་གྱི་གནད་དུ་བརྡེག་ནས་གསུངས། དེ་ནས་རྒྱ་ནག་པོའི་སློབ་དཔོན་ཤྲི་སིངྷས་ཆོས་ཟད་ཀ་དག་ཆེན་པོར་ལ་བཟླ་བ་དང་། བྱ་བྲལ་ཟང་ཐལ་རྗེན་པར་འགག་བསྡམ་པ། ཡོངས་གྲོལ་མཉམ་པ་ཆེན་པོར་ཆིངས་སུ་བཅིངས་བ་སྟེ་རྣམ་པ་གསུམ་གྱི་སྒོ་ནས་གསུངས། པདྨ་ཀ་རས་ངོ་བོ་སྟོང་པ་ཆོས་སྐུ་རུ་ངོ་སྤྲད། རང་བཞིན་གསལ་བ་ལོངས་སྐུ་རུ་ངོ་སྤྲད། ཐུགས་རྗེ་ཀུན་ཁྱབ་སྤྲུལ་སྐུ་རུ་ངོ་སྤྲད་དེ་གཏན་ལ་འབེབས་པར་བྱེད། ཛྙཱ་ན་སུ་ཏྲའི་བཞག་ཐབས་ཀྱི་མན་ངག་ཅེས་བྱ་བ་སྟེ། ལྟ་བ་ཅོག་བཞག་དང་། སྒོམ་པ་ཅོག་བཞག སྤྱོད་པ་ཅོག་བཞག འབྲས་བུ་ཅོག་བཞག་སྟེ་རྣམ་པ་བཞིའི་སྒོ་ནས་གཏན་ལ་འབེབས་པར་བྱེད། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ལ་སྤྱིར་བཤད་སྟངས་མང་དུ་ཡོད་ཀྱང་། ཁྱད་པར་དུ་གནས་ལུགས་རིན་པོ་ཆེའི་མཛོད་ཀྱི་དབང་དུ་བྱས་ན། མེད་པ་དང་། གཅིག་པུ། ཕྱལ་བ། ལྷུན་གྲུབ་སྟེ་བཞིའི་སྒོ་ནས་གཏན་ལ་འབེབ་པར་བྱེད་པ་ཡིན། དཔལ་རོང་ཟོམ་མ་ཧཱ་པཎྜི་ཏས་རྫོགས་པ་ཆེན་པོའི་དོན་ཤེས་བཞིན་ཆེན་པོའི་སྣོད་ཀྱིས་ཟིན་པ་དང་། བཏང་སྙོམས་ཆེན་པོའི་ངང་དུ་གནས་པ་སྟེ་ཚིག་རྣམ་པ་གཉིས་ཀྱི་སྒོ་ནས་རྫོགས་པ་ཆེན་པོའི་རྒྱུད་ལུང་མན་ངག་གི་གནད་མཐའ་དག་བསྡུས་ཏེ་སྟོན་པར་མཛད་པ་ཡིན།

དེ་ལྟ་བུའི་རིག་འཛིན་བརྒྱུད་པ་དང་བཅས་པའི་མན་ངག་ཐམས་ཅད་ཀྱི་གནད་གཅིག་ཏུ་བསྡུས་པ་ཀུན་མཁྱེན་མི་ཕམ་རྒྱ་མཚོའི་རྗེས་སུ་འབྲངས་ཏེ་མདོར་བསྡུས་པའི་ཚིག་གཅིག་ཞུ་བ་ལ། དེ་ཡང་བླ་མའི་ལག་ཁྲིད་ཀྱི་དབང་དུ་བྱས་ན། ཞི་གནས་སྒོ་ཅན་གྱི་ཁྲིད་དང་ལྷག་མཐོང་སྒོ་ཅན་གྱི་ཁྲིད་དེ་ཁྲིད་སྟངས་རྣམ་པ་གཉིས་ཡོད་པ་སྟེ། ཞི་གནས་སྒོ་ཅན་གྱི་ཁྲིད་ནི་སྒོམ་ཐོག་ནས་ལྟ་བ་འཚོལ་བ་ཞེས་ཕྱག་ཆེན་དང་ཆ་འདྲ་བའི་བཤད་སྲོལ་ཞིག་དང་། ལྷག་མཐོང་སྒོ་ཅན་གྱི་ཁྲིད་ནི་ལྟ་ཐོག་ནས་སྒོམ་པ་འཚོལ་བ་ཞེས་རྫོགས་ཆེན་སྤྱི་ཁྱབ་ཀྱི་འགྲོ་ལུགས་དང་མཚུངས་པ་ཞིག་ཡིན། དེ་ཡང་ལྷག་མཐོང་སྒོ་ཅན་གྱི་ཁྲིད་དེ། ངོ་བོ་སྟོང་པའི་ལྟ་བ་རྩལ་དུ་བཏོན་པ་དེ་ནི། ཀུན་མཁྱེན་རོང་ཟོམ་ཆོས་བཟང་རྗེས་འབྲང་དང་བཅས་པ་ཐམས་ཅད་ཀྱིས་གཏན་ལ་འབེབ་སྟངས་ཡིན། དེ་ནས་རང་བཞིན་གསལ་བའི་ཡེ་ཤེས་རྩལ་དུ་བཏོན་པ་དེ་ནི། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་རྗེས་འབྲང་དང་བཅས་པས་དེང་སང་གི་བར་དུ་གཏན་ལ་འབེབས་སྟངས་གཙོ་བོ་ཡིན། ཀུན་མཁྱེན་མི་ཕམ་རྒྱ་མཚོས་རོང་ཀློང་རྣམ་གཉིས་ཀྱི་དགོངས་པ་ཆུ་བོ་གཅིག་འདྲེས་སུ་སྦྱར་ཏེ་གཏན་ལ་འབེབས་པར་བྱེད་པ་ཡིན།

དེ་ལ་ཀུན་མཁྱེན་མི་ཕམ་རྒྱ་མཚོའི་གསུང་རྒྱ་ཆེ་ན་ཡང་། ཡོངས་རྫོགས་ཀྱི་གནད་བསྡུ་ན་རང་ངོ་ཤེས་པ་དང་། རང་བབས་སུ་བཞག་པ་ཞེས་པའི་ཚིག་འདི་གཉིས་མ་གཏོགས་གཞན་པའི་རྫོགས་ཆེན་གྱི་གནད་བཤད་རྒྱུ་མེད་པར་དེའི་ནང་དུ་འདུ་བ་ཡིན། དེ་ཡང་གང་ལ་ཟེར་ན། སེམས་འདི་གནས་ཀྱང་རུང་འགྱུ་ཡང་རུང་། རང་གི་སེམས་ཀྱི་ངོ་བོ་ལ་ལྷན་ནེར་བལྟས་པའི་ཚེ་ན། སེམས་འདི་ཕྱི་ནང་བར་གསུམ་གང་དུ་ཡང་མ་གྲུབ་པའི་བར་སྣང་སྟོང་པ་ནམ་མཁའ་ལྟ་བུར་ངོ་ཤེས་པ་འདི་ལ་རང་ངོ་ཤེས་པ་ཞེས་བྱ། སེམས་སྟོང་ཉིད་སྐྱེ་བ་མེད་པར་ངོ་ཤེས་པ་དེའང་རིག་བྱ་རིག་བྱེད་གཉིས་སུ་མེད་ཀྱང་། རང་གི་རང་བཞིན་ལ་རང་གིས་ཁོ་ཐག་ནང་ནས་ཆོད་པ་ཉིན་པར་མིག་ལྡན་གྱིས་གཟུགས་ལ་བལྟས་པ་ལྟ་བུའི་ལྟ་བ་མངོན་དུ་གྱུར་བ་དེ་ནི་རང་བབས་སུ་བཞག་པ་ཡིན། དེ་ཡང་སྐྱེ་མེད་དུ་ཤེས་པ་དང་རང་ངོ་རང་གསལ་དུ་ཤེས་པ་གཉིས་ལ་ནི་རང་བཞིན་སྐྱོང་བའི་ལྟ་བ་ཞེས་བྱ།

སྒོམ་པའི་ཚེ་ན་སྐྱེ་མེད་ཀྱི་ངང་མ་ཤོར་བར་གནས་པ་དང་རྣམ་རྟོག་གི་འགྱུ་བ་གང་ཡང་མེད་པའི་ངང་དུ་འཇོག་པ་སྟེ། སྐྱེ་མེད་དུ་ཤེས་པ་དེ་ལ་སྔར་རོང་ཟོམ་ཆོས་བཟང་གིས་ཤེས་བཞིན་ཆེན་པོའི་སྣོད་ཀྱིས་ཟིན་པ་ཞེས་དང་། རྣམ་རྟོག་གི་བྱ་ར་གང་ཡང་མ་ཞུགས་པར་དེའི་རང་ངོ་ཤེས་བཞིན་པའི་ངང་དུ་འཇོག་པ་དེ་ལ། བཏང་སྙོམས་ཆེན་པོའི་ངང་དུ་གནས་པ་ཞེས་པ་དེར་སྒོམ་པ་ཞེས་བྱ་བ་ཡིན།

སྤྱོད་པ་ནི། རྣམ་རྟོག་བཟང་ངན་གང་ཤར་ཡང་དེའི་ངོ་བོ་ལ་མི་བལྟ། རྗེས་སུ་མི་འབྲང་། གཉེན་པོས་རྡུང་རྡེག་མི་བྱེད་པ། རིག་པ་ཁོ་རང་གིས་རང་ས་བཟུང་ནས་རྒྱུན་སྐྱོང་བར་བྱེད་པ་དེ་ནི་རང་ངོ་ཤེས་པ་དང་རང་བབས་སུ་འཇོག་པའི་མན་ངག་ཡིན།

དེ་གཉིས་ཀྱི་རྩལ་རྫོགས་པ་འབྲས་བུའི་གནས་སྐབས་ན་ནི། ཆོས་སྐུ་དང་གཟུགས་ཀྱི་སྐུ་རྣམ་པ་གཉིས་ཡོངས་སུ་འགྲུབ་པར་འགྱུར་ལ། ཡང་ན་མན་ངག་གཞན་གྱི་སྒོ་ནས་ངོ་སྤྲོད་གནད་བསྡུས་བྱས་ན། རྫོགས་པ་ཆེན་པོའི་ལྟ་བ་ཞེས་པ་དེ་སྐྱེ་མེད་དུ་ཤེས་པ་ལ་ཟེར། སྐྱེ་མེད་ཅེས་པ་ལ་ཅང་མི་ཤེས་རྒྱུ་མེད། རང་གི་སེམས་ལ་ལྟོས་དང་སེམས་འདི་འཕྲོ་རུང་གནས་རུང་གཞི་གཏན་ནས་གྲུབ་མ་མྱོང་བ་དཔེར་ན་མེ་ལོང་ནང་གི་གཟུགས་བརྙན་འདྲ་ཞིག་ཡིན་པ་ཧ་གོ་ན། དེའི་མིང་ལ་ལྟ་བ་ཞེས་བྱ། འདི་ལ་ཧ་མི་གོ་རྒྱུ་རྩ་བ་ནས་ཡོད་པ་མ་རེད། རྡོ་གྲུབ་བསྟན་པའི་ཉི་མས། ཁ་ནང་དུ་ལོག་ཙམ་པའི་མཚམས་ནས་རྙེད་པར་གསུངས་པ་ཡིན། དེའི་རྗེས་ནས་བཙལ་དགོས་དུས་གཏན་ནས་རྙེད་རྒྱུ་མེད་པ་དཔེར་ན་ཆུ་ནང་དུ་ཟླ་གཟུགས་ཤར་བའི་ཚེ་ལྟ་དགོས་པ་མ་གཏོགས། ཟླ་གཟུགས་གར་ཡོད་དབྱུག་པས་དཀྲུག་ན་གཏན་ནས་མི་འཆར་བ་ལྟ་བུ་རེད། ཁྱེད་རྣམས་ཀྱིས་ནང་དུ་སེམས་ཀྱིས་སེམས་ལ་ལྟོས་དང་། སེམས་ཁོ་རང་ཡེ་ནས་མ་གྲུབ་པ་ཞིག་ཡིན་པ་དེ་རིག་པ་ཡིན། སླར་ཡང་སེམས་ཀྱིས་སེམས་ལ་ལྟོས་དང་། སེམས་ཀྱི་ངོ་བོ་དེ་ཅི་འདྲ་ཞིག་ཡིན་མཐོང་ཡོང་རྒྱུ་རེད། སེམས་ཀྱི་ངོ་བོ་ས་ལེ་བ་མཐོང་ན་དེའི་མིང་ལ་རིག་པའང་ཟེར་བ་ཡིན། དེ་ལས་གཞན་པའི་རིག་པ་ཞིག་མེད། རང་བབས་སུ་བཞག་པའི་སེམས་ལ་ལྟོས་དང་། སྒྲོ་མ་བཏགས་ལ་སྐུར་བ་མ་བཏབ་པར་ད་ལྟའི་སེམས་འདི་ཅི་འདྲ་ཞིག་ཡིན་ན་དེ་ལ་རིག་པ་ཟེར་བ་ཡིན། ཨོ་རྒྱན་ཆེན་པོས་ཀྱང་། ད་ལྟའི་ཤེས་རིག་མ་འགགས་ས་ལེ་བ། །ཀུན་བཟང་གདོད་མའི་མགོན་པོ་དེ་ཀའོ། །ཅིར་ཡང་མ་གྲུབ་སྟོང་དབྱིངས་ཀུན་བཟང་མོ། །དེ་ཉིད་རྟོགས་ན་སྐད་ཅིག་རྫོགས་སངས་རྒྱས། །ཞེས་གསུངས་པས། རང་གི་སེམས་ཀྱིས་སེམས་ལ་ལྟོས་དང་ཕྱི་ནང་བར་གསུམ་གང་དུ་ཡང་མ་གྲུབ་པའི་ཆ་དེ་ལ་ཡུམ་ཀུན་ཏུ་བཟང་མོ་ཞེས་པའི་ཐ་སྙད་བཏགས། སྟོང་བཞིན་དུ་ཡང་སྣ་ཚོགས་སུ་འགྱུ་བའི་རྩལ་མི་འགག་པ་དེ་ལ་ནི་ཡབ་ཀུན་ཏུ་བཟང་པོ་ཞེས་ཟེར་བ་ཡིན། དེ་གཉིས་དབྱེར་མེད་པའི་རང་བཞིན་ཅན་དུ་ངོ་ཤེས་པར་གྱུར་ན། སྐད་ཅིག་དེ་ལ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་འགྱུར་ཞེས་གསུངས་ཡོད། དོན་ངོ་མར་དེ་ལྟ་བུ་ཡིན་ཡང་། དེ་འདྲའི་སླ་མོ་ཞིག་ཡིན་ནམ། དེ་ལས་ཅུང་ཟད་དཀའ་མོ་ཞིག་ཨེ་ཡོད་བསམ་པ་དེ་གོལ་ས་ཡིན། བླ་མ་མི་ཕམ་གྱིས། སླ་བས་ཡིད་མ་ཆེས་པ་སེམས་ཀྱི་གསང་། །བླ་མའི་མན་ངག་སྟོབས་ཀྱིས་མཐོང་གྱུར་ཅིག །ཅེས་གསུངས་པས། ཧ་ཅང་སླ་མོ་ཞིག་ཡིན་པས་ཡིད་མི་ཆེས་པ་དེ་ནི་བླ་མའི་གསུང་གི་སྟེང་ནས་ཐག་བཅད་དེ་ངོ་ཤེས་དགོས་པ་ཡིན། དེའི་ངང་དུ་རྟག་ཏུ་རྒྱུན་སྐྱོང་པ་དེ་ལ་སྒོམ་པ་ཞེས་བྱ།

སྒོམ་པའི་སྐབས་སུ་དེའི་ངང་མི་བརྗེད་པར་འདུག་པ་མ་གཏོགས་སྒོམ་འོང་རྒྱུ་ཞིག་མེད་དེ། བདུད་འཇོམས་གླིང་པའི་ཞལ་ནས། སྒོམ་པའི་ཚེ་ན་ཅི་ཡང་མི་བསྒོམ་པར། །ནམ་མཁའ་མིག་གིས་མ་བོར་ཙམ་གྱིས་ཆོག །ཅེས་གསུངས།

སྤྱོད་པ་ནི། བོགས་འདོན་ཆེད་རྩལ་སྦྱོང་བའི་མིང་ལ་ཟེར། དེ་ཡང་རྣམ་རྟོག་གང་ཤར་ན་དགའ་སྡུག་གང་ཡང་མེད་པར་རྒན་པོས་བུ་ཆུང་གི་རྩེད་མོ་ལ་བལྟས་པ་ལྟ་བུ་དགོས་ཏེ། རིག་པ་ཁོ་རང་གིས་རང་ས་འཛིན་པ་མ་གཏོགས་རྣམ་རྟོག་བཟང་ངན་ལ་དགའ་སྡུག་མི་བྱེད་པ་དེ་ཡིན།

འབྲས་བུ་ནི། ད་ལྟར་རིག་པ་མ་ཡིན་པའི་ཆོས་ཤིག་མེད་ཀྱང་། རིག་པའི་རྩལ་ལས་ཤར་བའི་རྣམ་རྟོག་གི་རྗེས་སུ་འབྲངས་པས། ནམ་ཞིག་ན་རིག་པ་ཁོ་རང་གིས་རང་ས་ཟིན་ནས་རྣམ་རྟོག་གང་གིས་ཀྱང་བསྐྱོད་དུ་མེད་པར་གྱུར་བའི་གནས་སྐབས་ན་འབྲས་བུའི་རྩལ་རྫོགས་པ་ཞེས་བྱ། དེར་ང་ལ་བཤད་སྟངས་གཉིས་ཡོད་དེ། སྐབས་རེར་རྫོགས་ཆེན་ལས་སླ་ཞིག་དང་སྐྱིད་ཅིག་མི་འདུག་སེམས་པར་བྱེད་པའི་བཤད་སྟངས་ཤིག་དང་། སྐབས་རེར་རྫོགས་པ་ཆེན་པོ་ལོ་ནས་ལོ་དང་བསྐལ་པ་ནས་བསྐལ་པའི་བར་དུ་བསྒོམས་ཀྱང་ཤེས་ཐུབ་རྒྱུ་མ་རེད་སྙམ་པ་གཉིས་ལས། དེ་རིང་ཁྱེད་རྣམ་པ་ལ་དང་པོའི་དབང་དུ་བྱས་ཏེ་བཤད་པ་ཡིན། དེས་ནི་ཁྱེད་རྣམས་ལ་རྫོགས་པ་ཆེན་པོའི་ཆོས་ཡོངས་སུ་རྫོགས་པ་ཐོབ་པ་ཡིན།

མཇུག་སྡུད་དུ་ཁྱེད་རྣམ་པ་ལ་སྤྲོ་བ་བསྐྱེད་པའི་ཆེད་དུ་ཀུན་མཁྱེན་བླ་མའི་ལུང་གཉིས་འདྲེན་ན། ཀུན་མཁྱེན་ཀློང་ཆེན་པས་ཐེག་མཆོག་རིན་པོ་ཆེའི་མཛོད་དུ། འུ་བུ་ཅག་དཔོན་སློབ་རྣམས་ཆོས་ཅན། བསྐལ་པ་གྲངས་མེད་མང་པོར་ཚོགས་བསགས་སྒྲིབ་པ་སྦྱངས་བ་ཡིན་ཏེ། ཀུན་བཟང་ཐུགས་ཀྱི་བསྟན་པ་དང་འཕྲད་པའི་ཕྱིར། ཞེས་འུ་ཅག་གིས་དེ་སྔ་ཡན་ཆོད་ཀྱི་བསྐལ་པ་མང་པོ་ཞིག་ལ་ཚོགས་བསགས་སྒྲིབ་པ་སྦྱངས་ནས། ད་རེས་རྫོགས་ཆེན་གྱི་བསྟན་པ་དང་འཕྲད་པ་ཡིན་པས་དགའ་སྤྲོ་ཆེན་པོ་སྐྱེས་ཨེ་བྱུང་། ཡང་འོ་སྐོལ་དཔོན་སློབ་ཆོས་ཅན། ཚེ་འདིའམ་བར་དོའམ་རང་བཞིན་སྤྲུལ་སྐུའི་ཞིང་གང་རུང་དུ་མྱུར་དུ་སངས་རྒྱས་འགྲུབ་ངེས་པ་ཡིན་ཏེ། སངས་རྒྱས་འགྲུབ་ངེས་ཀྱི་རྒྱུ་ནུས་པ་ཐོགས་མེད་བསྟན་པ་དག་པ་འབྲས་བུའི་ཐུས་ཀ་དང་ཕྲད་ནས་དེ་ལ་མོས་པས་སྤྱོད་པ་ཡིན་པའི་ཕྱིར། ཞེས་ཁོང་གིས་གསུངས་པ་དེ་ཡང་གཏན་ཚིགས་ཡང་དག་གམ་འཁྲུལ་བ་མེད་པ་ཞིག་ཡིན། ཚང་མས་བླ་མ་ལ་འགལ་བ་འགྲོ་རུ་མ་འཇུག ཆོས་ལ་ལོག་ལྟ་མ་སྐྱེ་དང་། ངེས་པར་དུ་རབ་ན་ཚེ་འདི་དང་མིན་ན་ཡང་ཤི་ནས་ཅུང་ཙམ་ནས་སངས་རྒྱས་པ་ལ་གཏན་ནས་བསླུ་བ་ཡོད་པ་མ་ཡིན། དེས་ན་འུ་ཅག་སྐལ་བ་བཟང་པོ་རེད། དེ་ནི་དཔལ་སྤྲུལ་ཚང་གིས། དབེན་པའི་རྣལ་འབྱོར་སྨྱོན་པ་རྒྱལ་ཁམས་ཀྱི་གཅེས་ཕྲུག །ལྷག་བསམ་བྱང་སེམས་འབྱུང་བ་འགྲོ་ཀུན་གྱི་སྐྱབས་མགོན། །ང་ཁྱོད་ཕྱོགས་རིས་སྤངས་པ་ཐམས་ཅད་ཀྱི་བྱམས་ཡུལ། །ང་ཅག་གང་དུ་སོང་ཡང་སྐྱིད་པོ་རང་འདུག་གོ །ཞེས་གསུངས་ཡོད་པས་འུ་ཅག་ཚེ་འདི་ལ་ཡང་སྐྱིད་པོ། ཕྱི་མ་ལ་ཡང་སྐྱིད་པོ། མདོར་ན་སྐྱིད་པོ་མ་གཏོགས་སྡུག་པོ་ཤར་རྒྱུ་ཡོད་པ་མ་རེད། དེ་ལ་ཐམས་ཅད་དགའ་སྤྲོ་ཨེ་འདུག ༼དགོད་སྒྲ།༽ དེ་བཞིན་དུ་ཀུན་མཁྱེན་མི་ཕམ་རྒྱ་མཚོས་ཀྱང་། སྲིད་པ་ཐ་མའི་ཆོས་ལ་བག་ཆགས་ཤིག་བཞག་ཡོད། །མ་བསྒོམ་དེ་གར་ལུས་ཀྱང་སྐྱིད་པོ་རང་འདུག་གོ །ཇི་བཞིན་ཕྱོགས་ཙམ་མི་ཤེས་ཆོ་ངེ་རང་སྒྲོག་མོད། །བརྒྱུད་གསུམ་བླ་མའི་མན་ངག་ཡིད་གཏིང་དུ་ཁེལ་བས། །བློ་འདས་ཡེ་ཤེས་རྩི་སྨན་ཅུང་ཟད་ཅིག་ཐེབས་པས། །མ་གོམས་དེ་གར་ལུས་ཀྱང་སྐྱིད་པོ་རང་འདུག་གོ །ཞེས་འུ་ཅག་གིས་སྲིད་པ་ཐ་མའི་ཆོས་ལ་བག་ཆགས་བཞག་ཚར་བ་ཡིན་པས། བསྒོམ་ན་རབ་རེད། མ་བསྒོམ་ནས་ཉལ་བསྡད་ཀྱང་འུ་ཅག་ལས་སྐྱིད་ཅིག་ས་འདིའི་སྟེང་ན་མི་འདུག དེ་ལྟར་དགའ་དགའ་སྐྱིད་སྐྱིད་ཀྱིས་ཆོས་མཚམས་བྱས་པ་ཡིན།

མཐོང་དུ་ཡོད་པའི་ལས་དབང་།

ཆོས་རྗེ་ཉིད་ལས་རབ་གླིང་དུ་བཞུགས་ཡུན་མི་རིང་མོད། འོན་ཀྱང་བགྲང་བྱ་སུམ་ཅུ་འདས་པའི་དེང་གི་དུས་སུའང་། ཁོ་ཚོ་མི་མང་པོ་ཞིག་ལ་ཆོས་རྗེ་ཉིད་གནས་དེར་ཕེབས་པའི་སྐོར་གླེང་བ་ན། ཡིད་ལ་གསལ་ལྷང་ངེར་དྲན་ཐུབ་ཅིང་ཚོར་སྣང་ཡང་ཟབ་མོ་བཞག་འདུག ཉེ་ཆར་ང་ཚོས་ལས་རབ་གླིང་གི་འཛམ་གླིང་སོ་སོར་ཡོད་པའི་རིག་པ་ཆོས་ཚོགས་ཞེས་པའི་སློབ་མ་རྒན་པ་འགའ་ལ་བཅར་འདྲི་བྱེད་སྐབས། ཁོ་ཚོས་རང་ཉིད་ཀྱི་མྱོང་བ་གླེང་བ་གཤམ་གསལ་ལྟར།

༡ ལྕམ་ཁཱེ་རིན་སྦེ་རེན་ཐི་(Karin Behrendt)ནི་རིག་པ་ཆོས་ཚོགས་ཀྱི་སློབ་མ་རྒན་པ་ཞིག་ཡིན་ལ། མོས་ཆོས་རྗེ་ཉིད་གླེང་སྐབས་འདི་ལྟར་བཤད།

ངས་ནམ་རྒྱུན་ཆོས་རྗེ་ཉིད་དྲན་ཡོང་དུས། ཚོར་བ་ཧ་ཅང་དམིགས་བསལ་བ་ཞིག་འབྱུང་གིན་འདུག ཁོང་ནི་གཟུགས་སྟོབས་ཆེ་ལ་གཟི་བརྗིད་ལྡན་པ་དང་། བསམ་ཡུལ་འདས་པའི་ཁེངས་སྐྱུང་ཅན་ཞིག་སྟེ། ང་ཚོ་ལ་རང་ཤུགས་ཀྱིས་བྱམས་བརྩེ་དང་དྲོད་ཁོལ་གྱི་སྣང་བ་ཚད་མེད་གནང་མཁན་ཞིག་ཡིན།

ང་རང་ཆེས་སེམས་འགུལ་ཐེབས་པ་ཞིག་ནི། ཆོས་རྗེ་མཆོག་དང་བསོད་རྒྱལ་རིན་པོ་ཆེ་གཉིས་ཀྱིས་ནང་ཕན་ཚུན་ལ་ཧ་ལས་པའི་གུས་བཀུར་དང་སྙིང་ཉེ་པོ་མཛད་ཀྱིན་ཡོད་པ་དེ་རེད།

ཆོས་རྗེ་ཉིད་ཀྱི་ཕངས་པ་མེད་པའི་ཆོས་སྦྱིན་དང་བསྟན་འགྲོར་བརྩོན་པའི་ཐུགས་སྟོབས་ལ་ངས་བཀའ་དྲིན་ཚད་མེད་ཞུ་བ་མ་ཟད། ཁོང་ལས་རབ་གླིང་དུ་བྱོན་ནས། ང་ཚོ་ཁོང་དང་མཉམ་གཅིག་ཏུ་གཏེར་ཆེན་ལས་རབ་གླིང་པའི་མཛད་རྣམ་ལ་འཇུག་ཏུ་བཅུག་པ་ནི་དེ་ལས་ཀྱང་ཆེས་བཀའ་དྲིན་ཆེ་བ་ཡིན། ཐེངས་གཅིག་མཇལ་བ་ཙམ་གྱིས་ཀྱང་ཁོང་གི་རྒྱ་ཆེ་བའི་ཤེས་རབ་དང་གཏིང་ཟབ་པའི་མངོན་རྟོགས་རྣམས་གསལ་པོར་མཐོང་ཐུབ་ཅིང་། དེས་ང་ཚོའི་མི་ཚེ་ལ་ཤུགས་རྐྱེན་ལེགས་པོ་ག་འདྲ་ཐེབས་པ་ནི། སོ་སོའི་སྐྱེ་བོའི་རྣམ་པར་རྟོག་པའི་སྤྱོད་ཡུལ་ལས་རིང་དུ་འདས་པ་ཞིག་རེད་སྙམ་དུ་ང་ལ་ཡིད་ཆེས་བརྟན་པོ་ཡོད།

༢ ལྕམ་ལྗ་པོར་ཨར་ནོལ་(Jaborah Arnoul) ནི་འཇར་མན་དུ་ཡོད་པའི་རིག་པ་ཆོས་ཚོགས་ཀྱི་དགེ་རྒན་ཞིག་ཡིན། མོས་ཕྱི་ལོ་༡༩༩༣ལོར་ཆོས་རྗེ་ཉིད་ལས་རབ་གླིང་དུ་འབྱོན་སྐབས་མཇལ་མྱོང་ཞིང་འདི་ལྟར་གླེང་།

ངས་ཐེངས་དང་པོར་ཆོས་རྗེ་མཆོག་མཇལ་བ་ན། སེམས་ལ་རང་ཤུགས་ཀྱིས་གཏིང་ཟབ་ཅིང་ཤུགས་དྲག་པའི་དད་པ་ཁྱད་པར་ཅན་ཞིག་སྐྱེས་སོང་། ངས་ཁོང་ལ་ཡོད་ཚད་ནས་ཡོད་ཚད་དབུལ་བར་བགྱི་སྙམ་ཡང་། སྐབས་དེར་ང་ལ་དཔལ་འབྱོར་གྱི་ཆ་རྐྱེན་དེ་ཙམ་བཟང་པོ་མེད་པས། སྒོར་མོ་དང་རིན་པོ་ཆེ་ཉུང་ཤས་ཙམ་ལས་དབུལ་རྒྱུ་མ་རྙེད་པས་སེམས་ཧ་ཅང་ཕམ་པོ་བྱུང་། ཡིན་ན་ཡང་། སྐབས་དེར་ངས་སེམས་ལ་དེ་ལྟར་བསམ་པ་མ་ཟད་ལག་ལེན་དུའང་དེ་བཞིན་དུ་བགྱིས་པ་ཡིན།

༣ ལྕམ་ལྗ་ནཱེས་ཕཱེ་ཁི་ཧཱམ་(Jane Peckham)ནི་བསོད་རྒྱལ་རིན་པོ་ཆེའི་སློབ་མ་རྒན་པ་ཞིག་ཡིན་ལ་མོས་འདི་ལྟར་གླེང་།

ངས་ཕྱི་ལོ་༡༩༩༤ལོར་གཟོད་བསོད་རྒྱལ་རིན་པོ་ཆེ་བླ་མར་བསྟེན་པ་ཡིན་པས། སེམས་ཤིན་ཏུ་ཕངས་པ་ཞིག་ལ། ང་ལ་ཆོས་རྗེ་མཆོག་དངོས་སུ་མཇལ་བའི་གོ་སྐབས་མ་བྱུང་། ཡིན་ན་ཡང་། བསོད་རྒྱལ་རིན་པོ་ཆེས་རྒྱུན་དུ་ཁོང་གི་ཡོན་ཏན་བརྗོད་ཀྱིན་ཡོད་པར་མ་ཟད། ད་དུང་ལས་རབ་གླིང་དང་འཛམ་གླིང་གི་ས་ཆ་སོ་སོའི་རིག་པ་ཆོས་ཚོགས་ཀྱིས་ཉིན་རེ་བཞིན་མཉམ་གཅིག་ཏུ་རྟེན་འབྲེལ་ཉེས་སེལ་གྱི་ཚོགས་འཁོར་སྐོར་སྐབས། ཆོས་རྗེ་མཆོག་གིས་གསུངས་པའི་དབང་སྡུད་གསོལ་འདེབས་ཀྱི་སྒྲ་དེ་ཚང་མ་ལ་གཏོང་གིན་ཡོད་ཅིང་། སྲོལ་རྒྱུན་དེ་ད་ལྟའི་བར་དུ་ལེགས་པར་རྒྱུན་བསྐྱངས་ནས་གནས་ཡོད།

དེ་བས་ངས་ཆོས་རྗེ་སྐུ་དངོས་ཀྱི་ཞལ་རས་མཇལ་མ་མྱོང་ཡང་། ཉིན་རེའི་ཚོགས་འཁོར་གྱི་སྐབས་སུ། ཁོང་གིས་གསུངས་པའི་གསོལ་འདེབས་ཀྱི་སྒྲ་ལས་ང་ཚོ་ཚང་མར་བྱིན་རླབས་ཐོབ་པའི་ཚོར་བ་མྱོང་ཐུབ་ཀྱིན་འདུག

༤ ལྕམ་རཱེ་ནཱ་ཐུ་ཧན་དྷོལ་(Renate Handel)ཞེས་པ་ནི། ཕྱི་ལོ་༡༩༩༣ལོར་བསོད་རྒྱལ་རིན་པོ་ཆེའི་ཞབས་ཞུ་མཁན་ཞིག་ཡིན་ལ་མོས་འདི་ལྟར་བཤད་བྱུང་།

ཆོས་རྗེ་འཇིགས་མེད་ཕུན་ཚོགས་རིན་པོ་ཆེས་ང་ལ་བཞག་པའི་ཚོར་བ་ཧ་ཅང་ཟབ་པ་སྟེ། ངས་དེ་སྔོན་མཇལ་མྱོང་བའི་བླ་མ་སུ་དང་གང་ལའང་མི་འདྲ་བར་ནམ་ཡང་བརྗེད་དུ་མེད། ཁོང་ནི་བྱིན་རླབས་ཀྱི་ནུས་པ་ཤིན་ཏུ་ཆེ་ཞིང་ཐུགས་གཤིས་འཇམ་པ། བྱམས་བརྩེ་ལྡན་པའི་བླ་མ་ཁྱད་པར་ཅན་ཞིག་ཡིན།

སྐབས་དེར་ཁོང་གིས་ཆོས་ཁྲིད་གསུངས་པའི་ནང་དོན་རྣམས་ད་ལྟ་གསལ་པོར་དྲན་གྱིན་མེད་མོད། འོན་ཀྱང་ཁོང་ནི་དེ་འདྲའི་བྱིན་རླབས་ཀྱི་ནུས་པ་ཆེན་པོ་ཅན་ཞིག་ཡིན་པ་ད་དུང་ཡང་དྲན་ཐུབ་པར་འདུག དེ་ལྟར་རྗེས་སུ་དཔག་ན། གཏེར་ཆེན་ལས་རབ་གླིང་པ་ཞེས་པ་དེའང་། སྐབས་དེ་དུས་གཞན་གང་དང་ཡང་མི་འདྲ་བའི་མི་སྣ་ཞིག་ཡིན་ཐག་ཆོད་རེད།

ངས་ད་དུང་དྲན་སོས་པ་ཞིག་ལ། བསོད་རྒྱལ་རིན་པོ་ཆེས་ཆོས་རྗེ་མཆོག་དང་ཁོང་གི་སྐུ་འཁོར་རྣམས་ལ་སྣེ་ལེན་ཆེས་ལེགས་པོ་ཡོང་བར་ཧ་ཅང་གཙིགས་ཆེན་གནང་བ་སྟེ། ཆོས་རྗེ་མཆོག་ལས་རབ་གླིང་དུ་བྱོན་རྗེས། བཞུགས་ས་སྐྱིད་པོ་ཡོང་ཡོད་མེད་དང་གསོལ་བཅའ་འཕྲོད་མིན་སོགས་ལ་ཧ་ཅང་དོ་སྣང་བྱེད་པར་མཐོང་། དེ་སྔོན་ང་ཚོས་བླ་མ་དེ་འདྲའི་མང་པོ་ཞིག་གདན་ཞུ་བྱེད་མྱོང་ཡང་། སྐབས་དེའི་ཆོས་རྗེ་མཆོག་གི་སྣེ་ལེན་ལ་ཐོག་མཐའ་བར་གསུམ་དུ་ཐུགས་ཁུར་མཛད་པ་ལྟ་བུ་ནི་ཡེ་ནས་ཡོད་མ་མྱོང་།

སྐབས་དེར་ང་རང་གཏེར་ཆེན་ལས་རབ་གླིང་པའི་སྐུ་སྐྱེ་དངོས་ལ་མཇལ་བའི་སྐལ་བ་ཐོབ་པ་ནི། མི་ཚེ་འདིའི་ནང་གི་ཆེས་ཁྱད་འཕགས་ཀྱི་བྱུང་བ་ཞིག་ཡིན་པར་ངེས།

༥ ལྕམ་ལྗ་ནེན་ཤོའུ་ཚི་(Janine Schulz)ཞེས་པས་ཆོས་རྗེ་ཉིད་གླེང་སྐབས་ཕྱིར་དྲན་གྱི་སྐད་ཆ་འདི་ལྟར་བཤད།

ཕྱི་ལོ་༡༩༩༣ལོར། བོད་ཡུལ་གྱི་གཏེར་སྟོན་ལས་རབ་གླིང་པའི་སྤྲུལ་སྐུ་ཆོས་རྗེ་འཇིགས་མེད་ཕུན་ཚོགས་མཆོག་ལས་རབ་གླིང་དུ་འཚམ་འདྲིར་ཕེབས་ནས། བསོད་རྒྱལ་རིན་པོ་ཆེ་དང་མཇལ་ཕྲད་གནང་།

སྐབས་དེར་ང་ལ་དོན་དག་གཉིས་ཀྱིས་ཚོར་སྣང་ཟབ་མོ་བཞག་བྱུང་། དོན་དག་དང་པོ་ནི། ཆོས་རྗེ་ཉིད་ལས་རབ་གླིང་དུ་བྱོན་ནས་ཅང་མ་འགོར་བར། ཐེངས་ཤིག་གུར་ཆེན་པོའི་ནང་ནས་ཆོས་ཁྲིད་གསུང་སྐབས། ཁོང་གིས་དེར་འཁོད་ཀྱི་མི་ཚང་མ་ལ། བསོད་རྒྱལ་རིན་པོ་ཆེ་ནི་གཏེར་ཆེན་ལས་རབ་གླིང་པའི་ཡང་སྤྲུལ་ཡེ་ཤེས་སྒྱུ་མའི་རོལ་གར་གྲུབ་སྨྱོན་དངོས་རེད་ཅེས་གསུངས། ཁོང་གིས་དེ་ལྟར་གསུང་དོན་ནི་ངེད་ཅག་ལ་ཐེ་ཚོམ་ཡོད་པས་མ་ཡིན། དོན་དག་གཉིས་པ་ནི། ཆོས་རྗེ་མཆོག་གིས་རྒྱུན་དུ་བསྙེན་སྒྲུབ་སོགས་གནང་མི་དགོས་པའི་སྐབས་སུ། བསྙེན་ཕྲེང་དམར་པོ་དེ་ཁོང་གི་སྙན་ཆེན་པོ་དེ་ལ་བཀལ་ནས་བཞུགས་ཀྱིན་ཡོད།

ལྷུན་གྲུབ་ཐོད་རྒལ་གྱི་ཁྲིད།

ཕྱི་ཟླ་༨པའི་ཚེས་༣༠ཉིན་གྱི་སྔ་དྲོར། འཇམ་དཔལ་ཡེ་ཤེས་སེམས་དཔའི་དབང་གནང་། དེ་མཚུངས་སུ་རྫོགས་པ་ཆེན་པོའི་ལྷུན་གྲུབ་ཐོད་རྒལ་གྱི་ཁྲིད་འདི་ལྟར་གསུང་།

དེ་ལ་གང་གསན་པར་བྱ་བའི་ཆོས་ནི། འདིར་ཐེག་པ་ཐམས་ཅད་ཀྱི་ཡང་རྩེ། ལུང་ཐམས་ཅད་ཀྱི་སྤྱི་འགྲེལ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཟབ་པ་ལས་ཀྱང་ཆེས་ཟབ་པ་ཡང་གསང་རྫོགས་པ་ཆེན་པོ་དེ་ལ་ཡང་། ཕྱི་ནང་གསང་གསུམ་གྱི་དབྱེ་བ་མང་པོ་ཞིག་ཡོད་པ་ལས། སྐབས་འདིར་ཡང་གསང་སྙིང་ཐིག་གི་ལུགས་སྲོལ་དྲི་མ་མེད་པ་གསང་སྐོར་མན་ཆད་དུ་ཟུར་ཙམ་ཡང་མ་གྲགས་པའི་འོད་གསལ་ཐོད་རྒལ་གྱི་ཉམས་ལེན་མདོར་བསྡུས་ཙམ་ཞིག་ཞུ་བར་བྱེད་པ་ལ། སྔོན་འགྲོ་དང་། དངོས་གཞི། རྗེས་ཀྱི་རིམ་པ་དང་གསུམ་དུ་ཡོད་པ་ལས།

སྔོན་འགྲོའི་རིམ་པ་ལ། སྒོ་གསུམ་གྱི་སྣ་ཁྲིད་པར་བྱེད་པ་ལུས་ངག་ཡིད་ཀྱི་སྔོན་འགྲོ། སྐུ་གསུམ་གྱི་སྣ་ཁྲིད་པར་བྱེད་པ་འབྱུང་བཞིའི་རྣལ་འབྱོར། རིག་པའི་སྣ་ཁྲིད་པར་བྱེད་པ་འཁོར་འདས་རུ་ཤན་གྱི་སྤྱོད་པ་དང་གསུམ་ཡོད་པ་ལས། དང་པོ། སྒོ་གསུམ་གྱི་སྣ་ཁྲིད་པར་བྱེད་པ་ལུས་ངག་ཡིད་ཀྱི་སྔོན་འགྲོ་སྟེ། ལུས་རྡོ་རྗེ་སྔོན་པོ་རྩེ་གསུམ་པ་ཉིད་དུ་གསལ་ལ་རྡོ་རྗེའི་འདུག་སྟངས་ཡུན་རིང་དུ་བྱས་པས། རྣམ་རྟོག་གི་འཕྲོ་བ་ཐམས་ཅད་རྒྱུན་ཆད་པར་གྱུར་པའི་ཚེ། རྗེས་ཤེས་ཀྱི་ངོ་བོ་ལ་བལྟས་ཏེ་རང་བབས་སུ་བཞག་ལ་ཡུན་རིང་པོའི་བར་དུ་བསྐྱང་བར་བྱ་བ་ནི་ལུས་ཀྱི་སྔོན་འགྲོ་ཞེས་བྱ་བ་ཡིན།

དེ་ནས་ལུས་ངག་ཡིད་གསུམ་ཆུན་གཅིག་སྒྲིལ་དུ་ཧཱུྃ་ལ་དམིགས་པ་བཟུང་སྟེ། རྒྱས་གདབ་པ་དང་། རྩལ་སྦྱང་བ་དང་། མཉེན་བཙལ་བ་དང་། ལམ་དུ་གཞུག་པ་སྟེ་རྣམ་པ་བཞི་ལ་རྩེ་གཅིག་ཏུ་སྙིང་ཐིག་ཆེན་པོའི་ཡིག་ཆ་ལས་ཇི་ལྟར་འབྱུང་བ་བཞིན་དུ་བསླབ་པར་བྱ་བ་ནི་ངག་གི་སྔོན་འགྲོ་ཞེས་བྱ་བ་ཡིན།

དེ་ནས་སེམས་ལ་དང་པོ་བྱུང་ས་དང་། བར་དུ་གནས་ས། ཐ་མར་འགྲོ་ས་རྣམས་རྣམ་པར་བཙལ་བའི་གནས་སྐབས་ན། དང་པོ་བྱུང་ས་མེད་པ་ཆོས་ཀྱི་སྐུ་རུ་ངོ་སྤྲད། བར་དུ་གནས་ས་མེད་པ་ལོངས་སྤྱོད་རྫོགས་པའི་སྐུ་རུ་ངོ་སྤྲད། ཐ་མར་འགྲོ་ས་མེད་པ་སྤྲུལ་པའི་སྐུ་རུ་ངོ་སྤྲད་པར་བྱས་པ་ཡིད་ཀྱི་སྔོན་འགྲོ་སྟེ་འདི་དག་ལ་ལུས་ངག་ཡིད་ཀྱི་སྔོན་འགྲོ་ཞེས་བྱ་བ་ཡིན།

གཉིས་པ་སྐུ་གསུམ་གྱི་སྣ་ཁྲིད་པར་བྱེད་པ་འབྱུང་བཞིའི་རྣལ་འབྱོར་དེ་ནི། ཕལ་ཆེར་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཡན་ཆད་ཀྱི་སྐུ་དུས་སུ་སྦྱང་སྲོལ་རྒྱ་ཆེན་པོར་ཡོད་ཀྱང་། དེ་མན་ཆད་ནས་དེང་སང་གི་ཕྱག་བཞེས་ལ་ཆེར་མེད་པ་ལྟ་བུར་སྣང་མོད། འོན་ཀྱང་རྒྱུད་རང་གི་དགོངས་པ་ལྟར་དུ་བྱས་ན། ས་ཆུ་མེ་རླུང་གི་སྒྲ་ལ་སེམས་ཐིམ་འགྲོ་བ་ལྟར་གཏད་དེ་རིག་པའི་ངོ་བོའི་ངང་སྐྱོང་བར་བྱེད་པ་ལ་བྱ་བ་ཡིན།

གསུམ་པ་རིག་པའི་སྣ་ཁྲིད་པར་བྱེད་པ་འཁོར་འདས་རུ་ཤན་གྱི་སྤྱོད་པ་ནི། འགྲོ་དྲུག་གི་བསམ་སྤྱོད་བརྗོད་པ་ཐམས་ཅད་བློ་ཡིས་བླངས་ལ་ངག་གིས་བརྗོད་དེ་འཕྲོ་བདོ་བ་ན། ཐབས་ཤེས་ཀྱི་ཡི་གེ་ཕཊ་སྒྲ་དྲག་པོས་གློ་བུར་དུ་མཚམས་བཅད་ཅིང་། རྗེས་ཤེས་ཀྱི་ངོ་བོ་ལ་ཡང་ནས་ཡང་དུ་བལྟས་ཏེ། འཁོར་བའི་རུ་དང་མྱང་འདས་ཀྱི་རུ་གཉིས་ཀྱི་ཤན་འབྱེད་པར་བྱེད་པ་ལ་བྱ་བ་ཡིན།

དེ་ལྟར་རུ་ཤན་མཐར་ཕྱིན་པའི་རྗེས་སུ་ལུས་མི་གཡོ། ངག་མི་སྨྲ། སེམས་རྩེ་གཅིག་ཏུ་གནས་པ་རྣལ་དུ་དབབ་པའི་ཏིང་ངེ་འཛིན་ལ་གནས་པར་བྱ། དེའི་རྗེས་སུ་ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་དེ་ལམ་ལ་གཞུག་པའམ་སོར་གཞུག་པར་བྱ་བའི་ཕྱིར་དུ། དང་པོ་ཉན་ཐོས་དང་མཐུན་པར་སྤྱོད་ལམ་ཞི་བ། བར་དུ་བྱང་སེམས་དང་མཐུན་པར་སྤྱོད་ལམ་འབྲིང་པོ། མཐར་ཁྲོ་བོའི་སྤྱོད་པ་དང་བསྟུན་པའི་སྤྱོད་ལམ་དྲག་པོ་དང་བསྲེས་ཏེ་རྒྱུན་གྱི་སྤྱོད་ལམ་ལ་འཇུག་པར་བྱ་བ་ནི་སྔོན་འགྲོའི་རིམ་པ་མདོར་བསྡུས་པ་ཙམ་ཞིག་ཡིན།

བར་དུ་དངོས་གཞི་ཐོད་རྒལ་གྱི་རིམ་པ་དེ་ལ་ཡང་། སྤྱིར་རིག་འཛིན་སོ་སོའི་ཁྲིད་ཚུལ་རྣམ་པ་མི་འདྲ་བ་མང་པོ་ཞིག་ཡོད་ཀྱང་། འདིར་གཙོ་བོ་ཀུན་མཁྱེན་མི་ཕམ་རྒྱ་མཚོའི་རྗེས་སུ་འབྲངས་ཏེ་གནད་རྣམ་པ་དྲུག་ལ་བརྟེན་ནས་བཤད་པར་བྱ་བ་ལ། ཐོག་མར་ལུས་ཀྱི་གནད་སྐུ་གསུམ་གྱི་བཞུགས་སྟངས་ཏེ། ཆོས་སྐུའི་བཞུགས་སྟངས་སེངྒེ་འགྱིང་བ་ལྟ་བུ། ལོངས་སྐུའི་བཞུགས་སྟངས་གླང་ཆེན་ཉལ་བ་ལྟ་བུ། སྤྲུལ་སྐུའི་བཞུགས་སྟངས་དྲང་སྲོང་ཙོག་པུ་ལྟ་བུ་ལས་གང་རུང་ལ་གནས་པར་བྱ་བ་དང་། ངག་གི་གནད་སྨྲ་བ་བཅད་ལ་རླུང་ཁ་ནས་དལ་བུར་བུད་དེ་རང་བབས་སུ་བཞག་སྟེ་རྩེ་གཅིག་ཏུ་བསྒོམ་པར་བྱ་བ་དང་། ཡིད་ཀྱི་གནད་འདས་མ་འོངས་ད་ལྟ་དུས་གསུམ་གྱི་རྟོག་ཚོགས་ཐམས་ཅད་དབྱིངས་སུ་བཅད་ལ་རང་བབས་སུ་བཞག་སྟེ་བསྒོམ་པར་བྱ་བ་ནི་སྒོ་གསུམ་གྱི་གནད་ཡིན།

དེ་ནས་སྒོའི་གནད་ནི་ཆོས་སྐུའི་གཟིགས་སྟངས་མིག་གྱེན་དུ་ལྟ་བ་དང་། ལོངས་སྐུའི་གཟིགས་སྟངས་ཟུར་ལ་མིག་གཉིས་མཉམ་པོར་ལྟ་བ་དང་། སྤྲུལ་སྐུའི་གཟིགས་སྟངས་ཐུར་དུ་ལྟ་བ་སྟེ་གཟིགས་སྟངས་རྣམ་པ་གསུམ་ལ་བརྟེན་ནས་སྒོམ་པ་དང་། ཡུལ་གྱི་གནད་ནམ་མཁའ་རྐྱེན་བྲལ་དང་ཉི་ཟླ་མར་མེ་སོགས་ལ་བརྟེན་ནས། སྣང་བའི་གནད་དབྱིངས་རྣམ་དག་གི་སྒྲོན་མ་མཐིང་དབྱིངས་ཁྱབ་པ་ཆེན་པོ་འོད་ལྔའི་མུ་ཁྱུད་ཅན་དང་། ཐིག་ལེ་སྟོང་པའི་སྒྲོན་མ་བཀོད་མའི་ཆུ་ལ་རྡོ་བསྐྱུར་བ་ལྟ་བུ་ཕྱི་ནང་རིམ་པ་ཅན་དུ་སྣང་བ་དང་། རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་གསེར་གྱི་སྐུད་པ་ལ་ཤེལ་ཕྲེང་གིས་བརྒྱན་པ་ལྟ་བུ་གཡོ་ལ་འཁྱོག་པའི་རྣམ་པ་ཅན་དུ་སྣང་བ་ལ། ནང་དུ་ཤེས་རབ་རང་བྱུང་གི་སྒྲོན་མ་ཁྲེགས་ཆོད་ཅོག་བཞག་བཞིའི་ལྟ་བ་དང་ལྡན་པའི་སྒོ་ནས། རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་གར་འགྲོ་སའི་རྗེས་སུ་ཡིད་མིག་རླུང་གསུམ་མི་འགྲོ་བར་དབྱིངས་ཐིག་གི་ར་བར་བཙོན་དུ་བཟུང་ལ་རྩེ་གཅིག་ཏུ་བསྒོམ་པར་བྱ་བ་ནི། ཐོད་རྒལ་སྒོམ་པའི་དངོས་གཞིའི་གནད་རྣམ་པ་དྲུག་ཏུ་ཆ་ཚང་བ་ཡིན།

དེ་ལྟར་སྒོམ་པའི་གནས་སྐབས་ན། དང་པོ་དབྱིངས་ཐིག་རིག་པ་རྣམས་ཡོངས་སུ་སྣང་བ་ནི་ཆོས་ཉིད་མངོན་སུམ་དང་། དེ་ཉིད་ཇེ་གསལ་དང་ཇེ་བརྟན། ཇེ་རྒྱས་སུ་གྱུར་བ་ནི་ཉམས་གོང་འཕེལ་དང་། དེ་ནས་མ་དག་པའི་སྣང་བ་ཐམས་ཅད་དག་ནས། དབྱིངས་སྣང་ཞིང་ཁམས་སུ་དག ཐིག་ལེ་གཞལ་ཡས་ཁང་དུ་རྫོགས། རིག་པ་སྐུར་སྨིན་ཏེ། དག་པ་འབའ་ཞིག་གི་རྩལ་རྫོགས་པར་གྱུར་པ་ནི་རིག་པ་ཚད་ཕེབས་ཡིན། མཐར་དག་པའི་སྣང་བ་དེ་དག་ཀུན་ཀྱང་ནང་གསལ་གཞོན་ནུ་བུམ་སྐུའི་ཀློང་དུ་བཙན་ས་ཟིན་པར་གྱུར་པ་ནི་ཆོས་ཉིད་ཟད་པའི་སྣང་བ་ཞེས་བྱ་བ་ཡིན།

མཐར་རྗེས་ཀྱི་རིམ་པ་ནི་དེ་ཉིད་དུ་མི་འགུལ་བ་གསུམ་ལ་གཞི་བཅའ་བ་དང་། སྡོད་པ་གསུམ་གྱིས་ཚད་བཟུང་བ། ཐོབ་པ་གསུམ་གྱིས་གཟེར་གདབ་པ། གདེང་བཞིའི་གྲོལ་ཚད་དང་ལྡན་པ་རྣམས་ཀྱིས་ཉམས་ལེན་ལ་ཇི་བཞིན་དུ་འཇུག་དགོས་པར་བྱ་བ་ཡིན་པས། དེ་དག་ཐམས་ཅད་ནི་འོད་གསལ་ཐོད་རྒལ་གྱི་ཉམས་ལེན་གནད་བསྡུས་ལ་ཆ་ཚང་ཞིང་མ་ནོར་བ་རིག་འཛིན་བརྒྱུད་པའི་མན་ངག་བཞིན་དུ་བཤད་གྲུབ་པ་ལགས།

གྱེས་ཁའི་སྙིང་གཏམ།

དེ་ནས་ཆོས་ཐུན་མཇུག་རྫོགས་ལ་ཉེ་སྐབས་ཐམས་ཅད་ལ་འདི་ལྟར་གསུང་།

ད་རེས་ངེད་ཅག་རྟེན་འབྲེལ་གྱི་དབང་གིས་འགྲོ་དྲུག་འདྲེན་པའི་ཐུབ་པ་དྲུག་གི་གྲངས་ལྡན་གྱི་ཁྲིམས་ལྡན་སྡེ་སྣོད་འཛིན་པའི་མིང་ཙམ་འཛིན་པ་དཔོན་གཡོག་དྲུག ཉི་མ་དང་ཟླ་བའི་རང་འགྲོས་ཀྱི་ཕྱོགས་དང་བསྟུན་ནས་འཛམ་གླིང་ལ་སྐོར་བ་བྱེད་པའི་གནས་སྐབས་སུ། ཁྱེད་རིག་པ་འཛིན་པའི་ཆོས་ཚོགས་དང་འཕྲད། འཕྲད་པ་ཙམ་དུ་མ་ཟད་བསོད་རྒྱལ་རིན་པོ་ཆེ་དབུར་བཞུགས། ཆོས་ཚོགས་ཀྱི་སློབ་མ་ཡོངས་ཀྱིས་མའི་དྲུང་དུ་བུ་ཐོན་པ་ལྟ་བུའི་བརྩེ་གཟིགས་བྱམས་སྐྱོང་བསམ་གྱིས་མི་ཁྱབ་པ་མཛད་པ་དེ་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་ཡིན། ཁྱེད་རྣམ་པས་ཆོས་རྣམ་པར་དག་པ་ཞིག་སྒྲུབ་བཞིན་ཡོད་པ་ལ་ངོ་མཐོང་གི་སྐད་ཆ་ཙམ་མ་ཡིན་པར་ཁ་ཞེ་གཉིས་མེད་ཀྱིས་རྗེས་སུ་ཡི་རང་ཞུ།

ད་རེས་གོང་དུ་ལས་རབ་གླིང་པའི་སྐུ་ཚབ་རྣམ་པ་གཉིས་ལ་སྐུ་ཚེགས་ཧ་ཅང་ཆེ་ཟེར་བ་དེ་དངོས་གནས་དྲང་གནས་བདེན་པ་རེད། དེ་ནི་ཁོང་གིས་གསུངས་པ་ལྟར། ཁོང་ལ་མགོ་སེར་པོ་ཅན་རྣམས་གདུལ་བར་དཀའ་བ་བཞིན་དུ། ང་ལ་ཡང་མགོ་ནག་པོ་ཅན་རྣམས་གདུལ་བར་དཀའ་ལས་ཁག་པོ་འདུག ༼དགོད་སྒྲ།༽ ཡིན་ན་ཡང་ངེད་གཉིས་ཀའི་ཚེ་འདིའི་དཀའ་བ་དེ་དཀའ་བ་ཆུང་ཆུང་ཡིན། ད་རུང་ཡང་མདུན་ལམ་དེ་དཀའ་ངལ་ཆེ་བ་དང་ཀྱག་ཀྱོག་མང་བ་ཞིག་ཡིན། ངེད་གཉིས་ཀྱི་བསམ་སྤྱོད་དེ་ཡང་རྒྱལ་སྲས་སྤྱིའི་མཛད་སྤྱོད་དང་མཐུན་པར་ནམ་མཁའ་ཇི་སྲིད་དུ་བསྟན་པ་དང་སེམས་ཅན་གྱི་དོན་མཛད་དགོས་ན། སྙིགས་མའི་རྒུད་པ་ཤིན་ཏུ་འཁྲིགས་བཞིན་པས་ཧ་ཅང་དཀའ་ངལ་ཆེ་བའི་སྒང་ཡིན། དེ་འདྲའི་དཀའ་ངལ་དེ་ཁྱེད་སློབ་ཚོགས་ཚང་མས་ཀྱང་མཐོང་ན། ངེད་གཉིས་ཀ་ལ་ཚེ་འདིའི་སྟེང་གི་ཟ་རྒྱུ་འཐུང་རྒྱུ་རེ་བྱིན་ན་བཀའ་དྲིན་ཆེ་ཡང་མ་བྱིན་ནའང་རང་མགོ་ཐོན་འོང་རྒྱུ་རེད། སེམས་ཅན་གྱི་དོན་མཛད་པ་དེ་ནི་དཀའ་ངལ་ཧ་ཅང་ཆེན་པོ་ཞིག་ཡིན་པས། ཁྱེད་ཅག་གིས་བླ་རྒན་གཅིག་པུ་ས་མཐར་བསྐྱལ་ནས་སྐྱུར་མི་འཇོག་པར་རྣམ་པ་ཚང་མས་ཀྱང་དཔུང་གྲོགས་བྱས་ཏེ་བསམ་པ་བཟང་པོ་དང་། སྦྱོར་བ་ཕུན་སུམ་ཚོགས་པས་བསྟན་པ་དང་སེམས་ཅན་གྱི་དོན་མཛད་རྒྱུ་ལ་སྙིང་ཐག་པ་ནས་རེ་ཞུ་བྱས་པ་ཡིན།

རང་རེ་དཔོན་སློབ་ཀྱི་མཛད་ཕྲིན་དེ་ནི། བོད་ཀྱི་ཁ་དཔེ་ལ། སྔར་བཤད་ཚིག་གི་དར་གྱི་མདུད་པ། ཕྱི་གཏམ་དར་ཐོག་ཐམ་བཞག་ཟེར་བ་བཞིན། ཚེ་འདི་ཙམ་མ་ཟད་སྐྱེ་བ་ཚེ་རབས་ཀྱི་བར་དུ་འགྱུར་བ་ཡོད་པ་མ་རེད། དེ་ནི་རྒྱལ་བ་ཚངས་དབྱངས་རྒྱ་མཚོས། བྲིས་པའི་ཡི་གེ་ནག་ཆུང་། །ཆུ་དང་ཐིགས་པས་འཇིག་སོང་། །མ་བྲིས་སེམས་ཀྱི་རི་མོ། །བསུབས་ཀྱང་བསུབ་རྒྱུ་མི་འདུག །ཅེས་པ་ནང་བཞིན་ཡིན།

དེ་ནས་རྗེས་མའི་རྗེས་མ་སོགས་ལའང་བསོད་རྒྱལ་རིན་པོ་ཆེ་ཁོང་སྨོས་མ་དགོས་པ་རེད། ཁོང་གི་སློབ་ཚོགས་ཡིན་ངེས་པའི་གང་ཟག་སུ་དང་སུ་འདྲ་བ་ཞིག་བོད་ཡུལ་དུ་འོང་ན་ཡང་། རང་གིས་ཞེ་ཐག་པ་ནས་དགའ་བསུ་ཞུ་རྒྱུ་ཡིན། ངས་ཞབས་ཞུ་རྒྱ་ཆེན་པོ་ཞིག་འགྲུབ་ཟེར་ན་རྫུན་ཡིན་ཏེ། ང་ལ་ས་འདིའི་སྟེང་ན་ད་ལྟ་གྲུབ་དབང་པད་མ་ནོར་བུ་ལས་བཀའ་དྲིན་ཆེ་ཞིང་གཉན་པོ་ཞིག་མེད་ཀྱང་། ཁོང་ན་ནིང་བོད་ལ་འབྱོན་སྐབས་འབྱོར་བའི་ཐད་ནས་སྒོར་ཟུར་གཅིག་ཀྱང་འབུལ་རྒྱུ་མ་ལོན། དེ་ལྟར་ཡིན་པས་རྒྱ་ཆེན་པོ་ཞིག་མི་འགྲུབ་རུང་། ཞབས་ཞུ་མི་བསྒྲུབ་བསམ་པ་ཞིག་གཏན་ནས་མེད། རང་ནུས་གང་ཡོད་ཀྱིས་ཚང་མ་ལ་ཞབས་ཞུ་བསྒྲུབ་རྒྱུ་ཡིན།

དེ་ནས་རྒྱལ་བ་སྲས་བཅས་དཔང་པོར་བཞག་སྟེ་བདག་གིས་སྨོན་འདུན་གྱི་ཚིག་ཁ་ཤས་ཞུས་ན། བསོད་རྒྱལ་རིན་པོ་ཆེ་ཁོང་གི་སྐུ་ཚེ་བརྟན་ཅིང་མཛད་ཕྲིན་རྒྱས་པའི་སྨོན་འདུན་དང་པོ་ཞུ། རིག་པ་འཛིན་པའི་ཆོས་ཚོགས་འདི་ཡང་ཡར་རྒྱས་ཕུན་སུམ་ཚོགས་པ་སྡེ་བཞིའི་དཔལ་ལ་ངང་གིས་སྤྱོད་པའི་སྨོན་འདུན་གཉིས་པ་ཞུ། སློབ་ཚོགས་ཚང་མ་ཡང་བསམ་པ་བཟང་པོ་དང་སྤྱོད་པ་ཕུན་སུམ་ཚོགས་པའི་སྒོ་ནས་འཛམ་གླིང་ཞི་བདེའི་རྩ་དོན་ལ་བརྩོན་ལེན་བྱས་ཏེ། ཆོས་དང་སྲིད་ཀྱི་ལེགས་ཚོགས་ཐམས་ཅད་ཇི་བཞིན་དུ་འགྲུབ་པའི་སྨོན་འདུན་གསུམ་པ་ཞུ། རང་རེ་དཔོན་སློབ་ཚང་མ་ཚེ་འདིར་ཡང་ནས་ཡང་དུ་འཕྲད་ཅིང་ཐེག་པ་ཆེན་པོའི་ཆོས་ལ་ལོངས་སྤྱོད་པ་དང་། ཚེ་འདི་འཕོས་མ་ཐག་ཏུ་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེས་ཏེ་མགོན་པོ་འོད་དཔག་མེད་པའི་ཞལ་མཇལ་གསུང་ཐོས་བྱང་ཆུབ་ཏུ་ལུང་བསྟན་ཐོབ། དེ་ནས་རྒྱལ་སྲས་འཇམ་དཔལ་དཔའ་བོ་དང་རྟག་ཏུ་འགྲོགས་ནས་ནམ་མཁའ་ཇི་སྲིད་དུ་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་ལ་བརྩོན་པར་བྱེད་པའི་སྨོན་འདུན་ཐ་མའང་ཞུ་བ་ཡིན།

དེ་ལྟར་ཕྱོགས་དུས་ཀྱི་རྒྱལ་བ་སྲས་དང་བཅས་པ་སྤྱི་དང་། ཁྱད་པར་དུ་ཚོགས་པ་འདིར་བཞུགས་པའི་བླ་སྤྲུལ་དགེ་བའི་བཤེས་གཉེན་གྲངས་མང་ཞིང་ཚར་དུ་དངར་བ་དེ་དང་། དད་པ་དང་ཤེས་རབ་ཕུན་སུམ་ཚོགས་པ་ལྡན་པའི་སློབ་ཚོགས་ཡོངས་ཀྱིས་ཀྱང་དེ་དག་ཐམས་ཅད་ལེགས་པར་འགྲུབ་པའི་མཐུན་འགྱུར་དམ་པ་གནང་བར་ཞུ་ཞུ།

སླར་ཡང་དྲི་བ་ཉི་ཤུ་བཏོན།

ཕྱི་དྲོར་ཆོས་རྗེ་ཉིད་ལ་ལས་རབ་གླིང་གི་འཕྲིན་སྦྱོར་སྡེ་ཁག་གི་གསར་འགོད་པས་བཅར་འདྲི་བྱས་པ་གཤམ་གསལ།

༡ དྲི་བ། བཀའ་འདྲི་ཞུ་རྒྱུ་འདི་མི་ཚང་མའི་སློབ་སྦྱོང་གི་ཆེད་ཡིན། ང་ཚོར་དྲི་བ་མང་པོ་ཞུ་རྒྱུ་འདུག་ཀྱང་དེ་དག་གི་ལན་ཉེ་སྔོན་རིན་པོ་ཆེས་བཀའ་ཆོས་གནང་སྐབས་གསུངས་ཚར་སོང་། དེའི་ནང་ནས་འགའ་ཞིག་འདིར་ཞུས་ན་འགྲིག་གམ།

ལན། ཡ་ཡ།

༢ དྲི་བ། ད་ཐེངས་རིན་པོ་ཆེ་ཁྱེད་ནུབ་ཕྱོགས་སུ་ཐོག་མར་ཕེབས་པ་ཡིན་ཞིང་། དུས་ཚོད་འདིར་ཁྱེད་ཕེབས་པར་དགོས་དོན་དམིགས་བསལ་བ་ཡོད་དམ།

ལན། སྤྱིར་བསྟན་པ་དང་སེམས་ཅན་ལ་ཕན་ཅུང་ཟད་རེ་ཨེ་ཐོགས་བསམས་ནས་ནུབ་ཕྱོགས་ལུང་པ་རུ་ཡོང་བ་ཡིན། དེའི་སྐབས་སུ་མི་ཐམས་ཅད་ཀྱི་རྣམ་འགྱུར་དང་སེམས་ཁམས་ཀྱི་འགྱུར་བ་སོགས་ཕྱོགས་གང་ལ་བལྟས་ཀྱང་། སངས་རྒྱས་ཀྱི་བསྟན་པས་ཁོང་ཚོར་ཕན་ཐོགས་ཆེན་པོ་ཡོང་ས་རེད་སྙམ་པའི་ཡིད་ཆེས་བྱུང་། དེ་མིན་དུས་ཚོད་འདི་འདྲར་གཏད་དགོས་པའི་དམིགས་ཡུལ་ཅི་ཡང་མེད།

༣ དྲི་བ། ནུབ་ཕྱོགས་སུ་ཡོད་པའི་ཆོས་པ་རྣམས་ལ་རིན་པོ་ཆེ་ཁྱེད་ཀྱིས་གཟིགས་སྣང་ག་འདྲ་བྱུང་། ཁྱེད་ཀྱིས་བོད་དུ་ཡོད་པའི་ཆོས་པ་དང་ནུབ་ཕྱོགས་སུ་ཡོད་པའི་ཆོས་པ་གཉིས་ལ་མི་འདྲ་ས་ག་རེ་གཟིགས་སོང་།

ལན། ནུབ་ཕྱོགས་ཀྱི་ཆོས་པ་རྣམས་ཧ་ཅང་ཡག་པོར་འདུག རབ་ཏུ་བྱུང་བ་དེ་བོད་ལུང་པ་ན་ཤིན་ཏུ་མང་པོ་རེད། ནུབ་ཕྱོགས་སུ་རབ་བྱུང་བ་དཀོན་ཡང་ཆོས་ལ་དད་མོས་ཡོད་པ་དག་ཀྱང་བསམ་གྱིས་མི་ཁྱབ་པའི་མང་པོ་རེད། དེ་མ་གཏོགས་ཁྱད་པར་ཆེན་པོ་མེད་པ་འདྲ།

༤ དྲི་བ། སྤྱིར་བཏང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་གནས་སྟངས་དེ་བོད་ཡུལ་དང་རྩ་བ་ནས་མི་འདྲ་ཞིང་། ནུབ་ཕྱོགས་སུ་རྣམ་གཡེང་གི་རྒྱུ་ཆེས་མང་པོ་ཡོད། ནང་པའི་ཆོས་ལ་ཐབས་མི་འདྲ་བ་མང་པོ་ཡོད་པས། རྣམ་པ་གང་ཞིག་ཁྱབ་སྤེལ་བྱས་ན་ནུབ་ཕྱོགས་ཀྱི་མི་རྣམས་ལ་ཕན་པར་འགྱུར་བའི་ཐད་ལ་དགོངས་ཚུལ་ག་འདྲ་ཡོད།

ལན། སྤྱིར་ནང་པ་སངས་རྒྱས་པའི་ཆོས་ཟེར་བ་དེའི་རྩ་བ་ནི་འཇིག་རྟེན་ཆོས་བརྒྱད་མགོ་སྙོམས་ཅི་ཐུབ་བྱེད་རྒྱུ་དེ་ཡིན་ལ། ཆོས་ཀྱི་སྙིང་པོ་ཡང་བྱམས་སྙིང་རྗེ་འབའ་ཞིག་ཡིན། ཡིན་ནའང་ཉི་མ་གཅིག་གིས་འཇིག་རྟེན་ཆོས་བརྒྱད་ཀྱི་མགོ་སྙོམས་ཐུབ་དགོས་ན་དཀའ་མོ་ཡིན་པས། ག་ལེར་བྱས་ནས་དེའི་མགོ་སྙོམས་ཅི་ཐུབ་བྱེད་དགོས། དེ་ནས་བྱམས་སྙིང་རྗེ་ཡིས་སློབ་གསོ་གཙོ་བོར་བྱས་ན་དེ་དག་ལ་ཕན་ཆེན་པོ་ཐོགས་རྒྱུ་རེད།

༥ དྲི་བ། ལགས་སོ། །ནུབ་ཕྱོགས་པས་ཀྱང་དེའི་སྐོར་ཉམས་བཞེས་བྱ་རྒྱུ་དེ་གཙོ་བོ་རེད་དམ།

ལན། རེད།

༦ དྲི་བ། ཁྱེད་ཀྱིས་གསུངས་པ་ནང་བཞིན་བསོད་རྒྱལ་རིན་པོ་ཆེས་ཀྱང་དུས་རྟག་ཏུ་གསུངས་པས། བླ་མ་ལ་དད་པ་དང་མོས་གུས་བྱེད་རྒྱུ་དེ་གནད་འགག་ཆེ་ཤོས་ཡིན་པ་ང་ཚོས་ཤེས་ཡོད། རིན་པོ་ཆེ་ཁྱེད་ཀྱི་རྩ་བའི་བླ་མ་དེ་མཁན་པོ་ཐུབ་དགའ་ཡིན་པར་གོ་བྱུང་། མཁན་པོ་ཐུབ་དགའི་ལོ་རྒྱུས་དང་མཛད་རྣམ་གྱི་གཙོ་བོ་གང་དག་ཐུགས་ལ་དྲན་སོས་ཀྱིན་འདུག་གསུང་རོགས།

ལན། དེ་ནི་རྫོགས་ཆེན་མཁན་པོ་ཨ་བུ་ལྷ་དགོངས་ཀྱིས། ཐུབ་བསྟན་འདུལ་བའི་ཚུལ་ཁྲིམས་རྣམ་པར་དག །ལུང་རྟོགས་ཆོས་ཚུལ་བཤད་སྒྲུབ་མཛད་བཟང་སྤེལ། །ཆོས་བརྒྱད་བདུད་སྡེའི་འཆིང་ཞགས་གཅོད་མཛད་པའི། །དཔལ་ལྡན་བླ་མ་མཆོག་ལ་གསོལ་བ་འདེབས། །ཞེས་གསུངས་པ་དེ་ཐུབ་དགའ་ཡིད་བཞིན་ནོར་བུའི་མཛད་རྣམ་གྱི་གཙོ་བོ་རེད།

༧ དྲི་བ། ལགས་སོ། །ཁོང་གིས་སློབ་མ་རྣམས་ལ་རྫོགས་ཆེན་གྱི་བཀའ་ཆོས་གནང་སྟངས་ཐད་གཞན་དང་མི་འདྲ་བའི་ཁྱད་ཆོས་ཅི་ཞིག་ཡོད།

ལན། ཁོང་གིས་སྐལ་བ་དང་ལྡན་པའི་གང་ཟག་རེ་རེ་གཉིས་རེ་ཙམ་མ་གཏོགས་རྫོགས་པ་ཆེན་པོའི་སྨིན་ཁྲིད་རྒྱ་ཆེན་པོར་བྱས་ནས་གསུང་བའི་སྲོལ་མེད།

༨ དྲི་བ། ལགས་སོ། །སྤྱིར་ཁོང་གིས་གཙིགས་ཆེན་གནང་ས་དེ་གང་ཡིན།

ལན། གོང་དུ་གསོལ་འདེབས་ལས་བསྟན་པ་བཞིན། ཁོང་རང་དང་འཁོར་སློབ་ཚང་མས་གཙིགས་ཆེན་གནང་ས་ནི་ཚུལ་ཁྲིམས་དག་རྒྱུ་དང་། ལུང་རྟོགས་ཀྱི་བསྟན་པ་ལ་བྱ་བ་བྱེད་རྒྱུ། ཆོས་བརྒྱད་བདུད་སྡེའི་འཆིང་ཞགས་གཅད་རྒྱུ་བཅས་ཡིན་ཞིང་། ཁོང་རྣམ་པས་སྐུ་ཚེ་གཅིག་གི་ཉམས་བཞེས་དང་གཞན་ལ་སློབ་གསོ་མཛད་རྒྱུ་ཡང་དེ་ཡིན།

༩ དྲི་བ། རིན་པོ་ཆེ་ཁྱེད་ནི་ད་ལྟ་གཏེར་སྟོན་ལས་རབ་གླིང་པའི་སྤྲུལ་སྐུ་རྣམ་པ་གཉིས་སམ་གསུམ་ཡོད་པའི་ནང་གི་གཅིག་རེད། སྤྱིར་ང་ཚོ་ནུབ་ཕྱོགས་པ་རྣམས་ཀྱིས་ཡང་སྤྲུལ་གཅིག་ཡོད་རྒྱུ་དེ་ལ་བསམ་བློ་གཏོང་བདེ་པོ་འདུག་ཀྱང་། དུས་མཚུངས་སུ་ཡང་སྤྲུལ་མང་པོ་ཡོད་རྒྱུ་དེ་བློ་ཡུལ་དུ་མི་ཤོང་བ་ལྟ་བུར་འདུག་པས། དེའི་སྐོར་ནས་བཀའ་སློབ་གནང་རོགས།

ལན། དཔེར་ན་ས་དང་པོ་ཐོབ་པ་ནས་བཟུང་དུས་མཐའི་སྐད་ཅིག་མ་གཅིག་གི་ཡུན་ལ་སྤྲུལ་བ་བརྒྱ་ཕྲག་གཅིག་འགྱེད་ནུས་པ་དང་། ས་གཉིས་པ་ལ་སྟོང་ཕྲག་དང་གསུམ་པ་ལ་འབུམ་ཕྲག་སོགས་སངས་རྒྱས་ཀྱིས་འཇིག་རྟེན་ཁམས་ཀྱི་རྡུལ་གྱི་གྲངས་དང་མཉམ་པའི་སྤྲུལ་བ་འགྱེད་དགོས་ཀྱང་ཐུབ་པ་ཡིན། ལས་རབ་གླིང་པ་སྒེར་ངོས་ནས་བསམ་བློ་བཏང་ན། སྐུ་དངོས་སུ་བཞུགས་སྐབས་ཁོང་གི་སྤྲུལ་བ་རེ་རྒྱ་ནག་ཏུ་བྱོན་ཅིང་། སྤྲུལ་བ་རེ་དབུས་གཙང་ཕྱོགས་སུ་བྱོན་ནས་ཆོས་གསུངས་ཚུལ་རྣམ་ཐར་ནང་དུ་ཡོད། དེས་ན་སྤྲུལ་བ་གཉིས་སམ་གསུམ་ཙམ་འབྱུང་བ་ནི་ཆེས་སླ་མོ་རེད་ཨང་།

༡༠ དྲི་བ། གཏེར་སྟོན་ལས་རབ་གླིང་པའི་སྤྲུལ་སྐུ་རྣམས་ཀྱི་སྐོར་ལ་བཀའ་སློབ་གནང་རྒྱུ་ཡོད་དམ།

ལན། གཏེར་སྟོན་ལས་རབ་གླིང་པ་ཁོང་གི་ལུང་བསྟན་ནང་དུ་སྤྲུལ་སྐུ་བརྒྱ་རྩ་གཅིག་འབྱོན་ཞེས་གསུངས་ཡོད་ཟེར། དེ་ཁོང་གི་རྩ་བའི་ཆོས་བདག་དང་སློབ་མ་ཚོས་གསུངས་པ་ཚོར་མྱོང་བ་མ་གཏོགས་ཡིག་ཆ་གསལ་བོར་མ་མཐོང་། བཀའ་ཡོངས་རྫོགས་འདུས་པའི་མདོ་བྱང་ཕྱི་མ་ལས་དེའི་སྐོར་ཅུང་ཟད་གསལ་བོར་གསུངས་ཡོད།

༡༡ དྲི་བ། ལས་རབ་གླིང་པའི་སྤྲུལ་སྐུ་རྣམས་ཀྱི་མ་འོངས་མཛད་འཕྲིན་རྣམས་ཇི་ལྟར་ཡིན་ཚུལ་གསུང་རོགས།

ལན། ཁོང་གི་སྐུ་དུས་ཀྱི་མི་ཐོག་གཅིག་གི་འཕྲོར་འཕྲིན་ལས་སྔར་ལས་དར་བར་འགྱུར་ཅིང་། དེ་ཡང་མི་ལོ་ལྔ་བརྒྱའི་བར་དུ་བསྟན་པ་གནས་པར་འགྱུར་ཞེས་གསུངས་པ་དེས་གོ་ཐུབ་པ་ཡིན།

༡༢ དྲི་བ། བླ་མ་ཆེན་པོ་མང་པོ་ཞིག་གིས་རིན་པོ་ཆེ་ཁྱེད་ནི་གཏེར་སྟོན་ལས་རབ་གླིང་པའི་སྤྲུལ་སྐུ་རེད་ཅེས་ངོས་འཛིན་གནང་ཡོད་པས། ཁྱེད་ཉིད་ལ་སྔོན་གནས་རྗེས་སུ་དྲན་པ་སོགས་ཡོད་དམ།

ལན། ང་རང་ངོས་ནས་ཆེན་པོ་མེད། ཡོད་ཀྱང་དེ་ནང་བ་སངས་རྒྱས་པ་རྣམས་ཀྱི་གསང་བ་ཡིན། ང་རང་དགེ་སློང་ཞིག་རེད། དགེ་སློང་གིས་དགོས་པ་ཁྱད་པར་ཅན་མེད་ན་དེ་ལྟ་བུ་བཤད་པའི་སྲོལ་མེད།

༡༣ དྲི་བ། གཏེར་སྟོན་ལས་རབ་གླིང་པ་དེ་ཧ་ཅང་ངོ་མཚར་བའི་གཏེར་ཆེན་ཞིག་རེད། ཁོང་གི་གཏེར་རྫས་དང་གཏེར་ཆོས་ལ་གཞན་དང་མ་འདྲ་བའི་དམིགས་བསལ་གྱི་ཁྱད་ཆོས་ཅི་ཡོད།

ལན། ཁོང་གི་གཏེར་རྫས་ལ་བསམ་བློ་བཏང་ན། ཞག་གཅིག་གཉིས་ཀྱི་ཡུན་ལ་གསེར་སྐུ་དང་སྒྲོམ་བུ་སོགས་སྒམ་མང་པོ་ལེན་རྒྱུ་ཡོད་ཅིང་། གཏེར་ཆོས་ལ་བསམ་ན་ཡང་ཚེ་སྒྲུབ་ཡིད་བཞིན་ནོར་བུ་ལྟ་བུའི་སྔོན་གངས་རིའི་ལྗོངས་སུ་བྱུང་མ་མྱོང་བའི་ཟབ་ཆོས་བསམ་གྱིས་མི་ཁྱབ་པ་དག་ཡོད་པ་རེད།

༡༤ དྲི་བ། རྟེན་འབྲེལ་ཉེས་སེལ་དེ་ནུབ་ཕྱོགས་སུ་ཡོད་མཁན་གྱི་མཁའ་འགྲོ་མའམ་གཞན་ཞིག་གི་རོགས་རམ་ལ་བརྟེན་ནས་གཏེར་སྒོ་ཕྱེས་པ་རེད་ཅེས་བཤད་བཞིན་འདུག་པས། དེ་བདེན་པ་ཡིན་ནམ།

ལན། དེ་ནི་རྣམ་ཐར་ནང་དུ་བལྟ་དགོས་པ་ལས་ངས་ད་ལྟ་ཐད་ཀར་ཡིད་ལ་གསལ་ཁ་ཅན་ཞིག་དྲན་གྱིན་མི་འདུག

༡༥ དྲི་བ། ད་ལྟ་ང་ཚོའི་ཆོས་ཚོགས་ཚང་མས་རྟག་པར་རྟེན་འབྲེལ་ཉེས་སེལ་དང་ཕུར་བ་གཉིས་ཉམས་སུ་ལེན་བཞིན་ཡོད། གཏེར་སྟོན་ལས་རབ་གླིང་པའི་གཏེར་ཆོས་ལས་དེ་མིན་གཞན་གང་ཞིག་གཙོ་བོར་བྱས་ནས་ཉམས་སུ་ལེན་དགོས་པའི་སྐོར་གྱི་བཀའ་སློབ་གནང་རོགས།

ལན། ཁོང་གི་སྐུ་དུས་ན་ཡང་གཙོ་བོ་དེ་གཉིས་ཉམས་སུ་ལེན་པ་རེད། ད་ལྟ་ཡང་གཏེར་སྟོན་ལས་རབ་གླིང་པ་ལ་གསུང་ཆོས་མང་པོ་ཡོད་པས། དེ་དག་ཐམས་ཅད་ཅི་ཐུབ་གང་ཐུབ་ཀྱིས་ཉམས་བཞེས་མཛད་ན་ཡག་རྒྱུ་མ་གཏོགས་ཉམས་ལེན་བྱེད་ཆེ་སོང་ཟེར་བ་ཞིག་མེད། གཙོ་བོ་རྟེན་འབྲེལ་ཉེས་སེལ་དང་ཕུར་བ་གཉིས་ཉམས་སུ་བླངས་ན་ཡག་པོ་རེད།

༡༦ དྲི་བ། སྔོན་གཏེར་སྟོན་མང་པོ་བྱུང་ནས་གཏེར་མའི་ཆོས་སྐོར་རྒྱུན་བསྐྱངས་བ་རེད། མ་འོངས་པར་བོད་ཡུལ་སོགས་སུ་གཏེར་ཆོས་དར་ཁྱབ་ཅི་འདྲ་ཡོང་བའི་ཕྱོགས་ལ་གཟིགས་སྣང་ག་འདྲ་ཡོད།

ལན། སངས་རྒྱས་ཀྱི་བསྟན་པ་མ་ནུབ་བར་ཨོ་རྒྱན་རིན་པོ་ཆེའི་ཕྲིན་ལས་མི་ནུབ། ཨོ་རྒྱན་རིན་པོ་ཆེའི་ཕྲིན་ལས་མ་ནུབ་བར་དུ། ཇི་སྐད་དུ། གཏེར་སྟོན་ལང་མ་ལང་མ་འབྱུང་། །གཏེར་སྟོན་སྤང་ལ་ཤྭ་མོ་རྡོལ་བཞིན་འབྱུང་། །ཞེས་པ་ལྟར་ད་དུང་ཡང་གཏེར་སྟོན་དང་གཏེར་ཆོས་རྒྱུན་ཆད་མེད་པར་ཅི་མང་འབྱུང་རྒྱུ་རེད།

༡༧ དྲི་བ། འོ་ན་གཏེར་སྟོན་དེ་ནུབ་ཕྱོགས་སུ་འབྱུང་སྲིད་དམ།

ལན། ལོས་སྲིད། གཏེར་སྟོན་འགྲོ་དོན་གང་དུ་ཡོད་ན་དེ་ལ་འབྱོན་རྒྱུ་རེད་མ་གཏོགས་མཐའ་གཅིག་ཏུ་ས་ཆ་གཅིག་ནས་སྡོད་འདུག་རྒྱུ་ག་ལ་ཡིན།

༡༨ དྲི་བ། རིན་པོ་ཆེ་ཁྱེད་སྐུ་ཚེ་གཅིག་ལ་བོད་ཡུལ་དུ་བཞུགས་པ་རེད། སྐབས་དེར་ཁོ་ཚོས་ནང་ཆོས་རྩ་མེད་དུ་གཏོང་དུས། རིན་པོ་ཆེས་མཚམས་མ་བཞག་པར་རང་གིས་ཆོས་ཉམས་བཞེས་དང་གཞན་ལ་འཆད་སྤེལ་གནང་ཐུབ་པ་དེ་ག་འདྲ་བྱས་ནས་བྱུང་བ་ཡིན།

ལན། བླ་མ་དཀོན་མཆོག་གསུམ་ལ་གསོལ་བ་བཏབ་པའི་ཐུགས་རྗེ་ཁོ་ནས། ང་རང་ལ་གནོད་འཚེ་དང་དཀའ་ངལ་གང་ཡང་བྱུང་མ་སོང་ལ། ཆོས་ཀྱི་ཉམས་ལེན་སོགས་ལའང་བར་ཆད་གང་ཡང་མ་བྱུང་། དེ་དཀོན་མཆོག་གསུམ་གྱི་ཐུགས་རྗེ་ཡིས་ཡིན།

༡༩ དྲི་བ། ཉེ་ཆར་རིན་པོ་ཆེ་ཁྱེད་རྒྱ་ནག་པེ་ཅིང་གི་མཐོ་རིམ་ནང་བསྟན་སློབ་གྲྭ་རུ། དགེ་རྒན་ཆེན་མོའི་མིང་ཐོག་ནས་གདན་འདྲེན་ཞུས་ཤིང་བཀའ་སློབ་གནང་རྒྱུ་བྱུང་བར་བཤད། དེའི་སྐབས་སུ་ཁོང་ཚོས་བཀའ་ཆོས་དེ་ཡག་པོ་ཞིག་མཉན་ཏེ་ཉམས་ལེན་བྱས་པ་ཡིན་ནམ། རྒྱ་མིའི་ལྟ་སྟངས་དེ་གཞི་རྩ་ནས་འགྱུར་བཞིན་པའི་རྣམ་པ་ལྟ་བུ་ཞིག་ཡོད་དམ།

ལན། དེར་སློབ་ཚོགས་ཧ་ཅང་མང་པོ་མེད་པར་ཉུང་ཤས་རེད། ཉུང་ཤས་དེ་ཚང་མ་ཁ་ཞེ་གཉིས་མེད་ཀྱིས་ཆོས་ལ་དགའ་བ་དང་སྤྲོ་བ། མོས་པ་ཡོད་མཁན་རེད་འདུག ངས་ཆོས་བཤད་པའི་གནས་སྐབས་ན་ཚང་མའི་སེམས་དགའ་ཞིང་སྤྲོ་བར་འདུག་ལ། ཉམས་སུའང་ལེན་ས་རེད་སྙམ་པ་བྱུང་། དེ་མ་གཏོགས་རྒྱ་མི་སྤྱི་ཁྱབ་ཀྱི་གནས་བབས་ངས་ཧ་གོ་བ་མ་རེད།

༢༠ དྲི་བ། མཇུག་མཐར་ང་ཚོ་ཚང་མ་ལ་དམིགས་བསལ་གྱི་བསླབ་སྟོན་ཞིག་གནང་རོགས།

ལན། ཡ་ཡ། ཁྱེད་རྣམ་པས་སྤྱིར་དཀོན་མཆོག་གསུམ་དང་། སྒོས་སུ་རང་གི་བླ་མ་རིན་པོ་ཆེ་ལ་དད་པ་ཞོག སེམས་ཅན་ཐམས་ཅད་ལ་སྙིང་རྗེ་སྒོམས། ཉེ་ལམ་རྨད་དུ་བྱུང་བ་འོད་གསལ་རྫོགས་པ་ཆེན་པོའི་ཆོས་དེ་ལ་ཉམས་བཞེས་ལྷོད་པ་མེད་པར་གྱིས་དང་དེ་ལས་ལྷག་པའི་བསླབ་བྱ་སྟོན་རྒྱུ་མེད།

སྒེར་མཇལ་ཡུད་ཙམ་ཞིག

རི་མགུལ་སྤྲུལ་སྐུ་ནི་ཆོས་རྗེ་ཉིད་ལས་རབ་གླིང་དུ་བཞུགས་རིང་གི་ལོ་ཙཱ་བ་ཡིན་ཞིང་། ལོ་མང་འདས་པའི་རྗེས་སུ་ང་ཚོས་བཅར་འདྲི་བྱེད་སྐབས། ཁོང་གིས་འདི་ལྟར་གསུང་།

མཁན་ཆེན་འཇིགས་མེད་ཕུན་ཚོགས་སྐུ་འཁོར་ཕྱི་ལོ་༡༩༩༣ལོར་ཧྥ་རན་སི་རྒྱལ་ཁབ་ཏུ་ཡོད་པའི་ལས་རབ་གླིང་ཆོས་ཚོགས་སུ་ཕེབས་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་གནང་བའི་སྐབས་དེར་ཕྲན་ལ་དབྱིན་སྐད་ཀྱི་གསུང་བསྒྱུར་ཞུ་རྒྱུའི་གོ་སྐབས་རྨད་དུ་བྱུང་བ་ཞིག་ཐོབ་པ་རེད། མཁན་ཆེན་ཡིད་བཞིན་ནོར་བུ་ནི་ཉིད་ཀྱི་ལྕམ་སྲིང་དང་སྐུའི་ཚ་མོ་རྗེ་བཙུན་མ་མུ་མཚོ། དེ་བཞིན་དུ་དེ་དུས་སྐུ་ན་གཞོན་ཡང་མཁྱེན་རབ་མཆོག་ཏུ་བཀྲ་བའི་མཁན་པོ་རྣམ་པ་གཉིས་ཏེ། མཁན་ཆེན་རྣམ་གྲོལ་དང་མཁན་ཆེན་བསོད་དར་རྒྱས་ཀྱང་མཉམ་དུ་ཕེབས་འདུག མཁན་ཆེན་ཡིད་བཞིན་ནོར་བུ་མཆོག་གི་ངོ་མཚར་བའི་ལོ་རྒྱུས་མང་པོ་གོ་མྱོང་ཡོད་པ་དང་བླ་རུང་སྒར་གྱི་སྐོར་ལ་ཡང་ཆ་རྒྱུས་ཅུང་ཟད་ཅིག་ཡོད། ལྷག་པར་དུ་དེ་དུས་ཟབ་གསང་བླ་ན་མེད་པའི་དབང་དང་གདམས་ངག་ཐོབ་པའི་སྐལ་བ་བཟང་པོ་ནི་རང་ཉིད་ཀྱི་མི་ཚེའི་ནང་ཆེས་རྨད་དུ་བྱུང་བའི་དུས་ཚོད་ཅིག་ཏུ་གྱུར་སོང་།

མཁན་ཆེན་སྐུ་གཟུགས་ཅུང་བདེ་མིན་ལ་བརྟེན་དམིགས་བསལ་མཇལ་ཁ་ཞུ་མ་ཕོད་ཀྱང་། སྔ་དྲོ་ཞིག་ལ་མཁན་པོ་ཞིག་གིས་ཕྲན་ཡིད་བཞིན་ནོར་བུའི་གཟིམས་ཆུང་དུ་ཡིད་ལ་མེད་པར་ཁྲིད་ནས་མཇལ་ཁ་ཞིག་གནང་མཛད་བྱུང་། ནམ་རྒྱུན་དུ་ཡང་ཕྲན་ནི་མཁས་གྲུབ་ཀྱི་སྐྱེས་བུ་ཆེན་པོ་ཞིག་གི་སྐུ་མདུན་དུ་བསླེབས་སྐབས་དྲི་བ་དང་ཞུ་འདོད་ཐམས་ཅད་བརྗེད་འགྲོ་བ་ཞིག་ཡིན་པས། ཅི་ཞུ་མེད་པར་ཕྲན་གྱི་དགོན་པའི་སྐོར་ལ་ཅུང་ཟད་ཞུ་རྒྱུ་རེད་སོང་། ཕྲན་གྱི་དགོན་པ་ནི་རི་མགུལ་དགོན་པ་ཟེར་བའི་ཁམས་ཕྱོགས་སུ་ཡོད་པའི་ཀརྨ་བཀའ་བརྒྱུད་ཀྱི་དགོན་པ་ཆུང་ཆུང་ཞིག་ཡིན། དེ་སྐབས་དགོན་པ་དེ་ས་གནས་ཀྱི་མི་མང་དང་གསར་བརྗེ་སྐབས་ལུས་ཡོད་པའི་གྲྭ་རྒན་རྣམས་ནས་གསར་བཞེངས་བྱེད་བཞིན་པའི་སྐབས་ཡིན་པ་དང་། གྲྭ་པ་གསར་པ་རྣམས་ལ་སློབ་ཁྲིད་གནང་མཁན་མཁན་པོ་ཐོབ་དཀའ་ཚུལ། ཕྲན་ནས་ཀྱང་དངུལ་ཅུང་ཟད་ཐོབ་པ་རྣམས་དེར་བཏང་ནས་དེ་རྣམས་གྲྭ་པ་གཞོན་པ་ཚོར་སློབ་སྦྱོང་ཁོ་ནར་བེད་སྤྱོད་གནང་རོགས་ཞུ་གི་ཡོད་ཚུལ་སོགས་ཞུ་རྒྱུ་བྱུང་སོང་། མཁན་ཆེན་མཆོག་ནས་ཀྱང་སློབ་སྦྱོང་ཐོས་བསམ་གལ་གནད་ཆེ་ཚུལ་དང་། ཆོས་ལ་ཐོས་བསམ་མེད་ན་ཆོས་ངོ་མ་སྒྲུབ་མི་ཤེས་པའི་ཚུལ་སོགས་བཀའ་གནང་སོང་།

དེ་ལྟར་ཕྲན་སྐུ་མདུན་དུ་ཡུན་རིང་བསྡད་མེད་ལ། ཁོང་གི་བཀའ་ཁྲིད་ཐོབ་པ་ལས་ལྷག་ཞུ་རྒྱུ་དང་དགོས་རྒྱུ་མེད་ཅིང་། དེ་ལས་ལྷག་པའི་རེ་བའང་ཅི་ཡང་བྱས་མེད།

དེ་ནས་ལོ་འགའ་ཕྱིན་པའི་རྗེས་ལ་གསར་འགྱུར་ཞིག་ཐོས་པ་དེས་ཡ་མཚན་དང་ངོ་མཚར་སྙིང་གཡོ་བ་ཞིག་བྱུང་། མཁན་ཆེན་འཇིགས་མེད་ཕུན་ཚོགས་བོད་དུ་ཕྱིར་ཕེབས་ནས་རང་ཉིད་ཀྱི་སྒར་དེ་ཉིད་དུ་བཀའ་བརྒྱུད་ཀྱི་བཤད་གྲྭ་ཞིག་བཙུགས་གནང་བ་མ་ཟད། དེར་རང་ཉིད་ཀྱི་མཁན་པོ་མཁས་ཤིང་ཉམས་མྱོང་དང་ལྡན་པ་ཞིག་ལ་བཀའ་བརྒྱུད་ཀྱི་གཞུང་ལུགས་རྣམས་ཁྲིད་བཅུག་གནང་འདུག ཕྲན་གྱིས་གོ་ཐོས་ལ། དེ་ལྟར་གནང་དགོས་པའི་རྒྱུ་མཚན་མང་པོ་ཡོད་པའི་ནང་ནས་གཅིག་ནི། ཁོང་ནུབ་ཕྱོགས་སུ་ཕེབས་སྐབས་བཀའ་བརྒྱུད་པའི་སྤྲུལ་སྐུ་ཁོང་ལ་གསུང་བསྒྱུར་ཞུ་མཁན་ཞིག་གིས་ཞུ་བ་ཕུལ་བྱུང་ཞེས་གསུངས་ཡོད་པར་གྲགས། འོན་ཀྱང་འདི་བདེན་པ་ཡིན་མིན་མི་ཤེས། ཁོང་ལ་བཀའ་བརྒྱུད་སྤྲུལ་སྐུ་གསུང་བསྒྱུར་བ་གཞན་ཡོད་མེད་ཀྱང་མི་ཤེས། གང་ལྟར་བཀའ་བརྒྱུད་བཤད་གྲྭ་འདི་ནས་བཀའ་བརྒྱུད་ཀྱི་མཁན་པོ་རྨད་དུ་བྱུང་བ་མང་པོ་ཞིག་བསྐྱེད་བསྲིངས་ཡོད། ཕྲན་གྱི་དགོན་པ་ནས་ཀྱང་གྲྭ་པ་འགའ་བླ་རུང་སྒར་དུ་སློབ་སྦྱོང་བྱེད་དུ་སོང་ཡོད་ཅིང་། དེ་དག་མཁས་པར་གྱུར་པ་མ་ཟད་ཆོས་པ་བཟང་པོ་རེ་ཡང་བྱུང་སོང་། བླ་རུང་སྒར་དུ་ཅུང་ཟད་རེ་སྡོད་མཁན་ཚང་མས་བཤད་རྒྱུར། ཆོས་སྒར་དེའི་ནང་དུ་ཞུགས་མ་ཐག་དེའི་ཆོས་པའི་འཁོར་ཡུག་གི་བྱིན་རླབས་ལྟ་བུས་རང་ཉིད་ཀྱི་ཚོར་སྣང་འགྱུར་འགྲོ་བ་མ་ཟད། དེར་སྡོད་རིང་ཆོས་སྒྲུབ་པའི་འདོད་པ་རང་ཤུགས་ཀྱིས་བསླེབ་ཡོང་བ་དང་། ཆོས་སྒྲུབ་པ་ལ་དཀའ་ངལ་མེད་པ་ཞིག་ཡོང་གི་འདུག་ཅེས་བཤད་མཁན་མང་པོ་བྱུང་།

བླ་རུང་སྒར་ནི་ད་ལྟར་ཡང་མཁན་ཆེན་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་མཆོག་གི་བྱིན་རླབས་ཀྱི་གཟི་བྱིན་ལས། མཁན་པོ་བཀའ་དྲིན་ཅན་རྣམས་ཀྱིས་དེ་ཉིད་ཀྱི་རྒྱུན་དྲི་མ་མེད་པ་མ་ཉམས་པར་སྐྱོང་བཞིན་ཡོད་འདུག བླ་རུང་སྒར་ནི་སྔར་བཞིན་འཛམ་གླིང་འདིར་ནང་པ་སངས་རྒྱས་པའི་ཆོས་སྒར་ཆེ་ཤོས་དེ་ཡིན་པ་ཙམ་མ་ཟད། དེའི་ཆོས་ཕྱོགས་ཀྱི་ཤུགས་རྐྱེན་ཡང་གླིང་འདིར་ཆེ་ཤོས་ཤིག་ཡིན་སྲིད་ཀྱི་རེད།

བརྗེད་དུ་མེད་པའི་བྱིན་རླབས།

སྐུ་ཞབས་ཕཱ་ཁྲཱེར་ཁི་གྷ་ཧྥི་ནེ་(Patrick Gaffney)ནི། ཁེམ་བྷི་རད་ལྗི་སློབ་ཆེན་ནས་སློབ་ཐོན་བྱུང་བའི་ལོ་ཙཱ་བ་དང་རྩོམ་པ་པོ་ཞིག་ཡིན་ལ། ཆོས་རྗེ་ཉིད་ལས་རབ་གླིང་དུ་འབྱོན་སྐབས། ཁོང་ནི་ཆོས་ཚོགས་དེའི་བཀོད་སྒྲིག་ཚན་ཆུང་གི་མི་སྣ་ཞིག་ཀྱང་ཡིན། ཁོང་ལ་ཆོས་རྗེ་ཉིད་ཕེབས་པའི་སྐོར་གྱི་ཕྱིར་དྲན་དང་ཚོར་སྣང་མང་དུ་ཡོད་པ་འདི་ལྟར་གླེང་།

ཕྱི་ལོ་༡༩༩༣ལོར། ཆོས་རྗེ་འཇིགས་མེད་ཕུན་ཚོགས་ཧྥ་རན་སིའི་ལས་རབ་གླིང་དུ་འབྱོན་སྐབས། ང་རང་ཆོས་ཚོགས་དེའི་བཀོད་སྒྲིག་ཚན་ཆུང་གི་མི་སྣ་ཞིག་ཡིན་པས་སྐལ་བ་ཧ་ཅང་བཟང་སོང་། ང་ཚོས་སྔོན་ཆད་ནས་ཆོས་རྗེ་མཆོག་གིས་ཡ་གླིང་དུ་བོད་བརྒྱུད་ནང་བསྟན་གྱི་བསླབ་སྒོམ་སྲོལ་རྒྱུན་སླར་གསོ་མཛད་པའི་བརྗོད་ལས་འདས་པའི་རླབས་ཆེན་གྱི་མཛད་འཕྲིན་རྣམས་གོ་ཐོས་བྱུང་མྱོང་ཞིང་། དེ་དང་ཆབས་ཅིག་གཏེར་ཆེན་ལས་རབ་གླིང་པའི་སྤྲུལ་བའི་སྐུ་མཆོག་རྣམ་གཉིས་དངོས་སུ་མཇལ་འཕྲད་ཡོང་བར་རེ་སྒུག་ཆེན་པོ་བྱས་པ་ཡིན།

ལོ་སུམ་ཅུའི་སྔོན་དུ། ཆོས་རྗེ་མཆོག་ལས་རབ་གླིང་དུ་ཕེབས་ཏེ། གཞི་རྒྱ་ཡངས་པའི་གུར་ཆེན་པོ་ཞིག་གི་ནང་དུ་དད་ལྡན་རྣམས་ལ་ཆོས་ཁྲིད་གནང་ཞིང་། སྐབས་དེའི་ཆོས་ཞུ་མཁན་རྣམས་ཀྱི་ཁྲོད་དུ་ཆོས་ཀྱི་ཉམས་མྱོང་གིས་ཕྱུག་པའི་བླ་མ་ཡོད་ལ། མང་ཆེ་བ་ནི་ལས་གླིང་ཆོས་ཚོགས་ཀྱི་དབྱར་ཟླ་གསུམ་གྱི་མཚམས་སྒྲུབ་ལ་ཞུགས་པའི་ཆོས་པ་རྣམས་ཡིན། ཆོས་རྗེ་ཉིད་ཀྱི་བཀའ་སློབ་ཐོས་མ་ཐག ཁོང་གི་བྱིན་རླབས་དང་སྤྲོ་སེམས། ཐུགས་བརྩེ་ཡི་ནུས་པ་ཆེན་པོས་ང་ཚོ་ཚང་མའི་ཡིད་སེམས་དབང་མེད་དུ་ཕྲོགས་ཤིང་། ཁྱད་པར་དུ་ཁོང་གི་རྒྱ་ཆེ་བའི་ཤེས་རབ་དང་གཏིང་ཟབ་པའི་མན་ངག་དེས་ང་ཚོ་ཧ་ལས་པར་བྱས་སོང་། ཆོས་རྗེ་མཆོག་སྐུ་བརྗིད་ཆགས་པའི་ངང་དུ་ཆོས་ཁྲིར་བཞུགས་པ་མཇལ་བ་དང་ཆོས་གསུང་བའི་སྒྲ་སྐད་ཐོས་པ་ཙམ་གྱིས་ཀྱང་། ང་ཚོ་ཚང་མར་བསམ་ཡུལ་ལས་འདས་པའི་བྱིན་མཐུ་ཞིག་བསྩལ་སོང་། ཆོས་རྗེ་ཉིད་ཀྱིས་ཉིན་རེ་བཞིན་ང་ཚོར་ཆོས་གསུང་བའི་སྐབས། རྙིང་མ་སྤྱི་དང་ཁྱད་པར་རྫོགས་པ་ཆེན་པོའི་ཆོས་སྐོར་ཏེ། ཕུར་པ་རྡོ་རྗེ་གཞོན་ནུའི་སྒྲུབ་ཐབས་དང་ཀ་དག་ཁྲེགས་ཆོད། ལྷུན་གྲུབ་ཐོད་རྒལ་གྱི་ཆོས་རྣམས་ཤེས་རབ་དང་སྤོབས་པའི་རྩལ་ལས་འབད་མེད་ཀློང་བརྡོལ་དུ་བྱུང་བས། ང་ཚོ་ཚང་མའི་ཡིད་སེམས་དབང་མེད་དུ་བཀུག་སོང་ལ། དེར་བཞུགས་པའི་མཁས་པ་ཚང་མས་ཀྱང་ཁོང་གི་རྨད་དུ་བྱུང་བའི་ཤེས་རབ་ལ་བསྟོད་བསྔགས་ཀྱི་མེ་ཏོག་ཆར་དུ་བསྙིལ།

ཆོས་རྗེ་མཆོག་གིས་གཏེར་ཆེན་ལས་རབ་གླིང་པའི་རྟེན་འབྲེལ་ཉེས་སེལ་དང་ཕུར་པ་ཡང་གསང་སྙིང་པོ་གཉིས་ཀྱི་དབང་གསུངས་ཤིང་། ཆོས་སྐོར་དེ་གཉིས་ནི་རིག་པ་ཆོས་ཚོགས་ཀྱི་ཉམས་ལེན་གྱི་གཙོ་བོ་ཡིན། དེར་མ་ཟད། ཆོས་རྗེ་རང་ཉིད་ཀྱི་གཏེར་ཆོས་འཇམ་དཔལ་རྫོགས་པ་ཆེན་པོའི་དབང་ཡང་གསུངས། ང་ཚོར་དབང་གནང་བའི་སྐབས་སུ། ཁོང་གིས་འཇིག་རྟེན་ལས་འདས་པའི་ལྟ་དགོངས་ཟབ་མོར་བརྟེན་ནས། དག་མཉམ་བདེན་པ་དབྱེར་མེད་ཀྱི་ལྟ་བ་ངོ་སྤྲོད་མཛད་དེ་འཇིག་རྟེན་ཐམས་ཅད་དག་པ་རབ་འབྱམས་སུ་གྱུར་པའི་སྣང་ཤེས་ཀྱི་བྱིན་རླབས་ཐོབ་པར་བྱས། རྫོགས་པ་ཆེན་པོའི་ཆོས་གསུང་སྐབས། ཁོང་གིས་རང་རྟོན་དང་ཁོ་ཐག་ཆོད་པའི་སྒོ་ནས་སེམས་ཀྱི་རང་བཞིན་ངོ་སྤྲོད་གསལ་ཐག་ཆོད་པ་ཞིག་གནང་ནས། ང་ཚོ་ཚང་མར་རྫོགས་ཆེན་གྱི་བརྒྱུད་པའི་བླ་མ་རྣམས་ཀྱི་ཆོས་བརྒྱུད་ལ་འབྲེལ་བ་ཟབ་མོ་བཞག་སོང་། རྫོགས་པ་ཆེན་པོའི་ཆོས་ཐོག་མར་མི་ཡུལ་དུ་དར་བར་མཛད་པའི་སློབ་དཔོན་དགའ་རབ་རྡོ་རྗེ་ནས་བཟུང་། ད་ལྟའི་རྩ་བའི་བླ་མ་ཡན་ཆོད་དུ་བར་མ་ཆད་པར་བྱོན་པའི་བླ་མ་རེ་རེ་བཞིན་ཁོང་ལ་སྒེར་ངོས་ནས་འབྲེལ་བ་ཟབ་མོ་རེ་ཡོད་རྒྱུ་རེད་སྙམ་པའི་སྣང་བ་སྟེར་བར་མ་ཟད། ཁོང་ནི་དེ་འདྲའི་བྱམས་བརྩེ་དང་ལྷག་བསམ། ཁེངས་སྐྱུང་དང་དམན་ས་འཛིན་པའི་སྤྱོད་ལམ་ལྡན་པ་ཞིག་རེད།

ཆོས་ཁྲིད་གསུངས་རྗེས་ངེད་ཅག་གིས་ཁོང་ལ་བཅར་འདྲི་བསྡུས་པ་ཞིག་བྱེད་པའི་གོ་སྐབས་བྱུང་། ཁོང་གིས་ངལ་གསོ་མཛད་པའི་དུས་སུ་བཅར་འདྲིའི་བཀའ་གནང་ཐོབ་ཅིང་། རུ་མགུལ་རིན་པོ་ཆེས་སྐད་སྒྱུར་མཛད། བཅར་འདྲི་བྱེད་ས་ནི་ལས་རབ་གླིང་གིས་ཆེས་ཐོག་མར་འཛུགས་སྐྲུན་བྱས་པའི་སྔོན་ཆད་ཀྱི་ཁང་ཤག་ཅིག་ཡིན། ཉིན་དེའི་ཕྱི་དྲོར། ཁོང་གཟིམས་ཁྲིའི་སྟེང་དུ་བཞུགས་ཤིང་སྐུ་བསྙེས་ནས་ངལ་གསོ་བྱེད་བཞིན་བཅར་འདྲི་དང་ལེན་གནང་། བར་སྐབས་ཤིག་ཏུ་ངས་ཀྱང་སྙིང་སྟོབས་ཆེར་བསྐྱེད་ཀྱིས་ཁོང་ལ། ཁྱེད་ཀྱིས་རིག་གསར་གྱི་དུས་ངན་དེ་ཇི་ལྟར་བརྒལ་བ་ཡིན་ཞེས་དྲིས་པ་ན། ཁོང་གིས་ཚིག་ཉུང་ངུ་ཞིག་གིས་ང་རང་མི་སྨྲ་བའི་བརྟུལ་ཞུགས་འཛིན་པའི་གནས་སུ་བཀོད་སོང་སྟེ། ཁོང་གི་ཞལ་ནས། ངས་དཀོན་མཆོག་གསུམ་ལ་རྩེ་གཅིག་ཏུ་དད་པ་བྱས་པས། དཀའ་ཁག་ཐམས་ཅད་རང་ཤུགས་ཀྱིས་སེལ་ཐུབ་པ་བྱུང་། ཞེས་ཚིག་གཅིག་གིས་སུས་ཀྱང་བརྒལ་དུ་མི་བཏུབ་པའི་ལན་གསལ་བོར་བཏབ་པ་ལས། དད་པ་ཁོ་ནའི་སྟོབས་ཀྱིས་ཐམས་ཅད་གེགས་མེད་དུ་འགྲུབ་པ་ཡིན་པར་བསྟན།

རླབས་ཆེན་གྱི་སྐྱེས་བུ་ཁོང་ལ་ཐུན་མིན་གྱི་ཡོན་ཏན་དང་མངོན་རྟོགས་ཀྱི་བྱིན་རླབས་ལྡན་པར་མ་ཟད། ཁོང་ང་ཚོའི་ལས་རབ་གླིང་དུ་བྱོན་པས་ཤུགས་རྐྱེན་ག་འདྲ་ཐེབས་པར་ངས་རྟག་ཏུ་བསམ་བློ་བཏང་བ་ན། ཁོང་ལས་རབ་གླིང་དུ་ཕེབས་ཏེ་ཆོས་གསུངས་པ་ནས་བཟུང་། ང་ཚོའི་ཆོས་ཚོགས་དེ་ཉིན་རེ་བཞིན་དུ་དར་ཞིང་རྒྱས་པར་གྱུར་ནས། ཆོས་ཀྱི་འཆད་ཉན་དང་ཆོས་ཚོགས་འཚོགས་པ། མཚམས་བསྙེན་སྒྲུབ་ཀྱི་མཛད་སྒོ་རྣམས་ད་ལྟའི་བར་རྒྱུན་མ་ཆད་པར་ལེགས་པར་སྤེལ་ཐུབ་པ་ཆགས་ཡོད། ཆོས་རྗེ་ཉིད་གནས་འདིར་ཕེབས་པས། ང་ཚོ་སློབ་མ་རྣམས་ཀྱི་སེམས་སུ་བརྗེད་དུ་མེད་པའི་ཕྱིར་དྲན་བཞག་པར་མ་ཟད། ལས་རབ་གླིང་ཆོས་ཚོགས་ཀྱི་མ་འོངས་འཕེལ་རྒྱས་ལའང་གཏིང་ཟབ་ལ་རྒྱུན་རིང་བའི་ཤུགས་རྐྱེན་བཟང་པོ་ཐེབས་སོང་།

ང་ཚོ་ལ་མཚོན་ན། ཆོས་རྗེ་འཇིགས་མེད་ཕུན་ཚོགས་རིན་པོ་ཆེ་གནས་འདིར་ཕེབས་པ་ནི། དོན་སྙིང་ཆེ་ཞིང་བརྗེད་ཐབས་བྲལ་བའི་བྱིན་རླབས་དང་ལྡན་པའི་ལོ་རྒྱུས་རང་བཞིན་གྱི་རྡོ་རིང་ཞིག་ཡིན་ལ། ཁོང་གི་དེ་འདྲའི་བླ་ན་མེད་མའི་རླབས་ཆེན་གྱི་མཛད་བཟང་དག་ནི། དུས་རྟག་ཏུ་ང་ཚོའི་སེམས་ཀྱི་ཀློང་ནས་བརྗེད་དུ་མེད་པ་ཞིག་ཡིན། ཞེས་ཟེར།

སྐུ་ཞབས་ཕཱ་ཁྲཱེར་ཁི་གྷ་ཧྥི་ནེས་ཕྱིན་དྲན་ལྟར་གླེང་བའི་ཆོས་ཚོགས་ལ་ཐེབས་པའི་ཤུགས་རྐྱེན་དེ་འདྲ་བ་ནི་ལས་གླིང་ཆོས་ཚོགས་ཙམ་དུ་མ་ཟད། སྐབས་དེར་དབུ་བརྙེས་ནས་ཡུན་རིང་མ་ལོན་པའི་རྡོ་རྗེ་འདན་མ་གླིང་དང་འཛི་སྒར་ཀོང་སྤྲུལ་རིན་པོ་ཆེའི་ཆོས་ཚོགས། རྒྱ་སྤྲུལ་རིན་པོ་ཆེའི་བཀྲ་ཤིས་ཆོས་གླིང་དང་ཡེ་ཤེས་སྙིང་པོའི་ཆོས་ཚོགས་སོགས་ཀྱིས་ཀྱང་ད་ལྟའི་བར་དུ་ཆོས་ཀྱི་མཛད་པ་བསྐྱངས་ནས་དར་ཞིང་རྒྱས་པའི་ངང་གནས་ཡོད་པས། ཕྱི་ལོ་༡༩༩༣ལོར་རྗེ་ཉིད་ནུབ་ཕྱོགས་སུ་ཆོས་གསུང་བར་ཕེབས་པའི་རྟེན་འབྲེལ་གྱིས། ཆོས་ཚོགས་མང་པོ་ཞིག་ལའང་ཕན་པ་རྒྱ་ཆེན་པོ་འབྱུང་ཞིང་ཤུགས་རྐྱེན་ཆེས་ལེགས་པོར་ཐེབས་ཡོད་ས་རེད་སྙམ་མོ། །

དྲན་ངོགས་ཀྱི་ནུབ་བསྐྱོད་ལས་ཡུལ་མོན་ཐི་ཕཱེ་ལེར་གྱི་མཛད་རིམ་ལེགས་པར་གྲུབ་པའི་སྐབས་ཏེ་དགུ་པའོ། །

འབབ་ཚུགས་བཅུ་པ། སླར་ལོག་པ་།

༼ ༨·༣༡~༩·༢༤ ༽

མཛད་རིམ།

ཕྱི་ཟླ་༨པའི་ཚེས་༣༡ཉིན། ལས་རབ་གླིང་དང་ཞལ་གྱེས།

ཕྱི་ཟླ་༩པའི་ཚེས་༡ཉིན། ཕེ་རིས་ནས་གནམ་གྲུ་བརྗེ་འདུག་མཛད།

ཕྱི་ཟླ་༩པའི་ཚེས་༢ཉིན། ཧོང་ཀོང་ལ་འབྱོར།

ཕྱི་ཟླ་༩པའི་ཚེས་༣ཉིན། འཇམ་དཔལ་ཞི་སྒྲུབ་ཀྱི་དབང་གནང་།

ཕྱི་ཟླ་༩པའི་ཚེས་༤ཉིན། རྟེན་འབྲེལ་ཉེས་སེལ་གྱི་དབང་གནང་།

ཕྱི་ཟླ་༩པའི་ཚེས་༥ཉིན། ཕུར་པ་མགུལ་ཁུག་མའི་དབང་དང་ཞལ་གདམས་གནང་།

ཕྱི་ཟླ་༩པའི་ཚེས་༦ཉིན། ཐའེ་ཝན་དུ་འབྱོར།

ཕྱི་ཟླ་༩པའི་ཚེས་༧ཉིན། ཨོ་རྒྱན་རིན་པོ་ཆེའི་དབང་དང་སྐྱབས་འགྲོའི་བསླབ་བྱ་གནང་།

ཕྱི་ཟླ་༩པའི་ཚེས་༨ཉིན། ཕུར་པ་ཡང་ཟབ་སྙིང་པོའི་དབང་དང་ཞལ་གདམས་གནང་།

ཕྱི་ཟླ་༩པའི་ཚེས་༩ཉིན། འཇམ་དཔལ་ཡེ་ཤེས་སེམས་དཔའི་དབང་དང་ཞལ་གདམས་གནང་།

ཕྱི་ཟླ་༩པའི་ཚེས་༡༠ཉིན། འཕོ་བ་དང་བདེ་བ་ཅན་དུ་སྐྱེ་བའི་སྐོར་གྱི་ཆོས་ཁྲིད་གསུངས།

ཕྱི་ཟླ་༩པའི་ཚེས་༡༡ཉིན། འཇམ་དཔལ་རྫོགས་པ་ཆེན་པོ་དང་ཕུར་པ་མགུལ་ཁུག་མའི་དབང་གནང་།

ཕྱི་ཟླ་༩པའི་ཚེས་༡༢ཉིན། གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་དབང་དང་རྫོགས་ཆེན་སྐོར་གསུངས།

ཕྱི་ཟླ་༩པའི་ཚེས་༡༣ཉིན། ཧོང་ཀོང་ལ་ལོག

ཕྱི་ཟླ་༩པའི་ཚེས་༡༤ཉིན། ཧྲེན་ཀྲེན་བརྒྱུད་ནས་ཁྲེང་ཏུའུ་ལ་འབྱོར།

ཕྱི་ཟླ་༩པའི་ཚེས་༡༥ཉིན། སྔ་དྲོར་ཆིང་ཏིང་བླ་མར་ཚེ་དབང་གསུངས་ཤིང་ཕྱི་དྲོར་སྨན་ཁང་ནས་སྡོད་བཅོས་བྱས།

ཕྱི་ཟླ་༩པའི་ཚེས་༡༦ནས་ཚེས་༡༧བར། སྐུ་ལུས་ལ་བརྟག་བཤེར་མཛད།

ཕྱི་ཟླ་༩པའི་ཚེས་༡༨ཉིན། བཅོས་ཐོན་བྱུང་།

ཕྱི་ཟླ་༩པའི་ཚེས་༡༩་ནས་ཚེས་༢༠བར། ཁྲ་ཏེན་ཙིར་དད་ལྡན་རྣམས་ལ་ཆོས་ཁྲིད་དང་དབང་བསྐུར།

ཕྱི་ཟླ་༩པའི་ཚེས་༢༡ནས་ཚེས་༢༢བར། དར་མདོར་འབྱོར་རྗེས་འབྲེལ་ཡོད་ལས་ཁུངས་ལ་ཕྱི་བསྐྱོད་སྙན་ཞུ་ཕུལ།

ཕྱི་ཟླ་༩པའི་ཚེས་༢༣ནས་ཚེས་༢༤བར། དར་མདོ་ནས་ཐོན་ཏེ་བླ་རུང་དུ་འབྱོར།

ཧོང་ཀོང་བརྒྱུད་ནས་ཡོང་།

ཕྱི་ཟླ་༨པའི་ཚེས་༣༡ཉིན། ཆོས་རྗེ་ཉིད་ལས་རབ་གླིང་དང་ཞལ་གྱེས་ཏེ་རླངས་འཁོར་དུ་བཞུགས་ནས་མོན་ཐི་ཕཱེལ་ལེར་(Montpellier)གནམ་ཐང་དུ་འབྱོར། དེ་ནས་སླར་ཡང་གནམ་གྲུར་ཞུགས་ཏེ་དུས་ཚོད་གཅིག་ཕྱེད་ཙམ་འཕུར་རྗེས་ཕེ་རིས་གྲོང་ཁྱེར་དུ་སླེབས་ཤིང་དགོང་མོ་དེར་ཞག་སྡོད་བྱས། ཕྱི་ཉིན་ཕྱི་དྲོར། ཕེ་རིས་ནས་གནམ་གྲུ་བརྗེས་ཏེ་ཆུ་ཚོད་བཅུ་ལྷག་ལ་འཕུར་བའི་རྗེས་སུ་སྟེ། ཕྱི་ཟླ་༩པའི་ཚེས་༢ཉིན་ཧོང་ཀོང་ལ་འབྱོར་ཞིང་། ཧོང་ཀོང་དཔལ་ཡུལ་ཆོས་ཚོགས་སུ་བསྡད་པ་ཡིན།

ཧོང་ཀོང་དཔལ་ཡུལ་ཆོས་ཚོགས་ནི་སྐྱབས་རྗེ་པད་ནོར་རིན་པོ་ཆེས་འཛམ་གླིང་གི་ས་ཆ་སོ་སོར་ཆོས་ཚོགས་མང་དུ་བཙུགས་ཡོད་པའི་གྲས་ཀྱི་གཅིག་ཡིན་ལ། ཆོས་ཚོགས་འདི་ཕྱི་ལོ་༡༩༩༠ལོའི་ལོ་སྟོད་དུ་ཚུགས། ལོ་དེའི་ལོ་མཇུག་ཏུ་ངེད་ཅག་བལ་བོ་ནས་ཕྱིར་ཡོང་བའི་ལམ་བར་དུ་ཧོང་ཀོང་བརྒྱུད་སྐབས་ཀྱང་། གནས་འདི་ནས་ཞག་གཉིས་གསུམ་ལ་བསྡད་པ་ཡིན། ཆོས་ཚོགས་འདི་ནི་སྐྱབས་རྗེ་པད་ནོར་རིན་པོ་ཆེ་མཆོག་གི་རྒྱ་གར་རྣམ་གྲོལ་གླིང་དུ་གཏོགས་ཤིང་། རྣམ་གྲོལ་གླིང་ནས་བླ་མ་མངགས་ཏེ་བདག་གཉེར་བྱེད་པ་དང་ཆོས་ཁྲིད་གསུང་སའི་ས་ཚུགས་གཙོ་བོ་ཞིག་ཡིན།

ད་ལན་ཆོས་རྗེ་ཉིད་མེ་གླིང་དང་ཡོ་རོབ་ཀྱི་རྒྱལ་ཁབ་སོ་སོར་བཀའ་ཆོས་གནང་བར་ཕེབས་ཏེ་གནས་འདིར་ཐོན་པ་ན། སྐུ་ངལ་ཆེན་པོ་མྱངས་ཡོད་ཀྱང་ངལ་གསོ་མ་མཛད་པར་ཧོང་ཀོང་དུ་ཉིན་གསུམ་རིང་ཆོས་ཀྱི་མཛད་སྒོ་སྤེལ། སྐབས་དེར་བདག་གིས་རྒྱ་སྐད་ཀྱི་ལོ་ཙཱ་བྱས་ཤིང་གཞན་ཞིག་གིས་སླར་ཡང་ཡུའེ་སྐད་(粤语)དུ་བསྒྱུར།

ཕྱི་ཟླ་༩པའི་ཚེས་༣ནས་༤བར། དཔལ་ཡུལ་ཆོས་ཚོགས་ཀྱི་སློབ་མ་ནང་མ་རྣམས་ལ་བཀའ་དབང་གཉིས་དང་ཆོས་ཁྲིད་གསུངས་ཤིང་། ཉིན་དང་པོར་འཇམ་དཔལ་རྫོགས་པ་ཆེན་པོའི་དབང་དང་ཉིན་གཉིས་པར་རྟེན་འབྲེལ་ཉེས་སེལ་གྱི་དབང་གནང་།

ཕྱི་ཟླ་༩པའི་ཚེས་༥ཉིན། ཆོས་རྗེ་ཉིད་ཀྱིས་མི་སྟོང་ཕྲག་ལྷག་ཤོང་བའི་ཚོགས་ཁང་ཆེན་མོར་རྡོ་རྗེ་ཕུར་པའི་ཆོས་ཚོགས་འཚོགས་ནས། ཕུར་པ་མགུལ་ཁུག་མའི་བཀའ་དབང་ཟབ་མོ་དང་། སྐྱབས་འགྲོའི་སྡོམ་པ། བྱམས་སྙིང་རྗེ། བྱང་ཆུབ་ཀྱི་སེམས་ཀྱི་སྐོར་ནས་བསླབ་བྱ་གནང་། ཆོས་ཞུ་མཁན་རྣམས་ཀྱིས་ཆོས་རྗེ་ཉིད་ལ་དད་པ་རྩེ་གཅིག་ཏུ་བཞག་ནས་ཉན་གྱིན་འདུག་ལ། ཆོས་ཁྲིད་ཀྱི་བར་སྐབས་སུ། གཙོ་སྒྲུབ་ཕྱོགས་ཀྱིས་གཟེངས་རྟགས་རྒྱན་ལེན་གྱི་བྱེད་སྒོ་སྤེལ་བས། ཡུལ་ངོས་ཀྱི་རྣམ་པ་ནི་ཤིན་ཏུ་སྤྲོ་སྐྱིད་དང་ལྡན་པ་ཞིག་ཏུ་གྱུར།

ཐེངས་འདིར་ཆོས་རྗེ་ཉིད་ནུབ་ཕྱོགས་སུ་བསྐྱོད་ནས་ཟླ་བ་གསུམ་སོང་བའི་རིང་ལ། ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་མིའི་གཤིས་ཀ་ལ་ཁྱད་པར་ཆེན་པོ་འདུག་པར་མཐོང་བ་སྟེ། ཁོ་ཚོའི་སེམས་འགུལ་ཆེན་པོ་ཐེབས་ནས་སྡུག་གི་མཆི་མ་འདོན་ས་དང་སྐྱིད་ཀྱི་དགོད་སྒྲ་འབྱིན་ས་གཉིས་ཡེ་ནས་མི་འདྲ་བར་འདུག སྐབས་དེར་ཧོང་ཀོང་ཡང་དབྱིན་ཇིའི་མངའ་ཞབས་སུ་ཡོད་པ་ལས་རྒྱ་ནག་ལ་སྤྲད་མེད་ཀྱང་། ཧོང་ཀོང་གི་མི་རྣམས་ཀྱི་གཤིས་ཀ་ནི་ཕལ་ཆེར་ཤར་ཕྱོགས་དང་འདྲ་བར། ཚོར་ཤེས་རྣོ་བ་དང་སྤྲོ་སེམས་ཆེ་བ། སྣང་བ་སྐྱིད་པོ་ཡིན་པས། ཁོ་ཚོའི་སེམས་སུ་ཅི་ཡོད་ཐམས་ཅད་འཛེམ་པ་མེད་པར་ངག་གི་སྐད་ཆ་དང་ལུས་ཀྱི་རྣམ་འགྱུར་ལས་ཐོན་ཡོང་ཞིང་། སྤྲོ་སེམས་འཁོལ་བའི་རྣམ་པ་འདི་ཡང་། ཆོས་རྗེ་ཉིད་ཀྱིས་ཆོས་གསུང་བར་ཆེས་ལྷོད་པོ་དང་གུ་ཡངས་ཀྱི་མཐུན་རྐྱེན་དུ་སོང་སྟབས། ཁོང་གིས་དེར་འཁོད་རྣམས་ལ་ཕན་པ་ཆེ་བའི་ཞལ་གདམས་མང་དུ་གནང་སོང་།

ཐའེ་ཝན་དུ་ཕྱིན་པ།

ཕྱི་ཟླ་༩པའི་ཚེས་༦ཉིན། ཆོས་རྗེ་ཉིད་ཧོང་ཀོང་ནས་གནམ་གྲུར་བཞུགས་ཏེ་ཆུ་ཚོད་གཅིག་ལྷག་ལ་འཕུར་རྗེས་ཐའེ་ཝན་(台湾)གྱི་ཐའོ་ཡོན་(桃园)གནམ་གྲུ་ཐང་དུ་འབྱོར་ཅིང་། དེར་རྒྱ་བརྒྱུད་དང་བོད་བརྒྱུད་ཀྱི་རབ་བྱུང་པ་དང་ཆོས་པ་མང་པོས། དར་དཀར་དང་མེ་ཏོག་བསྣམས་ནས་ཕེབས་བསུ་རྒྱ་ཆེན་ཞུས།

གནམ་གྲུ་ཐང་ནས་ཐོན་ཏེ་ཐད་ཀར་ཐའེ་པེ་(台北)གྲོང་ཁྱེར་གྱི་དཔལ་ཡུལ་ཆོས་ཚོགས་སུ་བྱོན། ཆོས་ཚོགས་དེ་ནི་སྐྱབས་རྗེ་པད་ནོར་རིན་པོ་ཆེས་ཐའེ་ཝན་དུ་དཔལ་ཡུལ་བྱང་ཆུབ་དར་རྒྱས་གླིང་ཞེས་ཆོས་ཚོགས་བདུན་བཙུགས་པའི་ནང་ཚན་ཞིག་ཡིན་ལ། ཆོས་རྗེ་ཉིད་ཀྱིས་ཐའེ་ཝན་ནས་ཉིན་དྲུག་གི་རིང་ཆོས་ཀྱི་མཛད་སྒོ་སྤེལ་བའི་སྐབས་ཐམས་ཅད་དུ་གནས་འདི་ནས་བཞུགས་པ་དང་། བདག་གིས་ཉིན་རེ་བཞིན་དུ་རྗེ་ཉིད་ཀྱིས་གསུངས་རྣམས་རྒྱ་སྐད་དུ་བསྒྱུར་བ་ཡིན།

ཕྱི་ཟླ་༩པའི་ཚེས་༧ཉིན་གྱི་ཕྱི་དྲོར། ཆོས་རྗེ་ཉིད་ཀྱིས་དཔལ་ཡུལ་ཆོས་ཚོགས་སུ་ཨོ་རྒྱན་རིན་པོ་ཆེའི་དབང་དང་སྐྱབས་འགྲོའི་སྐོར་གྱི་བསླབ་བྱ་གནང་ཞིང་། བླ་མ་མུ་མཚོས་སྤྱན་རས་གཟིགས་ཀྱི་དབང་གསུངས།

ཕྱི་ཟླ་༩པའི་ཚེས་༨ཉིན་གྱི་སྔ་དྲོར། དཔལ་ཡུལ་ཆོས་ཚོགས་སུ་ཕུར་པ་ཡང་ཟབ་སྙིང་པོའི་དབང་དང་བྱང་ཆུབ་སེམས་ཀྱི་སྐོར་ནས་གདམས་ངག་གནང་།

ཕྱི་ཟླ་༩པའི་ཚེས་༩ཉིན། རྗེ་ཉིད་དུས་ཚོད་གསུམ་རིང་རླངས་འཁོར་དུ་བཞུགས་ཏེ་ཐའེ་ཀྲུང་(台中)དུ་བྱོན་ཅིང་། དགེ་བསྙེན་ཐེན་པི་ཧྲོང་(田璧双)གིས་ཕྱི་ལོ་༡༩༨༥ལོར་བཙུགས་པའི་གསང་སྙིང་གླིང་ཞེས་པ་རུ་འཇམ་དཔལ་ཡེ་ཤེས་སེམས་དཔའི་དབང་དང་བྱིན་རླབས་གནང་བར་མ་ཟད། གསང་སྔགས་ཀྱི་ཆོས་ཉམས་སུ་ལེན་པའི་གལ་ཆེན་རང་བཞིན་གསུངས་ཤིང་དགོང་མོར་སླར་ཡང་ཐའེ་པེ་ལ་ལོག

ཕྱི་ཟླ་༩པའི་ཚེས་༡༠ཉིན་གྱི་སྔ་དྲོར། དཔལ་ཡུལ་ཆོས་ཚོགས་སུ་འཕོ་བ་དང་བདེ་སྨོན་སྐོར་གྱི་ཆོས་ཁྲིད་གསུངས།

ཕྱི་ཟླ་༩པའི་ཚེས་༡༡ཉིན་གྱི་ཕྱི་དྲོར་། ཐའེ་ཐིའེ་ཐོག་ཁང་ཆེན་མོའི་སྒྱུ་རྩལ་འཁྲབ་སྟོན་ཁང་ཚོམས་(台铁大楼演艺厅)སུ་འཇམ་དཔལ་རྫོགས་པ་ཆེན་པོ་དང་ཕུར་པ་མགུལ་ཁུག་མའི་དབང་གནང་།

ཕྱི་ཟླ་༩པའི་ཚེས་༡༢ཉིན་གྱི་སྔ་དྲོར། སླར་ཡང་དཔལ་ཡུལ་ཆོས་ཚོགས་སུ་གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་དབང་དང་། རྫོགས་པ་ཆེན་པོའི་ལོ་རྒྱུས་དང་ཕན་ཡོན་གྱི་སྐོར་གསུངས། ཕྱི་དྲོར་དེར་འཁོད་རྣམས་དང་མཉམ་དུ་ཚོགས་ཀྱི་དགའ་སྟོན་ལ་རོལ་ཅིང་། བཀོད་སྒྲིག་ཚན་ཆུང་གི་མི་སྣ་རྣམས་ལ་དམིགས་བསལ་གྱི་མཇལ་ཁ་གནང་།

ཕྱི་ཟླ་༩པའི་ཚེས་༡༣ཉིན། ཧོང་ཀོང་ལ་ཕྱིར་ལོག

སྐྲ་ལོ་འཇའ་ཚོན་མ།

ཉེ་ཆར་ང་ཚོས་ལྕམ་ཏིང་ནའེ་ཀྲུའུ་(丁乃竺)ལ་བཅར་འདྲི་བྱས་པ་ཡིན། མོ་རང་ནི་ཆོས་རྗེ་ཉིད་ཐའེ་ཝན་ལ་འབྱོན་སྐབས་ཀྱི་ལས་རིམ་བཀོད་སྒྲིག་མི་སྣ་ཞིག་ཡིན་ལ། ཐའེ་ཝན་བོད་བརྒྱུད་ནང་བསྟན་གྱི་ཆེས་སྔོན་གྲས་ཀྱི་སློབ་མ་ཞིག་ཀྱང་ཡིན། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུའི་ནང་དུ། ཁོ་ཚོས་བོད་བརྒྱུད་ནང་བསྟན་གྱི་སྐྱེས་ཆེན་དམ་པ་མང་པོ་ཐའེ་ཝན་ལ་བཀའ་ཆོས་གནང་བར་གདན་ཞུ་བྱས་མྱོང་ཞིང་། མོ་རང་གིས་ཆོས་རྗེ་ཉིད་གླེང་བའི་སྐབས་སུ་ཕྱིར་དྲན་བྱས་པ་འདི་ལྟར།

ང་རང་གིས་ཐའེ་ཝན་སློབ་ཆེན་གྱི་མཚན་ཉིད་རིག་པའི་སྡེ་ཁག་ཏུ་སློབ་སྦྱོང་བྱེད་བཞིན་པའི་སྐབས་སུ་བོད་བརྒྱུད་ནང་བསྟན་གྱི་ཆོས་དང་འཕྲད་པ་ཡིན། གྲོགས་པོ་ཞིག་གིས་ངོ་སྤྲོད་བྱས་པ་བརྒྱུད། རི་རྩེ་ལྔ་པའི་ལྷོ་ཕྱོགས་ཀྱི་རིན་ཆེན་འབྱུང་ལྡན་ཞིང་གི་ཆོས་ཚོགས་ལ་ཞུགས་ཤིང་། དེ་ནི་ཐའེ་ཝན་གྱི་ཆེས་སྔ་ཤོས་ཀྱི་བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་ཤིག་རེད། ལོ་རབས་བརྒྱད་ཅུ་པ་ནས་བཟུང་། ངས་རིན་པོ་ཆེ་འགའ་ཞིག་ཐའེ་ཝན་ལ་ཆོས་གསུང་པར་གདན་ཞུ་བྱས་ཤིང་། རྙིང་མ་པའི་ཆོས་ལུགས་ཀྱི་གཙོ་འཛིན་སྐྱབས་རྗེ་གྲུབ་དབང་པད་ནོར་ཡང་གདན་ཞུ་བྱེད་ཐུབ་པ་བྱུང་། ཁོང་ཐེངས་དང་པོར་ཐའེ་ཝན་ལ་ཕེབས་སྐབས་ང་རང་གི་ཁྱིམ་དུ་བཞུགས་ཤིང་། རྗེས་སོར་ཡང་ཐེངས་འགའ་ལ་བྱོན་པར་མ་ཟད། ལོ་ཁ་ཤས་ཀྱི་རིང་དུ་དཔལ་ཡུལ་བྱང་ཆུབ་དར་རྒྱས་གླིང་གི་ཆོས་ཚོགས་བཙུགས་ནས་སློབ་མའང་ཆེས་མང་པོ་རྗེས་སུ་བཟུང་།

ཕྱི་ལོ་༡༩༩༠ལོ་ཡས་མས་ཤིག་ལ། པད་ནོར་རིན་པོ་ཆེ་ཐའེ་ཝན་ལ་འབྱོན་སྐབས། ཁོང་གིས་ང་ལ། ཆོས་རྗེ་འཇིགས་མེད་ཕུན་ཚོགས་ནི་ང་ཡི་རྩ་བའི་བླ་མ་ཡིན། ཁོང་ཐའེ་ཝན་ལ་འབྱོན་སྐབས་ཁྱོད་ཀྱིས་ནུས་པ་གང་ཡོད་ཀྱིས་སྣེ་ལེན་དང་ཞབས་ཞུ་ཡག་པོ་གྱིས་ཞེས་གསུངས་མ་ཐག ང་རང་ཅུང་ཟད་ཡ་མཚན་པར་གྱུར་ཏེ། པད་ནོར་རིན་པོ་ཆེ་ནི་དེ་འདྲའི་བླ་མ་ཕུལ་དུ་བྱུང་བ་ཞིག་དང་། རྟོགས་པའི་གདེང་ཚད་མཐོན་པོར་སོན་པ་ཞིག་ཡིན་ན། ཁོང་གི་རྩ་བའི་བླ་མ་དེ་ཅི་འདྲ་ཞིག་ཡིན་ནམ་སྙམ་པ་བྱུང་།

དེ་རྗེས་ངེད་ཅག་གིས་ཆོས་རྗེ་འཇིགས་མེད་ཕུན་ཚོགས་ཐའེ་ཝན་ལ་བྱོན་ནས་བཀའ་སློབ་གནང་བའི་སྐོར་ལ་མཐོང་ཆེན་རྒྱ་ཆེན་པོའི་སྒོ་ནས། དཔལ་ཡུལ་ཆོས་ཚོགས་དང་གསང་སྙིང་གླིང་གཉིས་མཉམ་འབྲེལ་གྱིས་སྣེ་ལེན་བྱེད་པའི་སྟ་གོན་འཐུས་ཚང་བྱས། ཕྱི་ལོ་༡༩༩༣ལོའི་ཕྱི་ཟླ་༩པའི་ནང་། ཆོས་རྗེ་འཇིགས་མེད་ཕུན་ཚོགས་དུས་བཏབ་པ་ལྟར་དུ་ཐའེ་ཝན་ལ་ཕེབས་ཐུབ་པ་བྱུང་ཞིང་། ཁོང་གིས་བཀའ་ཆོས་གནང་བའི་རླབས་ཆེན་གྱི་མཛད་པ་རྣམས་རང་ཅག་སྐལ་ལྡན་རྣམས་ཀྱི་མཐོང་ཆོས་སུ་གྱུར།

ཆོས་རྗེ་ཉིད་ཀྱིས་ཐའེ་པེ་དང་ཐའེ་ཀྲུང་གི་གནས་གང་དུ་ཆོས་ཀྱི་མཛད་སྒོ་སྤེལ་ཡང་། ཕྱོགས་སོ་སོ་ནས་ཡོང་བའི་དད་ལྡན་ཧ་ཅང་མང་པོ་ལྷན་ཅིག་ཏུ་འདུས་པར་གྱུར། དེ་ལས་འགའ་རེ་བོད་བརྒྱུད་ནང་བསྟན་པ་དང་འགའ་རེ་ནི་རྒྱ་བརྒྱུད་ནང་བསྟན་པ་སྟེ། ཁོ་ཚོའི་ཆོས་བརྒྱུད་ཐ་དད་ཡིན་ཡང་། རླབས་ཆེན་གྱི་བླ་མ་ཁོང་དང་ཆོས་ཀྱི་འབྲེལ་བ་འཇོག་ཚུལ་ལ་ཁྱད་པར་མེད་པར་ལྷན་འཛོམས་བྱུང་། སྐབས་དེར། ཐའེ་ཐིའེ་ཐོག་ཁང་ཆེན་མོའི་སྒྱུ་རྩལ་འཁྲབ་སྟོན་ཁང་ཚོམས་སུ་རྒྱ་ཆེ་བའི་དབང་བསྐུར་མཛད་སྒོ་སྤེལ། ཉིན་དེའི་དབང་བསྐུར་ཆོས་ཚོགས་ཀྱི་ཆེད་དུ། ང་ཚོས་སྔོན་ནས་སྨི་གཉིས་ཙམ་མཐོ་བའི་ཆོས་ཁྲི་ཆེན་པོ་ཞིག་བཟོས་ཤིང་། བཀྲ་ཤིས་རྟགས་བརྒྱད་དང་མེ་ཏོག་སྣ་ཚོགས་ཀྱི་མཆོད་པས་ཚོགས་ར་ཡོངས་སུ་ལེགས་པར་བརྒྱན་པ་ཡིན།

ཐེངས་དང་པོར་ཆོས་རྗེ་འཇིགས་མེད་ཕུན་ཚོགས་མཇལ་བ་ན། ངའི་སེམས་གཏིང་དུ་ཁོང་ནི་ཧ་ཅང་བྱིན་རླབས་དང་ནུས་མཐུ་ཅན་གྱི་བླ་མ་ཞིག་ཡིན་པའི་ཚོར་སྣང་ཟབ་མོ་བྱུང་བ་སྟེ། ཁོང་གི་ཐུགས་རྗེ་ཤུགས་དྲག་པོའི་ནུས་མཐུ་ཡིས་ང་རང་ཧ་ལས་པར་གྱུར། ཆོས་རྗེ་འཇིགས་མེད་ཕུན་ཚོགས་མ་མཇལ་བའི་ཡར་སྔོན་དུ། ང་ལ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་དང་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་རྣམ་གཉིས་ཆེས་ཐག་ཉེ་པོའི་སྒོ་ནས་མཇལ་བའི་སྐལ་བ་ཐོབ་མྱོང་། ཁོང་རྣམ་པ་གཉིས་ལའང་བྱིན་མཐུ་ཧ་ཅང་ཆེན་པོ་ལྡན་པ་ཡིན་ཏེ། སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་ལ་མ་གཤིས་དང་ཉེ་བའི་ཞི་འཇམ་གྱི་རྣམ་པ་ལྡན་ཞིང་། དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ནི་སྐུ་བོངས་ཆེ་ཞིང་གཟི་བརྗིད་ཀྱི་ཉམས་དང་ལྡན་ཡོད། ཆོས་རྗེ་འཇིགས་མེད་ཕུན་ཚོགས་ཀྱི་ཟིལ་རྔམ་ལྡན་པའི་སྐུ་གཟུགས་ལས། མཚོན་ཆ་རྣོན་པོ་ལུས་ལ་ཟུག་པ་ལྟ་བུའི་བྱིན་རླབས་ཀྱི་ཚན་ཁ་དམིགས་བསལ་བ་ཞིག་སྟེར་གྱིན་འདུག དེ་འདྲའི་བྱིན་མཐུ་ཁྱད་པར་ཅན་དེས་ང་རང་ལ་བག་ཆགས་ཤིན་ཏུ་ཟབ་མོ་བཞག་བྱུང་།

ད་དུང་ཆོས་རྗེ་འཇིགས་མེད་ཕུན་ཚོགས་དང་མཉམ་དུ་ཕེབས་པའི་བཙུན་མ་གཉིས་ཡོད་དེ། གཅིག་ནི་ཁོང་གི་སྐུ་སྲིང་མ་ཡིན་ལ། གཞན་དེ་ནི་ཁོང་གི་ཚ་མོ་སྟེ་མཁའ་འགྲོ་མ་ཡེ་ཤེས་མཚོ་རྒྱལ་གྱི་སྤྲུལ་པ་ཡིན་པར་འདུག དེ་མིན་གྲྭ་པ་འགའ་ཞིག་ཡོད་པ་ལས་གཅིག་ནི་མཁན་པོ་བསོད་དར་རྒྱས་རེད། ལོ་ན་ཆུང་བའི་བོད་ཀྱི་རབ་བྱུང་ཁོང་གིས་རྒྱ་ཡིག་ལེགས་པོ་མཁྱེན་གྱིན་ཡོད་པས། སྐབས་དེར་ང་རང་ཧ་ཅང་ངོ་མཚར་བར་གྱུར་ཅིང་། ཁོང་ནི་ལོ་ན་ཤིན་ཏུ་གཞོན་ལ་སྨྲ་བ་ཉུང་ཞིང་སྒམ་ཚུགས་ལྡན་པ། ཀུན་སྤྱོད་གཙང་ལ་བྱད་གཟུགས་ཤིན་ཏུ་ལེགས་པོ་ཞིག་འདུག་སྙམ་པ་བྱུང་།

ཆོས་རྗེ་ཉིད་ཀྱི་ཐའེ་ཝན་གྱི་མཛད་རིམ་མང་ཆེ་བར་དབང་བསྐུར་བ་ཡིན་ལ། ང་ཚོས་ཁོང་གི་ཞབས་དྲུང་ནས་ཐོབ་པའི་ཆོས་རེ་རེ་བཞིན་དུ་ཧ་ཅང་གཙིགས་ཆེན་དང་གཅེས་སྤྲས་བྱས་པ་ཡིན། ཁོང་གིས་དབང་བསྐུར་བའི་རྗེས་སུ། ཚ་མོ་རྗེ་བཙུན་མ་དེས་ང་ཚོ་ལ་དབང་བསྐུར་དང་འབྲེལ་བའི་ཆོ་ག་དང་ཁྲིད་ཡིག་རྣམས་ཀྱི་ལུང་གསུངས། ཁོང་གི་ཚ་མོ་ནི་དེ་འདྲའི་དགུང་ལོ་ཆུང་ཞིང་བཞིན་རས་ལེགས་པ། ཞི་དུལ་དང་ལྡན་པ་ཞིག་སྟེ། མོའི་སྐུ་གཟུགས་ལས་ཀྱང་ཆུ་བོ་བཞུར་བ་ལྟ་བུའི་མཉེས་གཤིན་གྱི་ཉམས་ཤིག་མངོན་ནས་ཡོད། ལོ་རབས་དེའི་ནང་དུ། ཐའེ་ཝན་མ་ཟད་ནུབ་ཕྱོགས་སུའང་བུད་མེད་རྟེན་ཅན་གྱི་བླ་མས་ཆོས་གསུང་བ་ཤིན་ཏུ་དཀོན་པས། སྐབས་དེ་དུས་ཀྱི་སྣང་བརྙན་ཐམས་ཅད་ད་ལྟའང་ངའི་སེམས་སུ་གསལ་པོར་དྲན་གྱིན་ཡོད།

དབང་གནང་བའི་བར་སྐབས་རྣམས་སུ། ཆོས་རྗེ་ཉིད་ཀྱིས་ང་ཚོ་ལ་ཁོང་གི་རྣམ་ཐར་འགའ་རེའང་གསུངས་བྱུང་། ངས་དྲན་སོས་པ་ཞིག་ལ། ཐེངས་ཤིག་ཁོང་གིས་ངོ་མཚར་བའི་གཏེར་ཞིག་བཞེས་རབས་གསུངས་ཤིང་། གཏེར་དེ་ནི་གནམ་གྲུ་ནས་འཕུར་སྐྱོད་མཛད་སྐབས་བྱུང་བ་དང་། སྐབས་དེར་ཁོང་གཟིམས་ཟིན་རྗེས་གཟོད་གཏེར་དེ་བཞེས་པའི་སྐོར་གསུངས་ཀྱང་ད་ལྟ་ཞིབ་ཕྲ་དྲན་གྱིན་མི་འདུག

ད་དུང་ངས་མི་གཞན་གྱི་ངག་ཐོག་ནས་གོ་ཐོས་བྱུང་བ་ལྟར་ན། ཆོས་རྗེ་ཉིད་དགུང་ལོ་གཞོན་དུས་ཐོས་བསམ་སྒོམ་གསུམ་ལ་ཧ་ཅང་བརྩོན་འགྲུས་མཛད་བཞིན་པའི་ཉིན་ཞིག་ལ། ན་གཞོན་མཛེས་མ་ཞིག་ཁོང་གི་གམ་དུ་ལྷགས་ནས། ང་ནི་ཁྱེད་དང་སྐྱེ་བ་སྔ་མའི་ལས་འབྲེལ་ཡོད་པའི་ལས་ཀྱི་ཕྱག་རྒྱ་མོ་ཞིག་ཡིན་པས། ཉིད་ཀྱིས་དང་དུ་ལེན་པར་མཛོད་ཅེས་པ་ན། ཁོང་གིས་དང་ལེན་མ་མཛད་ཀྱང་། མོ་རང་གིས་ས་ཆ་ག་གེ་མོ་ནས་ཟླ་བ་གཅིག་ལ་བསྒུག་རྒྱུ་ཡིན་ཟེར་ནས་སོང་། དེ་ནས་ཟླ་བ་གཅིག་སོང་ཡང་ཆོས་རྗེ་ཉིད་ཀྱིས་ད་དུང་དང་ལེན་མ་བྱས་པས། རྗེས་སུ་བུད་མེད་དེ་ཉིད་ཀྱང་མི་སྣང་བར་གྱུར་སོང་སྐད། རྗེས་སོར་ཁོང་གི་བླ་མ་ཞིག་གིས། ད་ཁྱེད་རང་གིས་ཅུང་ཟད་ཅིག་ཉེས་སོང་། ཁྱེད་ཀྱིས་ནི་བཙུན་པའི་ཡོན་ཏན་ཁོ་ན་ལ་དགོངས་པ་གཏད་པ་ལས་གཞན་པའི་དགོས་པ་མ་ཤེས་པར་འདུག་ཅེས་གསུངས།

ཆོས་རྗེ་ཉིད་ཀྱི་མཛད་པ་འདིས་བདག་ལ་སེམས་འགུལ་ཆེན་པོ་ཐེབས་ཤིང་། ཁྱད་པར་དུ་ཁོང་གི་བླ་མས་གསུངས་པའི་ཚིག་དེས་ནི། ཆོས་རྣམ་དག་ཅིག་བསྒྲུབ་པར་རབ་བྱུང་ཁོ་ན་ཡིན་མི་དགོས་པར། ཁྱིམ་པ་དང་རབ་བྱུང་སུ་ཡིན་ཡང་འགྲུབ་ངེས་ཡིན་ལ། ནང་ཆོས་ཀྱི་བྱིན་རླབས་ལ་བརྟེན་ན་རབ་ཏུ་བྱུང་བ་དང་ཁྱིམ་པའི་རྟེན་ཅན་ཐམས་ཅད་ལའང་འབྲས་བུ་མཆོག་ཏུ་འཐོབ་པར་འགྱུར་ཞེས་པའི་དོན་ཡིན་པ་ཤེས་སོང་།

སྐབས་དེར་ང་རང་སྣེ་ལེན་པ་ཞིག་ཡིན་པས། རྗེ་ཉིད་དང་སྒེར་ངོས་ནས་མཇལ་འཕྲད་གནང་བའི་གོ་སྐབས་བཟང་པོ་བྱུང་ལ། ངས་བུ་མོ་ཁྲིད་ནས་ཆོས་རྗེ་ཉིད་ལས་ཕྱག་དབང་བླངས་ཏེ་མོ་རང་གི་རྒྱུད་ལ་ཐར་བའི་ས་བོན་བཞག ཁོང་གིས་ཅུང་ཟད་དབྱེས་ཆེ་བའི་ཕྱག་དེ་བདག་གི་མགོ་ལ་བཞག་ནས་མཚན་སྔགས་གསུང་ཞོར་བྱིན་རླབས་གནང་བ་ན། བཤད་མི་ཤེས་པའི་དྲོད་རྒྱུན་ཞིག་ལུས་ཀྱི་རྩ་ལམ་ཐམས་ཅད་ལ་ཁྱབ་པར་གྱུར། དེ་དུས་ཆོས་རྗེ་ཉིད་ཀྱི་སྤྱན་སྙུང་བཞིན་ཡོད་པས་ཁོར་ཡུག་རྣམས་གསལ་པོར་མི་གཟིགས་པར་བཤད་ཀྱང་། ང་ཚོས་ཐག་ཉེ་པོའི་སྒོ་ནས་མཇལ་སྐབས་སྤྱན་སྙུང་བཞིན་ཡོད་པའི་རྣམ་པ་གང་ཡང་མཐོང་མ་སོང་།

དེའི་སྐབས་སུ། ང་རང་གིས་ཉིན་དཀར་ལས་ཞུགས་དང་བུ་མོ་གཉིས་ལ་ལྟ་སྐྱོང་བྱེད་དགོས་པར་མ་ཟད། ཞོར་དུ་ཁྱོ་ག་ལའེ་ཧྲེང་ཁྲོན་(赖声川)དང་མཉམ་དུ་འཁྲབ་སྟོན་ལས་སྒྲུབ་ཚོགས་པའི་བྱ་བར་རོགས་འདེགས་བྱེད་དགོས་པས་བྲེལ་འཚུབ་ཧ་ཅང་ཆེ་ཡང་། ཆོས་རྗེ་འཇིགས་མེད་ཕུན་ཚོགས་ཐའེ་ཝན་ལ་བྱོན་ནས་བཀའ་ཆོས་གནང་སྐབས། ངས་དུས་ཚོད་བཀོད་སྒྲིག་ཚགས་དམ་པོར་བྱས་ཏེ། ཁོང་གི་ཐའེ་ཝན་གྱི་ཆོས་ཀྱི་མཛད་སྒོ་ཚང་མར་ཞུགས་ཐུབ་པར་བྱས་པ་ཡིན། ཁོང་གནས་འདིར་བྱོན་པ་དེ་ནི། ང་ཚོ་མི་རེ་རེར་མཚོན་ནའང་སྐལ་བ་ཧ་ཅང་བཟང་པོར་གྱུར་པས་བཀའ་དྲིན་ཤིན་ཏུ་ཆེ།

ཆོས་རྗེ་ཉིད་ཞིང་དུ་གཤེགས་ནས་ད་ལྟ་ལོ་ཉི་ཤུ་སོང་ཟིན་ཀྱང་། ངས་ནམ་རྒྱུན་ཁོང་དྲན་ཐེངས་རེ་རེར། སྟོབས་ཤུགས་ཆེ་བའི་བྱིན་མཐུ་ཁྱད་པར་ཅན་ཞིག་གིས་ང་རང་ཡོངས་སུ་བཅིངས་བ་ལྟ་བུའི་སྣང་བ་སྐྱེས།

བཅར་འདྲི་མཇུག་རྫོགས་པར་ཉེ་བ་ན། ལྕམ་ཏིང་ནའེ་ཀྲུའུ་ཡིས་རང་གི་སྐྲ་ལོར་ལག་པས་རེག་ཙམ་བྱས་ནས་ཉམས་མཚར་གྱི་ཚུལ་དུ། ངས་སྐྲ་ལོའི་ཁ་དོག་འཇའ་ཚོན་ལྟར་དུ་བསྒྱུར་ཡོད། དེའི་རྒྱུ་མཚན་ནི་ང་རང་འཇའ་ཚོན་ལ་ཧ་ཅང་དགའ་བས་ཡིན། ང་རང་ཚེ་འདིར་འཇའ་ལུས་འོད་སྐུར་མ་འགྲུབ་ཀྱང་། འཇའ་ཚོན་ཐོད་ལ་བཏེགས་པའི་རྟེན་འབྲེལ་ལུས་ལ་བསྒྲིགས་ན། ནམ་ཞིག་སྐྱེ་བ་གང་རུང་ལ་འཇའ་ལུས་འོད་སྐུར་འགྲུབ་ངེས་ཡིན་ཞེས་བཤད།

ཕྱིར་ཁྲེང་ཏུའུ་ལ་འབྱོར།

ཕྱི་ཟླ་༩པའི་ཚེས་༡༤ཉིན་གྱི་ཞོགས་པར། ངེད་ཚོ་ཧོང་ཀོང་ནས་རླངས་འཁོར་ལ་ཞུགས་ཏེ་རྒྱལ་མཚམས་འགག་སྒོ་བརྒལ་ནས་ཧྲེན་ཀྲེན་གྲོང་ཁྱེར་དུ་འབྱོར། ནམ་རྒྱུན་རྒྱལ་མཚམས་འགག་སྒོ་རྒལ་སྐབས། ཁོ་ཚོས་ལྟ་བཤེར་ཞིབ་མོ་བྱས་ཏེ་སྙད་ཀ་སྣ་ཚོགས་འདོགས་ཡོང་བས་སེམས་ཁུར་ཅུང་ཟད་འདུག་ཀྱང་། ད་ལན་ནི་ཚེགས་མེད་བདེ་བླག་ཏུ་ཕྱིར་ལོག་ཐུབ་པ་བྱུང་།

རྒྱལ་མཚམས་འགག་སྒོ་བརྒལ་རྗེས། ཆོས་རྗེ་ཉིད་ཀྱིས་ཟས་ཚོམས་ཤིག་ཏུ་ཞོགས་ཟས་གསོལ་ཅིང་། ཧོང་ཀོང་ནས་ཆོས་རྗེ་ཉིད་ལ་ཆེད་དུ་སྐྱེལ་མ་ཞུ་བར་ཡོང་མཁན་རྣམས་ཀྱི་རེ་བ་ལྟར། རྗེ་ཉིད་ཀྱིས་བོད་ཡིག་གི་ལམ་ནས། སངས་རྒྱས་འཕྲིན་ལས་ཕྱོགས་བཅུར་རྒྱས། །བཀྲ་ཤིས་དཔལ་དུ་འབར་གྱུར་ཅིག །སྦྱིན་བདག་ཚེ་རིང་ནད་མེད་ཅིང་། །ལོངས་སྤྱོད་ཕུན་སུམ་ཚོགས་པར་ཤོག །འཇིགས་མེད་ཕུན་ཚོགས་འབྱུང་གནས་ནས། ཞེས་སྨོན་ཚིག་ཅིག་ཕྱག་བྲིས་གནང་། འདི་ཉིད་ནི་ད་ཐེངས་ངེད་ཚོ་ཕྱི་ལོགས་སུ་འགྲོ་སྐབས་འབྲེལ་བ་ཐོགས་ཚད་ལ་ཐུགས་སྨོན་དུ་མཛད་པ་ཡིན་པར་གསུངས།

དེ་རྗེས་ཧྲེན་ཀྲེན་གནམ་ཐང་ནས་ཆུ་ཚོད་གཉིས་ལྷག་ལ་འཕུར་སྐྱོད་བྱས་རྗེས་ཁྲེང་ཏུའུ་གྲོང་ཁྱེར་གྱི་ཧྲོང་ལིའུ་(双流)གནམ་ཐང་དུ་འབྱོར། ཁྲེང་ཏུའུ་ཡི་གནམ་གཤིས་ཧ་ཅང་ཚ་དྲོད་ཆེ་ཡང་། དེ་ནི་སློབ་འབངས་ཀྱི་ཚོགས་མང་དུ་འདུས་པའི་སྤྲོ་སེམས་ཀྱི་ཚ་རླབས་འཕྱུར་བ་དང་བསྡུར་ཐབས་མི་འདུག་སྟེ། སྤྲུལ་སྐུ་བསྟན་འཛིན་རྒྱ་མཚོ་དང་མཁན་པོ་ཚུལ་ཁྲིམས་བློ་གྲོས། མཁན་པོ་ཤེས་རབ་བཟང་པོ། མཁན་པོ་འཆི་མེད་རིག་འཛིན་སོགས་ཀྱི་གཙོས་བླ་རུང་ནང་བསྟན་སློབ་གླིང་གི་རབ་བྱུང་པ་ཤིན་ཏུ་མང་པོ་ཞིག་གིས། ཆོས་རྗེ་ཉིད་ཕྱིར་ཕེབས་པ་ཤེས་རྗེས་གནས་འདིར་བྱོན་ནས་ཉིན་མང་པོར་བསྒུགས་འདུག་པར་མ་ཟད། ཁོང་ཚོས་རྗེ་ཉིད་ཀྱི་ཕེབས་འབྱོར་ལ་དགའ་བསུ་ཚད་མེད་ཞུས། ད་དུང་རྒྱ་ནག་གི་ཞིང་ཆེན་སོ་སོའི་ཆོས་པ་མང་པོ་ཞིག་ཀྱང་གནས་དེར་འཛོམས་པས་མི་ཚོགས་ཀྱི་འདུ་བ་ལང་ལོང་དུ་གཡོ་བར་བྱས། ཁོ་ཚོས་དུས་ཡུན་རིང་པོར་རེ་སྒུག་བྱས་པའི་ཆོས་རྗེ་ཉིད་དངོས་སུ་འབྱོན་པར་མཇལ་བ་ན། ཉིན་ཞག་བརྒྱ་ཕྲག་ལྷག་གི་དྲན་གདུང་དེ་དགའ་སྤྲོའི་མིག་ཆུ་རུ་གྱུར་བ་དང་། འཚང་ཁ་ཤིག་ཤིག དགའ་འབོད་ལྷང་ལྷང་གི་སྒོ་ནས་དད་གུས་ཀྱི་རྣམ་པ་སྣ་ཚོགས་མངོན་པར་བྱས། དེ་ནི་གནམ་ཐང་དེ་ཚུགས་ནས་བཟུང་ཆེས་འདུ་འཛི་ཆེ་བའི་ཉིན་ཞིག་ཡིན་པར་བཤད།

དེ་རྗེས་ཆོས་རྗེ་ཉིད་དར་མདོ་མགྲོན་ཁང་༼དེང་སྐབས་ཀྱི་དཀར་མཛེས་མགྲོན་བྲང་༽ དུ་བྱོན་ཅིང་། ལམ་བར་ནས་མཁན་པོ་འཆི་མེད་རིག་འཛིན་དང་མཁན་པོ་ནོར་པ་ངེད་ཅག་རླངས་འཁོར་གཅིག་ཏུ་བསྡད་དེ། དགའ་སྤྲོའི་ངང་རང་རང་གི་ཕྱོགས་ནས་གླེང་མོལ་སྣ་ཚོགས་བྱེད་ཀྱིན་སོང་། བདག་ལ་ཟླ་བ་གསུམ་གྱི་རིང་དུ་འཕྲིན་སྐྱེལ་སྟབས་བདེ་པོ་མེད་རྐྱེན། ཁོང་གཉིས་ལ་བདག་གི་ཕ་མ་གཉིས་བདེ་འཚམས་ཡིན་མིན་དྲིས་པ་ན། ཕ་མ་གཉིས་ཀྱིས་ད་ལྟ་བླ་རུང་སྒར་དུ་ཁྱེད་ཕྱིར་ཡོང་བར་བསྒུགས་ནས་འདུག་ཟེར།

ངེད་ཅག་མགྲོན་ཁང་དུ་སླེབས་རྗེས། ཆོས་རྗེ་ཉིད་ཀྱི་ཉེ་འཁོར་དུ་སློབ་མ་རྒན་པ་རྣམས་ཀྱིས་ཡོངས་སུ་བསྐོར་བར་མཐོང་བ་ན། རྗེ་ཉིད་ཕྱི་ལོགས་སུ་འབྱོན་སྐབས་ཀྱི་བྱ་བ་མང་པོ་ཞིག་ལ་བདག་གཅིག་པུས་འགན་ལེན་དགོས་པས་སེམས་ཁུར་ཆེ་ནའང་། ད་ལྟ་ཕྱི་རྒྱལ་ནས་གནད་དོན་ཅི་ཡང་མ་བྱུང་བར་བདེ་བླག་ངང་རང་ཡུལ་དུ་ཕེབས་ཐུབ་པ་བྱུང་བས་ཤིན་ཏུ་ལེགས་སོ་སྙམ་བཞིན། ཕྲག་སྟེང་གི་ཁུར་བོ་སར་ཕབ་པ་ལྟར་བློ་བདེ་བག་ཕེབས་སུ་གྱུར།

ཉིན་དེའི་དགོང་མོར། བདག་ལ་ཟླ་བ་གསུམ་རིང་ཡོང་མ་མྱོང་བའི་གཉིད་ཧ་ཅང་སྐྱིད་པོ་ཞིག་ཀྱང་ཁུག་སོང་།

འགྱུར་མེད་ཀྱི་དད་པ།

ཐེངས་འདིར་ཕྱི་ལོགས་སུ་རྗེ་ཉིད་ཀྱི་ཞབས་ཞུར་ཕྱིན་པ་ནས་བཟུང་། ཁོང་ལ་སྔར་ལས་ཀྱང་གཡོ་བ་མེད་པའི་དད་པ་བརྟན་པོ་ཞིག་བདག་ལ་སྐྱེས་སོང་།

ཆོས་རྗེ་ཉིད་ནི་ཚེ་འདིའི་སྦྱངས་པ་ཁོ་ནས་མཁས་པའི་གྲལ་མགོར་སླེབས་པ་ལྟ་བུ་མ་ཡིན་པར། སྐུ་སྐྱེ་སྔ་མ་རྣམས་ཀྱི་སྐབས་སུ་ཡང་ཡང་གོམས་པའི་ཁྱད་འཕགས་ཀྱི་མཁྱེན་རབ་དང་མངོན་རྟོགས་སོགས་གནས་གང་དུ་རྐྱེན་ག་གེ་མོ་ཞིག་གིས་བསླངས་པ་ཙམ་གྱིས། འབད་མེད་རང་ཤུགས་ཀྱི་ཚུལ་དུ་རིག་ཀློང་ནས་རྡོལ་ཡོང་བ་ཞིག་ཡིན། ཁོང་གི་ཞལ་གསུང་རྨད་དུ་བྱུང་བ་འདི་དག་ནི། ཤེས་རབ་ཀྱི་ཉིང་བཅུད་དང་ལེགས་བཤད་ཀྱི་དྭངས་མ་ཡིན་པར་མ་ཟད། ཚེ་སྔ་ཕྱི་ཡོད་པའི་སྒྲུབ་བྱེད་ཀྱི་དན་རྟགས་གསལ་པོར་ཡང་འགྱུར་ཆོག་ཆོག་ཡིན།

བདག་གི་སེམས་ཁོངས་སུ། བླ་མ་དགེ་བའི་བཤེས་གཉེན་ཟེར་བ་དེ་ཁོང་ལྟ་བུ་ཞིག་ལོས་ཡིན་སྙམ་ཞིང་། ཁོང་ལས་ལྷག་པ་ཞིག་ནི་ཡོད་མི་སྲིད་ལ། ཡོད་ཀྱང་མི་དགོས་ཏེ། ཨོ་རྒྱན་སངས་རྒྱས་གཉིས་པ་དང་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་སོགས་སྐྱེས་ཆེན་གོང་མ་རྣམས་ཀྱང་། བྱོན་པའི་དུས་རབས་མི་གཅིག་པ་ཙམ་མ་གཏོགས། གལ་ཏེ་ཁོང་ཚོའི་དྲུང་དུ་ཡོད་ནའང་འདི་ལས་ཁྱད་པར་ཅི་ཡང་མེད་སྙམ་པའི་བཅོས་མིན་གྱི་དད་པ་ཞིག་རྟག་ཏུ་སྐྱེ་བཞིན་ཡོད།

དད་པ་དེ་ནི་ཆེད་དུ་བཅོས་ནས་དག་སྣང་སྒོམ་པ་ཙམ་མིན་པར། རྗེ་ཉིད་ཀྱི་མཛད་སྤྱོད་གང་ལ་བལྟས་ཀྱང་སྐྱེ་བོ་ཕལ་བའི་སྤྱོད་ཡུལ་ལས་ཡོངས་སུ་འདས་པ་ཞིག་ཡིན་པས། གང་ཟག་སུ་ཡིན་ཡང་། ཁོང་གི་སྐུ་མཇལ་བ་ཙམ་གྱིས་སེམས་སུ་འགྱུར་བ་ཆེན་པོ་འབྱུང་ཞིང་། གསུང་ཐོས་པ་ཙམ་གྱིས་ཡིད་ཀྱི་དང་བ་རབ་ཏུ་འདྲེན་པར་བྱེད་ལ། གསོལ་བ་བཏབ་པ་ཙམ་གྱིས་རྒྱུད་ལ་བྱིན་རླབས་ཆེན་པོ་འཇུག་པར་འགྱུར་བས། འདི་ནི་སངས་རྒྱས་བྱང་སེམས་དང་དབྱེར་མ་མཆིས་པའི་བྱིན་མཐུ་ཁྱད་པར་བ་ཞིག་གིས་ལོས་ཡིན་སྙམ།

བདག་གིས་ཕྱི་ལོ་༡༩༨༥ལོར་རྗེ་ཉིད་ཐོག་དང་པོར་མཇལ་བ་ནས་བཟུང་། མཐར་ཕྱི་ལོ་༢༠༠༤ལོར་ཁ་བྲལ་བའི་བར་གྱི་བགྲང་བྱ་༡༩ཙམ་ལ་བླ་མར་བསྟེན་པའི་གོ་རིམ་ཁྲོད། ལོག་ལྟ་ཐེངས་གཅིག་ཙམ་ཡང་སྐྱེས་མ་མྱོང་བ་ནི་བདག་གི་མི་ཚེ་འདིའི་དོན་སྙིང་ལྡན་ཞིང་རིན་ཐང་ཡོད་པའི་ཕྱིར་དྲན་ཞིག་ཡིན།

ཆོས་རྗེ་ཉིད་ཀྱིས་ནམ་རྒྱུན་སློབ་མ་རྣམས་ལ། བཟང་པོའི་བླ་མ་འདི་དང་དུས་རྟག་ཏུ། །མི་འབྲལ་འགྲོགས་པར་འདོད་ཀྱང་འབྲལ་བར་ངེས། །ཞེས་གསུངས་ཤིང་། ཁོང་ཞིང་ལ་གཤེགས་པ་ནས་བཟུང་། བདག་ཅག་ནི་བྱམས་ལྡན་ཨ་མ་དང་བྲལ་བའི་དྭ་ཕྲུག་ཇི་བཞིན་འཇིག་རྟེན་འདིར་ཁེར་རྐྱང་དུ་ལུས་སོང་བས། ནམ་རྒྱུན་བླ་མ་ཁོང་ཡིད་ལ་དྲན་ཐེངས་རེར། སེམས་པ་ཧ་ཅང་སྟོང་ལྷང་ངེར་གནས་པ་ན། རང་གིས་རང་ལ་ངའི་བླ་མའི་གཟུགས་སྐུའི་བཀོད་པ་རེ་ཞིག་ཆོས་ཀྱི་དབྱིངས་སུ་བསྡུས་ཟིན་ཀྱང་། ཆོས་ཀྱི་སྐུ་ནི་ནམ་ཡང་བདག་ཅག་དང་འབྲལ་བ་མེད་ཅེས་སེམས་གསོ་ཡང་ཡང་བྱེད་ཀྱིན་ཡོད། དེ་ལྟ་ནའང་། ད་ལྟ་བརྙན་ཕབ་ལས་སྐུ་བརྙན་མཇལ་བ་ཙམ་དང་སྒྲ་ཕབ་ལས་གསུང་སྐད་ཐོས་པ་ཙམ། རྨི་ལམ་དུ་སྐུ་ཉིད་དང་འཕྲད་པ་ཙམ་ལས། རྒྱ་ཆེ་བའི་འཇིག་རྟེན་འདི་ནས་བདག་གི་བླ་མ་དངོས་ནི་ཇི་ལྟར་བཙལ་ཀྱང་རྙེད་དུ་མེད་པར་གྱུར།

མང་པོ་ཞིག་གིས། རྒྱུན་དུ་བླ་མའི་གམ་དུ་བཅར་ནས་ཉེ་བར་བསྟེན་དྲགས་ན། བླ་མ་དེ་སྐྱེ་བོ་ཕལ་བ་ཇི་བཞིན་སྐྱོན་གྱི་ཆའང་མང་དུ་མཐོང་ཡོང་བར་བཤད་ཀྱང་། བདག་ནི་དེ་ལས་ལྡོག་སྟེ། བླ་མ་ཇི་ལྟར་ཉེ་བར་བསྟེན་པ་དེ་ལྟར་དུ་དད་པ་ཤུགས་དྲག་པོར་འཕེལ་ཡོང་སྟེ། བགྲང་བྱ་ཅི་ཙམ་འགོར་ཡང་དད་པ་ལ་འགྱུར་བ་ཁབ་རྩེ་ཙམ་སོང་མེད་པར་མ་ཟད། སྔར་ལས་ཀྱང་ཇེ་བས་ཇེ་བརྟན་དུ་འགྲོ་བཞིན་འདུག བླ་མ་ཞིང་དུ་གཤེགས་པ་ནི་ཕ་མ་སོགས་འཇིག་རྟེན་གཞན་དུ་ཆས་པ་དང་མི་འདྲ་བར། ཉིན་རེ་ནས་ཉིན་རེ་བཞིན་དུ་དྲན་གདུང་ཆེ་རུ་འགྲོ་བཞིན་ཡོད། དེ་ཡང་སྔོན་ཆད་ཁོང་གི་ཞལ་ནས། ང་ཤི་ཚར་རྗེས་ཁྱེད་ཅག་ང་རང་ལ་དད་པ་ཇེ་ཆེར་འགྲོ་ཤས་ཆེ་ཞེས་གསུངས་པ་དེ་ནི་ངོ་མ་བདེན་པར་འདུག་སྙམ་མོ། །

སྙུང་གཞི་དྭངས་པར་གྱུར།

ཕྱི་ལོ་༡༩༩༡ལོར་ང་ཚོས་མེན་དབྱང་(绵阳)གྲོང་ཁྱེར་དང་ཁྲུང་ཆིང་(重庆)གྲོང་ཁྱེར་སོགས་སུ་བཙུགས་པའི་ཆོས་ཚོགས་ཀྱི་སློབ་མ་རྣམས་ཀྱིས་གདན་ཞུ་བྱས་པ་ལྟར། ཕྱི་ཟླ་༩པའི་ཚེས་༡༥ཉིན། ཆོས་རྗེ་ཉིད་ཆོས་ཚོགས་དེ་དག་ཏུ་བྱོན་ནས་ཆོས་གསུང་རྒྱུའི་བཀོད་སྒྲིག་ཡོད་ཀྱང་། ཉིན་དེར་གློ་བུར་དུ་ཆིང་ཏིང་(清定)བླ་མའི་སྙུན་གཞི་ཇེ་སྡུག་ཏུ་སོང་ཚུལ་ཐོས་པ་དང་། ཨ་ནེ་མེ་སྒྲོན་ཡང་ཚབས་ཆེ་ཙམ་ཞིག་སྙུང་བཞིན་པས། ཆོས་རྗེ་ཉིད་ཀྱི་མཛད་རིམ་དེ་དག་ཀྱང་གནས་སྐབས་སུ་ཕྱིར་འཐེན་མི་བྱེད་ཐབས་མེད་དུ་གྱུར་སྟབས། ཁོང་གི་སྐུ་ཚབ་ལ་མཁན་པོ་ཚུལ་ཁྲིམས་བློ་གྲོས་དང་སྤྲུལ་སྐུ་བསྟན་འཛིན་རྒྱ་མཚོ་སོགས་མཁན་སྤྲུལ་བཞི་ཆོས་ཚོགས་དེ་དག་ལ་ཆོས་གསུང་དུ་མངགས།

སྔ་དྲོར་ཆོས་རྗེ་ཉིད་ཁྲེང་ཏུའུ་གྲོང་ཁྱེར་གྱི་ཀྲའོ་ཅུའེ་(昭觉)དགོན་དུ་ཆིང་ཏིང་བླ་མ་ལ་སྙུན་འདྲིར་བྱོན་པ་ན། ཁོང་ནི་ཞལ་མདངས་ཉམས་ཤིང་སྐུ་ཤ་རིད་པར་གྱུར་ནས་ཧ་ཅང་སྙུང་བའི་ཚུལ་མཛད་ཀྱིན་ཡོད། སྐབས་དེར་ཆོས་རྗེ་ཉིད་ཀྱིས་ཁོང་ལ་ཚེ་དབང་བསྐུར་བའི་རྟེན་འབྲེལ་གྱིས་སྐུ་ཁམས་ཀྱང་རིམ་གྱིས་ཇེ་དྭངས་ལ་སོང་།

ཨ་ནེ་མེ་སྒྲོན་སྐམ་དམག་གི་སྤྱིའི་སྨན་ཁང་དུ་བྱོན་ནས་བརྟག་དཔྱད་བྱས་པ་ན། ཁོང་ལ་མྱུར་གཤིས་རྒྱུ་ལྷག་གི་ནད་ཡོད་པར་ངོས་བཟུང་ཞིང་། ཆོས་རྗེ་ཉིད་ཀྱང་ཕྱི་ལོགས་སུ་འབྱོན་སྐབས་སྐུ་ངལ་ཧ་ཅང་ཆེ་བས་སྐུ་གཟུགས་ལ་བརྟག་དཔྱད་བྱ་ཕྱིར། ཉིན་དེར་ཁོང་རྣམ་པ་སྨན་ཁང་དེར་སྡོད་བཅོས་མཛད་ཅིང་བདག་གིས་སྐད་སྒྱུར་སོགས་ཀྱི་ཞབས་ཞུ་བསྒྲུབས་པ་ཡིན། ཐོག་མར་ཨ་ནེ་མེ་སྒྲོན་ལ་གཤག་བཅོས་བྱེད་དགོས་པར་བཤད་ཀྱང་། གནམ་ཁབ་ཀྱིས་ཚ་སེལ་ཉིན་གཅིག་ཙམ་བྱས་པས་གཤག་བཅོས་མ་དགོས་པར་སྙུང་གཞི་ཡོངས་སུ་དྭངས་པར་གྱུར། ཆོས་རྗེ་ཉིད་ལ་ཉིན་གཅིག་གཉིས་རིང་བརྟག་དཔྱད་བྱས་ཀྱང་སྐུ་ལུས་ལ་སྙུན་གཞི་གཞན་ཆེར་མི་འདུག་པས། ཉིན་གཉིས་ཙམ་གྱིས་ཚང་མ་སྨན་ཁང་ནས་བཅོས་ཐོན་བྱུང་།

དེ་ནས་ཆོས་རྗེ་ཉིད་ཁྲ་ཏེན་ཙིར་(茶店子)བཞུགས་ནས་ཉིན་འགའ་ལ་རྒྱ་སྨན་བསྟེན་ནས་སྐུ་གཟུགས་གསོས་ཤིང་། དེ་དང་མཉམ་དུ། ནངས་སྔ་མོ་ནས་ཕྲེང་བསྒྲིགས་ཤིང་འཚང་ཁ་ཤིག་ཤིག་གིས་ཕྱོགས་སོ་སོ་ནས་ཡོང་བའི་དད་ལྡན་རྣམས་ཀྱི་རེ་བ་བསྐང་ཕྱིར། རྗེ་ཉིད་ཀྱིས་ཉིན་གང་པོར་ཆོས་འཆད་དང་དབང་ཁྲིད། ཕྱག་དབང་། བྱིན་རླབས་གནང་བ་སོགས་ཀྱིས་དུས་འདའ་བར་མཛད།

སྐབས་དེར། བླ་རུང་སྒར་གྱི་ཇོ་སེར་དགེ་འདུན་སྤྱི་ལ་སྟབས་བདེ་བའི་ཆེད་དུ། ཆོས་རྗེ་ཉིད་ཀྱིས་ཤར་རླུང་རྟགས་ཅན་གྱི་རླངས་འཁོར་ཆེན་པོ་གཉིས་ཉོས་ཤིང་། དེའི་ནང་དུ་དགེ་འདུན་པ་རྣམས་ལ་གནང་རྒྱུའི་འབྲས་སྒྱེ་མང་པོ་བརྩིགས།

བདག་གིས་ཀྱང་རྗེ་ཉིད་ནུབ་ཕྱོགས་སུ་འབྱོན་སྐབས་ཀྱི་སྐུ་པར་ལེགས་པོ་འགའ་རེ་ཆེད་དུ་བཀྲུས་ཏེ། ཆོས་ཀྱི་མཆེད་གྲོགས་རྣམས་ལ་ཕ་འབབ་གྲ་སྒྲིག་བྱས་པ་ཡིན།

ཕྱིར་བླ་རུང་དུ་འབྱོར།

ཕྱི་ཟླ་༩པའི་ཚེས་༢༡ཉིན། ཁྲེང་ཏུའུ་གྲོང་ཁྱེར་ནས་དར་རྩེ་མདོ་རུ་སླེབས་རྗེས། ཆོས་རྗེ་ཉིད་དེར་ཉིན་གཅིག་ལ་བཞུགས་ཏེ་འབྲེལ་ཡོད་ལས་ཁུངས་ལ་ཕྱི་ལོགས་སུ་སོང་བའི་སྐོར་གྱི་སྙན་ཞུ་ཕུལ་ཅིང་བཞུགས་མོལ་ཚོགས་འདུ་ལ་ཞུགས།

ཚེས་༢༣ཉིན་དར་མདོ་ནས་ཐོན་ཏེ་ལྷ་སྒང་དུ་འབྱོར་བ་ན། ལྷ་སྒང་དགོན་པའི་དགེ་འདུན་པ་རྣམས་ཀྱིས་གདན་ཞུ་བྱས་པ་ལྟར། ཐོག་མར་རིང་བསྲེལ་ལྷ་ཁང་དུ་བྱོན་ནས་རབ་གནས་བྱིན་རླབས་མཛད་ཅིང་། དེ་ནས་ལྷ་སྒང་ཇོ་བོའི་མདུན་དུ་ཐམས་ཅད་དང་མཉམ་དུ་བཟང་སྤྱོད་སྨོན་ལམ་གསུངས་བར་མ་ཟད། དེར་འཁོད་ཀྱི་དད་ལྡན་པ་རྣམས་ལ་མཇལ་ཁའང་གནང་།

བར་སྨད་དམ་དཔལ་སྨད་དུ་སླེབས་པ་ན། སྤྲུལ་སྐུ་ལུང་རྟོགས་ཀྱིས་ད་ལྟའི་ཁོང་གི་གདན་ས་ཡོད་སར་གུར་ཆེན་པོ་ཞིག་ཕུབ་ནས་རྗེ་ཉིད་གདན་ཞུ་བྱས། ཁོང་གིས་སྐབས་དེར་ཆོས་དུང་ཆེན་པོ་གཉིས་རྗེ་ཉིད་ལ་ཕུལ་བ་དེ། ཆོས་རྗེ་ཉིད་ཀྱིས་ལམ་སང་འབུད་འབུད་འགའ་མཛད་ནས་ངེད་བདུད་ལས་རྣམ་རྒྱལ་གླིང་ལ་གནང་བྱུང་།

དགོང་མོར་ནགས་བྲིན་རྩྭ་ཐང་གི་རབ་སྒང་དགོན་པར་སླེབས། སྐབས་དེར་རྗེ་ཉིད་ཀྱི་སྐུ་འཁོར་ཅུང་ཟད་མང་བས། རབ་སྒང་དགོན་པའི་གྲྭ་པ་རེ་རེས་མི་རེ་རེར་སྣེ་ལེན་བྱས་ཤིང་། ལྷག་མ་རྣམས་གཙུག་ལག་ཁང་གི་ནང་དུ་སྣེ་ལེན་བྱས་པས་དེར་ཞག་སྡོད་བྱས་པ་ཡིན།

ཚེས་༢༤ཉིན་གྱི་སྔ་དྲོར། རབ་སྒང་དགོན་ནས་ཐོན་ཏེ་རྟའུ་རྫོང་དུ་སླེབས་པ་ན། དེ་གའི་དད་ལྡན་མང་པོའི་རེ་བསྐུལ་ཞུས་པ་ལྟར། ཆོས་རྗེ་ཉིད་ཀྱིས་རྟའུའི་མཆོད་རྟེན་དཀར་པོར་རབ་གནས་དང་། མང་ཚོགས་རྣམས་ལ་བཀའ་སློབ་དང་བྱིན་རླབས་གནང་།

སླར་ཡང་ལམ་དུ་ཆས་པ་ན། ལམ་འགྲམ་དག་ཏུ་ཕྱོགས་ཀྱི་དགོན་པ་སོ་སོའི་དགེ་འདུན་པ་རྣམས་དང་དད་ལྡན་མང་པོ་འདུས་ཏེ། འགའ་རེས་སྦྲ་གུར་ཕུབ་ནས་རྗེ་ཉིད་ཀྱིས་སྐུ་ངལ་གསོ་བར་གདན་ཞུ་བྱེད་ཅིང་། འགའ་རེས་ལྷ་བསང་ཕུད་དེ་ཆོས་རྗེ་ཉིད་ཕྱིར་ཕེབས་པར་དགའ་བསུ་ཞུས། ཁོང་གིས་དེ་དག་གི་འདོད་པ་བསྐང་བའི་ཆེད་དུ། རླངས་འཁོར་གྱི་དཀར་ཁུང་གི་ཤེལ་ཡོལ་མར་ཕབ་སྟེ་ཕྱག་དབང་དང་བྱིན་རླབས་གནང་ཞིང་། མཚམས་རེར་ཆོས་འབྲེལ་བསྡུས་པ་རེ་གསུང་བཞིན་འབྱོན་པར་མཛད།

ཕྱི་དྲོའི་མཚམས་སུ་ད་གཟོད་བླ་རུང་ཆོས་སྒར་དུ་འབྱོར་བ་དང་། དེར་དགེ་འདུན་པ་རྣམས་ཀྱིས་ཆོས་གོས་མནབས་ཏེ་སེར་ཕྲེང་ཚར་དུ་དངར་བ་བསྒྲིགས་ཤིང་། བསང་དུད་ཀྱི་ཕུང་པོ་རབ་ཏུ་འཁྲིགས་པའི་ཀློང་དུ་རོལ་མོ་སྣ་ཚོགས་ཀྱི་དབྱངས་སྙན་དང་བཅས་ཕེབས་བསུ་རྒྱ་ཆེན་པོའི་ངང་ནས་གདན་ལ་འཇགས་པར་མཛད། ཆོས་རྗེ་ཉིད་ཐད་ཀར་ཀུན་དགའ་ར་བའི་ནང་དུ་ཕེབས་ནས། དགེ་འདུན་པ་རྣམས་ལ་ཕྱི་ལོགས་སུ་བྱོན་པའི་མཛད་རིམ་གྱི་སྐོར་བསྡུས་པ་ཞིག་གསུངས་རྗེས། དཔོན་སློབ་རྣམས་གཞིས་བྱེས་ལྷན་འཛོམས་བྱུང་བའི་དགའ་སྤྲོའི་ཡོ་ལང་གི་ཁྲོད་ནས་རང་རང་གི་གཟིམས་ཤག་ཏུ་བྱོན་ནོ། །

དྲན་ངོགས་ཀྱི་ནུབ་བསྐྱོད་ལས་ཕྱིར་ལོག་པའི་མཛད་རིམ་ལེགས་པར་གྲུབ་པའི་སྐབས་ཏེ་བཅུ་པའོ། །

མཇུག་བྱང་།

ཕྱི་ཟླ་༡༠པའི་མཇུག་ཏུ། སྤྲུལ་སྐུ་བསྟན་འཛིན་རྒྱ་མཚོ་དང་ངེད་གཉིས་གསེར་རྟ་རྫོང་དུ་སོང་ནས། ཉིན་ལྔ་ཡི་རིང་ལ་བདག་གིས་ཕྱི་ལོགས་ནས་ཁྱེར་ཡོང་བའི་སྒྲ་གཟུགས་རྣམས་ཕྱོགས་གཅིག་ཏུ་བསྡུ་སྒྲིག་བྱས་རྗེས། རྒྱ་སྐད་དང་བོད་སྐད་ཀྱི་མཚམས་སྦྱོར་དང་བཅས་ཏེ། ཆོས་རྗེ་ཉིད་ནུབ་ཕྱོགས་སུ་ཕེབས་ནས་ཆོས་གསུངས་པའི་སྐོར་གྱི་དངོས་ཟིན་གློག་བརྙན་དུས་ཚོད་གསུམ་ཡོད་པ་ཞིག་བརྙན་སྡེར་དུ་བཟོས་རྗེས་སློབ་གླིང་དུ་འགྲེམ་སྤེལ་བྱས།

དེ་ནས་ཆོས་རྗེ་ཉིད་ཨ་རིར་བཞུགས་དུས་སུ་སྔགས་སྲུང་མས་ལུང་བསྟན་གནང་བ་བཞིན། ཁོང་དང་ལོ་ཚོད་མཉམ་པའི་མི་སྐྱ་རྒན་པ་དང་གནས་སྐབས་རབ་ཏུ་བྱུང་བའི་སྐལ་བ་མི་ལྡན་པའི་ཁྱིམ་པ་རྣམས་ལ་དགོངས་ཏེ། ལེགས་ཚོགས་ཆར་འབེབས་གླིང་ཞེས་པའི་དགེ་བསྙེན་གྱི་སྡེ་ཞིག་གཟུག་རྒྱུ་གཏན་ཁེལ་མཛད་ནས་ཆོས་ཚོགས་དེའི་གཙུག་ལག་ཁང་བཞེང་བའི་མགོ་བརྩམས། སྐབས་དེར་དགེ་བསྙེན་གྱི་ཆོས་སྡེ་ལ་འཇུག་མཁན་རྣམས་ཐོ་འགོད་བྱེད་དུས། ཐོག་མར་ཁྱིམ་ཚང་བཞི་ལས་མི་འདུག་ཅིང་། དེ་དག་ལས་གཅིག་ནི་བདག་གི་ཕ་མ་རྣམ་གཉིས་ཡིན། དེ་རྗེས་རིམ་བཞིན་དུ་ཆོས་སྡེ་འདི་གཞི་རྒྱ་ཇེ་ཆེ་དང་དགེ་བསྙེན་གྱི་གྲངས་ཇེ་མང་དུ་སོང་སྟེ། ཕྱིས་སུ་བླ་རུང་ལུང་པའི་སྨད་ཕྱོགས་ཀྱི་ཉིན་སྲིབ་གཉིས་ཀ་གང་བར་གྱུར། སྔོན་ཆད་བོད་ཡུལ་དུ་དགེ་བསྙེན་གྱི་ཆོས་སྡེ་འཛུགས་པའི་སྲོལ་མེད་པས། རྗེ་ཉིད་ཀྱི་མཛད་པ་དེས་ནི་བོད་བརྒྱུད་ནང་བསྟན་ལ་སྲོལ་རྒྱུན་གསར་པ་ཞིག་གི་དབུ་ཁྱུད་བྲིས་པའང་ཡིན།

དགེ་བསྙེན་གྱི་ཆོས་སྡེ་ཙམ་མ་ཟད། རྗེ་ཉིད་ལ་ནང་བསྟན་དང་འབྲེལ་བའི་བློ་ཡུལ་ལས་འདས་པའི་གསར་གཏོད་རང་བཞིན་གྱི་མཛད་པ་མང་དུ་ཡོད་དེ། དཔེར་ན། རིག་གསར་གྱི་དུས་སུ་གངས་ལྗོངས་ཀྱི་བསྟན་པ་རྙོག་མ་ཅན་དུ་གྱུར་པ་ན། རྗེས་སུ་བསླབ་ཁྲིམས་དང་དམ་ཚིག་ཉམས་པ་རྣམས་དགེ་འདུན་པ་དང་མཉམ་དུ་འཚོགས་མི་ཆོག་པར་བྱས་ཏེ་བསྟན་པ་དག་ཐེར་མཛད་པ་དང་། བླ་རུང་དུ་གཞི་རྒྱ་ཆེན་པོའི་སྒོ་ནས་བཙུན་མའི་ཆོས་སྡེ་བཙུགས་ཏེ་བུད་མེད་རྟེན་ཅན་གྱི་རབ་བྱུང་པ་མང་པོ་རྗེས་སུ་བཟུང་བ། རྒྱ་ནག་ཏུ་ནང་ཆོས་འཆད་ཉན་གྱི་བསྟན་པ་སྤེལ་ཏེ་རྒྱ་རིགས་སློབ་མ་རྣམས་རྗེས་སུ་བཟུང་བ་སོགས། ནང་བསྟན་གྱི་ལོ་རྒྱུས་ཐོག་འགྱེལ་དུ་མེད་པའི་རྡོ་རིང་གསར་བ་བཙུགས་པ་ལྟ་བུའི་མཛད་བཟང་རེ་རེ་ཡིས། རྗེ་ཉིད་ལ་མ་འོངས་འབྱུང་འགྱུར་གྱི་བྱ་བ་རྣམས་རྗེན་པར་གཟིགས་པའི་མཁྱེན་དཔྱོད་དང་། འཇིག་རྟེན་ལས་འདས་པའི་ཐུགས་བསྐྱེད་རྒྱ་ཆེར་མངའ་བ་སོགས་ལེགས་པར་མཚོན་ཐུབ་པ་ཡིན།

ཆོས་རྗེ་ཉིད་ཕྱིར་བླ་རུང་དུ་བྱོན་པ་ནས་བཟུང་། མུ་མཐུད་དུ་དགེ་འདུན་པ་རྣམས་ལ་ཆོས་ཁྲིད་གནང་བའི་རྒྱུན་བསྐྱངས་ཤིང་། དགུན་དུས་སུ་རྒྱལ་བའི་དབང་པོ་ཀློང་ཆེན་རབ་འབྱམས་ཀྱི་བསྟན་བཅོས་ཆེན་མོ་རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོའི་འགྲེལ་ཆེན་ཤིང་རྟ་ཆེན་པོའི་བཀའ་ཁྲིད་གནང་བ་ན། བོད་ཡུལ་གྱི་གནམ་གཤིས་ནི་ཧ་ཅང་གྲང་ངར་དང་ལྡན་པ་ཡིན་ཡང་། རྗེ་ཉིད་ཀྱི་ཞབས་དྲུང་ནས་ཐེག་པ་ཆེན་པོའི་ཟབ་ཆོས་ཀྱི་བདུད་རྩིར་ལོངས་སུ་སྤྱོད་པའི་སྐལ་བ་ལྡན་པའི་སློབ་མ་རེ་རེའི་སེམས་ནི་དྲོད་ཁོལ་དང་བདེ་སྐྱིད་ཀྱིས་ཁེངས་ནས་ཡོད།

དེ་ལྟར་ངེད་ཅག་སློབ་འབངས་རྣམས་ཀྱིས། སྔར་བཞིན་ཆོས་རྗེ་བླ་མ་དམ་པའི་སྐུ་དྲུང་ནས་མུ་མཐུད་དུ་ཐོས་བསམ་སྒོམ་གསུམ་གྱི་བྱ་བས་དུས་འདའ་བར་བྱས་པ་ལགས་སོ། །

གང་གི་ཞལ་གསུང་བདུད་རྩི་མངར་མོའི་བཅུད། །

བྱིན་རླབས་དྲོད་ཀྱི་ཁ་རླངས་མ་ཡལ་བ། །

ལས་ཅན་བློ་གསལ་གཞོན་ནུའི་དགའ་སྟོན་དུ། །

དམིགས་ཏེ་གསུང་མཆོག་ཡི་གེའི་རིས་སུ་སྤེལ། །

ལུས་ཀྱི་ལང་ཚོ་མར་མར་རྒུད་ན་ཡང་། །

སེམས་ཀྱི་ཉི་གཞོན་ཆེ་ཆེར་གསལ་བ་འདི། །

རྩེ་གཅིག་དད་པས་བླ་མ་ལེགས་བསྟེན་ནས། །

ཟབ་ཆོས་གདམས་པའི་བདུད་རྩི་མྱོང་བའི་དྲིན། །

དྲིན་ལྡན་བླ་མའི་ཞལ་རྒྱུན་གདམས་དོན་གྱི། །

ཚིག་ཟུར་ཙམ་ཞིག་ཉམས་ལའང་ཕངས་པའི་བློས། །

སྙིང་རུས་བསྐྱེད་དེ་ཡི་གེར་བཀོད་ལགས་ན། །

སྐལ་ལྡན་ཐར་འདོད་ཚོགས་རྣམས་དགྱེས་གྱུར་ཅིག །

དོན་གྱི་གནད་ལ་འཁྲུལ་བ་མི་མངའ་ཡང་། །

ཚིག་གི་སྡེབ་སྦྱོར་འགལ་དང་མ་འབྲེལ་བའི། །

ཉེས་པ་ཅི་མཆིས་རྩ་གསུམ་ཆོས་སྐྱོང་དང་། །

རྡོ་རྗེ་མཆེད་པོ་རྣམས་ལ་སྙིང་ནས་འཆགས། །

འདིར་འབད་དགེ་བའི་དངོས་པོ་ཅུང་མཆིས་ན། །

མར་གྱུར་འགྲོ་བ་མ་ལུས་ཀུན་ལ་བསྔོ། །

དཔལ་ལྡན་བླ་མའི་གོ་འཕང་མངོན་གྱུར་ནས། །

ཕྱམ་གཅིག་གདོད་མའི་ས་ལ་ཕྱིན་པར་ཤོག །

ཅེས་བསོད་དར་རྒྱས་ནས་བོད་ཆུ་ཡོས་ལོའི་ཟླ་བ་གཉིས་པའི་ཚེས་ཉེར་ལྔ འི་ཉིན་༼ཕྱི་ལོ་༢༠༢༣ལོའི་ཟླ་༤པའི་ཚེས་༡༥༽ལ་སྦྱར་བ་དགེའོ།། །།

ཆོས་རྗེ་ཉིད་ཀྱིས་ལོ་མང་སྤྱད་པའི་སྒྲ་ཕབ།

མདོ་སྔགས་རིག་པའི་གཙུག་ལག་ཁང་ལ་རབ་གནས་མཛད་བཞིན་པ།

རྗེ་ཉིད་ཀྱིས་ཉི་ཧོང་གི་སློབ་མ་དག་ལ་ཞལ་གདམས་གནང་བཞིན་པ།

ཧཱ་ཝ་ཡེའི་གནས་ཆུང་དགོན་པའི་གནས་ཆུང་ཆོས་སྐྱོང་།

གཡོན་གྱི་དང་པོ་མཁན་རྣམ་གྲོལ། གཉིས་པ་དངོས་གྲུབ་རྡོ་རྗེ། གསུམ་པ་སྐད་སྒྱུར་མཁན་སངས་རྒྱས་མཁའ་འགྲོ།

གནས་ཆུང་དགོན་དུ་བཞག་པའི་ཆོས་རྗེའི་ཞབས་ལྷམ།

ཆོས་རྗེ་ཉིད་ཀྱི་ཞབས་ལྷམ།

སན་ཧྥི་རན་སའེ་སི་ཁོའི་གནམ་ཐང་དུ།

མར་པའི་ཕོ་བྲང་།

ཆོས་རྗེ་བཞུགས་སའི་ཤིང་ཁང་།

རྗེ་ཉིད་ཀྱིས་རི་བོ་རྩེ་ལྔར་ཆོས་གསུང་བཞིན་པ།

ལྗོབ་ཤཱ་མའོ་ཏིར།༼གཡོན་གྱི་དང་པོ།༽

ད་ལྟའི་ཁོང་།

འཇམ་དཔལ་ཞི་སྒྲུབ་ཀྱི་ཆ་ལག་ཁྲིད་ཡིག་སངས་རྒྱས་ལག་སྟེར་དང་འཇམ་དཔལ་ཞི་སྒྲུབ་ཀྱི་འདོན་ཆོག

ཆོས་རྗེ་ལ་ཞབས་ཞུ་སྒྲུབ་མཁན་གྱི་མི་རྒྱ་བོ་དེ། ༼གཡས་ཀྱི་དང་པོ།༽

ནཱ་ཕཱ་ལུང་གི་མཛད་རིམ་རེའུ་མིག

ད་ལྟའི་ཁའེ་ཧེན་རཱེ།

ད་ལྟའི་ལྗེ་མཱེ།

ད་ལྟའི་ལཱོན་ཧཱིལ།

ད་ལྟའི་ལྗོན་སི་ཝེར་ཀྱེན།

ཆོས་རྗེ་ཉིད་རི་བོ་རྩེ་ལྔའི་ནུབ་རིར་བཞུགས་པ།

ཆོས་རྗེ་ཉིད་ཀྱིས་རི་བོ་རྩེ་ལྔའི་ཤར་རིའི་རྩེ་རུ་ཆོས་གསུང་བཞིན་པ།

ཆོས་རྗེ་ཉིད་རི་བོ་རྩེ་ལྔའི་ནོར་བཟང་ཕུག་པར་བཞུགས་པ།

རའེ་ཐུ་སྤུན་མཆེད་གཉིས་ཀྱི་འཕུར་སྐྱོད་པ་དང་པོ།

ད་ལྟའི་ལྗ་ནའེ་ཐུ་རྒྱ་མཚོ།

བཅར་འདྲིའི་སྐབས་ཀྱི་ཨེ་བོན།

སྐུ་ཞབས་དཱལ་ཧོབ་སེ།

ནཱ་ཕཱ་ལུང་།

ཉིའུ་ཡོག

ཧཱ་ཝ་ཡེ།

བྷོ་སི་ཐིན།

ནཱ་ཕཱ་ལུང་།

ནཱ་ཕཱ་ལུང་།

ད་ལྟའི་ལས་རབ་གླིང་།

ད་ལྟའི་རི་མགུལ་རིན་པོ་ཆེ།

ད་ལྟའི་སྐུ་ཞབས་ཕཱ་ཁྲཱེར་ཁི་གྷ་ཧྥི་ནེ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༩ རྡོ་རྗེ་ཕ་ལམ་གྱི་ཕྲེང་རྡོག་༣༦༥

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡ བསླབ་བྱ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༢ འོད་དཔག་མེད་ཀྱི་ཞིང་ཡིད་ལ་བྱེད་པའི་མདོ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༣ ས་ཡི་སྙིང་པོའི་རྩ་བའི་སྨོན་ལམ་གྱི་མདོ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༤ བཀྲ་ཤིས་པའི་མདོ་ཞེས་བྱ་བ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༥ ཕ་མའི་དྲིན་ལན་གཞལ་དཀའ་བའི་མདོ་ཞེས་བྱ་བ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༦ ཕ་མ་སྐྱོབ་པའི་མདོ་ཞེས་བྱ་བ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༧ བུ་མོ་མ་ཏཾ་གའི་མདོ་ཞེས་བྱ་བ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༨ ལུང་དག་ལྡན་ཞེས་བྱ་བ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༩ སངས་རྒྱས་འདའ་ཁའི་ཞལ་ཆེམས་ཀྱི་མདོ་ཞེས་བྱ་བ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༠ རབ་བྱེད་ཞེ་གཉིས་པའི་མདོ་ཞེས་བྱ་བ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༡ རབ་ཏུ་བྱུང་བའི་ཕན་ཡོན་ལ་བསྟོད་པ་ཚིགས་སུ་བཅད་པའི་མདོ་ཞེས་བྱ་བ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༢ བདེ་ཆེན་ཞིང་སྦྱོང་གི་བསྟན་བཅོས་ཚིགས་བཅད་མའི་རྣམ་པར་བཤད་པ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༣ རྒྱ་ནག་རི་བོ་རྩེ་ལྔའི་གནས་བཤད་མཐོང་ལྡན།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༤ སྙིང་གཏམ་སྙིང་གི་ཐིག་ལེའི་འགྲེལ་བ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༥ དྲན་ངོགས་ཀྱི་ནུབ་བསྐྱོད།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༦ དྲན་ངོགས་ཀྱི་རྨི་སྣང་།

འབྲེལ་ཡོད་ཀློག་དེབ།

མ་གཟའ་དམ་གསུམ།

གླེང་བསླང་བ་།

༼ ༦.༡༢~༦.༡༧ ༽

མཛད་རིམ།

ཕྱི་ཟླ་༦པའི་ཚེས་༡༢ཉིན། བླ་རུང་ནས་ཆས་ཏེ་དར་མདོར་སླེབས།

ཕྱི་ཟླ་༦པའི་ཚེས་༡༣ཉིན། ཁྲེང་ཏུའུ་ལ་འབྱོར།

ཕྱི་ཟླ་༦པའི་ཚེས་༡༤ཉིན། ཀོང་ཀྲོའུ་ལ་འཕུར།

ཕྱི་ཟླ་༦པའི་ཚེས་༡༥ཉིན། ཧྲེན་ཀྲེན་ནས་མཚོ་འགག་བརྒལ་ནས་ཧོང་ཀོང་ལ་ཕེབས།

ཕྱི་ཟླ་༦པའི་ཚེས་༡༦ཉིན། འཇར་པན་གྱི་གྲོང་ཁྱེར་ཐོ་ཁེ་ཡོ་བརྒྱུད།

ཕྱི་ཟླ་༦པའི་ཚེས་༡༧ཉིན། ཨ་རིའི་ཧཱ་ཝ་ཡེའི་ཕྱོགས་སུ་འཕུར།

ལོ་གསུམ་གྱི་གསང་རྒྱ།

མ་གཞི་བླ་མ་ཡིད་བཞིན་ནོར་བུ་༡༩༩༠ལོར་རྒྱ་གར་དུ་བྱོན་དུས་ནས། ནུབ་ཕྱོགས་སུ་ཆོས་གསུང་པར་འབྱོན་རྒྱུའི་འཆར་གཞི་ཡོད་པ་སྟེ། ཐེངས་ཤིག ཁོང་གིས་བདག་ཟུར་དུ་བོས་ནས། ད་ནས་ལོ་གསུམ་བཞི་ཙམ་གྱི་རྗེས་སུ་བདག་ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་འགའ་ལ་ཆོས་གསུང་བར་འགྲོ་རྩིས་ཡོད་པས། གལ་ཏེ་ཁྱོད་རང་ལ་མོས་མཐུན་ཡོད་ཅིང་ཁྱིམ་མི་སོགས་ཀྱི་བློ་ལ་བབས་ན་ཁྲིད་དེ་འགྲོ་ཆོག དེ་ལྟ་ན་ཡང་། བྱ་བ་འདི་ལ་འགལ་རྐྱེན་འབྱུང་སྲིད་པས་གནས་སྐབས་སུ་སུ་ལའང་བཤད་མི་རུང་། སྤྱིར་བདག་ཅག་ཕྱི་རྒྱལ་སོགས་སུ་ཆོས་སྟོན་དུ་འགྲོ་བར་བཤད་མི་རུང་བ་གང་ཡང་མེད་ཀྱང་། བྱ་བ་འདི་ལེགས་འགྲུབ་ཡོང་ཆེད་གསང་རྒྱ་བྱེད་པ་ཅིས་ཀྱང་གལ་ཆེ། ཁྱོད་ངག་སྒོ་དམ་པོ་ཅན་ཞིག་ཡིན་པས་མི་སྐྱོན་ཡང་། དེའི་ཕྱོགས་ལ་གཟབ་ནན་བྱ་དགོས་ཞེས་གསུངས།

བདག་གིས་ལགས་སོ་ཞུས་པ་ཡིན་ལ། ཕྱོགས་གཅིག་ནས་སྤྲོ་སྣང་ཆེན་པོ་སྐྱེས་ཤིང་ཕྱོགས་གཅིག་ནས་རང་ཉིད་ཀྱིས་འབྲེལ་ཡོད་ལས་ཀ་རྣམས་ལེགས་པར་འགྲུབ་བམ་སྙམ་པའི་གནོན་ཤུགས་ཀྱི་ཚོར་སྣང་ཡང་སྐྱེས། གང་ལྟར། བླ་མ་ཉིད་ལ་ཞབས་ཕྱི་ལེགས་པོ་བསྒྲུབས་ནས་ཐུགས་མཉེས་པོར་འོང་བ་ཞིག་ལ་བརྩོན་པ་སྔར་ལས་ལྷག་པ་བྱ་དགོས་སྙམ་དུ་རང་སེམས་ལ་དམ་བཅའ་ཡང་ཡང་བྱས།

དེ་ནས་ཕྱི་ཕྱོགས་ཀྱི་བྱ་བ་རྣམས་མཁན་རྣམ་གྲོལ་གྱིས་འབྲེལ་གཏུག་བྱེད་པ་དང་ནང་ཕྱོགས་ཀྱི་འབྲེལ་ཡོད་བྱ་བ་རྣམས་བདག་གིས་འགན་ཁུར་བྱས། བདག་གིས་མངོན་ཆུང་གི་ཚུལ་གྱིས་སྔོན་འགྲོའི་གྲ་སྒྲིག་སྣ་ཚོགས་ཏེ། ཆོས་རྗེ་མཆོག་གིས་གསུང་དགོས་པའི་ཆོས་ཀྱི་དཔེ་ཆ་འཚོལ་སྡུད་དང་། ཕྱི་རྒྱལ་དུ་འགྲོ་བའི་ལམ་ཡིག་ལེན་པ། ལག་དངུལ་གསོག་འཇོག རྒྱུ་སྤུས་ཅུང་ལེགས་པའི་པར་ཆས་ཉོ་བ། འབྲེལ་ཡོད་ཡིག་ཆ་ཀློག་པ་སོགས་བྱས། སྐབས་དེར་དེང་སང་ལྟར་བརྡ་འཕྲིན་དང་དྲྭ་རྒྱ་སོགས་སྟབས་བདེ་པོ་མེད་པས། ཐབས་ཚུལ་གཞན་དང་ཡིག་རིགས་གཞན་ལ་བརྟེན་ནས། ནུབ་ཕྱོགས་ཀྱི་མི་རྣམས་ཀྱི་གཤིས་ཀ་དང་གོམས་སྲོལ། བྱ་བ་སྒྲུབ་སྟངས། འཚོ་བ་རོལ་སྟངས་སོགས་ལའང་རྒྱུས་ལོན་ཅུང་ཟད་རེ་བྱས་པ་ཡིན།

དེའི་དུས་སུ། ཕྱི་ལོ་༡༩༩༠ལོ་ནས་བཟུང་ཆོས་རྗེ་བླ་མའི་སྤྱན་གྱིས་ཡི་གེ་དེ་ཙམ་མི་གཟིགས་པས། དབང་ཆོག་བསྡུས་པ་འགའ་རེ་ཐུགས་ཐོག་ཏུ་ཡོད་པ་མ་གཏོགས། གསུང་བྱའི་དབང་ཆོག་དང་གཞུང་གཞན་རྣམས་སྔོན་ནས་སྒྲ་འཇུག་བྱེད་དགོས་ཤིང་། མཁན་པོ་འཆི་མེད་རིག་འཛིན་ཀློག་ལ་མཁས་པས། བདག་གིས་ཁོང་ལ་ལྕེ་བཙུན་སྙིང་ཐིག་དང་མཁའ་ལྡིང་གཤོག་རླབས་སོགས་ཀྱི་སྒྲ་ལེན་དུ་བཅུག དེ་ཡང་ཆོས་རྗེ་ཉིད་ཀྱིས་དབང་ཁྲིད་གནང་སྐབས་སྒྲ་ཕབ་ལས་དུམ་བུ་རེར་གསན་རྗེས་འཕྲལ་སྡོད་འཐེབ་ཏུ་གནོན་ཙམ་བྱས་ནས་མུ་མཐུད་དུ་གསུང་བར་སྟབས་བདེ་བྱས་པ་ཡིན། ཐེངས་ཤིག་ཁོང་གིས། ཁྱེད་ཀྱིས་འདི་དག་སྒྲ་འཇུག་བྱས་ནས་ཅི་བྱ། བླ་མ་ཡིད་བཞིན་ནོར་བུ་ཡུལ་ཁམས་གང་ཞིག་ལ་འབྱོན་རྩིས་ཡོད་དམ་ཞེས་དྲིས་ཀྱང་། བདག་གིས་གླེང་ཕྱོགས་གཞན་དུ་བསྐོར་ནས་དྲི་བ་དེར་གཡོལ་ཐབས་བྱས་པ་ཡིན།

དེའི་རིང་ལ། ཨ་རི་སོགས་ཡོ་རོབ་ཀྱི་རྒྱལ་ཁབ་གཞན་གྱི་ཆོས་ཚོགས་དག་གིས་གདན་ཞུའི་ཡི་གེ་ཚང་མ་དབྱིན་ཡིག་གི་ལམ་ནས་བསྐུར་བྱུང་བས། སྐབས་དེར་སློབ་གླིང་དུའང་དབྱིན་ཡིག་ཤེས་མཁན་ཆེར་མེད་ལ། ཡོད་ཀྱང་ཐད་ཀར་སྟོན་པ་སོགས་སྟབས་མི་བདེ་བས། བདག་གིས་ཐབས་ལམ་དམིགས་བསལ་བ་སྤྱད་ནས། གདན་ཞུའི་ཡི་གེ་རྣམས་ཀྱི་ནང་དོན་ཡང་གསང་སྟབས་ཀྱིས་བླ་མར་སྙན་ཞུ་བྱས། དེ་ལྟར། ནུབ་ཕྱོགས་སུ་ཕེབས་པའི་ཉེར་མཁོའི་སྟ་གོན་གྱི་བྱ་བ་རྣམས། ལོ་གསུམ་གྱི་རིང་ལ་གསང་བའི་སྒོ་ནས་ལེགས་པར་བསྒྲུབས་པ་ཡིན།

ཐེངས་དང་པོའི་བདེ་ཆེན་ཞིང་སྒྲུབ་ཆེན་མོ།

ཆོས་རྗེ་བླ་མ་ཉིད་དགུང་ལོ་དྲུག་ཅུ་སྟེ་ཆུ་མོ་བྱ་ཡི་ལོ་༼ཕྱི་ལོ་༡༩༩༣ལོ་༽ལ། བླ་རུང་སྒར་སྤྱི་ལ་གཉུག་སེམས་ཟུར་དཔྱད་རྡོ་རྗེ་རིན་ཆེན་ཕྲེང་བ་གསུངས་ཤིང་། སྐབས་དེར། ངེད་བདུད་ལས་རྣམ་རྒྱལ་གླིང་གི་ཐོག་མའི་མདོ་སྔགས་རིག་པའི་གཙུག་ལག་ཁང་ལེགས་འགྲུབ་བྱུང་བའི་རབ་གནས་ཀྱི་མཛད་སྒོའི་སྟེང་དུ་བྱོན་ནས། རྗེ་ཉིད་ཀྱིས་རྫོགས་པ་ཆེན་པོའི་བཀའ་དབང་དང་སེམས་ཉིད་རང་གྲོལ་གྱི་སྨིན་ཁྲིད་གནང་། དེ་ནས། མདོ་མང་དགོན་པའི་སྤྲུལ་རིན་པོ་ཆེ་ཏིཥྛ་དང་མཁན་ཏེ་པ་གཉིས་གདན་ཞུ་བྱས་ཏེ། སློབ་གླིང་སྤྱིའི་དགེ་འདུན་པ་རྣམས་ལ་སྤྱི་མདོ་དགོངས་འདུས་ཀྱི་དབང་དང་ཁྲིད་གསུང་དུ་བཅུག་ཅིང་། ཆོས་རྗེ་བླ་མ་ཁོང་ཉིད་བྲག་མགོ་དང་དཀར་མཛེས། དཔལ་ཡུལ། ཉག་རོང་། རྟའུ་སོགས་སུ་བྱོན་ནས་སྙིང་ཐིག་ཡ་བཞི་དང་དུས་འཁོར་དབང་ཆེན་སོགས་དབང་ལུང་མན་ངག་གི་དམ་པའི་ཆོས་སྤེལ།

ང་རང་སྐབས་དེར་རང་ལོ་སོ་གཅིག་ལ་སོན་ཞིང་། སྒར་སྤྱིའི་དགེ་འདུན་པ་རྣམས་དང་མཉམ་དུ་ཟླ་ཕྱེད་ཀྱི་རིང་ལ་སྤྲུལ་རིན་པོ་ཆེ་ཏིཥྛའི་མདུན་ནས་འདུས་མདོའི་དབང་ཡོངས་རྫོགས་ཞུས་ཤིང་། མཁན་ཏེ་པའི་མདུན་ནས་དགོངས་འདུས་འགྲེལ་ཆེན་གྱི་ཁྲིད་ཀྱང་ཞུས། དུས་མཚུངས་སུ། བདག་གིས་རྒྱ་རིགས་དད་ལྡན་རྣམས་ལ་སྒྱུ་མ་ངལ་གསོའི་འགྲེལ་བ་ཤིང་རྟ་བཟང་པོ་དང་། བསམ་གཏན་ངལ་གསོའི་འགྲེལ་བ་ཤིང་རྟ་རྣམ་དག་སོགས་ཁྲིད་ཁུལ་བྱས། ཟླ་བ་གཅིག་ལྷག་གི་རྗེས་སུ། སྐྱབས་རྗེ་ཉིད་ཕྱིར་སྒར་ལ་བྱོན། དེ་ནས། དམ་པ་གོང་མ་དག་གིས་རྗེ་ཉིད་ལ་འབྲེལ་བ་ཐོགས་ཚད་བདེ་བ་ཅན་དུ་སྐྱེ་བ་སོགས་ལུང་བསྟན་པའི་དོན་བཞིན། སྐྱེ་བོ་གྲངས་མེད་པ་ཞིག་བདེ་ཆེན་དག་པའི་ཞིང་ལ་འདྲེན་པར་བྱེད་པའི་ཆོས་མཆོག་བདུད་རྩིའི་སྦྲང་ཆར་ཆེན་པོ་འབེབ་པའི་ཕྱིར། སྐབས་དང་པོའི་བདེ་ཆེན་ཞིང་སྒྲུབ་ཆེན་མོ་དེ་བོད་ཟླ་བཞི་པ་སྟེ། ས་ག་ཟླ་བའི་ཚེས་གཅིག་ནས་ཚེས་བཅོ་ལྔའི་བར་ལ་འཚོག་རྒྱུར་གཏན་ཁེལ་མཛད།

དེ་ལ་ཕྱོགས་བཞི་མཚམས་བརྒྱད་ནས་མི་གྲངས་ཁྲི་བཅུ་ཕྲག་མང་པོ་ཡོངས་སུ་འདུས་ནས། ཐམས་ཅད་ཀྱིས་གནུབས་ཟུར་ཡུལ་ཤོག་གི་ལོ་པཎ་བསུ་སྐྱེལ་ཐང་དུ་སྦྲ་གུར་ཕུབ་ནས་ཆོས་ཚོགས་ལ་ཞུགས། དེ་དུས། ཡུལ་ལུང་ཐམས་ཅད་སྦྲ་གུར་གྱིས་གང་ཞིང་། མི་ཚོགས་ཀྱི་འདུ་བ་ནི་མུ་མཐའ་མེད་པའི་རྒྱ་མཚོ་འཕྱུར་བ་དང་འདྲ་ལ། དད་ལྡན་རྣམས་ཀྱིས་དར་དཀར་ཕུལ་བའི་རྣམ་པ་ནི་རྒྱ་མཚོའི་རླབས་ཕྲེང་མཁའ་ལ་འཕྱོ་བ་དང་ཀུན་ནས་མཚུངས། ཆོས་ཀྱི་སྒྲ་དབྱངས་ཀྱི་ངར་སྐད་ཀྱང་འབྲུག་སྟོང་དུས་གཅིག་ཏུ་ལྡིར་བ་དང་མཚུངས་པས། མདོར་ན་ཞིང་སྒྲུབ་ཆེན་མོ་དེ་རྣམ་པ་རྒྱ་ཆེ་ཞིང་བསམ་ཡུལ་ལས་འདས་པ་ཞིག་བྱུང་། རང་ཡུལ་ཕྱོགས་ནས་ཀྱང་དད་ལྡན་ཆེས་མང་པོ་འབྱོར་ཞིང་། བདག་གི་དྲིན་ཆེན་ཕ་མ་གཉིས་ལའང་ཆོས་ཚོགས་དེར་ཞུགས་པའི་སྐལ་བ་བཟང་པོ་ལྡན་པར་གྱུར། ཆོས་རྗེ་བླ་མ་ཡིད་བཞིན་ནོར་བུ་ཉིད་ཀྱིས་ཐམས་ཅད་ལ་འོད་དཔག་མེད་ཀྱི་དབང་གནང་ཞིང་། ཉིན་རེ་བཞིན་འོད་མདོ་དང་དྲང་སྲོང་ལུང་ཉི་སོགས་ཀྱི་བཀའ་ཁྲིད་བསྩལ་བ་མ་ཟད། མི་རེས་འོད་མཚན་བྱེ་བ་རེ་བཏོན་ན། ཆོས་སྤོང་དང་མཚམས་མེད་བྱས་པ་མ་གཏོགས་པའི་སྐྱེ་བོ་ཐམས་ཅད་བདེ་བ་ཅན་དུ་སྐྱེ་བར་འགྱུར་ངེས་ཡིན་ཞེས་ནན་གྱིས་གསུངས་བྱུང་། རྗེ་བཙུན་མ་མུ་མཚོ་མཆོག་གིས་ཀྱང་སྤྱན་རས་གཟིགས་ཀྱི་དབང་དང་རྒྱལ་སྲས་ལག་ལེན་གྱི་ཁྲིད་སོགས་དབང་ཁྲིད་ཀྱི་བཀའ་དྲིན་བསྐྱངས། དེ་ནི་ཡུལ་ཁམས་འདིའི་ཞིང་སྒྲུབ་ཐམས་ཅད་ཀྱི་ཐོག་མ་ཡིན་ཞིང་། ཚད་མེད་པའི་སེམས་ཅན་རྣམས་བདེ་ཆེན་དག་པའི་ཞིང་ལ་འཁྲིད་པར་བྱེད་པའི་ཁྱད་དུ་འཕགས་པའི་རྟེན་འབྲེལ་གྱི་སྒོ་འཕར་དང་པོ་ཕྱེས་པའང་ཡིན་ནོ། །

ངོ་མཚར་བའི་ཁ་པར།

བདེ་ཆེན་ཞིང་སྒྲུབ་ཆེན་མོའི་ཉིན་དང་པོའི་ཕྱི་དྲོར། ཆོས་རྗེ་ཉིད་ཀྱིས་ཆོས་ཁྲིད་གསུངས་ཟིན་མ་ཐག གློ་བུར་དུ་མི་ཞིག་ཆོས་རྗེ་ཉིད་ཀྱི་ཆོས་ཁྲིའི་གམ་དུ་བཅར་ནས། མཁན་པོ་རྣམ་གྲོལ་གྱིས་ཁྱེད་ལ་ཁ་པར་འབྱོར་བྱུང་བས། ཁྱེད་རང་གནུབས་ཟུར་ཡུལ་ཤོག་གི་སྲིད་གཞུང་གི་གཞུང་ལས་ཁང་དུ་བྱོན་ནས་གསན་རོགས་ཞུ་ཞེས་ཞུས་མ་ཐག ཁོང་གིས་བཟང་སྤྱོད་སྨོན་ལམ་ཡང་འདོན་ལོང་མེད་པར་ཆོས་ཁྲིའི་སྟེང་ནས་ཡར་བཞེངས་ཏེ། བདག་ལ་འགྲོ་རོགས་བྱོས་ཞེས་གསུངས། སྐབས་དེར། གནུབས་ཟུར་ཡུལ་ཤོག་ཡོངས་ལ་གདན་འཇོག་ཁ་པར་གཅིག་མ་གཏོགས་མེད་ཅིང་། ཞིང་སྒྲུབ་འཚོག་ས་ནས་ཡུལ་ཚོའི་སྲིད་གཞུང་བར་སྤྱི་ལེ་ཕྱེད་ཙམ་གྱི་བར་ཐག་ཡོད། བདག་ཅག་རླངས་འཁོར་ལ་བསྡད་ནས་དེར་ཐོན་ཚེ། ཆོས་རྗེ་ཉིད་ཀྱིས་ཁ་པར་བླངས་ཏེ་གསུང་སྐད་མཐོན་པོས་ང་འཇིགས་ཕུན་ཡིན་ཞེས་ལན་འགར་གསུངས་ཀྱང་། ཁ་པར་གྱི་རྒྱུ་སྤུས་ངན་ཞིང་འཛེར་སྐད་ཆེ་བས་ལེགས་པོ་ཞིག་ཚོར་མ་ཐུབ། སྐབས་རེར་བདག་གིས་ཉན་ལ་སྐབས་རེར་བླ་མས་གསན་ནས་དུས་ཚོད་རིང་ཙམ་འགོར་རྗེས་གཟོད་གོ་བརྡ་འཕྲོད་ཐུབ་པ་བྱུང་།

མཁན་པོ་རྣམ་གྲོལ་ཁོང་རྒྱ་གར་ནས་ཕྱིར་ཁྲེང་ཏུའུ་(成都)ལ་སླེབས་ཏེ། ཆོས་རྗེ་ཉིད་ཕྱི་ཕྱོགས་སུ་འབྱོན་སྐབས་ཀྱི་ཆོས་གསུང་སའི་ས་ཚིགས་དང་དུས་ཚོད་སོགས་ཕལ་ཆེར་གཏན་ཁེལ་བྱས་ཟིན་པས། ཕྱི་རྒྱལ་དུ་འགྲོ་མཁན་རྣམས་ཀྱི་ཐོབ་དཔང་དང་ལམ་ཡིག་རྣམས་ཁྱེར་ནས་ཐོངས་མཆན་དགོད་དུ་ཡོང་དགོས་ཟེར། རྗེ་ཉིད་ནི་ཆོས་ཚོགས་ཆེན་པོའི་མཚམས་གཅད་རྒྱུ་མེད་པས་འབྱོན་ཐབས་མི་འདུག དེ་བས་བདག་གིས་ལམ་ཡིག་སོགས་འབྲེལ་ཡོད་རྒྱུ་ཆ་དག་བཟུང་ནས་ཁྲེང་ཏུའུ་རུ་སོང་བ་ཡིན། དེར་ཐོན་རྗེས། མཁན་པོ་རྣམ་གྲོལ་དང་ཐུག་ཕྲད་བྱས་ཏེ་ཨ་རིའི་གཞུང་ཚབ་ཁང་དུ་སོང་། གཞུང་ཚབ་ཁང་ལ་རྒྱ་ཁྱོན་ཆུང་བའི་ཁང་ཤག་གཉིས་དང་ར་སྐོར་ཆུང་ཆུང་ཞིག་ལས་ཅིའང་མི་འདུག ཉིན་དེར། མི་མང་པོ་ཞིག་ལ་ཐོངས་མཆན་བཀག་འདུག་པས། བུད་མེད་སློབ་ཆེན་པ་ཞིག་ངུས་ནས་གཏམ་ཡང་སྨྲ་མི་ཐུབ་པར་གྱུར་འདུག་ལ། གང་ཟག་གཞན་ཞིག་གི་ལམ་ཡིག་སྟེང་དུ་ཕྱིས་སུ་རྒྱལ་ཁབ་དེར་འགྲོ་མི་ཆོག་པའི་ཐེལ་ཙེ་བརྒྱབས་པ་སོགས་མཐོང་། བདག་ནི་སྐབས་དེར་ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཏུ་འགྲོ་འདོད་ཆེ་ལ། ཆོས་རྗེ་ཉིད་དང་མཉམ་དུ་ཡུལ་དེ་དག་ལ་འགྲོ་རྒྱུ་བྱུང་ན་སྙམ་པའི་འདུན་པ་ལྷག་ཏུ་ཆེ་ནའང་། དེ་རིང་ཕལ་ཆེར་ཐོངས་མཆན་ལོན་ཐུབ་རྒྱུ་མ་རེད་སྙམ།

དེ་ནས་བདག་གིས་ཆོས་རྗེ་ཉིད་དང་ཨ་ནེ་མེ་སྒྲོན། བླ་མ་མུ་མཚོ། བདག་རང་ཉིད་བཅས་ཀྱི་ལམ་ཡིག་རྣམས་ཕར་སྤྲད་ཚེ། ཐོངས་མཆན་འགོད་མཁན་གྱི་རྒད་པོ་མགོ་སེར་དེས། ཁྱེད་ཅག་ཚང་མ་ཨ་རི་ལ་འགྲོ་བ་ཡིན་ནམ། གཞན་རྣམས་མི་དངོས་སུ་མ་ཐོན་ན་ཐོངས་མཆན་འགོད་ཐབས་མེད་ཟེར། བདག་གིས། ཁོང་བླ་མ་ཆེན་པོ་ཞིག་ཡིན་ཞིང་། ད་ལྟ་མི་ཁྲི་ཕྲག་མང་པོར་ཆོས་ཚོགས་འཚོག་བཞིན་ཡོད། གཞན་གཉིས་ནི་ཁོང་གི་ཁྱིམ་མི་ཡིན། ཁྱེད་ཅག་གཞུང་ཚབ་ཁང་གིས་གཟའ་འཁོར་རེར་ཉིན་གཉིས་ཙམ་ལས་སྒོ་མི་ཕྱེ་བར་འདུག ངེད་ཅག་གིས་ཨ་རི་སོགས་ཀྱི་ལས་རིམ་དུས་ཚོད་གཏན་ཁེལ་བྱས་ཟིན་སྟབས་ད་ལྟ་སྒུག་ལོང་མེད་པས། ཁྱེད་ཀྱིས་ཐོངས་མཆན་དགོད་རོགས་བྱས་ན་འགྲིག་གམ་ཞེས་བཤད་ཚེ། མི་དེས་ང་ཚོས་རབ་བྱུང་གི་གོས་གྱོན་ཡོད་པ་ལ་དགའ་བའི་ཉམས་འགྱུར་བླ་ལྷག་དང་བཅས་ཏེ།“very good”ཞེས་ཟེར་བཞིན་ཐོངས་མཆན་བཀོད་བྱུང་།

ཐོངས་མཆན་བཀོད་ཐུབ་སོང་བ་དེས་བདག་ལ་དགའ་ཚོར་ཆེན་པོ་སྐྱེས་ཤིང་། ཕྱིར་མཁན་པོ་རྣམ་གྲོལ་གྱི་མགྲོན་ཁང་དུ་སོང་བ་ན། ཁོང་བཞུགས་སའི་མགྲོན་ཤག་ནང་དུ་གདན་འཇོག་ཁ་པར་ཞིག་འདུག དེ་ནི་བདག་གིས་གདན་འཇོག་ཁ་པར་ཡོད་པའི་ཚད་མཐོའི་མགྲོན་ཤག་མཐོང་ཐེངས་དང་པོ་ཡིན་ལ། དེ་བཞིན་ངེད་གཉིས་ཕན་ཚུན་གླེང་མོལ་བྱེད་དུས། ཁོང་གིས། ཉིན་དེར་ཁྱེད་ཅག་གིས་ངའི་མགྲོན་ཤག་གི་ཁ་པར་ཨང་གྲངས་ཇི་ལྟར་ཤེས་ཏེ་འབྲེལ་གཏུག་བྱས་པ་ཡིན་ཞེས་ཟེར། བདག་གིས། ཁྱེད་ཀྱིས་གནུབས་ཟུར་ཡུལ་ཤོག་གི་གཞུང་ལས་ཁང་དུ་ཁ་པར་བཏང་པ་མ་ཡིན་ནམ་ཞེས་དྲིས་ཚེ། ཁོང་ཤིན་ཏུ་ཡ་མཚན་པའི་སྒོ་ནས། ངས་གནུབས་ཟུར་ཡུལ་ཤོག་ལ་ཁ་པར་ཡོད་པ་ཙམ་ཡང་མི་ཤེས་པས་ག་ལ་ཡིན་ཟེར། ད་དུང་མུ་མཐུད་དུ། ང་རང་ཁྲེང་ཏུའུ་རུ་སླེབས་པའི་ཕྱི་ཉིན་ནངས་མོར་ཆོས་རྗེ་ཉིད་ལ་འབྲེལ་གཏུག་བྱ་འདོད་ཀྱང་། སྤྱིར་གསེར་རྟའི་འཕྲིན་སྐྱེལ་སྟབས་བདེ་མིན་པས་ཁ་པར་ཡོད་ས་མང་པོ་མེད་ལ། ཡོད་པ་དེ་དག་ལའང་འབྲེལ་བ་བྱེད་ཐུབ་མ་སོང་། བྲེལ་བ་ཆེ་ཡང་དེ་རིང་གི་དུས་ཚོད་འཕྲོ་བརླག་ཏུ་གཏོང་བ་ལས་ཐབས་མི་འདུག་སྙམ་པ་བྱུང་། ཕྱི་དྲོར་ཅུང་ཙམ་གཉིད་དུ་ཡུར་བའི་སྐབས་སུ། གློ་བུར་དུ་མགྲོན་ཤག་གི་ཁ་པར་གྱི་སྒྲ་གྲགས་བྱུང་། ངས་གཉིད་མ་སད་ཀྱིས་ཁ་པར་ཡར་བླངས་ནས་ཉན་ཚེ། ཆོས་རྗེ་ཉིད་ཀྱིས་ང་འཇིགས་ཕུན་ཡིན་ཞེས་སོགས་གསུངས་བྱུང་ཞེས་ཟེར།

སྐབས་དེར་རྒྱང་རིང་དུ་ཁ་པར་གཏོང་དགོས་ན་གླ་ཆ་ཅུང་ཆེ་ཡང་། ང་ཚོས་ནི་ཕན་ཚུན་དུ་ཁ་པར་བཏང་བ་མིན་ལ་གླ་ཆའང་སྤྲད་མེད་རུང་། ཕྱོགས་གཉིས་ནས་ངོ་མཚར་བའི་ངང་དུ་འབྲེལ་མཐུད་ཐུབ་པ་བྱུང་བས། ད་ལྟ་ད་དུང་ཡང་ངེད་གཉིས་ཀྱིས་ནམ་རྒྱུན་དོན་དེ་གླེང་སྐབས། ཆེས་ངོ་མཚར་བ་ཞིག་ཏུ་བརྩི་བཞིན་ཡོད་པ་མ་ཟད། དེ་ནི་ཆོས་སྐྱོང་སྲུང་མའི་ནུས་མཐུ་གཞན་ཞིག་ཡིན་ཡང་སྲིད་སྙམ།

བོད་ཡུལ་དང་གྱེས་པ།

ཐོངས་མཆན་ཐོབ་རྗེས་ང་རང་མྱུར་དུ་ཆོས་སྒར་ལ་ཕྱིར་ལོག སྐབས་དེར་ད་དུང་བདེ་ཆེན་ཞིང་སྒྲུབ་ཆེན་མོའང་གྲོལ་མི་འདུག བདག་གིས་འབྲེལ་ཡོད་གནས་ཚུལ་རྣམས་ཆོས་རྗེ་ཉིད་ཀྱི་སྙན་ལ་ཞིབ་མོར་ཞུས་པས། ཁོང་ཐུགས་ཤིན་ཏུ་མཉེས་པར་གྱུར། ཞིང་སྒྲུབ་ཆོས་ཚོགས་མཇུག་དྲིལ་ལ་ཉེ་བའི་སྐབས་སུ། ཁོང་གིས་ཕྱི་ཕྱོགས་ལ་ཕེབས་རྒྱུའི་འཆར་གཞི་དེ་ཀུན་ལ་བསྒྲགས་པ་སྟེ། བདག་ནུབ་ཕྱོགས་ཀྱི་རྒྱལ་ཁབ་འགའ་རེར་འགྲོ་རྩིས་ཡོད་ཅིང་། དེ་ནི་རང་བཞིན་གྱི་ཡུལ་སྐོར་དང་སྤྲོ་འཁྱམ་སོགས་ཀྱི་ཆེད་མ་ཡིན་པར། སངས་རྒྱས་ཀྱི་བསྟན་པ་སྤེལ་བའི་དགོས་པ་དང་རྟེན་འབྲེལ་ཁྱད་པར་བ་ཡོད། ད་ལན་བདག་ཅག་ཕྱི་རུ་འགྲོ་བ་ནི་གནས་གཞན་དུ་འགྲོ་བ་དང་མི་འདྲ་བས། ཁྱེད་དགེ་འདུན་པ་རྣམས་ཀྱིས་ཆོས་སྐྱོང་ལ་འཕྲིན་བཅོལ་དང་ཐུགས་གཏད་གཟབ་རྒྱས་གནང་རོགས། བདག་གིས་ཞབས་འབྲིང་ལ་ཕྱི་ཕྱོགས་ནས་མཁན་པོ་རྣམ་གྲོལ་དང་དངོས་གྲུབ་རྡོ་རྗེ་གཉིས་དང་། ནང་ལོགས་ནས་བསོད་དར་རྒྱས་འཁྲིད་རྒྱུ་ཡིན། རྒྱལ་ཁབ་དེ་དག་ཁ་ཐག་ཤིན་ཏུ་རིང་བའི་སར་ཡོད་པས། ངེད་ཅག་ཕྱིར་ལོག་ཐུབ་མིན་ཡང་མི་ཤེས། གལ་ཏེ་བསོད་དར་རྒྱས་ཕྱིར་ལོག་མ་ཐུབ་ནའང་། མདོ་དགོན་གྱི་སྤྲུལ་ཏིཥྛ་དང་མཁན་ཏེ་པ་གཉིས་ཀྱིས་བདག་ལ་གྱོད་རྒྱག་མི་ཡོང་སྙམ་པའི་ཡིད་ཆེས་ཡོད། ཁྱེད་གཞིས་སྡོད་ཀྱི་དགེ་འདུན་པ་རྣམས་ཀྱིས། མཁན་པོ་དང་མཁན་མོ་དག་གི་མདུན་དུ་ཆོས་ཁྲིད་ལེགས་པར་ཞུས་ནས། ཐོས་བསམ་སྒོམ་གསུམ་ལ་མུ་མཐུད་དུ་བརྩོན་པ་གནང་རྒྱུ་མ་འཆུགས་ཞེས་གསུངས།

ཕྱི་ཕྱོགས་སུ་འགྲོ་ཁར། བདག་གིས་རྒྱའི་མཁན་པོ་དང་མཁན་མོ་གཉིས་བསྐོ་བཞག་བྱས་ནས། བདུད་ལས་རྣམ་རྒྱལ་གླིང་གི་རྒྱའི་དགེ་འདུན་པ་རྣམས་ལ་སྤྱོད་འཇུག་གསུང་དུ་བཅུག ཕ་མ་གཉིས་ཀྱང་གནས་སྐབས་སུ་བླ་རུང་ནས་འགྲོ་འདོད་མེད་པས། སྦྲ་ནག་གཅིག་གཡར་ནས་ཆོས་སྒར་དུ་འདུག་བཅུག་པ་ཡིན།

སྤྱིར་སྔོན་ཆད་ནས་རྒྱ་གར་སོགས་ལ་སོང་བས་རྗེ་ཉིད་ལ་ཞབས་ཕྱི་བྱེད་པའི་ཉམས་མྱོང་ཅུང་ཟད་ཡོད་ཀྱང་། ད་ལན་སྔར་དང་མི་འདྲ་བར་ཆོས་རྗེ་ཉིད་ཀྱི་བྱོན་བཞུགས་ཀྱི་གསོལ་ཆས་དང་ན་བཟའ། བདེ་སྲུང་སོགས་འགན་ལེན་དགོས་པས་མི་ཚད། ཆོས་ཁྲིད་གསུང་རྒྱུའི་འབྲེལ་ཡོད་བྱ་བ་རྣམས་ཀྱང་བཀོད་སྒྲིག་བྱ་དགོས་པས་གནོན་ཤུགས་ཧ་ཅང་ཆེན་པོ་འདུག དེ་བས། བདག་གིས་རྒྱུན་སྤྱོད་ཀྱི་གསོལ་སྨན་དང་པར་ཆས། སྒྲ་ཕབ། འབྲི་དེབ་སོགས་ཅ་ལག་ལྗིད་ཏིག་གེ་བ་བཅུག་པའི་རྒྱབ་ཁུག་སེར་པོ་དེ་རྒྱུན་དུ་ཁུར་ནས་འགྲོ་དགོས།

ཕྱི་ཟླ་༦པའི་ཚེས་༡༢ཉིན་ཏེ་ཞིང་སྒྲུབ་མཇུག་རྫོགས་པའི་ཕྱི་ཉིན། ངེད་ཅག་དཔོན་སློབ་རྣམས་ཆོས་སྒར་དང་ཞལ་གྱེས་ཏེ་ལམ་ལ་ཆས་ཤིང་ཕྱི་དྲོར་དར་རྩེ་མདོར་སླེབས། དེར་ཆོས་རྗེ་ཁོང་ཉིད་ཀྱི་གྲོགས་པོ་རྙིང་པ་སྤྱི་བདེ་ལས་ཁུངས་ཀྱི་མགོ་ཁྲིད་ཅིག་ཡོད་པ་ལ་ཐུག་ཕྲད་གནང་། མགོ་ཁྲིད་དེས། ད་ལྟ་ཕྱི་ནང་གི་གནས་བབས་ཛ་དྲག་ཆེ་ཞིང་རྙོག་དྲ་མང་བས། མྱུར་དུ་ཕྱི་ཕྱོགས་སུ་མ་སོང་ན་གནས་ཚུལ་ལ་འགྱུར་ལྡོག་འགྲོ་སྲིད། ཞིང་ཆེན་གྱི་འབྲེལ་ཡོད་ལས་ཁུངས་ལ་མ་གཏུགས་ཀྱང་ཆོག ཐད་ཀར་ཞིང་ཆེན་གཞན་བརྒྱུད་ནས་འགྲོ་བའམ་ཧོང་ཀོང་(香港)སོགས་ནས་ཕྱི་རྒྱལ་དུ་སོང་ན་བཟང་ས་རེད་ཅེས་དྲན་སྐུལ་བྱས་བྱུང་།

ཕྱི་ཟླ་༦པའི་ཚེས་༡༣ཉིན། ངེད་ཅག་དར་མདོ་ནས་ཁྲེང་ཏུའུ་རུ་སླེབས། ཚེས་༡༤ཉིན་གྱི་ཞོགས་པའི་ཆུ་ཚོད་ལྔ་པའི་སྟེང་ནས་གནམ་གྲུར་ཞུགས་ཏེ་ཀོང་ཀྲོའུ་(广州)ལ་སླེབས། དེར་གོས་དམར་པོ་གྱོན་པའི་བུད་མེད་དགེ་བསྙེན་ཞིག་གིས། མགྲོན་ཁང་སོགས་མོ་རང་གིས་གྲ་སྒྲིག་བྱས་ཡོད་ཅེས་སྣེ་ལེན་བྱས་ཀྱང་། ངེད་ཅག་སུས་ཀྱང་ངོ་མི་ཤེས་པས་ཡིད་མ་ཆེས་པར་གྱུར་སྐབས། ཆོས་རྗེ་ཉིད་ཀྱིས། བལྟས་ཚོད་ལ་མོ་རང་ཆོས་པ་རྣམ་དག་ཅིག་ཡིན་པ་འདྲ། དེ་ལྟར་བྱས་ན་མི་འགྲིག་རྒྱུ་མི་འདུག་ཅེས་གསུངས་པས། ངེད་ཅག་ཀོང་ཀྲོའུ་ནས་ཞག་གཅིག་ལ་བསྡད་པ་ཡིན།

བརྒལ་དཀའ་བའི་འགག་སྒོ།

ཕྱི་ཟླ་༦པའི་ཚེས་༡༥ཉིན། ཧྲེན་ཀྲེན་(深圳)གྲོང་ཁྱེར་ནས་རྒྱལ་མཚམས་འགག་སྒོ་བརྒལ་ཏེ་ཧོང་ཀོང་ལ་འགྲོ་བའི་ལམ་དུ་ལམ་ཡིག་ལ་ལྟ་བཤེར་བྱས་པས། སྟབས་མ་ལེགས་པར་རྒྱལ་མཚམས་འགག་སྒོའི་ལྟ་བཤེར་པས་ཁྱེད་ཅག་གི་ལམ་ཡིག་ལ་གནད་དོན་འདུག་སྟེ། ཕྱི་ལོ་༡༩༩༠ལོར་རྒྱ་གར་ལ་འགྲོ་དུས་ལམ་ཡིག་སྟེང་དུ་ཐེལ་ཙེ་ཕོག་འདུག་ཀྱང་། ཕྱིར་ནང་དུ་ལོག་ཚེ་ཐེལ་ཙེ་བརྒྱབས་མི་འདུག་པས། དེ་ནི་ཁྲིམས་འགལ་རེད་ཅེས་ཟེར། མ་གཞིར། ལོ་དེར་བདག་ཅག་བལ་ཡུལ་ནས་ཕྱིར་བོད་དུ་ཡོང་སྐབས། གསེར་སྐུ་སོགས་སྐྱེལ་འདྲེན་སྟབས་བདེ་བའི་ཆེད་དུ། བལ་ཡུལ་ནས་གནས་སྐབས་ཀྱི་ལམ་ཡིག་བཟུང་ནས་ཡོང་བ་ཡིན་ལ། སྐབས་དེར་དེ་ལྟར་འགྲོ་བ་ནི་ཆེས་རྒྱུན་ལྡན་ཞིག་ཡིན་ཚུལ་གྱི་འགྲེལ་བཤད་སྣ་ཚོགས་ཁོ་ཚོར་དུས་ཡུན་རིང་པོར་བྱས་ཀྱང་། ཁོ་ཚོས་ཨུ་ཚུགས་མཐའ་སྐྱེལ་གྱིས་ངེས་པར་དུ་གོང་རིམ་ལ་ཡར་ཞུ་བྱ་དགོས་ཞེས་ངེད་ཅག་ཁང་པ་གཞན་ཞིག་གི་ནང་དུ་བཙུད་བྱུང་།

སྐབས་དེར་འུ་ཅག་གིས་ཆོས་རྗེ་ཉིད་ལ། འགལ་རྐྱེན་འདི་སེལ་བའི་ཆེད་དུ་ཁྱེད་ཀྱིས་ཐུགས་བསྐྱེད་དང་འཕྲིན་བཅོལ་ཅི་ཡོད་དགོས་ས་རེད་མ་གཏོགས་ཅུང་དཀའ་བར་འདུག་ཅེས་ཞུས་ཚེ། ཁོང་གིས་འོ་ཡ་ཞེས་གསུངས་ནས། མཉམ་བཞག་ལྟ་བུའི་ངང་དུ་ཨོ་རྒྱན་ཆེན་པོ་ལ་གསོལ་འདེབས་དང་། གེ་སར་རྒྱལ་པོ་དང་གནོད་སྦྱིན་ཙིའུ་དམར་ལ་འཕྲིན་བཅོལ་མཛད་པ་སོགས་དར་ཅིག་ལ་བཟླས་བརྗོད་ཤུབ་བུར་མཛད། སྐར་མ་ཁ་ཤས་འགོར་རྗེས། ལྟ་བཤེར་མཁན་ནང་དུ་ཡོང་ནས། ཁྱེད་ཅག་ལ་གནས་ཚུལ་རྙོག་དྲ་ཅན་འདུག་ཀྱང་། ད་ལན་འགྲོ་ཆོག་པར་བྱ་ཞེས་མངགས་བྱུང་བས། བདག་གི་སེམས་ལ། ཛ་དྲག་གི་བར་ཆད་དེ་གློ་བུར་དུ་ངོ་མཚར་བའི་སྒོ་ནས་སེལ་ཐུབ་པ་བྱུང་བ་ནི། ལྷ་བླ་མ་དང་ཆོས་སྐྱོང་སྲུང་མའི་བྱིན་རླབས་དང་ནུས་མཐུ་བློ་ཡུལ་ལས་འདས་པ་ཞིག་རེད་སྙམ་པའི་ངེས་ཤེས་དང་ཚོར་སྣང་ཟབ་མོ་སྐྱེས།

ངེད་ཅག་ཧྲེན་ཀྲེན་ནས་རླངས་འཁོར་ལ་བསྡད་དེ་ཧོང་ཀོང་ལ་ཐོན་རྗེས། གནས་དེའི་དཔལ་ཡུལ་ཆོས་ཚོགས་སུ་ཞག་གཅིག་ལ་བཞུགས། ཕྱི་ཉིན་སྔ་མོར། ཆོས་རྗེ་ཉིད་ཀྱིས་ཉིན་སྔ་མའི་འགག་སྒོ་བརྒལ་སྐབས་ཀྱི་གསོལ་འདེབས་དེ་ཡི་གེར་བཀོད་པ་འདི་ལྟ་སྟེ།

༄༅། །ཧྲེན་ཀྲེན་དང་ཧོང་ཀོང་གི་ས་མཚམས་སུ་ལམ་ཡིག་ལ་ཞིབ་དཔྱད་བགྱིད་སྐབས། སེམས་ལ་ཡ་ང་བར་གྱུར་ཚེ་ཨོ་རྒྱན་པདྨ་ཐོད་ཕྲེང་རྩལ་དང་སེང་ཆེན་ནོར་བུ་དགྲ་འདུལ། གནོད་སྦྱིན་ཙིའུ་དམར་པོ་བཅས་ཀྱི་ཞལ་ཉམས་སྣང་དུ་མཇལ་སྐབས་བདག་གིས་གསོལ་བ་འདི་ལྟར་བཏབ་བོ། །

མུ་མེད་ཞིང་གི་སྲས་བཅས་རྒྱལ་ཀུན་གྱི། །

གསང་གསུམ་ཡོན་ཏན་གཅིག་ཏུ་འདུས་པའི་སྐུ། །

པདྨ་ཐོད་ཕྲེང་རྩལ་ལ་གསོལ་བ་འདེབས། །

བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །

མཁྱེན་བརྩེ་ནུས་པའི་ཡོན་ཏན་མཐའ་རུ་ཕྱིན། །

གངས་ལྗོངས་འགྲོ་བ་ཡོངས་ལ་བུ་བཞིན་བརྩེ། །

དོན་གྲུབ་ཝེར་མ་དཀར་པོ་ད་དགོངས་ཤིག །

མཐུན་རྐྱེན་ཡིད་བཞིན་འགྲུབ་པར་བྱིན་གྱིས་རློབས། །

བོས་ན་ཐུགས་རྗེ་ནམ་མཁའི་གློག་ལས་མྱུར། །

རྦད་ན་ནུས་སྟོབས་གནམ་ལྕགས་ཐོག་ལས་ངར། །

གནོད་སྦྱིན་དགྲ་བླའི་རྒྱལ་པོ་ཙིའུ་དམར། །

འགལ་རྐྱེན་བར་ཆད་འཕྲལ་དུ་ཞི་བར་མཛོད། །

ཅེས་པས་གསོལ་བ་བཏབ་པའི་ཚེ། །

འཇིགས་སྐྲག་འཁྲུལ་སྣང་དབྱིངས་སུ་ཞི། །

བདག་དང་ལྷ་ཡི་འཛིན་པ་ཀུན། །

མི་དམིགས་ཆོས་སྐུའི་དབྱིངས་སུ་ཡལ། །

ཞེས་པ་འདི་ནི་ཉིན་དེའི་ཕྱིར་ནངས་ཧོང་ཀོང་གྲོང་ཁྱེར་གྱི་གྲུབ་དབང་པདྨ་ནོར་བུའི་གཟིམ་ཆུང་དུ་ཡི་གེར་སྤེལ་བ་དགེ ཞེས་པའོ། །

ཧོང་ཀོང་དུ་སྡོད་པའི་སྐབས་སུ། མཁན་པོ་རྣམ་གྲོལ་གྱིས་བདག་ལ་ནང་ལྭ་སེར་པོ་ཞིག་དང་སྟོད་འགག་ཅིག་གནང་ནས། ཁོང་གིས་རྒྱ་གར་ནས་ཁྱེར་ཡོང་བའི་རས་རྒྱུ་ཡག་ཤོས་ཤིག་ཡིན་ཞེས་གསུངས། གོས་འདི་གཉིས་ནི་བདག་ཕྱི་རྒྱལ་དུ་འགྲོ་བའི་རིང་ལ་ཆོས་རྗེ་ཉིད་ཀྱིས་དབང་ཁྲིད་ཟབ་ཆོས་སྟོན་པའི་སྐབས་ཀུན་ཏུ་གྱོན་པ་ཡིན་པས། བརྩེ་འདང་དམིགས་བསལ་བ་ཞིག་ཆགས་སོང་། ད་བར་ལོ་༣༠སོང་ཡང་སྔར་བཞིན་རྒྱུ་སྤུས་བཟང་ཞིང་ཚོན་མདོག་ལའང་འགྱུར་བ་ཆེར་སོང་མི་འདུག་ལ། བདག་ཕྱི་ལོགས་རྣམས་སུ་འགྲོ་སྐབས་རྒྱུན་དུ་གྱོན་བཞིན་ཡོད། དེ་ནི་འཛིན་པ་ཞིག་ཡིན་སྲིད་ལ་དད་པ་ཞིག་ཀྱང་ཡིན་སྲིད་དོ། །

ཞི་བདེ་རྒྱ་མཚོའི་སྟེང་གི་འཕུར་སྐྱོད།

ཆོས་རྗེ་ཉིད་ཕྱི་རྒྱལ་ལ་བྱོན་པའི་ལོ་རབས་དེར། རྒྱལ་ཁབ་སོ་སོའི་བར་དུ་སྒོ་ཕྱེས་པ་དེང་སང་ལྟར་དེ་ཙམ་གུ་ཡངས་པོ་ཞིག་མིན་པས། ངེད་ཅག་རྣམས་ནི་བོད་ཡུལ་ནས་ཐད་ཀར་ཨ་རི་ལ་འགྲོ་མཁན་གྱི་བོད་རིགས་ཐོག་མ་ལྟ་བུ་ཡིན་ཡང་སྲིད།

སྐབས་དེར། ཨ་རིའི་དབྱར་དུས་སུ་ཁེལ་ཡོད་པས། ང་ཚོས་ཆོས་རྗེ་ཉིད་ལ་མནབས་ཆས་སྲབ་བུ་ཆ་གཉིས་དང་ནང་གོས་འགའ་རེ་གྲ་སྒྲིག་བྱས། ད་དུང་ཅ་ལག་འཇུག་སའི་སྒམ་སྤུས་ལེགས་འགའ་ཞིག་ཀྱང་ཉོས་པ་ཡིན། ཐེངས་སྔོན་མ་རྒྱ་གར་ལ་འགྲོ་བ་དང་བསྡུར་ན། ད་ལན་ཟས་རིགས་སྐོར་གྱི་ཅ་ལག་ཅུང་ཟད་ཉུང་དུ་བཏང་ནས་སྟབས་བདེར་བྱས་ཡོད།

ཕྱི་ཟླ་༦པའི་ཚེས་༡༦ཉིན། ངེད་ཅག་ཧོང་ཀོང་ནས་གནམ་གྲུར་བསྡད་དེ་ཆུ་ཚོད་བཞི་ལ་འཕུར་རྗེས་འཇར་པན་(Japan)ནམ་ཉི་ཧོང་གི་རྒྱལ་ས་ཐོ་ཁེ་ཡོའམ་(Tokyo)ཏུང་ཅིང་གི་རྒྱལ་སྤྱིའི་གནམ་ཐང་དུ་བབས། ཉི་ཧོང་གི་གནམ་ཐང་ནི་ཆུ་ཤེལ་ལས་གྲུབ་པའི་འཇིག་རྟེན་དང་འདྲ་བར། གཙང་ཞིང་དྭངས་ལ་རྒྱ་ཆེ་ཞིང་འོད་དུ་འཚེར་བ། ཕྱོགས་ཐམས་ཅད་རྡུལ་གྱི་དྲི་མས་མ་གོས་པ་ཞིག་རེད། རྐང་ཐང་ལ་འགྲོ་སྐབས་རང་ཉིད་ཀྱི་ལྡོག་བརྙན་ཡང་པང་གཅལ་ངོས་སུ་གསལ་བར་འཆར་བ་སོགས་བཀོད་པ་ཤིན་ཏུ་ལེགས་པས། ངས་མི་ཚེ་འདིར་འཕེལ་རྒྱས་སུ་སོང་ཟིན་པའི་རྒྱལ་ཁབ་ཀྱི་རྣམ་པ་དེ་ཐེངས་དང་པོར་མཐོང་བས། འཇིག་རྟེན་གཞན་ཞིག་ཏུ་སླེབས་པ་ལྟ་བུའི་སྣང་བ་སྐྱེས།

ཆོས་རྗེ་ཉིད་ཉི་ཧོང་ནས་དུས་ཡུན་རིང་པོར་མ་བཞུགས་ཀྱང་། དེའི་ཡུན་ལ་ཤར་བརྒྱུད་པའི་སྔགས་པ་དང་བོད་བརྒྱུད་ཀྱི་སྐལ་བ་ལྡན་པ་འགའ་ལ། སྙིང་རྗེ་དང་ཤེས་རབ་ལས་བརྩམས་པའི་ཞལ་གདམས་གནང་ཞིང་། ནང་ཆོས་དང་ཚན་རིག་སྐོར་ནས་བགྲོ་གླེང་ཡང་མཛད། ཆོས་རྗེ་ཉིད་ཀྱིས། ཚན་རིག་དང་ནང་ཆོས་གཉིས་ནི་འགྲོ་བ་མིའི་རིགས་ལ་མེད་དུ་མི་རུང་བ་ཡིན་ཏེ། ཚན་རིག་གིས་མི་རྣམས་ཀྱི་ཕྱི་དངོས་པོའི་དགོས་འདོད་བསྐངས་ཤིང་། ནང་ཆོས་ཀྱིས་ནང་སེམས་ཀྱི་བདེ་བ་སྟེར་བར་བྱེད་པས། ནང་ཆོས་མེད་པར་དངོས་པོའི་ལོངས་སྤྱོད་ཁོ་ནར་བསྙེགས་ན། འབྲས་བུ་དང་རེ་འདུན་གཉིས་གོ་ལྡོག་ཏུ་འགྱུར་ངེས་ཡིན། དེས་ན། ཡ་གླིང་སོགས་ཀྱི་རྒྱལ་ཁབ་མང་པོའི་མཐོ་བ་རྩེ་མོར་སོན་པའི་ཕྱུག་པོ་དང་དམའ་སྤྱི་དམངས་ཕལ་བ་ཡན་ཆད་ལ་དམ་པའི་ཆོས་ཀྱི་བདུད་རྩི་འདི་ཆེས་མཁོ་གལ་ཆེ་བ་ཡིན་ཞེས་པ་སོགས་གསུངས་པས། དེར་འདུས་རྣམས་ལ་སེམས་འགུལ་གཏིང་ནས་ཐེབས་ཤིང་། དགའ་བ་དང་གུས་པའི་རྣམ་པ་མང་དུ་མངོན།

དེ་ནས། རྗེ་ཉིད་གྲུ་ཤག་དཀྱུས་མར་(经济舱)བཞུགས་ཏེ་ཨ་རིའི་(America)ཧཱ་ཝ་ཡེའི་(Hawaii)ཕྱོགས་སུ་སོང། ཨ་རིའི་གནམ་གྲུར་རིན་མེད་བཟའ་བཏུང་མེད་ཅིང་། མཁའ་ལམ་ཞབས་ཞུ་པ་རྣམས་ཀྱང་ལོ་ན་མཐོན་པོ་ཤ་སྟག་རེད། གནམ་གྲུ་མུ་མཐའ་མེད་པའི་ཞི་བདེ་རྒྱ་མཚོའི་མཁའ་དབྱིངས་ནས་ཡུན་རིང་པོར་འཕུར་ཞིང་། ནམ་མཁའ་དང་རྒྱ་མཚོ་ཆེན་པོའི་གཡུ་མདངས་གཅིག་ཏུ་འདྲེས་ཤིང་བཻཌཱུརྱའི་ཞུན་མ་ལྟར་མཛེས་སྡུག་ལྡན་པས་ཡིད་སེམས་ཀྱི་བརྟན་པ་དབང་མེད་དུ་འཕྲོག་པར་བྱས། དེ་ལྟ་ནའང་། རྒྱ་མཚོའི་སྟེང་ནས་ཡུན་རིང་དུ་འཕུར་བས། མཚམས་ལན་རེར་སེམས་སུ་ཁེར་རྐྱང་དང་སྐྱོ་ལྷང་ངེ་བའི་སྣང་བ་ཞིག་ཀྱང་དབང་མེད་དུ་སྐྱེས།

རྗེ་ཉིད་ཀྱིས་སྨན་གསོལ་དུས་ཆུ་ཚན་དགོས་པས། བདག་གིས་ཀྱང་སྔ་ས་ནས་དབྱིན་སྐད་ཅུང་ཟད་རེ་རང་སྦྱོང་བྱས་པ་ཡིན་ལ། “hot water”ཞེས་ཐོག་མར་བེད་སྤྱོད་བྱས་པའང་ཡིན། རྗེ་ཉིད་ཀྱིས་སྐབས་འགར་ཅིའང་མི་གསུང་བར་ཕྱག་ཕྲེང་དམར་པོ་དེ་འདྲེན་བཞིན་སྒེའུ་ཁུང་ལས་ཕྱི་རོལ་ཏུ་ཡུན་རིང་ལ་གཟིགས་ཤིང་། སྐབས་འགར་གླེང་མོལ་ཉུང་ཙམ་རེ་གནང་ལ། སྐབས་འགར་དགོངས་པ་ཉམས་ལེན་གྱི་ངང་དུ་བཞུགས་པ་ལྟ་བུ་མཛད་པ་སོགས་ད་ལྟའང་དྲན་གྱིན་ཡོད། དུས་ཚོད་བདུན་ལ་འཕུར་བའི་རྗེས་སུ། ཨ་མེ་རུ་ཁའི་ཧཱ་ཝ་ཡེའི་ཙན་དན་རི་བོའི་རྒྱལ་སྤྱིའི་གནམ་ཐང་དུ་སླེབས།

འབབ་ཚུགས་དང་པོ། ཨ་རིའི་ཧཱ་ཝ་ཡེ།

༼ ༦·༡༨~༦·༢༡ ༽

མཛད་རིམ།

ཕྱི་ཟླ་༦པའི་ཚེས་༡༨ཉིན། སྔ་དྲོར་གནས་ཆུང་དགོན་ནས་བྱང་ཆུབ་སེམས་དཔའི་སྡོམ་པ་གནང་།

ཕྱི་ཟླ་༦པའི་ཚེས་༡༩ཉིན། སྔ་དྲོར་འཇམ་དཔལ་ཞི་སྒྲུབ་ཀྱི་དབང་དང་། ཕྱི་དྲོར་ཁྲིད་ཡིག་སངས་རྒྱས་ལག་སྟེར་གསུངས།

ཕྱི་ཟླ་༦པའི་ཚེས་༢༠ཉིན། སྔ་དྲོར་རྟེན་འབྲེལ་ཉེས་སེལ་གྱི་དབང་གནང་། ཕྱི་དྲོར་ཁྲིད་ཡིག་སངས་རྒྱས་ལག་སྟེར་གསུངས་རྗེས། ཞི་བདེ་རྒྱ་མཚོའི་འགྲམ་གྱི་མེ་རི་དང་ཧཱ་ཝ་ཡེ་རྒྱལ་ཁབ་མེ་རིའི་སྤྱི་གླིང་དུ་གཟིགས་སྐོར་ལ་བྱོན།

ཕྱི་ཟླ་༦པའི་ཚེས་༢༡ཉིན། སྔ་དྲོར་ཕུར་པ་མགུལ་ཁུག་མའི་དབང་གནང་། ཕྱི་དྲོར་བྱེ་ནག་སྤྱི་གླིང་དུ་གཟིགས་སྐོར་ལ་ཕེབས་ཤིང་། དགོང་མོར་འབབ་ཚུགས་ཕྱི་མའི་ཕྱོགས་སུ་བསྐྱོད།

འགག་སྒོའི་གསོལ་རྩམ།

ཧཱ་ཝ་ཡེ་ཞེས་པ་འདི་ནི་འཛམ་གླིང་ན་གྲགས་ཆེ་བའི་ཡུལ་སྐོར་སྤྲོ་འཆམ་གྱི་ལྟེ་གནས་ཤིག་སྟེ། ཚང་ཚིང་འཁྲིགས་པའི་ཙན་དན་གྱི་ནགས་ཀླུང་དང་། བྱུར་དམར་གྱི་སྡོང་པོ། དངུལ་དཀར་གྱི་བྱེ་ཐང་། རྨ་བྱའི་ཟློས་གར། གཡུ་མདོག་གི་རྒྱ་མཚོ། སྤྲིན་དཀར་གྱི་བླ་བྲེ། དྲོད་འཇམ་གྱི་མཚོ་རླུང་སོགས་རང་བྱུང་གི་བཀོད་པ་དུ་མས་རབ་ཏུ་བརྒྱན་པའི་གནས་མཆོག་ཅིག་ཡིན་པ་གོ་ཚོར་བྱུང་བས། ད་ཐེངས་གནས་འདིར་དངོས་སུ་སླེབས་པར་སྤྲོ་སྣང་རབ་ཏུ་འཕེལ། ཡིན་ནའང་། བདག་གིས་གནམ་གྲུའི་ནང་ནས་ས་ཁྲར་ལྟ་སྐབས། གླིང་ཕྲན་འདི་ནི་རྒྱ་མཚོ་ཆེན་པོའི་དཀྱིལ་དུ་ལྷུང་བའི་སྲིན་བུ་ཞིག་གི་ཆེ་ཆུང་ཙམ་ལས་མི་འདུག་པས། ང་ཚོ་མཐའ་མེད་པའི་རྒྱ་མཚོའི་དཀྱིལ་གྱི་ཁེར་རྐྱང་གི་གླིང་ཕྲན་གང་དེར་འབྱོར་སོང་བ་རེད་ཨང་བསམ་ན། ཁེར་རྐྱང་དང་འཇིགས་སྣང་གི་ཚོར་བའང་ངང་གིས་སྐྱེ་ཡོང་།

འདི་ནས་ཨ་རིའི་རྒྱལ་མཚམས་ཀྱི་འགག་སྒོ་རྒལ་བའི་སྐབས་སུ། གློ་བུར་བའི་གནས་ཚུལ་ཞིག་དང་འཕྲད་བྱུང་སྟེ། ངེད་ཅག་གིས་བོད་ཡུལ་ནས་ཁྱེར་ཡོང་བའི་གསོལ་རྩམ་ཅུང་ཟད་ཡོད་པ་དེ། ཉེན་ཁྱིས་ཤེས་སོང་བས་ཉེན་རྟོག་པ་རྣམས་ང་ཚོའི་མཐར་རུབ་ནས། རྩམ་པ་ཁུག་མ་དེ་ནི་ཉལ་ཐའམ་དུག་རྫས་ཤིག་ཏུ་ངོས་བཟུང་ཞིང་། ང་ཚོ་ནི་ཉལ་ཐ་འབོར་ཆེན་ལྐོག་འཚོང་རྒྱག་པའི་ཚོགས་པ་ཞིག་ཏུ་འཁྲུལ་སོང་།

ངེད་ཅག་གིས་འདི་ནི་ཟས་རིགས་ཤིག་ཡིན་པར་བསྙད་ནས་འགྲེལ་བཤད་མང་དུ་བྱས་ཀྱང་ཡིད་མ་ཆེས་པས། ཡུལ་དངོས་ནས་ཁམ་འགའ་ཟོས་ཏེ་ཚོད་ལྟ་བྱས་ཚེ་ད་གཟོད་འགྲོ་ཆོག་པར་བྱས། འགྲོ་ཁར་ཉེན་རྟོག་པ་ཞིག་གིས། མི་དམངས་ཀྱི་བདེ་འཇགས་དང་བདེ་ཐང་གི་ཆེད་དུ། ཨ་རི་ལ་ཕྱི་ལོགས་ནས་ཡོང་བའི་ཟས་རིགས་ལ་ལ་བཀག་རྒྱ་ཡིན་པས། ཐེངས་རྗེས་མར་དེ་འདྲ་མི་འཁྱེར་རོགས་ཞེས་དྲན་སྐུལ་ཡང་བྱས་བྱུང་།

དོན་དག་དེའི་རྐྱེན་གྱིས་དུས་ཐོག་ཏུ་ཙན་དན་རི་བོ་ནས་ཧི་ལོ་(Hilo)ཞེས་པའི་ཡན་ལག་གི་གླིང་ཕྲན་ཞིག་ཏུ་འགྲོ་དགོས་ཀྱང་གནམ་གྲུའི་རྗེས་མ་ཆོད་པས། འཕུར་རེས་རྗེས་མའི་གནམ་གྲུ་ཅུང་ཙམ་ཡུན་རིང་དུ་སྒུག་དགོས་བྱུང་། ཆོས་རྗེ་ཉིད་དུས་ཚོད་ཡུན་རིང་དུ་གནམ་གྲུར་བཞུགས་ནས་ཡོང་བ་དང་། བོད་ཡུལ་དང་ས་གནས་འདི་གཉིས་བར་ལ་དུས་ཁྱད་ཆུ་ཚོད་བཅོ་བརྒྱད་ཡོད་ཅིང་། ཉིན་མཚན་ལྡོག་པར་གྱུར་ཡོད་པས་ཁོང་གིས་ཀྱང་འོ་བརྒྱལ་ཅུང་ཙམ་ཞིག་མྱོང་དགོས་བྱུང་། དེ་ནས་གནམ་གྲུ་ཆུང་བ་ཞིག་ཏུ་བསྡད་དེ་ཆུ་ཚོད་གཅིག་ཙམ་ལ་འཕུར་རྗེས། གནས་ཆུང་སྒྲ་དབྱངས་གླིང་གི་དགོན་པར་(Nechung Dorje Drayang Ling)འབྱོར།

རྒྱལ་སྤྱིའི་རྒྱང་རིང་ཁ་པར།

ངེད་ཅག་དགོན་པ་དེར་བདེ་འཚམས་ངང་གནས་སྡོད་བྱས་ཚར་རྗེས། ཆོས་རྗེ་ཉིད་ཀྱིས་བདག་ལ། ཁྱོད་སོང་ནས་སློབ་གླིང་དུ་ཁ་པར་ཞིག་ཨེ་འཕྲོད་ལྟོས་ལ། ངེད་ཅག་བདེ་བླག་ངང་ཨ་རིར་འབྱོར་སོང་ཞེས་ཤོད། དར་རྩེ་མདོ་ཡི་སྤྱི་བདེ་ལས་ཁུངས་ཀྱི་མགོ་ཁྲིད་ལ་ཡང་འདིར་ཐོན་ཡོད་རབས་ཤོད་ཅེས་བཀའ་བསྒོས་བྱུང་། སྐབས་དེར་དྲྭ་རྒྱ་དང་འཕྲིན་ཕྲན་སོགས་གང་ཡང་མེད་པར་ཁ་པར་ཁོ་ནར་བརྟེན་དགོས་ཤིང་། དགོང་མོ་དེར་འཕྱིས་དྲགས་པས་ཕྱི་རོལ་ཏུ་ཁ་པར་འཚོལ་བར་སྟབས་མི་བདེ་ཕྱིར་དགོན་དཔོན་བླ་མ་བློ་བཟང་དོན་ལྡན་ལ་ཐབས་ཡོད་མེད་ཞུས་ཚེ། ཁོང་གིས་ང་ལ་ལག་འཕྲིན་(Cellular phone)ཞེས་པའི་ཁ་པར་ཞིག་གཡར་བྱུང་། བདག་གིས་སློབ་གླིང་དུ་ཁ་པར་ལན་མང་བརྒྱབས་ཀྱང་འཕྲོད་ཐབས་མ་བྱུང་ཡང་། རྗེ་ཉིད་ཀྱི་གྲོགས་པོ་མགོ་ཁྲིད་དེར་ཁ་པར་འཕྲོད་སོང་བས། ཁོང་ལ་ང་ཚོ་བདེ་བླག་ངང་ཨ་རིར་འབྱོར་བའི་སྐད་འདི་སློབ་གླིང་དུ་འཕྲོད་ཐབས་གནང་རོགས་ཞེས་མངག་བཅོལ་བྱས་པ་ཡིན། སྐབས་དེར་ཁོ་རང་ཆང་གིས་ཅུང་ཟད་བཟི་འདུག་ཀྱང་རིག་པ་དྭངས་བར་གནས་པས། ད་འགྲིག་སོང་། ཁྱེད་རྣམ་པ་ཕར་སོང་བའི་ཕྱི་ཟླ་༦པའི་ཚེས་༡༦ཉིན། གོང་རིམ་ནས་ད་ལོར་ཁྱེད་ཅག་ཕྱི་རྒྱལ་དུ་འགྲོ་མི་ཆོག་པའི་ཡིག་ཆ་ཐོན་བྱུང་། ད་ཁྱེད་ཚོ་བདེ་བླག་ཏུ་འབྱོར་ཟིན་པས་བཟང་འདུག་ཟེར། བདག་གིས་ཁོང་ལ་སྐད་ལན་བྱིན་པའི་སྐབས་སུ། མཁན་རྣམ་གྲོལ་གྱིས། མང་པོ་ལབ་ཀི་མ་འདུག རྒྱལ་སྤྱིའི་རྒྱང་རིང་ཁ་པར་རིན་གོང་ཤིན་ཏུ་ཆེ་བས་མཚམས་ཞོག་ཅེས་གསུངས་པས་མཚམས་བཞག་པ་ཡིན།

ཕྱི་ཉིན། ཆོས་རྗེ་ཉིད་ཀྱིས་ཀྱང་གྲོགས་པོ་མགོ་པ་དེར་ཁ་པར་བརྒྱབས་ནས་ཡུན་རིང་ཙམ་ལ་གླེང་མོལ་མཛད་པས། མཁན་རྣམ་གྲོལ་གྱིས་ཐེངས་འགར་ཁོང་ལ་ལྟ་ཙམ་རེ་བྱེད་པ་ལས་དྲན་སྐུལ་ཞུ་མ་ཕོད་སྟབས། བདག་ལ་མཚར་སྣང་སྐྱེས་ཤིང་ཁོང་དགོད་ཤོར། གཞན་ཡང་ཆོས་རྗེ་ཉིད་ཀྱི་ཐེངས་འདིའི་ཆོས་ཁྲིད་གསུང་སྐབས་ཀྱི་དབྱིན་ཇིའི་སྐད་སྒྱུར་པ་ནི་སངས་རྒྱས་མཁའ་འགྲོ་ཞེས་པའི་ཨ་རིའི་བུད་མེད་ཅིག་ཡིན་ལ། མོ་རང་གིས་སྔོན་ཆད་ཀྱང་བོད་བརྒྱུད་ནང་བསྟན་གྱི་བླ་མ་མང་པོས་ཆོས་གསུང་དུས་སྐད་སྒྱུར་བྱས་མྱོང་འདུག ད་ལན་མོ་རང་ཁཱ་ལི་ཧྥོར་ནེ་ཡ་(California)ནས་ཆེད་དུ་གནམ་གྲུར་བསྡད་ནས་ཐོན་ཞིང་རྗེ་ཉིད་དང་མཇལ་ཁ་ཞུས། དུས་དེ་ནས་བཟུང་། ཆོས་རྗེ་ཉིད་ཀྱིས་ཨ་རི་ནས་གདུལ་བྱ་རྣམས་ལ་ཆོས་ཀྱི་བདུད་རྩི་གནང་བའི་དབུ་བརྩམས་པ་ཡིན།

ཐེངས་དང་པོའི་ཆོས་ཁྲིད།

ཕྱི་ཟླ་༦པའི་ཚེས་༡༨ཉིན་གྱི་སྔ་དྲོར། ཆོས་རྗེ་བླ་མ་ཉིད་ཀྱིས་གནས་ཆུང་དགོན་པ་རུ། ཆོས་ཁྲིད་ཀྱི་མཛད་སྒོ་ལ་ཐོག་མར་བྱང་ཆུབ་སེམས་དཔའི་སྡོམ་པ་གནང་ཞིང་། ནུབ་ཕྱོགས་སུ་གནང་བའི་ཆོས་ཁྲིད་ཐེངས་དང་པོ་ཡིན་པའི་རྐྱེན་གྱིས། གཙོ་སྒྲུབ་ཕྱོགས་ཀྱི་དགོན་པས་ཆོས་རྗེ་ཉིད་ལ་ཚིགས་སུ་བཅད་པའི་སྒོ་ནས་བཀྲ་ཤིས་པའི་བསྟོད་དབྱངས་ཕུལ་རྗེས། མདོ་འཛིན་པས་ངོ་སྤྲོད་འདི་ལྟར་མཛད།

དེ་རིང་ནི་བཀྲ་ཤིས་པའི་ཉི་མ་ཞིག་སྟེ། ངེད་ཅག་ཐམས་ཅད་འདིར་དགའ་བའི་ལྷན་འཛོམས་བྱུང་བས་རྟེན་འབྲེལ་ཕུན་སུམ་ཚོགས་པ་བྱུང་། ཆོས་རྗེ་བླ་མ་རིན་པོ་ཆེ་ས་ཆ་འདི་ནས་ཉིན་བཞི་ཙམ་མ་གཏོགས་ཡུན་རིང་པོར་བཞུགས་ལོང་མེད་པས། ཆེས་རིན་ཐང་བྲལ་བའི་དུས་ཚོད་ཐུང་ཐུང་འདི་ལ། ངེད་ཅག་ཚང་མས་བློ་གཅིག་སེམས་གཅིག་གིས་ཆོས་ཞུ་བ་དང་། ཆོས་ཀྱི་དོན་ཉམས་སུ་ལེན་ཐུབ་པར་འདུན་པ་དྲག་པོས་སྨོན་ལམ་བཏབ་ནས། འཕྲད་པར་དཀའ་བའི་གོ་སྐབས་ལེགས་པོ་འདི་དམ་འཛིན་བྱེད་འོས་པ་ཡིན།

ཁོང་བོད་ཡུལ་ན་བཞུགས་དུས། རྒྱ་གར་དང་བོད་ཀྱི་ས་ཆ་གཞན་ནས་ཡོང་བའི་མཇལ་སྐོར་བ་དང་ཆོས་པ་རྣམས་ཀྱིས། ཆོས་རྗེ་ཉིད་ཀྱི་སྐུ་མདུན་ནས་ཆོས་འབྲེལ་རེ་ཐོབ་པའི་ཕྱིར་དུ། རྒྱང་ཐག་ཇི་འདྲ་རིང་ཡང་དཀའ་བ་བརྒྱ་ཕྲག་ཁྱད་དུ་བསད་ཅིང་། ངལ་བ་སྣ་ཚོགས་དང་དུ་བླངས་ནས་མདུན་དུ་གཅར་ཐབས་བྱེད་ཀྱིན་ཡོད་ལ། ཁོང་བཞུགས་སའི་ཡུལ་དེའང་གྲང་ངར་ཧ་ཅང་ཆེ་ཞིང་འཚོ་བའི་ཆ་རྐྱེན་ཞན་པས། གནས་དེར་སྡོད་པ་ལྟ་ཞོག འགྲོ་དགོས་པ་ཙམ་ཡང་དཀའ་ཁག་ཤིན་ཏུ་ཆེ་བ་ཡིན། འོན་ཀྱང་། ཆོས་དོན་གཉེར་བ་ཤིན་ཏུ་མང་པོས་དཀའ་ངལ་སྣ་ཚོགས་ལ་བཟོད་བསྲན་བགྱིས་ཏེ་རྒྱུན་དུ་གནས་དེར་བསྡད་ནས་ཆོས་ཞུ་བཞིན་ཡོད།

ད་ལན་ངེད་ཅག་ལ་མཚོན་ན། འདི་ལྟར་ལས་སླ་མོ་ཞིག་གིས་རིན་པོ་ཆེ་ཉིད་ཀྱི་གསེར་ཞལ་མཇལ་བ་དང་ཆོས་ཀྱི་བདུད་རྩི་མྱོང་བའི་སྐལ་བ་ཐོབ་པ་ནི། དངོས་གནས་སྔོན་གྱི་སྨོན་ལམ་རྣམ་པར་དག་པའི་མཐུ་ལས་བྱུང་བ་ཡིན།

ཁྱེད་ཅག་འདིར་བཞུགས་རྣམས་འཚོ་བ་ཧ་ཅང་བྲེལ་འཚུབ་ཆེ་ཞིང་མི་མང་པོ་ཞིག་ལ་བྱ་བ་གལ་ཆེན་ཡོད་ཀྱང་། ཉིན་འདི་དག་གི་རིང་ལ་བྱ་བ་གཞན་རྣམས་ཟུར་དུ་བསྐྱུར་ཏེ། སེམས་རྩེ་གཅིག་གིས་ཆོས་ཁྲིད་ལེགས་པོ་ཞིག་ཞུ་ཐུབ་ན་དེར་འབྲས་བུ་བཟང་པོ་འཐོབ་ངེས་ཡིན། དེ་བཞིན་ཉིན་འདི་དག་གི་ཆོས་ཁྲིད་སོ་སོའི་ཁྲིད་ཡུན་ཡང་དེ་ཙམ་རིང་པོ་མིན་པས། འཇིག་རྟེན་གྱི་བྱ་བ་རྣམས་ཆེ་བཞག་ཆུང་བསྐྱུར་བྱས་ཏེ་ནན་ཏན་གྱིས་ཆོས་ཞུ་བ་ནི་ཧ་ཅང་གལ་ཆེ་ལ། ཕྱིན་ཆད་ནས་འདི་འདྲའི་སྐྱེས་བུ་དམ་པར་འཕྲད་པ་ཤིན་ཏུ་དཀའ་ངེས་པས། ད་རེས་ངེད་ཅག་ཆོས་པ་མང་པོས་འདི་ལྟར་ལྷན་ཅིག་ཏུ་ཆོས་ཞུས་པ་ཡིན་ན། ཀུན་གྱིས་བསམ་པ་བཟང་པོ་རེ་བསྐྱེད་ནས་ཡང་དག་པའི་ཆོས་ཀྱི་དོན་རྣམས་གཞན་ལ་སྤེལ་པར་བྱ་རྒྱུའང་ངེད་ཅག་ཐུན་མོང་གི་རེ་བ་ཡིན་པར་བཤད།

དེ་ནས་ཆོས་རྗེ་བླ་མ་ཉིད་ཐུགས་བརྩེ་བ་ཆེན་པོས་ཆོས་ཁྲི་ལ་འཁོད་ནས། ཆོས་ཁྲིད་དངོས་སུ་གསུང་བར་ཉེ་བ་ན། སྔར་གསུང་མ་མྱོང་བའི་བཀྲ་ཤིས་པའི་ཚིགས་སུ་བཅད་པ་འདི་ཉིད་ཐུགས་ཀློང་ནས་བརྡོལ་བ་སྟེ།

མཁའ་ལ་བཀྲ་ཤིས་ལྷ་མོའི་འཇའ་སྤྲིན་གཏིབ། །

ས་ལ་བཀྲ་ཤིས་མི་རྣམས་དགེ་བཅུར་སྤྱོད། །

ལོགས་ལ་བཀྲ་ཤིས་ཞི་ཁྲོའི་བཀོད་པ་རྫོགས། །

བཀྲ་ཤིས་འདི་ཡང་དར་རྒྱས་ཕུན་ཚོགས་ཤོག །

ཅེས་ཆོས་རྗེ་ཉིད་ཀྱིས་ཚང་མར་བཀྲ་ཤིས་བདེ་ལེགས་ཀྱི་མཚམས་འདྲི་དང་བཅས་འདི་ལྟར་བཀྲལ།

དེ་ཡང་ཚིག་རྐང་དང་པོའི་ནང་དུ། ཁར་རྩང་གི་དུས་སུ་བཀྲ་ཤིས་པའི་ལྷ་མོས་ནམ་མཁའ་ལ་འཇའ་ཤར་ཞིང་སྤྲིན་གཏིབ་པ་སོགས་དགའ་བའི་རྣམ་འགྱུར་དཔག་ཏུ་མེད་པ་ངོམས་འདུག་ཅེས་དང་། ཚིག་རྐང་གཉིས་པར། འདིར་འཚོགས་པའི་ནང་པ་སངས་རྒྱས་པའི་ཆོས་ལ་དགའ་བ་ཐམས་ཅད། དགེ་བཅུའི་ལམ་ལ་རྟག་ཏུ་སྤྱོད་ཀྱིན་ཡོད་པ་ཡང་བཀྲ་ཤིས་ཕུན་སུམ་ཚོགས་པ་ཞིག་རེད་ཅེས་པའི་དོན་ཡིན། ཚིག་རྐང་གསུམ་པའི་དོན་ནི། བདེ་བ་ཅན་གྱི་ཞིང་གི་བཀོད་པ་ལྟར་ཕུན་སུམ་ཚོགས་པ་དང་ལྡན་པའི་ས་གཞི་འདི་ལྟ་བུ་ནི་ཞི་བའི་ཞིང་གི་བཀོད་པ་དང་། ལོགས་སུ་ལྷ་མོས་ཁྲོ་བོའི་དཀྱིལ་འཁོར་སྟོན་པའི་གནས་སྐབས་ན། སྟེང་ཕྱོགས་མེ་རི་འབར་བའི་ཞིང་ཁམས་ལ་འགྲན་བཟོད་པའི་མེ་རི་དང་མེ་དཔུང་གི་སྣང་བ་ཡོངས་སུ་རྒྱས་པ་ལྟ་བུ་ནི་ཁྲོ་བོའི་ཞིང་ཁམས་ཀྱི་བཀོད་པ་ཡོངས་སུ་རྫོགས་པས་བཀྲ་ཤིས་གསུམ་པ་རེད། ཚིག་རྐང་ཕྱི་མས་དེ་ལྟ་བུའི་བཀྲ་ཤིས་ཕུན་སུམ་ཚོགས་པ་འདི་དར་ཞིང་རྒྱས་ལ། ཡུན་ནས་ཡུན་དུ་གནས་ཤིང་ཕུན་སུམ་ཚོགས་པ་ཉིད་དུ་འགྱུར་བར་ཤོག་ཅིག་ཅེས་སྨོན་འདུན་ཞུས་པ་ཡིན།

ཁོང་རྣམ་པས་བསྟོད་ཚིག་གི་གླུ་དབྱངས་སྙན་མོ་གསར་དུ་བླངས་འོངས་དུས། ངའི་ཞེ་ལའང་རྩོམ་འདི་ཐད་ཀར་གསལ་པོ་ཤར་ཡོང་བ་ཡིན་མ་གཏོགས། སྔར་ནས་བཀོད་སྒྲིག་ལྟར་བརྩམས་པ་ཞིག་མིན།

ཆོས་རྗེ་ཉིད་ཀྱིས་དེ་ལྟར་གསུངས་པ་ན། འཁོར་རྣམས་ཀྱི་སེམས་སུའང་ཉི་འོད་འཕྲོས་པ་ཇི་བཞིན་རབ་ཏུ་དགའ་བར་གྱུར་ཅིང་། ཡ་མཚན་པ་ཞིག་ལ། དགོན་པའི་མདུན་ཐང་དུ་བག་ཡངས་སུ་རྒྱུ་བའི་རྨ་བྱ་དག་གིས་དབྱངས་སྙན་སྒྲོག་གིན་པ་དེའང་། ལྷ་ཁང་དུ་ཆོས་ཉན་བཞིན་པའི་འཁོར་རྣམས་ཀྱི་རྣ་བའི་དཔྱིད་དུ་སོན། དེ་ནས་རིམ་གྱིས་བྱང་སྡོམ་གསུང་པའི་ཆོས་ཁྲིད་དངོས་ལ་ཞུགས།

དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་བཀའ་དྲིན་མཚུངས་པ་མེད་པ་རྗེ་བཙུན་དཔལ་མགོན་རྩ་བའི་བླ་མ་རིན་པོ་ཆེ་རྣམས་ཀྱི་ཞབས་ཀྱི་རྡུལ་དྲི་མ་མེད་པ་ལ་མགོ་བོས་རབ་ཏུ་བཏུད་དེ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ་བྱིན་གྱིས་བརླབ་པར་མཛད་དུ་གསོལ།

གང་གི་ཞལ་བཟང་ལྟ་བས་མི་ངོམས་གེ་སར་འཛུམ་པའི་མདངས་བཀྲ་ཞིང་། །

མཚན་དཔེའི་གཟི་འོད་ཟེའུ་འབྲུ་གསལ་བས་འགྲོ་ཀུན་མིག་གི་བདུད་རྩིར་གྱུར། །

ཐུགས་རྗེའི་འདབ་མ་ཀུན་ནས་དཀྱུས་རིང་འཇིག་རྟེན་གསུམ་གྱི་ཁོངས་ཁྱབ་པ། །

ཐུབ་དབང་པད་མ་དཀར་པོའི་ཞབས་པད་དེ་རིང་བདག་བློའི་པད་མཚོར་སྐྱོངས། །

རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་ངོ་བོ་ཉིད། །

བགྲང་ཡས་དཀྱིལ་འཁོར་འཁོར་ལོ་ལེགས་འཆང་ནས། །

ཞིང་འདིར་སློབ་དཔོན་ཚུལ་བཟུང་ཐེག་མཆོག་གི །

སྟོན་པ་མཚུངས་མེད་པདྨ་ཀ་ར་རྒྱལ། །

ཆོས་ཟད་ཀློང་དུ་ཆོས་སྐུའི་དགོངས་པ་བརྙེས། །

འོད་གསལ་དབྱིངས་སུ་ལོངས་སྐུའི་ཞིང་སྣང་གཟིགས། །

གདུལ་བྱའི་སྣང་ངོར་སྤྲུལ་སྐུའི་འགྲོ་དོན་མཛད། །

ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ལ་ཕྱག་འཚལ། །

སྨྲ་བའི་སེང་གེའི་མཁྱེན་རབ་སྙིང་ལ་ཤར། །

ཀུན་ཏུ་བཟང་པོའི་སྨོན་ལམ་རྣམ་པར་སྦྱངས། །

སྲས་བཅས་རྒྱལ་བའི་ཕྲིན་ལས་འཛིན་མཛད་པ། །

འཇམ་དབྱངས་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །

དགོངས་བརྡ་སྙན་བརྒྱུད་རིག་འཛིན་བླ་མ་དང་། །

ཞི་ཆགས་ཁྲོ་བོའི་ཚུལ་འཆང་ཡི་དམ་ལྷ། །

གནས་གསུམ་མཁའ་འགྲོ་རྒྱུད་གསུམ་དྲེགས་ཚོགས་བཅས། །

རབ་འབྱམས་རྩ་གསུམ་ལྷ་ལ་མགོས་ཕྱག་འཚལ། །

གང་ཚེ་བདག་གིས་གཞན་ཕན་སེམས་ཀྱིས་སུ། །

སྙིང་དབུས་པདྨོར་གཞོན་ནུ་ཁྱེད་དྲན་ནས། །

ལེགས་བཤད་བདུད་རྩིའི་སྒྲ་དབྱངས་སྒྲོག་བགྱིད་ན། །

འཇམ་དཔལ་བདག་གི་ཡིད་ལ་དཔལ་སྩོལ་ཅིག །

སྲིད་གསུམ་སྡུག་བསྔལ་ཇི་འདྲ་ཁྱེད་ཀྱིས་མཁྱེན། །

དམྱལ་སོགས་མེ་དཔུང་ཞི་བར་བགྱིད་ལ་སོགས། །

སེམས་ཅན་དོན་ལ་མྱུར་དུ་བདག་བརྩོན་ན། །

དམ་པ་རྣམས་ཀྱིས་ནུས་མཐུ་བསྩལ་དུ་གསོལ། །

གང་དག་ཕྱོགས་བཅུ་སྟོང་གི་འཇིག་རྟེན་ན། །

བདེ་གཤེགས་སློབ་མར་གྱུར་བ་གང་སུ་དག །

དེང་འདིར་སྟོན་པའི་ཆོས་ཀྱི་ཆར་འབེབས་ཀྱིས། །

གསན་པར་འདོད་པ་ཐམས་ཅད་འདིར་གཤེགས་ཤིག །

ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་གཏན་བདེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་འཐོབ་པར་བྱ། དེའི་ཕྱིར་དུ་དམ་པའི་ཆོས་གང་ཞིག་གསན་ནས་དོན་ཉམས་སུ་བླང་བར་བགྱིའོ་སྙམ་པའི་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་དང་བཅས་ཏེ་གསན་འཚལ། དེ་ལ་གང་གསན་པར་བྱ་བའི་ཆོས་ནི་བྱང་ཆུབ་སེམས་དཔའི་སྡོམ་པ་འབོག་རྒྱུ་དེ་ཡིན།

དེ་རིང་ངའི་སེམས་ཀྱང་ཧ་ཅང་དགའ་པོ་བྱུང་། དེའི་རྒྱུ་མཚན་ནི། འདིར་དུས་ཚེས་སྟོན་འཁོར་ཆོས་ལ་སོགས་པ་ཐམས་ཅད་ཀྱང་ཕུན་སུམ་ཚོགས་པ་ཞིག་བྱུང་བས་ཡིན།

ཕུན་སུམ་ཚོགས་པ་ལྔ།

དེ་ལ་གནས་དུས་སྟོན་འཁོར་ཆོས་ཕུན་སུམ་ཚོགས་པ་ལྔ་ལས།

དུས་ཕུན་སུམ་ཚོགས་པ་ནི། ཟླ་བ་འདི་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་ལྷུམས་སུ་ཞུགས་པ་དང་། མངོན་པར་རྫོགས་པར་སངས་རྒྱས་པ། མྱང་ངན་ལས་འདའ་བ་སྟེ། སྟོན་པ་ཐུགས་རྗེ་ཅན་གྱིས་དང་པོའི་མཛད་པ་ནས་བཟུང་སྟེ་ཐ་མའི་བར་གྱི་མཛད་པ་ཆ་ཚང་སྟོན་སའི་དུས་ཚོད་ལ་ཁེལ་ཡོད་པའི་ཕྱིར་ན། མ་བསྒྲིགས་རང་འགྲིག་ཏུ་གྱུར་པ་འདི་ལ་བསམ་ནས་ཀྱང་འུ་ཅག་དགའ་སྤྲོ་སྐྱེ་འོས་པ་ཡིན།

ཁྱད་པར་དུ་ང་རང་ངོས་ནས་བསམ་བློ་བཏང་ན། ཟླ་བ་འདིའི་སྟོད་ལ་བོད་ཡུལ་ནས་བླ་སེར་ཁྲི་ཕྲག་གསུམ་ཙམ་དང་མི་སྐྱ་འབུམ་ཕྲག་གཉིས་ཙམ་ལ་བདེ་ཆེན་ཞིང་སྒྲུབ་ཅེས་པ་ཚོགས་ནས་མི་མང་པོའི་རྒྱུད་ལ་ཐར་པའི་ས་བོན་ཐེབས་པའི་དུས་ཚེས་བཟང་པོ་ཡིན།

གནས་ཕུན་སུམ་ཚོགས་པ་ནི། འཛམ་གླིང་ན་སྟོབས་ལྡན་རྒྱལ་ཁབ་ཅེས་ཡོངས་སུ་གྲགས་པའི་ཨ་མེ་རི་ཁའི་ས་ཆ་འདིར་ཐོན་ནས། ཟླ་བ་འདིའི་མཇུག་ལ་དད་ལྡན་གྱི་མི་དམངས་ཐམས་ཅད་ལ་ཆོས་བཤད་རྒྱུའི་སྐལ་བ་བཟང་པོ་བྱུང་བས་དགའ་སྤྲོ་སྐྱེས་བྱུང་།

ཆོས་ཕུན་སུམ་ཚོགས་པ་ནི། སྤྱིར་འཛམ་བུ་གླིང་ན་ཆོས་ལུགས་མང་པོ་ཡོད་ཀྱང་། དེའི་ནང་ནས་ནང་པ་སངས་རྒྱས་པའི་ཆོས་ནི་འཚེ་མེད་ཞི་བའི་ལམ་བཟང་ཁོ་ན་སྟེ། རང་གཞན་ཐམས་ཅད་བདེ་སྐྱིད་ཀྱི་ལམ་ལ་འགོད་པར་བྱེད་པའི་ཆོས་བཟང་པོ་འདིར་ཕྲད་པའང་སྐལ་བ་བཟང་།

སྤྱིར་སངས་རྒྱས་པའི་ཆོས་ལ་ཡང་ཐེག་པ་དམན་པ་ཞེས་རང་དོན་འབའ་ཞིག་སྒྲུབ་པ་དང་། ཐེག་པ་ཆེན་པོ་ཞེས་གཞན་དོན་གཙོར་བྱས་ནས་སྒྲུབ་པ་གཉིས་ཡོད་པ་ལས། ད་ལན་འུ་ཅག་ཚང་མ་ཐེག་པ་ཆེན་པོའི་ཆོས་དང་འཕྲད། དེ་ལས་ཀྱང་མྱུར་བ་ཉིད་དུ་ཚེ་འདི་ཉིད་ལ་ཟུང་འཇུག་གི་སྐུ་འགྲུབ་པར་བྱེད་པའི་སྔགས་རྡོ་རྗེ་ཐེག་པའི་ཆོས་ལ་མཉམ་དུ་སྤྱོད་རྒྱུའི་སྐལ་བ་ལྡན་པར་གྱུར་པས་ཧ་ཅང་དགའ་པོ་བྱུང་།

སྟོན་པ་ཕུན་སུམ་ཚོགས་པ་ནི། ང་རང་གི་ངོ་སྤྲོད་མདོར་བསྡུས་ཙམ་ཞིག་ཞུས་ན། སྤྱིར་སྐྱེས་མ་ཐག་པ་ནས་ཆོས་དང་ཕྲད་པ་ཞིག་ཡིན་ཞིང་། ལོ་བཅུ་བཞིའི་དུས་ནས་བཟུང་སྟེ་གཞན་ལ་ཆོས་འཆད་པ་དང་རྩོམ་པ་ལ་སོགས་པའི་ཁུར་བླངས་ནས་ད་ལྟའི་བར་ཐུག་སོང་བ་ཡིན། ཆོས་རྐྱང་བའི་ངོས་ནས་བསམ་བློ་བཏང་ན་སྔོན་ཆད་ཤེས་ཡོན་འབྲིང་ཙམ་ཞིག་ཡོད་ཀྱང་། ད་སྐབས་ནི་ལོ་ཧ་ཅང་མཐོ་བ་དང་ནད་ཚབས་ཆེ་བ། མིག་གིས་ཀྱང་ཡི་གེ་གཏན་ནས་མི་མཐོང་བས་ཆོས་ཀྱི་ཤེས་ཡོན་དེ་ཡང་ཧ་ཅང་གི་སྡུག་པོ་རེད་སོང་།

དེ་ལས་གཞན་པའི་ཆབ་སྲིད་ཀྱི་འགྲོ་ཕྱོགས་དང་རྒྱལ་ཁབ་སོ་སོའི་གནས་སྟངས། ཚན་རིག་གི་ཤེས་བྱ་སོགས་གང་ཅིའི་ཐད་ནས་ཧ་ཅང་དབུལ་པོ་ཡིན། ཐ་ན་འཛམ་གླིང་རྒྱལ་ཁབ་སོ་སོའི་མི་རྣམས་ཀྱི་ཟ་མ་ཟ་སྟངས་ཙམ་ཡང་ལེགས་པོར་ཤེས་ཀྱིན་མེད། དེས་ན། ད་རེས་ཀྱི་གནས་སྐབས་སུ་ཡང་ཁྱེད་རྣམ་པ་ལྟ་བུའི་ཤེས་ཡོན་ཅན་དག་གི་ཀླད་ནས་ཆོས་ཀྱི་སྐད་ཆ་ཞིག་བཤད་དགོས་ནའང་ངོ་ཧ་ཅང་གནོང་མོ་རེད། འོན་ཀྱང་སྐྱེ་བ་སྔོན་གྱི་ལས་ཀྱིས་འདི་ལྟ་བུ་ཞིག་བཤད་པའི་དུས་སྐབས་ལ་ཐུག་སོང་བ་རེད། གང་ལྟར་ཡང་ངས་བཤད་ལུགས་ཀྱིས་མ་ཐོན་པ་དང་ནོར་བ། འཆུགས་པ་སོགས་ཡོད་ན་ཁྱེད་རྣམ་པས་དྲང་བཅོས་བྱ་རྒྱུའི་རེ་བ་ཡིན།

འཁོར་ཕུན་སུམ་ཚོགས་པ་ནི། ཁྱེད་ཅག་འདིར་བཞུགས་ཀྱི་ཆོས་པ་ཚང་མ་ས་ཆ་དང་རྒྱལ་ཁབ་སོ་སོ་ནས་ལྷགས་ཤིང་མི་རིགས་ཀྱང་མི་འདྲ་བའི་དད་པ་དང་ཤེས་རབ་ལྡན་པ་ཤ་སྟག་ཡིན་པས་བདག་ལ་དགའ་སྤྲོ་སྐྱེས།

ཐུན་མོང་གི་སྔོན་འགྲོ།

ད་ཆོས་ཁྲིད་དངོས་ལ་འཇུག་པ་ནི། ད་རེས་ཀྱི་གནས་སྐབས་ན་ངེད་ཅག་གིས་ཆོས་སྒྲུབ་པའི་སྐལ་བ་དང་ལྡན་པའི་མི་ལུས་རིན་པོ་ཆེ་འདི་རྙེད་ཡོད། འདི་ནི་ཤིན་ཏུ་ནས་ཀྱང་རྙེད་པར་དཀའ་བ་ཞིག་ཡིན། ཅིའི་ཕྱིར་ཞེ་ན། ལུས་རྟེན་འདི་རྒྱུའི་སྒོ་ནས་རྙེད་པར་དཀའ་སྟེ། སྐལ་པ་མང་པོར་དགེ་སྒྲུབ་སྡིག་སྤོང་བྱས་པའི་འབྲས་བུ་ལས་འདི་ལྟ་བུའི་ཆོས་ལྡན་གྱི་ལུས་རྟེན་ཞིག་ཐོབ་ཐུབ་པ་མ་གཏོགས། རང་བཞིན་ཅི་མ་གང་ཡིན་གྱིས་ཐོབ་མི་སྲིད།

དེ་བཞིན་དུ་དཔེའི་སྒོ་ནས་རྙེད་དཀའ་ཚུལ་ནི། གྱང་ངོས་འཇམ་པོ་ལ་སྲན་མ་སྤར་གང་གཏོར་ན་དེར་ཆགས་མི་སྲིད་པ་ལྟར་མི་ལུས་འདི་ཤིན་ཏུ་རྙེད་པར་དཀའ།

གྲངས་ཀྱི་སྒོ་ནས་རྙེད་དཀའ་ཚུལ་ནི། ཆོས་མིན་ལ་སྤྱོད་པའི་སེམས་ཅན་དེ་ས་ཆེན་པོའི་རྡུལ་ཙམ་ཞིག་ཡོད་སྲིད་ན། ཆོས་སྒྲུབ་པའི་གང་ཟག་ནི་སེན་མོའི་སྟེང་ལ་ཆགས་པའི་རྡུལ་ཙམ་ཞིག་ལས་མེད་ཅེས་བཅོམ་ལྡན་འདས་ཀྱི་མདོ་སྡེ་ལས་གསུངས་པ་ཡིན།

དེ་ལྟ་བུའི་ལུས་རྟེན་ཡང་རྙེད་ན་དོན་ཆེ་བ་དང་ལྡན་པ་ཞིག་ཡིན་ཏེ། འུ་ཅག་གི་ལུས་རྟེན་འདིའི་སྟེང་ནས་ཆོས་རྣམ་དག་ཅིག་བསྒྲུབས་ན། ཚེ་འདིར་ཚེ་རིང་བ་དང་ནད་མེད་པ། ལོངས་སྤྱོད་ཆེ་བ། སྙན་གྲགས་རྒྱས་པ་སོགས་ལུས་རྟེན་འདིར་བརྟེན་ནས་སྒྲུབ་ཆོག་ཅིང་། ཚེ་ཕྱི་མ་སྟེ་འཇིག་རྟེན་གཞན་དུའང་ལུས་དང་སེམས་ལ་སྡུག་བསྔལ་ཅུང་ཟད་ཙམ་མེད་པར། བདེ་སྐྱིད་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་ཡོད་པའི་སངས་རྒྱས་ཀྱི་གོ་འཕང་དེ་བསྒྲུབ་པར་འདོད་ན་ཡང་། འུ་ཅག་གི་ལུས་རྟེན་འདིའི་སྟེང་ནས་བསྒྲུབས་ཐུབ་པ་ཡིན།

དེ་འདྲའི་དོན་ཆེན་གྱི་ལུས་རྟེན་འདི་ཐོབ་དུས། རང་དོན་དང་གཞན་དོན་གང་བསྒྲུབ་དགོས་རུང་མྱུར་དུ་མ་བསྒྲུབས་ན། ཤི་བ་ཟེར་བ་གློ་བུར་དུ་ཐོན་ཡོང་ཞིང་། འཆི་བའི་དུས་སུ་ལས་དབང་གིས་འཇིག་རྟེན་གཞན་དང་གཞན་དུ་སྐྱེས་ནས་དགེ་བ་བསྒྲུབ་བསམ་ཞིང་བདེ་བ་འཐོབ་པར་འདོད་ཀྱང་རང་དབང་ཡོད་མི་སྲིད་པས། ད་ལྟ་རང་དབང་ཡོད་པའི་གནས་སྐབས་འདིར་དགེ་བ་རྣམ་པར་དག་པ་ཞིག་བསྒྲུབ་དགོས་པ་ཡིན།

དེས་ན་དགེ་བ་སྒྲུབ་པར་བྱེད་པ་ལའང་སྟོན་པ་ཐུགས་རྗེ་ཅན་ཤཱཀྱ་ཐུབ་པས་ཐབས་མང་པོ་ཞིག་གསུངས་ཡོད་དེ། དཔེར་ན་འཇིག་རྟེན་གྱི་རྒྱུ་རྫས་ཕལ་པ་དང་འདྲ་བའི་ཆོས་སྒྲུབ་སྟངས་དང་། གསེར་ལྟ་བུའི་ཆོས་སྒྲུབ་སྟངས། རྡོ་རྗེ་ཕ་ལམ་དང་མཚུངས་པའི་ཆོས་སྒྲུབ་སྟངས་བཅས་ཡོད། དེ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་ནི་ཡིད་བཞིན་ནོར་བུ་ལྟ་བུའི་ཆོས་སྒྲུབ་སྟངས་དེ་ཡིན། དེ་ལྟ་བུའི་ཆོས་ལ་རྣམ་གྲངས་ཀྱི་རིམ་པ་མང་པོ་ཞིག་བཅོམ་ལྡན་འདས་ཀྱིས་གསུངས་ཡོད་ན། ཁྱེད་རྣམ་པས་དེ་དག་ལས་གང་བསྒྲུབ་འདོད་དམ། ཆོས་ཨང་དང་པོ་དེ་བསྒྲུབ་བསམ་མམ། ཡང་ན་གཞན་གང་རུང་ཞིག་བསྒྲུབ་བསམ་པར་འདུག ཅེས་དྲིས་པར། མང་པོ་ཞིག་གིས་ཨང་དང་པོ་དེ་བསྒྲུབ་འདོད་ཅེས་ཞུས། ༼དགོད་སྒྲ།༽

འོ་ཡ་ཡ། ད་ཨང་དང་པོ་དེ་བསྒྲུབ་བསམ་ན། སངས་རྒྱས་ཀྱིས་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གི་ནང་དུ་ཡང་བྱང་ཆུབ་ཀྱི་སེམས་དང་རྫོགས་པ་ཆེན་པོའི་ཆོས་ལས་ལྷག་པ་ཞིག་གསུངས་ཡོད་པ་མིན།

དེ་ཡང་བྱང་ཆུབ་ཀྱི་སེམས་ཞེས་པ་ནི། ཐེག་ཆེན་པ་ཡོངས་སུ་རྫོགས་པའི་བསྒྲུབ་བྱ་ཡིན་ལ། རྫོགས་པ་ཆེན་པོ་ཞེས་པ་ནི། ཐེག་ཆེན་གྱི་ནང་ནས་ཐེག་ཆེན་ཁྱད་པར་བ་སྟེ། གསང་སྔགས་རྡོ་རྗེ་ཐེག་པ་ཞེས་གང་ཟག་ཆེས་མཆོག་ཏུ་གྱུར་པ་ཞིག་མ་གཏོགས། གཞན་ཐེག་ཆེན་པ་ཡིན་ཡིན་གྱིས་བསྒྲུབ་མི་ཆོག་པའི་ཆོས་ཟབ་མོ་ཞིག་ཡིན། དེས་ན་ཁྱེད་ཅག་གིས་དེ་གཉིས་ཀ་བསྒྲུབ་བསམ་མམ། ཅིག་ཤོས་དེ་བསྒྲུབ་འདོད་པ་ཡིན། ཞེས་དྲིས་ཚེ། ཚང་མས་གཉིས་ཀ་བསྒྲུབ་འདོད་ཅེས་ཞུས། ༼དགོད་སྒྲ།༽

འོ་དེ་ནི་ཧ་ཅང་ཡག་པོ་རེད། འུ་ཅག་ཚང་མས་གཉིས་ཀ་བསྒྲུབ་དགོས་པ་ཡིན། ངེད་བོད་ཡུལ་ལུང་པ་ན་ཡོད་པའི་བླ་མ་བཟང་པོ་ཞིག་ཡིན་ནས་བཟུང་སྟེ། ཚང་མས་ཀྱང་གཉིས་ཀ་སྒྲུབ་པ་ལས་གང་རུང་ཞིག་ཡ་བྲལ་བྱས་ནས་སྒྲུབ་ཀྱིན་ཡོད་པ་མིན། ཁྱེད་རྣམ་པས་ཀྱང་གཉིས་ཀ་བསྒྲུབ་ཟེར་རྒྱུ་དེ་ཧ་ཅང་ཡག་པོ་རེད།

དེས་ན་དང་པོ་བྱང་ཆུབ་ཀྱི་སེམས་འདི་ལས་འཕྲོས་པའི་གཏམ་མདོར་བསྡུས་ཙམ་ཞིག་ཁྱེད་རྣམ་པ་ལ་ཞུ།

བྱང་ཆུབ་སེམས་ཀྱི་ཕན་ཡོན།

དེ་ལ་བྱང་ཆུབ་ཀྱི་སེམས་ཞེས་པ་འདི་ནི། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱིས་བསྐལ་པ་གྲངས་མེད་དཔག་ཏུ་མེད་པ་མང་པོའི་གོང་རོལ་ནས། ཡང་ནས་ཡང་དུ་བློ་ཤེས་རབ་ཀྱིས་རྣམ་པར་བརྟགས་ཤིང་དཔྱད་ནས་སེམས་ཅན་ཐམས་ཅད་ལ་ཕན་པའི་ཐབས་དང་། སྡུག་བསྔལ་སེལ་བའི་ཐབས་ལ་གང་དགའ་གང་དྲག་དགོངས་པ་ན། མཐར་སེམས་ཅན་ལ་ཕན་བདེ་སྒྲུབ་པར་རིན་ཆེན་བྱང་ཆུབ་ཀྱི་སེམས་འདི་ལས་ལྷག་པའི་ཐབས་ཤིག་མེད་པར་མཁྱེན་ནས་འདི་ཉིད་གསུངས་བ་རེད།

བྱང་ཆུབ་ཀྱི་སེམས་འདི་ཉིད་ཀྱིས། གནས་སྐབས་སུ་ལྷ་དང་མིའི་བདེ་འབྲས་ཕུན་སུམ་ཚོགས་པ་འགྲུབ་པར་བྱེད་ཅིང་། མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཡང་བདེ་བླག་ཏུ་འགྲུབ་པར་བྱེད་པ་ཡིན། དེའི་ཕྱིར་འཇིག་རྟེན་ཁམས་ཀྱི་སྡུག་བསྔལ་ཐམས་ཅད་མེད་པར་འདོད་པ་དང་། བདེ་བ་ཐམས་ཅད་འཐོབ་པར་འདོད་པའི་གང་ཟག་ཅིག་ཡིན་ནས་བཟུང་སྟེ། ངེས་པར་དུ་བྱང་ཆུབ་ཀྱི་སེམས་འདི་ཉིད་རྒྱུད་ལ་བསྟེན་དགོས་པ་ཡིན།

བྱང་ཆུབ་ཀྱི་སེམས་འདི་ཉིད་རྒྱུད་ལ་སྐྱེས་ན། གང་ཟག་དེའི་མིང་ཡང་གནས་འགྱུར་འགྲོ་སྟེ། སྔོན་རང་བཞིན་གྱི་སེམས་ཅན་དང་མི་ཞེས་པ་ལས་མིང་གཞན་མེད་ཀྱང་། དེ་ནས་བཟུང་སྟེ་རྒྱལ་བའི་སྲས་དང་བྱང་ཆུབ་སེམས་དཔའ་ཞེས་པར་མིང་གནས་འགྱུར་བ་ཡིན། དོན་ཡང་གནས་འགྱུར་ནས་འཇིག་རྟེན་གྱི་ཆེ་དགུ་ལྷ་དང་ཀླུ། གནོད་སྦྱིན། དྲི་ཟ། མི་མ་ཡིན་ལ་སོགས་ཡོད་ཚད་ཚང་མས་ཀྱང་གུས་བཀུར་དང་ལེན་གྱིས་ཕྱག་འཚལ་བའི་འོས་སུ་འགྱུར་བ་ཡིན། དེའི་ཕྱིར་ན་བྱང་ཆུབ་ཀྱི་སེམས་འདི་ཉིད་བསྒོམ་དགོས།

དཔེར་ན་འཇིག་རྟེན་ཁམས་ན་གསེར་འགྱུར་གྱི་རྩི་ཞེས་པ་སྲང་གང་གིས་ལྕགས་ཕལ་པ་སྲང་སྟོང་ཕྲག་ཡོད་པ་ཡང་སྐད་ཅིག་ཉིད་ལ་གསེར་དུ་བསྒྱུར་བ་བཞིན་དུ། བྱང་ཆུབ་ཀྱི་སེམས་འདིས་ཀྱང་ད་སྔོན་ངེད་ཅག་གི་མི་གཙང་བ་ཡིད་དུ་མི་འོང་བའི་རང་བཞིན་གྱི་ལུས་འདི་ཡང་། མྱུར་བ་ཉིད་དུ་སངས་རྒྱས་ཀྱི་སྐུ་མཚན་དང་དཔེ་བྱད་ལྡན་པ། མཐོང་ན་མི་མཐུན་པ་མེད་པ། དུས་རྟག་ཏུ་སེམས་ཅན་རྣམས་ལ་ཕན་བདེ་སྟེར་བའི་སྐུ་ཉིད་དུ་བསྒྱུར་བར་བྱེད་པ་ཡིན།

བྱང་ཆུབ་སེམས་ཀྱིས་མ་ཟིན་པའི་ལུས་ཀྱིས་ཕྱག་འཚལ་བ་དང་སྐོར་བ་བྱེད་པ། ཁ་ཏོན་འདོན་པ་ལ་སོགས་པའི་དགེ་རྩ་གཞན་ཐམས་ཅད་ནི། དཔེར་ན་ཆུ་ཤིང་གི་སྡོང་པོ་དང་འདྲ་བར་འབྲས་བུ་ལན་ཅིག་བསྐྱེད་ནས་ཟད་པའམ་སྐམ་པར་འགྱུར་བ་ཡིན། བྱང་ཆུབ་སེམས་ཀྱིས་ཟིན་པའི་དགེ་རྩ་དེ་ནི། ལྷའི་དཔག་བསམ་གྱི་ཤིང་ལྟར་དུ་འབྲས་བུ་ཡུན་ནས་ཡུན་དུ་བསྐྱེད་ནས། གནས་སྐབས་སུ་མིའི་ཡུལ་དུ་འཁོར་ལོ་བསྒྱུར་རྒྱལ་དང་། ལྷའི་གནས་སུ་དབང་པོ་དང་ཚངས་པ་ལ་སོགས་པའི་སྐྱེ་བ་བླངས་ནས། མཐར་ཐུག་སངས་རྒྱས་ཐོབ་པའི་གནས་སྐབས་ན་ཡང་འབྲས་བུ་མི་འཛད་པར། སེམས་ཅན་གྱི་དོན་རྟག་ཁྱབ་ལྷུན་གྲུབ་ཆེན་པོ་རུ་འབྱུང་བར་བྱེད་པའི་ཕྱིར་ན། བྱང་ཆུབ་ཀྱི་སེམས་འདི་ཉིད་བསྒོམ་པ་ཤིན་ཏུ་གལ་ཆེ།

བྱང་ཆུབ་ཀྱི་སེམས་འདི་ཉིད་ཀྱིས་ཚེ་རབས་ཐོག་མེད་ནས་བསགས་པའི་སྲོག་བཅད་པ་དང་མ་བྱིན་པ་བླངས་པ་ལ་སོགས་པའི་སྡིག་པ་མི་དགེ་བ་ཆུང་རིམ་ཐམས་ཅད། རྩྭ་ཕུང་སྐམ་པོ་ལ་མེ་མཆེད་པ་བཞིན་དུ་སྐད་ཅིག་དེ་ཉིད་ལ་ལྷག་མེད་དུ་བྱང་བར་བྱེད་ཅིང་། སྡིག་པ་ཆེན་པོ་ཕ་བསད་པ་དང་མ་བསད་པ་ལྟ་བུའི་སེམས་ཅན་ངན་སོང་དུ་འགྲོ་དགོས་ངེས་ཅན་དེ་དག་གིས་ཀྱང་ཡུན་ཐུང་ངུ་སེ་གོལ་གཏོགས་ཡུན་ཙམ་མ་གཏོགས་ངན་སོང་གི་སྡུག་བསྔལ་ཡུན་རིང་པོར་མྱོང་མི་དགོས།

དེའི་ཕྱིར་ན་སྡིག་པ་འདག་པར་འདོད་པ་རྣམས་ཀྱིས་ཀྱང་བྱང་ཆུབ་ཀྱི་སེམས་འདི་ཉིད་བསྒོམ་དགོས།

དེ་ནི་བྱང་ཆུབ་སེམས་ཀྱི་ཕན་ཡོན་འབྲིང་པོའི་ཚུལ་དུ་བཤད་པ་ཡིན་ཞིང་། ད་དུང་རྒྱས་པར་ཤེས་འདོད་པ་རྣམས་ཀྱིས་སྡོང་པོ་བཀོད་པའི་མདོ་ལས་དཔེ་བརྒྱ་དང་ལྷག་ཙམ་གྱི་སྒོ་ནས་གསལ་པོར་བཤད་པ་དེ་དག་ལས་ཤེས་དགོས་པ་ཡིན།

དེ་ནས་བྱང་ཆུབ་སེམས་ཀྱི་ཕན་ཡོན་མདོར་བསྡུས་ཤིག་བཤད་ན། དོན་ཚན་གསུམ་གྱི་སྟེང་ནས་ཤེས་དགོས།

གཅིག བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་པའི་གང་ཟག་རྣམས་ངན་སོང་གསུམ་དུ་སྐྱེ་བར་མི་འགྱུར།

གཉིས། མཐོ་རིས་ལྷ་དང་མིའི་བདེ་བ་ཐམས་ཅད་ཀུན་ཀྱང་འབད་མེད་དུ་འབྱུང་བ་ཡིན།

གསུམ། རྒ་ཤི་མེད་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱེད་པ་ཡིན།

དེ་རིང་འུ་ཅག་གིས་མཉམ་དུ་བྱང་ཆུབ་སེམས་ཀྱི་སྡོམ་པ་ཞིག་ལེན་རྒྱུ་ཡིན།

སྔོན་འགྲོ་སྐྱབས་སུ་འགྲོ་བ།

ཐོག་མར་སྐྱབས་སུ་འགྲོ་བར་བྱེད་པ་ལ། དགོངས་སུ་གསོལ་བ་གསུམ་སྔོན་དུ་འགྲོ་དགོས། དེ་ནི་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་དང་། བླ་མ་རྡོ་རྗེ་འཛིན་པ་ཐམས་ཅད་རང་གི་མདུན་གྱི་ནམ་མཁར་སྒོམས། དེའི་མདུན་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཡིན་སྙམ་དུ་ཚིག་འདི་རྗེས་ཟློས་གྱིས།

ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དང་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་བདག་ལ་དགོངས་སུ་གསོལ།

བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བྱེད་པ་ལ་ཐོག་མར་སྐྱབས་སུ་འགྲོ་དགོས་ཤིང་། སྐྱབས་སུ་མ་སོང་ན་ནང་པ་སངས་རྒྱས་པའི་ཆོས་གང་ཡང་སྒྲུབ་ཐབས་མེད། དེས་ན་ཐོག་མར་སྐྱབས་སུ་འགྲོ་བའི་སྡོམ་པ་འདི་འབོག་རྒྱུ་ཡིན།

སྐྱབས་སུ་འགྲོ་བའི་དམིགས་རིམ་ནི། ཁྱེད་རྣམ་པས་དུས་ད་ནས་བཟུང་སྟེ་སྐྱེ་བ་ཚེ་རབས་ཐམས་ཅད་དུ་སྟོན་པ་དེ་སངས་རྒྱས་ཤཱཀྱ་ཐུབ་པ་ཁོང་མ་གཏོགས་གཞན་མི་བསྟེན་སྙམ་དུ་དམ་བཅའ་བ་ནི་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་ཡིན་ལ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་བའི་ཆོས་དེ་ཁོ་ན་ཉམས་སུ་ལེན་པ་ལས་གཞན་གང་ཡང་ཉམས་སུ་མི་ལེན་སྙམ་པའི་དམ་བཅའ་བ་ནི་ཆོས་ལ་སྐྱབས་སུ་འགྲོ་བ་དང་། སངས་རྒྱས་ཤཱཀྱ་ཐུབ་པའི་རྗེས་འཇུག་མགོན་པོ་འཇམ་དཔལ་དབྱངས་དང་ཕྱག་ན་རྡོ་རྗེ། སྤྱན་རས་གཟིགས། ཨོ་རྒྱན་རིན་པོ་ཆེ་ལྟ་བུ་སོགས་དང་ལྟ་སྤྱོད་མཐུན་པར་བྱ་ཞིང་། གསུང་ལ་མཉན། རྗེས་སུ་སློབ་སྙམ་པའི་ཁས་ལེན་དམ་བཅའ་བྱེད་པ་ནི་དགེ་འདུན་ལ་སྐྱབས་སུ་འགྲོ་བ་ཡིན།

མདོར་ན་རང་གི་སྲོག་ལ་ཐུག་ཀྱང་དཀོན་མཆོག་གསུམ་མི་སྤོང་བར། དཀོན་མཆོག་གསུམ་ཁོ་ན་སྐྱབས་སུ་བསྟེན་སྙམ་པའི་ཁས་ལེན་དམ་བཅའ་དང་ལྡན་པའི་སྒོ་ནས་ཚིག་འདི་རྗེས་ཟློས་གྱིས།

བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །

ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །

འོ་ཡ། ད་སྐྱབས་འགྲོའི་སྡོམ་པ་རྒྱུད་ལ་སྐྱེས་པ་ཡིན། ཁྱེད་ཅག་གིས་གོ་སོང་ངམ།

སྐྱབས་སུ་མ་སོང་ན་ནང་པ་སངས་རྒྱས་པ་ཟེར་བ་མིན་པས། དུས་དེ་རིང་ནས་བཟུང་སྟེ་ཁྱེད་རྣམ་པ་ཚང་མ་ནང་པ་སངས་རྒྱས་པར་གྱུར་བ་ཡིན། དེ་ཡིན་པར་ཧ་གོ་དགོས་པ་རེད། ད་ནས་བཟུང་སངས་རྒྱས་ཀྱི་ཆོས་གང་དང་གང་ལ་བསླབ་ན་ཡང་འདི་ལྟ་བུའི་འདུན་པ་བསྐྱེད་དགོས་ཏེ། ཁྱེད་ཅག་གིས་ཆོས་གང་བསྒྲུབ་ཀྱང་སྔར་དང་མི་འདྲ་བའི་འབྲས་བུ་དང་ནུས་པ་ཆེན་པོ་འཐོབ་རྒྱུའང་ཤེས་དགོས། དེ་བཞིན་དུ་འཇིགས་པ་དང་སྡུག་བསྔལ་ཇི་ལྟ་བུ་བྱུང་ཡང་དཀོན་མཆོག་གསུམ་ཁོ་ན་ལ་གསོལ་བ་འདེབས་པ་ལས། སྐྱབས་གཞན་ལ་མ་བསྟེན་ན་དཀོན་མཆོག་གསུམ་པོས་སྐྱོབ་མི་ཐུབ་པ་ཞིག་རྩ་བ་ནས་མེད། བདེ་འབྱོར་སྙན་གྲགས་སོགས་གང་དང་གང་ཞིག་འདོད་ན་ཡང་དཀོན་མཆོག་རིན་པོ་ཆེ་འདི་ཁོ་ན་ལ་གསོལ་བ་རྩེ་གཅིག་ཏུ་ཐོབས་དང་། དེས་སྟེར་མི་ཐུབ་པ་ཞིག་རྩ་བ་ནས་མེད།

སྐྱབས་སུ་འགྲོ་བའི་བསླབ་བྱ་ནི། དུས་རྒྱུན་དུ་སེམས་ཅན་མཆོག་དམན་རབ་འབྲིང་སུ་ལ་ཡང་གནོད་མི་སྐྱེལ་བར་ཕན་པ་བསྒྲུབ་རྒྱུ་ཁོ་ན་དང་དུ་ལེན་དགོས་པ་དེ་རྩ་བ་ཡིན།

དངོས་གཞི་སེམས་བསྐྱེད་པ།

བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དངོས་ལ། སྨོན་པ་སེམས་བསྐྱེད་དང་འཇུག་པ་སེམས་བསྐྱེད་གཉིས་ཡོད།

སྨོན་པ་སེམས་བསྐྱེད་ཅེས་པ་ནི། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ན་ཅི་མ་རུང་སྙམ་པ་དང་། འཇུག་པ་སེམས་བསྐྱེད་ནི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཕྱིར་དུ་སྦྱིན་པ་གཏོང་བ་དང་། ཚུལ་ཁྲིམས་སྲུང་བ། བཟོད་པ་སྒོམ་པ་ལ་སོགས་པའི་དགེ་བའི་བྱ་བ་རྣམས་ལ་དངོས་སུ་འཇུག་པར་བྱེད་པ་དེ་ཡིན།

འོག་གི་བྱང་སྡོམ་གྱི་ཚིག་རྣམས་རྗེས་ཟློས་ལན་གསུམ་དགོས་པ་ལས། རྗེས་ཟློས་དང་པོའི་དུས་སུ། རང་གི་རྒྱུད་ལ་སྨོན་པ་སེམས་བསྐྱེད་སྐྱེས་སོང་བར་སོམས། གཉིས་པའི་དུས་སུ་རྒྱུད་ལ་འཇུག་པ་སེམས་བསྐྱེད་སྐྱེས་སོང་བར་སོམས། གསུམ་པའི་དུས་སུ་གཉིས་ཀ་བརྟན་པར་གྱུར་ཅིང་རང་ཉིད་བྱང་ཆུབ་སེམས་དཔའ་ཉིད་དུ་གྱུར་སོང་བར་སོམས་ལ་འདི་ལྟར་རྗེས་ཟློས་གྱིས།

ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །

བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །

དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །

དེ་བཞིན་དུ་ནི་བསླབ་པ་ལའང་། །རིམ་པ་བཞིན་དུ་བསླབ་པར་བགྱི། །

ད་ནས་རིན་ཆེན་བྱང་ཆུབ་ཀྱི་སེམས་ཞེས་པ་དེ་ཁྱེད་རྣམ་པའི་རྒྱུད་ལ་སྐྱེས་པ་ཡིན་ལ། དུས་ད་ནས་བཟུང་སྟེ་བྱང་ཆུབ་སེམས་དཔའ་ཞེས་མིང་གནས་གྱུར་བ་དང་། ཁྱད་པར་དུ་ཁྱེད་རྣམ་པས་བསམ་པ་འདིའི་ཐོག་ནས་ལུས་ངག་གི་དགེ་བ་ཞིག་བསྒྲུབས་ན་འཇུག་པ་སེམས་བསྐྱེད་དུ་འགྱུར་འགྲོ་ཞིང་། སྨོན་འཇུག་གཉིས་ལས་བཟང་ཤོས་ནི་འཇུག་པ་སེམས་བསྐྱེད་དེ་ཡིན།

དེ་བཞིན་སྨོན་པ་སེམས་བསྐྱེད་ཡོད་ན་གོང་དུ་བཤད་པའི་ཕན་ཡོན་ཆ་ཚང་ཐོབ་ཀྱང་། འཇུག་པ་སེམས་བསྐྱེད་རྒྱུད་ལ་སྐྱེ་བ་ནས་བཟུང་སྟེ། དངོས་སུ་དགེ་བ་མ་བསྒྲུབས་པར་བག་མེད་པར་གྱུར་པ་དང་། གཉིད་ལོག་པར་གྱུར་པ། དུས་རྟག་ཏུ་དོན་མེད་འབའ་ཞིག་ལ་གཡེང་ན་ཡང་། དགེ་བ་དེ་རྒྱུན་ཆགས་སུ་གོང་ནས་གོང་དུ་ཆུ་ཀླུང་ཆེན་པོའི་རྒྱུན་བཞིན་རང་གི་རྒྱུད་ལ་འཕེལ་ཡོང་བ་ཡིན། འཇུག་པ་སེམས་བསྐྱེད་ཀྱི་ཕན་ཡོན་ནི་ནམ་མཁའི་ཁམས་ལ་ཡང་མི་ཤོང་བ་ལྟ་བུའི་བསམ་གྱིས་མི་ཁྱབ་པ་ཞིག་ཡིན། དེས་ན་སྨོན་འཇུག་གཉིས་ལས་གཙོ་བོ་འཇུག་པ་སེམས་བསྐྱེད་འདི་ལ་བསླབ་དགོས།

བྱང་ཆུབ་ཀྱི་སེམས་ཞེས་པ་ལ་དེ་ལྟ་བུའི་ཕན་ཡོན་རྒྱ་ཆེན་པོ་ཡོད་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། དཔེར་ན། ནམ་མཁའ་སྟོང་པ་འདིས་མ་ཁྱབ་ས་ཞིག་མེད། འདིས་ཁྱབ་ཚད་ལ་སེམས་ཅན་གྱིས་ཁྱབ་ཡོད། དེ་དག་རེ་རེ་བཞིན་དུ་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ་ན་སྙམ་པའི་བསམ་པ་སྐྱེས། ལག་ལེན་དུ་ཡང་དེ་དག་བདེ་ཐབས་སྐྱིད་ཐབས་ལ་བརྩོན་པར་བྱས་ན། དེ་ལ་ཕན་ཡོན་གཞལ་དུ་མེད་པ་ཞིག་ཡོད་པ་ནི་རྗེས་སུ་དཔག་པ་ལས་ཀྱང་ཤེས་ཐུབ།

འོ་ན་བསམ་པ་བཟང་པོས་སེམས་ཅན་ཐམས་ཅད་བདེ་སྐྱིད་དང་ལྡན་ན་སྙམ་པའི་བསམ་པ་རྐྱང་བ་ཙམ་ལ་དེ་འདྲའི་ཕན་ཡོན་ཅིའི་ཕྱིར་ཡོད་སྙམ་ན། དེ་ལ་ཕན་ཡོན་ཡོད་པའི་རྒྱུ་མཚན་ཞིག་ངོ་སྤྲད་རྒྱུ་ཡོད་དེ། སྔོན་བསྐལ་པ་མང་པོ་ཞིག་གི་སྔོན་རོལ་ན། དེད་དཔོན་མཛའ་བོའི་བུ་མོ་ཞེས་པ་དེ་ལས་ཀྱི་དབང་གིས་ངན་སོང་དུ་སྐྱེས། ཁོ་འཇིག་རྟེན་མི་ཡུལ་དུ་སྡོད་པའི་སྐབས་སུ་མ་ལ་རྡོག་ཐོས་བསྣུན་པའི་རྣམ་སྨིན་གྱིས་ཀླད་པ་ལ་ལྕགས་ཀྱི་འཁོར་ལོ་ཟུག་ནས་འཁོར་བ་ཡིན། དེ་དུས་ཁོའི་བསམ་པ་ལ་འདི་ལྟ་བུའི་སྡུག་བསྔལ་མྱོང་བཞིན་ཡོད་པའི་སེམས་ཅན་དེ་དག་སྙིང་རེ་རྗེ། འདི་དག་གི་སྡུག་བསྔལ་མེད་སོང་ན་ཅི་མ་རུང་སྙམ་པའི་བསམ་པ་བཟང་པོ་ཞིག་སྐྱེས་མ་ཐག་ཏུ། ཀླད་པའི་འཁོར་ལོ་དེ་ནམ་མཁར་ཡལ་ནས་ཁོ་རང་བདེ་བ་དང་ལྡན་པར་གྱུར་པ་ཡིན།

སེམས་ཅན་གཅིག་ཙམ་སྡུག་བསྔལ་དང་བྲལ་ན་བསམ་པ་ལ་ཡང་དེ་ལྟ་བུའི་ཕན་ཡོན་དཔག་ཏུ་མེད་པ་ཞིག་ཡོད་ན། ནམ་མཁས་གར་ཁྱབ་ཀྱི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་ཞིང་སྡུག་བསྔལ་དང་བྲལ་བར་འདོད་ན་ཕན་ཡོན་དཔག་ཏུ་མེད་པ་ཡོད་པ་སྨོས་མ་དགོས་པ་ཡིན།

བྱང་ཆུབ་སེམས་ཀྱི་ཕན་ཡོན་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལ་ལོ་དུང་ཕྱུར་མང་པོའི་བར་དུ་རིན་པོ་ཆེ་དང་། ཟས། རྒྱན་ཆ་ལ་སོགས་རྣམ་པ་སྣ་ཚོགས་ཀྱིས་མཆོད་པ་ཕུལ་བ་ལས། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་གྱུར་ཅིག་སྙམ་པའི་བསམ་པ་བཟང་པོ་འདི་ལན་ཅིག་སྐྱེས་ན་དེ་ཉིད་ཀྱི་ཕན་ཡོན་ཆེ་བ་ཡིན།

མཇུག་རང་གཞན་དགའ་བ་སྒོམ་པ།

དེས་ན་འདི་ལྟ་བུའི་བྱང་ཆུབ་ཀྱི་སེམས་དེ་ནི། རྙེད་པར་དཀའ་བ་ཡིད་བཞིན་གྱི་ནོར་བུ་ལྟ་བུ་ཡིན། ཡིད་བཞིན་གྱི་ནོར་བུ་ཟེར་བ་ནི་སྔོན་བསྐལ་པ་བཟང་པོའི་དུས་སུ་ཡོད་ཀྱང་དེང་སང་མཐོང་རྒྱུ་མེད། འཁོར་ལོས་བསྒྱུར་བའི་རྒྱལ་པོ་འཇིག་རྟེན་གྱི་ཁམས་སུ་བྱོན་དུས་ཡིད་བཞིན་གྱི་ནོར་བུ་ཟེར་བ་དེ་འབྱུང་ལ། དེས་དཔག་ཚད་རེ་རེར་ཡང་ཟས་འདོད་པ་ལ་ཟས་དང་། གོས་འདོད་པ་ལ་གོས། ནོར་འདོད་པ་ལ་ནོར་གྱི་ཆར་བ་འབེབ་པར་བྱེད་ཀྱང་། མི་དབུལ་པོ་ཞིག་གིས་ནི་རྙེད་མི་སྲིད་པ་ཡིན།

དེ་ལས་ཀྱང་རྙེད་པར་དཀའ་བའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འུ་ཅག་གི་རྒྱུད་ལ་སྐྱེས་པ་འདིར། ང་རེ་དགའ་ལ་ང་རེ་སྤྲོ་སྙམ་པའི་དགའ་སྤྲོ་བསྒོམ་དགོས། དེ་ལྟར་དུ་རང་གིས་དགའ་བ་སྒོམ་བཞིན་ཚིག་འདི་རྗེས་ཟློས་གྱིས།

དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །

དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །

ད་ནི་བདག་གིས་ཅི་ནས་ཀྱང་། །རིགས་དང་མཐུན་པའི་ལས་བརྩམས་ཏེ། །

སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ། །

ལོང་བས་ཕྱག་དར་ཕུང་པོ་ལས། །ཇི་ལྟར་རིན་ཆེན་རྙེད་པ་ལྟར། །

དེ་བཞིན་ཅི་ཞིག་ལྟར་སྟེས་ནས། །བྱང་ཆུབ་སེམས་ནི་བདག་ལ་སྐྱེས། །

དེ་ནས་གཞན་དགའ་བ་སྒོམ་པ་ཟེར་བ་ནི། འཇིག་རྟེན་གྱི་ཁམས་ན་ལྷ་ཀླུ་སྡེ་བརྒྱད་མི་མ་ཡིན་ལ་སོགས་པ་མཐུ་བོ་ཆེ་ཁྱེད་རྣམས་ཀྱིས་དགའ་བ་སྒོམས་ལ་སྤྲོ་བར་གྱིས། ང་ལ་མཐུན་རྐྱེན་སྡོང་གྲོགས་སྒྲུབས་དང་། ངས་ཁྱེད་ཅག་ཚང་མ་འཁོར་བའི་སྡུག་བསྔལ་ལས་བསྒྲལ་ནས་སངས་རྒྱས་ཀྱི་གོ་འཕང་ལ་དགོད་པར་བྱ་ཞེས་ཁས་བླངས་ཤིང་དམ་བཅས་ཚར་བ་ཡིན་པས། ཁྱེད་ཅག་གིས་དགའ་བ་སྒོམས་ཤིག་ཅེས་འཇིག་རྟེན་ཁམས་ཀྱི་མི་མ་ཡིན་ཐམས་ཅད་ལ་དེ་ལྟར་བསྒྲགས་དགོས་པ་ཡིན། ཁྱད་པར་དུ་འུ་ཅག་ཧཱ་ཝ་ཡེ་ཡི་ཡུལ་ཁམས་འདི་ལ་དབང་བསྒྱུར་བའི་ལྷ་མོ་འཇིགས་བྱེད་དྲག་མོ་(Goddess of Volcanoes and Fire:Pele)ཞེས་སྐུ་ལ་མེ་འབར་གྱིན་ཡོད་པ་དེ་གཙོ་བོར་གྱུར་པའི་སྣང་སྲིད་ཀྱི་ལྷ་འདྲེ་དྲེགས་པ་ཅན་ཐམས་ཅད་དགའ་བར་གྱིས་ལ་སྤྲོ་བར་གྱིས་དང་། ངས་ཁྱེད་རྣམས་ལ་འགལ་སྤོང་མཐུན་སྒྲུབ་ཀྱི་ཐབས་ལ་བརྩོན་པར་བྱེད་ལ། ཁྱེད་རྣམས་ཀྱིས་ཀྱང་ཡུལ་ཁམས་འདི་ལ་ཁ་འཛིན་སྡོང་གྲོགས་དང་། སྒོས་སུ་ངས་བྱང་ཆུབ་བསྒྲུབ་པ་ལ་ཁ་འཛིན་སྡོང་གྲོགས་གྱིས་སྙམ་པའི་སྒོ་ནས་རྗེས་ཟློས་བྱེད་དགོས་པ་ཡིན།

བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །

སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །

བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས། །

ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །

བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །

མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག །

སྐྱེས་པ་ཉམས་པ་མེད་པར་ཡང་། །

གོང་ནས་གོང་དུ་འཕེལ་བར་ཤོག །

རྗེ་ཉིད་ཀྱིས་དེ་ལྟར་གསུངས་པའི་སྡོམ་ཆོག་འདི་ཆེས་རིན་ཐང་ཆེ་ཞིང་། བྱང་སྡོམ་གྱི་མན་ངག་དང་འབོགས་ཆོག་སོགས་གནད་འདུས་ལ་ལག་ལེན་སླ་བ་ཡིན་པས། རང་གིས་ཉམས་སུ་ལེན་པའམ་གཞན་ལ་གནང་ནའང་ཕན་པ་ཤིན་ཏུ་ཆེ་བར་སྣང་།

སྐབས་འདིར་མང་པོ་ཞིག་གིས་ཆོས་ཁྲིད་ཀྱི་ནང་དོན་སྐོར་ལ་དྲི་བ་འགའ་རེ་ཡོད་ཟེར་བས། འདི་ལྟར་དྲི་བ་དྲིས་ལན་གྱི་གོ་སྐབས་ཤིག་ཀྱང་གནང་བྱུང་།

དྲི་བ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་སྟངས་དེ་ཤེས་མ་སོང་བས། དེ་གཅིག་གསུངས་རོགས་གནོངས།

ལན། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཚུལ་ནི། སྟོན་པ་ནི་སངས་རྒྱས་ཁོ་ན་དང་། རང་གིས་བསྒྲུབ་རྒྱུ་དེ་ནི་དམ་པའི་ཆོས་ཁོ་ན། གྲོགས་ནི་འཕགས་པའི་དགེ་འདུན་པ་ཁོ་ན་ཡིན་ཞིང་། དེ་དག་ཁོ་ནར་བསྟེན་བསམ་རྒྱུའི་དམ་བཅའ་བ་ནི་སྐྱབས་སུ་འགྲོ་བ་ཡིན།

དྲི་བ། འཇུག་པ་སེམས་བསྐྱེད་སྐོར་གྱི་ཕར་ཕྱིན་དྲུག་ལས། སྦྱིན་པ་དང་ཚུལ་ཁྲིམས། བཟོད་པ་གསུམ་གསུངས་སོང་། བརྩོན་འགྲུས་དང་བསམ་གཏན། ཤེས་རབ་ཀྱི་སྐོར་དེ་གང་འདྲ་ཡིན་ཚུལ་གསུང་རོགས།

ལན། བརྩོན་འགྲུས་ནི་དགེ་བར་སྤྲོ་བ་དང་། བསམ་གཏན་ནི་སེམས་གཞན་དུ་མི་གཡེང་བ། ཤེས་རབ་ནི་སྟོང་ཉིད་རྟོགས་པའི་བློ་ལ་ཟེར་བ་ཡིན།

དྲི་བ། ཐེག་པ་ཞེས་པའི་དོན་གང་ཡིན། མཚན་ཉིད་ཐེག་པ་དང་རྡོ་རྗེ་ཐེག་པ་གཉིས་ཀྱི་དོན་སོ་སོར་གསུང་རོགས་ཞུ།

ལན། ཐེག་པ་ཞེས་པ་སྤྱིར་ཡར་འདེགས་ནུས་པའི་དོན་ལ་གོ་ཞིང་། དེ་ལ་འདིས་འདེགས་པ་རྒྱུ་ཡི་ཐེག་པ་ཞེས་དང་པོ་རྒྱུ་ལ་བརྟེན་ནས་འདེགས་པ་དང་། འདིར་འདེགས་པ་འབྲས་བུའི་ཐེག་པ་ཞེས་འདེགས་འགྲོ་སའི་ཡུལ་དེ་ལ་འབྲས་བུའི་ཐེག་པ་ཟེར་བ་ཡིན། སྡུད་པ་ལས། ཐེག་པ་འདི་ནི་མཁའ་འདྲ་གཞལ་མེད་ཁང་ཆེན་ཏེ། །དགའ་སྐྱིད་བདེ་བ་མངོན་པར་འཐོབ་བྱེད་ཐེག་པའི་མཆོག །དེ་གང་ཞོན་ནས་སེམས་ཅན་ཐམས་ཅད་མྱ་ངན་ཟློ། །ཞེས་ཐེག་པའི་སྒྲ་དོན་དང་བཅས་གསུངས་པ་ལྟ་བུ་ཡིན། མདོ་མཚན་ཉིད་ཐེག་པ་ནི། ད་ལྟ་སངས་རྒྱས་མ་ཡིན་པ་ཞིག་གིས་སངས་རྒྱས་ཀྱི་ལམ་ལ་བསླབ་ནས་གཟོད་སངས་རྒྱས་ཐོབ་པ་སྟེ་གཞི་དང་འབྲས་བུ་གཉིས་ཐ་དད་དུ་འདོད། རྡོ་རྗེའི་ཐེག་པས་ནི་སེམས་ཅན་རྣམས་གཞི་ནས་སངས་རྒྱས་ཡིན་པ་ལ་ཡིན་པར་ངོ་ཤེས་པ་ཙམ་ལ་འབྲས་བུའི་ཐེག་པ་ཞེས་ཟེར་ཞིང་། གཞི་འབྲས་གཉིས་ཀ་སོ་སོར་དབྱེར་མེད་པར་འདོད་པ་ཡིན།

དྲི་བ། ཁྱེད་ས་ཆ་འདིར་ཕེབས་པར་ཕྲན་དགའ་སྤྲོ་ཆེན་པོ་སྐྱེས་སོང་། དེང་སང་བོད་ཀྱི་ལུང་པ་ལ་དབང་སྒྱུར་པ་དག་གིས་སྡུག་པོ་གཏོང་བ་སོགས་རྙོག་དྲ་འདྲ་མིན་འབྱུང་བཞིན་ཡོད་ཅེས་གོ་བྱུང་། སྤྱིར་གང་ན་ཡང་རྙོག་དྲ་ཕྲན་བུ་ཙམ་རེ་ཡོད་ཀྱང་། བོད་ཀྱི་ལུང་པ་ན་ནང་པའི་ཆོས་རྒྱ་ཆེར་དར་ཞིང་། ས་ཆ་བྱིན་རླབས་ཅན་རེད། མི་ཐམས་ཅད་བྱང་ཆུབ་སེམས་རྒྱུད་ལྡན་ཡིན་ན། དེ་འདྲའི་རྙོག་དྲ་དེ་ཇི་ལྟར་བྱུང་ཡོང་བ་ཡིན་ནམ།

ལན། བྱང་ཆུབ་སེམས་དཔའ་ལ་དེ་ལྟ་བུའི་རྙོག་དྲའམ་གཞན་གྱི་གནོད་པ་བསྐྱལ་བ་ཤིན་ཏུ་ཉུང་ཞིང་། གལ་ཏེ་ཡོད་ནའང་ཧ་ཅང་དགའ་བ་བསྒོམ་སའི་ཡུལ་ཡིན་ཏེ། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱིས་ཐེངས་མང་པོར་རང་གི་དབུའང་སེམས་ཅན་རྣམས་ལ་སྦྱིན་པ་བཏང་མྱོང་བས་དེ་ཡང་སེམས་ཅན་གྱི་དོན་རེད། དེའི་རྒྱུ་མཚན་གཞན་ཤེས་པར་འདོད་ན་མང་པོ་གླེང་རྒྱུ་ཡོད་ཀྱང་དེ་ཙམ་གྱིས་ཆོག་པར་བྱ།

དྲི་བ། བྱང་ཆུབ་ཀྱི་སེམས་དེ། སེམས་ཤིག་རེད་དམ། ལུས་དང་འབྲེལ་བ་ཡོད་པ་ཞིག་རེད།

ལན། བྱང་ཆུབ་གྱི་སེམས་དེ་སེམས་ཡིན་ལ། འུ་ཅག་གི་ལུས་འདི་ཡོད་པའི་རིང་ལ་ལུས་པོ་དང་འབྲེལ་བ་ཡོད་པ་རེད།

འཇམ་དཔལ་གྱིས་གནང་བའི་འཇམ་དཔལ།

ཕྱི་ཟླ་༦པའི་ཚེས་༡༨ཉིན་གྱི་སྔ་དྲོའི་ཆོས་ཁྲིད་དང་བྱང་སྡོམ་གསུངས་རྗེས། མ་གཞི་ཕྱི་དྲོའི་དུས་སུ་ཆོས་རྗེ་ཉིད་ཀྱིས་ངལ་གསོས་ཏེ་དུས་ཁྱད་སྙོམ་སྒྲིག་བྱ་དགོས་ཀྱང་། མཇལ་ཁ་དང་བྱིན་རླབས་ཞུ་རུ་ཡོང་བའི་མི་མང་བས་ཁོང་གིས་མི་རེ་རེ་བཞིན་གྱི་འདོད་པ་བསྐངས་ལ། ཁྱད་པར་དུ་ནུབ་ཕྱོགས་པ་དག་དྲི་བ་འདྲི་བར་དགའ་པོ་ཡོད་པས། ཆོས་རྗེ་ཉིད་དང་བླ་རུང་། བོད་ཡུལ་སོགས་དང་འབྲེལ་བའི་དྲི་བ་མང་པོ་དྲིས།

བདག་གི་དྲན་པའི་ཡོལ་བའི་ངོས་སུ་རྗེ་ཉིད་ལ་མི་ཞིག་གིས་འདི་ལྟར་དྲིས་པ་འཆར་ཡོང་སྟེ། ཁྱེད་ཉིད་རིག་གསར་གྱི་དུས་སུ་བོད་ཡུལ་དུ་སྒྲུབ་ཕུག་གི་ནང་དུ་སྐུ་མཚམས་ལ་བཞུགས་སྐབས་དམར་སྲུང་དམག་མི་རྣམས་ཀྱིས་ཕྱིར་དྲུད་པ་ན། ཁྱེད་ཀྱི་སྐུ་ལུས་ཇེ་ཆེ་དང་ཇེ་ལྕིར་སོང་ནས་འདྲུད་མ་ཐུབ་པ་རེད་ཟེར་བ་ཐོས་པས། ཁྱེད་ཀྱིས་དེ་ཇི་ལྟར་བྱས་པ་ཡིན་ཞེས་དྲིས་པ་ལ། རྗེ་ཉིད་ཀྱིས། དེ་ནི་ཁོ་རང་ཚོར་དེ་ལྟར་སྣང་བ་ཙམ་རེད། བདག་གིས་ཁོ་ཚོ་དང་མཉམ་དུ་རྩེད་མོ་བརྩེས་པ་ཙམ་ཡིན་ཞེས་གསུངས།

དེར་མཱེས་ཀཱེལ་(Miguel Schwabe)ཞེས་པའི་ནུབ་ཕྱོགས་པ་ཞིག་ཡོད་ཅིང་། ཁོང་ནི་གནས་ཆུང་དགོན་ནས་ངེད་ཅག་ལ་སྣེ་ལེན་བྱེད་མཁན་གཙོ་བོ་ཞིག་ཡིན་ལ་བོད་སྐད་ཀྱང་ཉུང་ཙམ་ཤེས། རྗེ་ཉིད་ལ་ཆོས་ཁྲིད་མེད་སྐབས། ཁོ་རང་རྒྱུན་དུ་སྐུ་མདུན་དུ་བཅར་ནས་གླེང་མོལ་བྱེད་ཅིང་དྲི་བ་སྣ་ཚོགས་འདོན་གྱིན་ཡོད་པར་མ་ཟད། སྐབས་དེར་ཆོས་རྗེ་ཉིད་ཀྱིས་མི་དེར་གྲུབ་རྟགས་ཤིག་ཀྱང་བསྟན་མྱོང་ཞེས་བདག་གིས་ཐོས་པས། རྗེས་སུ་ངས་དོན་དེ་བདེན་མིན་རྩར་གཅོད་པར་མི་ཞིག་ཆེད་དུ་མངགས་ཤིང་། དེས་ཕྱི་ལོ་༢༠༡༧ལོའི་ཟླ་༡༠པའི་ཚེས་༢༠ཉིན་མཱེས་ཀཱེལ་ལ་བཅར་འདྲི་བྱས་པའི་ནང་དོན་ཡི་གེར་བཀོད་པ་གཤམ་གསལ་ལྟར།

བདག་གིས་ཆོས་རྗེ་རིན་པོ་ཆེ་ལ། ཁྱེད་རྣམས་རྒྱ་ནག་རི་བོ་རྩེ་ལྔ་རུ་བྱོན་པ་དེ་ཇི་ལྟར་ཡིན་ཞེས་དྲིས་པ་ན། ཁོང་གིས། སྐབས་དེར་མི་ཧ་ཅང་མང་པོ་ཡོད་ཅིང་། མི་རྣམས་ཀྱིས་ངེད་ཅག་རི་བོ་རྩེ་ལྔ་ལ་གནས་མཇལ་དུ་འགྲོ་བ་ཐོས་པས། ལམ་བར་ནས་མེ་འཁོར་དུ་ཞུགས་མཁན་ཡང་ཇེ་མང་ནས་ཇེ་མང་དུ་སོང་སྟེ་ཉེན་རྟོག་པ་རྣམས་ཀྱང་བྲེལ་འཚུབ་ཆེན་པོ་ལངས་དགོས་ཐུག ཚང་མ་ང་དང་མཉམ་དུ་གནས་མཇལ་དང་གནས་སྐོར་ལ་འགྲོ་འདོད་པ་ཙམ་ལས། སྐབས་དེར། རྒྱ་ནག་གི་མི་རྣམས་བོད་བརྒྱུད་ནང་བསྟན་ལ་རྒྱུས་ལོན་དེ་ཙམ་མེད། བདག་ས་ཆ་མང་པོར་འགྲོ་མ་འདོད་པར་མཚམས་ལ་བསྡད་པ་ཡིན་གསུངས།

ངས་ཁོང་ལ་ཁྱེད་ཀྱིས་འཇམ་དཔལ་དབྱངས་མཇལ་ཨེ་བྱུང་ཞེས་དྲིས་པར། ཁོང་གིས། མཇལ་བྱུང་། ངས་ནོར་བཟང་ཕུག་པ་ནས་མཚམས་གྲོལ་ལ་ཉེ་ཁར་འཇམ་དཔལ་དབྱངས་དངོས་སུ་མཇལ་བྱུང་ལ། སྐབས་དེའི་མཚམས་སྒྲུབ་ལ་གྲུབ་འབྲས་ཧ་ཅང་ཡག་པོ་ཐོབ་སོང་ཞེས་གསུངས།

ངས་འཇམ་དཔལ་དབྱངས་ཀྱིས་ཁྱེད་ལ་ཅི་ཞིག་གནང་བྱུང་ཞེས་དྲིས་ཚེ། ཁོང་གིས། གནང་བྱུང་ཡ་ཞེས་གསུང་ཞོར་དུ་ཕྱག་གིས་དབུ་ལ་ཉུག་ཉུག་མཛད་ནས། ཆེ་ཆུང་མཐོ་གང་ཙམ་གྱི་སྐུ་ཆེན་པོ་ཞིག་ཕྱག་ཏུ་བླངས་བྱུང་། དེ་ནི་ཁོང་གིས་ཁུག་མའི་ནང་ནས་བཙལ་བ་མ་ཡིན་ལ། ཅོག་ཙེའི་སྟེང་ནས་བླངས་པའང་མིན་པར་དབུ་ལ་ཉུག་ཉུག་བྱེད་སྐབས། གློ་བུར་དུ་ནམ་མཁའ་ནས་འཇམ་དཔལ་དབྱངས་ཀྱི་སྐུ་ཞིག་བླངས་བྱུང་བ་བདག་གིས་མངོན་སུམ་དུ་མཐོང་བྱུང་།

ཁོང་གིས་སྐུ་དེ་ང་ལ་གཏད་པ་ན། ངས་ལག་པ་གཉིས་ཀྱིས་བླངས་ནས་མགོ་ཐོག་ཏུ་གཏུག་ཙམ་བྱས་ཏེ། མིག་གཉིས་མ་བཙུམ་པར་གཟབ་ནན་གྱིས་སྐུ་དེར་རྩེ་གཅིག་ཏུ་བལྟས་ཤིང་། འདི་ནི་ཆེས་དམིགས་བསལ་བ་ཞིག་སྟེ། ང་ལ་འཇམ་དཔལ་དབྱངས་དངོས་ཀྱིས་གནང་བའི་འཇམ་དཔལ་དབྱངས་ལག་ཏུ་ལེན་པའི་སྐལ་བ་ཐོབ་པ་ནི། ཅི་འདྲའི་བསོད་ནམས་བཟང་བ་ལ་ཨང་སྙམ་བཞིན་སེམས་པ་ཤིན་ཏུ་དགའ་བའི་ངང་སྐུ་དེར་ཞིབ་ཏུ་མཇལ་བ་ན། དེའང་སྤུས་ཀ་དང་བཟོ་བཀོད་ཤིན་ཏུ་ལེགས་ཤིང་། ལག་ཏུ་བླངས་ན་ལྗིད་ཏིག་གེར་ཡོད་པས་འཁྲུལ་བའི་སྣང་བ་ནི་མིན་ཐག་ཆོད་ཡིན། ངས་དེ་ལྟར་སྐར་མ་གསུམ་བཞི་ཙམ་ལ་མཇལ་ནས་སླར་ཆོས་རྗེ་རིན་པོ་ཆེའི་ཕྱག་ཏུ་གཏད་པ་ན། དེ་ཉིད་ཁོང་གི་ཕྱག་ནས་གློ་བུར་དུ་འཇའ་ཡལ་བ་ལྟར་མི་སྣང་བར་གྱུར་སོང་།

གནས་ཚུལ་དེ་དངོས་སུ་མཐོང་སྐབས་ངའི་ཡིད་ལ། འདི་རྫུ་འཕྲུལ་དང་གྲུབ་རྟགས་བསྟན་པ་ཡིན་ནམ་སྙམ། སྔོན་ཆད་བདག་གིས་བླ་མ་ལ་ལ་མཚམས་ལ་བཞུགས་སྐབས་གྲུབ་རྟགས་བསྟན་པ་འགའ་ཞིག་མཐོང་མྱོང་ཡང་། ཆོས་རྗེ་རིན་པོ་ཆེའི་ཚུལ་འདི་ནི་གཞན་དང་མི་འདྲ་བར་ཆེས་ཧ་ལས་ཤིང་ངོ་མཚར་བའི་གནས་སུ་གྱུར་པ་ཞིག་རེད། དེ་ནི་ཁོང་གཏེར་ཆེན་ལས་རབ་གླིང་པ་དང་འབྲེལ་བ་ཡོད་པས་ཡིན་ཤས་ཆེ།

ད་ལྟ་གནས་ཚུལ་དེ་འདྲ་མཇལ་རྒྱུའི་གོ་སྐབས་མང་པོ་མེད་པས། ང་ནི་ཤིན་ཏུ་སྐལ་བ་བཟང་པོ་དང་ལྡན་པ་ཡིན་སྙམ་བཞིན་ཡོད། ཅེས་ཟེར།

ནུབ་ཕྱོགས་ཀྱི་མི་རྣམས་ནི་ཆུང་དུས་ནས་དྲང་བདེན་དང་དངོས་ཐོག་བདེན་འཚོལ་གཙོ་བོར་བྱེད་པ་ཡིན་པས། དོན་འདི་ནི་སྒྲོ་བཏགས་པ་ཙམ་མིན་པར་ཡིད་ཆེས་ནས་ཡི་གེར་བཀོད་པ་ཡིན།

རྫོགས་ཆེན་གྱི་རྣམ་གཞག་ངོ་སྤྲོད།

ཆོས་རྗེ་ཉིད་ཀྱིས་ཆོས་ཁྲིད་སྐབས་སུ། བོད་བརྒྱུད་ནང་བསྟན་གྱི་ཟབ་ཆོས་གཉིས་ནི་བྱང་ཆུབ་ཀྱི་སེམས་དང་རྫོགས་པ་ཆེན་པོ་ཡིན་པར་གསུངས་པ་ལས། བྱང་ཆུབ་སེམས་ཀྱི་སྐོར་ནི་སྔ་དྲོའི་བྱང་སྡོམ་གནང་སྐབས་རྒྱས་པར་ངོ་སྤྲོད་གནང་ཟིན་ལ། འཇམ་དཔལ་ཞི་སྒྲུབ་ཀྱི་དབང་དང་ཁྲིད་ཡིག་སངས་རྒྱས་ལག་སྟེར་སོགས་རྫོགས་པ་ཆེན་པོའི་སྐོར་དེ་ཉིན་གཉིས་པ་ནས་བཟུང་སྟེ་གསུང་རྩིས་ཡིན་ཡང་། རྫོགས་པ་ཆེན་པོའི་ཆོས་ལ་རྒྱུས་ལོན་ནམ་དང་བ་སྐྱེ་བའི་ཕྱིར་དུ་ཐམས་ཅད་ལ་དགོང་མོའི་དུས་སུ་འདི་ལྟར་གསུང་།

དེ་ཡང་ཕྱི་རོལ་མུ་སྟེགས་པ་དང་ནང་པ་སངས་རྒྱས་པ་གང་དང་གང་ཡིན་ནའང་། ཐོག་མར་ཆོས་འཆད་ཉན་དང་སྒོམ་སྒྲུབ་ཀྱི་དུས་སུ་རང་གང་མོས་ཀྱི་ལྷ་ལ་ཕྱག་འཚལ་བ་དང་མཆོད་པར་བརྗོད་པ་སྔོན་དུ་འགྲོ་བ་དེ་ནི་གྲུབ་མཐའ་འཛིན་པ་སྤྱིའི་འགྲོ་ལུགས་ཡིན་པ་ལྟར། ད་ལྟ་བདག་གིས་ཀྱང་རང་གི་ལྷག་པའི་ལྷ་ལ་ཕྱག་འཚལ་བ་དང་མཆོད་པར་བརྗོད་པ། གདུལ་བྱ་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་དམ་བཅས་པ་རྣམས་སྔོན་དུ་སོང་བ་རེད།

ནང་པ་སངས་རྒྱས་པའི་ཐེག་ཆེན་ཐུན་མོང་མ་ཡིན་པའི་ལུགས་སྲོལ་འདི་ལ། ཆོས་འཆད་ཉན་སྒོམ་སྒྲུབ་གང་གི་དུས་སུ་ཡང་། ད་ནངས་བཤད་ཟིན་པ་ལྟར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི་དུས་རྒྱུན་མེད་དུ་མི་རུང་བ་ཡིན་ལ། ཆོས་ཉན་སྟངས་ཀྱི་ཆ་ནས་ནི། བདག་གིས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་དགོད་པར་བྱ་བའི་ཆེད་དུ་ཆོས་འདི་ཉན་པ་ཡིན་སྙམ་པའི་ཀུན་སློང་སྔོན་དུ་སོང་ནས་མཉན་དགོས།

དེ་ལྟར་ཆོས་ཉན་པ་ལ་སེམས་ཅན་ཐམས་ཅད་སངས་རྒྱས་འཐོབ་བྱེད་ཀྱི་ནུས་པ་ཇི་ལྟར་ལྡན་ནམ་སྙམ་ན། དེ་ལ་བཅོམ་ལྡན་འདས་ཀྱིས། སྒྲུབ་པ་ལོ་དགུར་བྱེད་པ་ལས་ཆོས་ལན་གཅིག་འཆད་ཉན་བྱས་པའི་ཕན་ཡོན་ཆེ་ཞེས། འུ་ཅག་གིས་སྒོམ་སྒྲུབ་ཉམས་ལེན་ལོ་དགུར་བྱས་པ་ལས། བླ་མའི་དྲུང་ནས་ཆོས་ཉན་ཞིང་དེའི་དོན་ལ་སེམས་པ་ཕན་ཡོན་ཆེ་བར་གསུངས་པས། སེམས་ཅན་གཞན་གྱི་དོན་སྒྲུབ་པར་བྱེད་པ་ལ་ཆོས་མཉན་རྒྱུ་དེ་ཅི་ནས་ཀྱང་གལ་ཆེ་བ་རེད།

དེར་མ་ཟད། ཆོས་འཆད་པའི་དུས་སྟོན་པའི་ཕྱིར་དུ་ཐོག་མར་རྔ་རྡུང་བ་དང་དུང་འབུད་པ། མཁར་རྔ་རྡུང་བ་ལ་སོགས་པའི་སྒྲ་སྐད་རྣམས་དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་བྱ་བྱེའུ་རི་དྭགས་ཡན་ཆད་ཀྱི་རྣ་ལམ་དུ་ཐོས་པ་ཙམ་གྱིས་ཀྱང་ངན་སོང་གི་སྐྱེ་སྒོ་ཁེགས་ནས་ལུས་རྟེན་དམན་པའི་སྐྱེ་བ་མི་ལེན་པར་གསུངས་ན། ཆོས་དངོས་སུ་ཐོས་པ་ལ་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད་པ་སྨོས་ཅི་དགོས། ཆོས་ཐོས་པས་ནི་རང་རྒྱུད་ཀྱི་མི་ཤེས་པ་དང་རྨོངས་པའི་ཆ་ཐམས་ཅད་སེལ་བར་བྱེད་པའང་ཡིན།

གཞན་ཡང་མཁས་པ་ཤེས་རབ་ཅན་དང་འཕྲད་ན། སྐྱེས་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པའང་ཐོས་པ་འདི་ཉིད་ཡིན་པའི་ཕྱིར། ཚེ་འདིར་འབྱུང་བའི་ཕན་ཡོན་ཡང་བསམ་གྱིས་མི་ཁྱབ་པ་ཡོད་ཅིང་། ཚེ་ཕྱི་མར་འབྱུང་བའི་ཕན་ཡོན་ལ་བསམ་བློ་བཏང་ན། ཡར་དཀོན་མཆོག་གི་ཞིང་ས་ལ་མཆོད་པ་དུ་མ་བྱས་པ་དང་། མར་ངན་སློང་གི་སེམས་ཅན་ཐམས་ཅད་ལ་ལོ་མང་པོའི་རིང་དུ་སྦྱིན་པ་བྱས་པ་ལས། ཐོས་པ་ལན་གཅིག་བྱས་པའི་ཕན་ཡོན་ཆེ་ལ། ས་སྟེང་མ་ལུས་པ་ཐམས་ཅད་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་མཆོད་རྟེན་དང་སྐུ་གཟུགས་རྣམ་པ་སྣ་ཚོགས་ཀྱིས་བཀང་བ་ལས། ཐེག་པ་ཆེན་པོའི་ཆོས་ཚིག་བཞི་གཅིག་ཉན་ན་དེའི་ཕན་ཡོན་ཆེ་བར་མདོ་སྡེ་རྣམས་སུ་གསུངས་ཡོད།

དེ་བཞིན་དུ་ཕྱོགས་བཅུའི་ཞིང་རབ་འབྱམས་པ་ན་བཞུགས་པའི་རྒྱལ་བ་དང་དེའི་སྲས་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ལ། ཉིན་རེ་བཞིན་དུ་ཡོ་བྱད་རྣམ་པ་སྣ་ཚོགས་ཀྱིས་མཆོད་པ་དང་བསྙེན་བཀུར་སྣ་ཚོགས་བྱེད་པ་ལས། ཐེག་པ་ཆེན་པོའི་ཆོས་ཚིག་བཞི་བའི་ཚིགས་སུ་བཅད་པ་གཅིག་ཉན་ན་དེའི་ཕན་ཡོན་ཆེ་ཚུལ་ཡང་མདོ་སྡེ་དང་བསྟན་བཅོས་མང་པོར་གསུངས་ཡོད། དེ་ལྟ་བུའི་ཐེག་པ་ཆེན་པོའི་ཆོས་མཉན་པ་ནི་དེ་འདྲའི་ཕན་ཡོན་ཆེན་པོ་དང་ལྡན་པའི་ཕྱིར་ན། བདག་གིས་ཆོས་འདི་ཉན་པའི་དགེ་བ་ཡིས། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་ཞིང་སྡུག་བསྔལ་དང་བྲལ་བར་གྱུར་ཅིག་སྙམ་པའི་བསམ་པ་བཟང་པོ་སྔོན་དུ་སོང་ནས་ཆོས་ལ་མཉན་དགོས་པ་ཡིན།

སྟོན་པ་བྱོན་ཚུལ།

སྐབས་སུ་བབས་པའི་འཆད་བྱའི་ཆོས་དེ་གང་ཡིན་ཞེ་ན། དེ་ཡང་བསྐལ་པ་གྲངས་མེད་པའི་སྔོན་རོལ་དུ། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་མཉམ་མེད་ཐུབ་པའི་དབང་པོ་ཀུན་མཁྱེན་བུ་རམ་ཤིང་པ་དེ་ཉིད་སློབ་པ་ལམ་གྱི་གནས་སྐབས་ན། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་ཆེན་ཞེས་བྱ་བ་འཇིག་རྟེན་གྱི་ཁམས་འདིར་བྱོན་པ་དང་མཇལ་བས། ཁོང་གིས་དེ་ལ་མཆིལ་ལྷམ་ཟུང་གཅིག་དང་ཀ་ཤི་ཀའི་གདུགས། འགྲོན་བུ་ལྔ་བརྒྱ་བཅས་ཕུལ་ནས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་སེམས་དཔའི་ལམ་ལ་བསླབ་པར་བྱའོ་ཞེས་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ཅིང་། རིམ་གྱིས་སྦྱིན་པ་དང་ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན་ཏེ་དམིགས་བཅས་བསོད་ནམས་ཀྱི་ཚོགས་དང་། ཤེས་རབ་བདག་མེད་རྟོགས་པའི་ཡེ་ཤེས་ཏེ་དམིགས་མེད་ཡེ་ཤེས་ཀྱི་ཚོགས་ཏེ་ཚོགས་གཉིས་ཟུང་འབྲེལ་དུ་བསྒོམས་ནས། བསྐལ་ཆེན་གྲངས་མེད་གཅིག་ལ་ཚོགས་ལམ་དང་སྦྱོར་ལམ་སྟེ་སོ་སོའི་སྐྱེ་བོའི་ལམ་གཉིས་བགྲོད་པར་མཛད། དེ་ནས་བསྐལ་ཆེན་གྲངས་མེད་གཅིག་གིས་ཚོགས་བསགས་སྒྲིབ་པ་སྦྱངས་བའི་ལག་རྗེས་ལ། མཐོང་ལམ་རབ་ཏུ་དགའ་བའི་ཡེ་ཤེས་ཞེས་བྱ་བ་དང་སྒོམ་ལམ་གྱི་མ་དག་ས་བདུན་རིམ་བཞིན་བགྲོད་པར་གྱུར། དེ་ནས་བསྐལ་ཆེན་གྲངས་མེད་གཅིག་གི་རིང་ས་བརྒྱད་པ་དང་དགུ་པ། བཅུ་པ་སྟེ་དག་པ་ས་གསུམ་ཐོབ་པར་གྱུར།

ས་བཅུའི་རྒྱུན་མཐའ་ལ་དགའ་ལྡན་ལྷའི་གནས་སུ་ལྷའི་བུ་དམ་པ་ཏོག་དཀར་པོ་ཞེས་བྱ་བའི་སྐྱེ་བ་བཞེས་ནས། དགའ་ལྡན་པའི་ལྷ་རྣམས་ལ་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བར་མཛད། དེ་ནས་ས་མོ་ལུག་གི་ལོའི་བོད་ཟླ་དྲུག་པ་དབྱར་འབྲིང་ཆུ་སྟོད་ཟླ་བའི་ཚེས་བཅོ་ལྔ་ལ། འཛམ་བུ་གླིང་གི་སེམས་ཅན་རྣམས་ཡོངས་སུ་གདུལ་བར་བྱ་བའི་ཕྱིར། དགའ་ལྡན་ལྷ་ཡི་གནས་ནས་མི་ཡུལ་སེར་སྐྱའི་དྲུང་དུ་ཡུམ་སྒྱུ་མ་ལྷ་མཛེས་མའི་ལྷུམས་སུ་ཞུགས་ཤིང་། ཟླ་བ་བཅུ་རྫོགས་པའི་དུས་སུ་ལུམྦི་ནིའི་སྐྱེད་ཚལ་ཞེས་བྱ་བར་ཡུམ་གྱི་མཆན་ཁུང་གཡས་པ་ནས་སྡུག་བསྔལ་མེད་པར་སྐུ་བལྟམས་པར་མཛད། ༼ལུམྦིའི་ཚལ་ནི་ད་ལྟའི་ནེ་པ་ལའམ་བལ་ཡུལ་གྱི་ས་ཆ་ཡིན།༽ དེ་ནས་དགུང་ལོ་ཉི་ཤུ་རྩ་དགུའི་རིང་དུ་རྒྱལ་པོ་ཟས་གཙང་མའི་རྒྱལ་སྲིད་བཟུང་ནས་སེར་སྐྱའི་གནས་སུ་བཞུགས། དགུང་ལོ་ཉེར་དགུའི་སྟེང་། འཁོར་བ་མཐའ་དག་ལ་སྐྱོ་བ་སྐྱེས་ནས་མཆོད་རྟེན་རྣམ་དག་གི་དྲུང་དུ་དབུ་སྐྲ་བསིལ་ཏེ་རབ་ཏུ་བྱུང་། ཆུ་བོ་ནེ་རཉྫ་ནའི་འགྲམ་དུ་ཉིན་རེར་ཆུ་ཐིགས་པ་རེ་དང་འབྲས་ཉག་མ་རེ་གསོལ་ནས་ལོ་དྲུག་གི་རིང་དུ་དཀའ་བ་སྤྱད་ནས་བཞུགས་ཤིང་། དེ་ནི། ཕྱིས་འབྱུང་གི་གང་ཟག་ཐམས་ཅད་ཀྱིས་ཆོས་ཉམས་སུ་ལེན་པར་དཀའ་སྤྱད་སྙིང་རུས་དགོས་ཞེས་གདམས་པའི་དོན་དུ་དཀའ་སྤྱད་ཀྱི་ཚུལ་མཛད་པ་རེད། དཔྱིད་ཟླ་ཐ་ཆུང་སྟེ་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་རྒྱ་གར་རྡོ་རྗེ་གདན་དུ་མངོན་པར་རྫོགས་པར་སངས་རྒྱས་ཤིང་། དེ་ནས་ཞག་བདུན་ཕྲག་བདུན་ཏེ་བདུན་བདུན་བཞི་ཅུ་ཞེ་དགུའི་རྗེས་སུ། ཡུལ་ཝཱ་ར་ཎཱ་སིའི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་བཀའ་དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་ལ། བྱ་རྒོད་ཕུང་པོའི་རི་ལ་བཀའ་བར་བ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར། ཡངས་པ་ཅན་ལ་སོགས་པའི་ཡུལ་ངེས་མེད་རྣམས་སུ་བཀའ་ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོ་བསྐོར་ནས། མཐར་རྩྭ་མཆོག་གྲོང་དུ་ཐུན་མོང་གི་གདུལ་བྱ་རྣམས་རྟག་འཛིན་ལས་བཟློག་པར་བྱ་བའི་ཕྱིར་དུ་སྐུ་མྱ་ངན་ལས་འདའ་བའི་ཚུལ་བསྟན།

དེ་དག་ནི་མདོ་ཕར་ཕྱིན་ཐེག་པ་ལས་བསྟན་པ་ལྟར་སངས་རྒྱས་ཇི་ལྟར་བྱོན་པའི་ཚུལ་མདོར་བསྡུས་པ་ཙམ་བཤད་པ་ཡིན།

ལུང་གིས་བསྟན་ཚུལ།

དེ་ནས་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་ཇི་ལྟར་དར་ཚུལ་ནི། སངས་རྒྱས་དངོས་སུ་བཞུགས་པའི་གནས་སྐབས་སུ་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དུ་ཨིནྡྲ་བྷུ་ཏི་ལ་དཔལ་གསང་བ་འདུས་པའི་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་། རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཆེན་པོ་རུ། ཤམ་བྷ་ལའི་ཆོས་རྒྱལ་ཟླ་བ་བཟང་པོ་ལ་སོགས་པའི་འཁོར་འདུས་པ་བསམ་གྱིས་མི་ཁྱབ་པ་ལ་འཇམ་དཔལ་མཚན་བརྗོད་དང་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་སྡེ་རྣམས་གསུངས། གཞན་ཡང་ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་ལ་སོགས་པའི་ཡུལ་རྣམས་སུ། གདུལ་བྱ་སྐལ་བ་དང་ལྡན་པ་ཉུང་ཤས་ལ་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་བསྟན་ཡོད། དེ་བཞིན་གཤེགས་པ་མྱ་ངན་ལས་འདའ་ཁར། ཁོང་གིས་སྔོན་བདག་གིས་གདུལ་བྱ་མང་པོ་ལ་མཚན་ཉིད་རྒྱུའི་ཐེག་པའི་ཆོས་རྒྱ་ཆེར་བསྟན་པ་ལས། འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་ཞེས་པ་ཁྱབ་བརྡལ་དུ་མ་བཤད་ཀྱང་། མ་འོངས་པའི་གནས་སྐབས་སུ་གསང་སྔགས་ཀྱི་ཆོས་དེ་རྒྱ་ཆེན་པོ་དར་ཞིང་རྒྱས་པར་འགྱུར་རོ་ཞེས་ལུང་བསྟན་གནང་། གསང་སྔགས་ཆོས་ཀྱི་འཁོར་ལོ་སྐོར་བ་པོའི་ཐད་ལ། བཅོམ་ལྡན་འདས་ཀྱིས་ཁོང་མྱ་ངན་ལས་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་ཀྱི་རྗེས་སུ། དམ་པའི་རིགས་ཅན་དྲྭ་མ་ལྔ་ཞེས་པས་བསྐུལ་ནས་གསང་སྔགས་ཀྱི་ཆོས་རྒྱ་ཆེན་པོ་སྟོན་པར་འགྱུར་ལ། དེར་མ་ཟད། དམ་པའི་རིགས་ཅན་དྲྭ་མ་ལྔ་སིང་ག་ལ་ཡི་རི་བོ་མ་ལ་ཡ་གནམ་ལྕགས་འབར་བ་ཞེས་བྱ་བའི་ཡུལ་གང་དེར་བྱོན་ནས་གསང་སྔགས་ཀྱི་ཆོས་སྟོན་པར་འགྱུར་རོ་ཞེས་ཡུལ་ཁམས་ཀྱང་ལུང་གིས་བསྟན་ཡོད། ཁོང་མྱ་ངན་ལས་འདས་ནས་ལོ་བརྒྱད་ཀྱི་དུས་སུ་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་ཞེས་པ་བྱོན་ནས། གསང་སྔགས་ཀྱི་བསྟན་པ་རྒྱ་ཆེན་དར་བར་འགྱུར་ཞེས་ལུང་བསྟན། ད་ལྟ་མང་པོ་ཞིག་གི་བཤད་སྲོལ་ལྟར་ན། ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་ནི་ཡུལ་ཕ་ཀི་སི་ཐན་(Pakistan)གྱི་མཚོ་འོ་མ་ཅན་ཞེས་བྱ་བར་འཁྲུངས་པ་ཡིན་པར་འདོད།

གཞན་ཡང་བཅོམ་ལྡན་འདས་ཀྱི་ལྷ་མོ་དྲི་མ་མེད་པའི་མདོ་ལས། སངས་རྒྱས་ཀྱི་བསྟན་པ་འདི་བྱང་ནས་བྱང་དུ་བྱང་ཕྱོགས་ཁ་བ་ཅན་གྱི་ཡུལ་དུ་དར་བར་གསལ་པོར་གསུངས་པ་དང་། གཞན་ཡང་ལྷོ་ནས་ལྷོ་རུ་དར་བར་འགྱུར་ཞེས་སོགས་ལུང་དུ་བསྟན་ཡོད། ད་ལྟ་ཡང་སངས་རྒྱས་ཀྱི་བསྟན་པ་རྒྱ་ཆེར་དར་སའི་སྙིང་པོ་ལྟ་བུ་ནི་སིང་ག་ལ་ཡིན་ཞིང་། དེར་ཐེག་པ་ཐུན་མོང་གི་ཆོས་རྒྱ་ཆེར་དར་ལ། བོད་ཡུལ་དུ་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཆོས་འདི་རྒྱ་ཆེར་དར་བར་གྱུར།

དེ་བཞིན་དུ་བཅོམ་ལྡན་འདས་ཀྱི་མདོ་སྡེ་རྣམས་སུ། རྒྱ་གར་གྱི་ཡུལ་དུ་འབྱོན་པར་འགྱུར་བའི་སློབ་དཔོན་ཀླུ་སྒྲུབ་དང་ས་ར་ཧ་པ་ལ་སོགས་པའི་མཁས་པ་དང་གྲུབ་པ་མང་པོ་ལུང་དུ་བསྟན་ལ། བོད་གངས་རིའི་ལྗོངས་ཀྱི་ཆོས་རྒྱལ་རིམ་བྱོན་མང་པོ་ཞིག་ཀྱང་ལུང་དུ་བསྟན་ཡོད། དེར་མ་ཟད་རྙིང་མའི་ཨོ་རྒྱན་རིན་པོ་ཆེ་དང་། གསར་མའི་རྗེ་རིན་པོ་ཆེ་བློ་བཟང་གྲགས་པ། ས་སྐྱའི་གོང་མ་རྣམས། གཞན་ཡང་མི་ལ་རས་པ་སོགས་ཀུན་ཀྱང་སངས་རྒྱས་ཀྱི་བཀའ་ལས་ལུང་དུ་བསྟན་ཡོད།

དེ་དག་ཐམས་ཅད་ལ་བསམ་བློ་བཏང་ན། འུ་ཅག་གི་སྟོན་པ་ནི་གཞན་གང་དང་ཡང་མ་འདྲ་བ་ཞིག་སྟེ། འཇིག་རྟེན་ཁམས་ཀྱི་ཚན་རིག་པ་རྣམས་ཀྱིས་སྔར་མང་དུ་དཔྱད་མྱོང་ལ། ད་ལྟ་ཡང་དཔྱད་བཞིན་པ་རེད། མ་འོངས་པར་ཡང་དཔྱད་པར་འགྱུར་བ་ཡིན་ཡང་། འབྱུང་འགྱུར་གྱི་དོན་རྣམས་གནད་ཐིག་པར་དངོས་སུ་སྟོན་ཐུབ་པ་རང་ཅག་གི་སྟོན་པ་ལྟ་བུ་ས་སྟེང་གང་དུ་ཡང་བྱོན་པ་ཉུང་ལ། དེ་ལྟ་བུའི་མངོན་ཤེས་དང་ལྡན་ཞིང་ཐུགས་རྗེ་ཅན་བཅོམ་ལྡན་འདས་ཀྱིས་ལུང་བསྟན་པ་བཞིན། གསང་སྔགས་ཀྱི་བསྟན་པ་དེ་རྗེས་སུ་རིམ་བཞིན་དུ་ཕྱོགས་ཀྱི་ཡུལ་གྲུ་མང་པོར་དར་བར་གྱུར།

རྫོགས་ཆེན་དར་ཚུལ།

སྤྱིར་གསང་སྔགས་ཀྱི་ཆོས་ལ་ཡང་ཕྱི་རྒྱུད་སྡེ་གསུམ་དང་། ནང་རྒྱུད་ཡོ་ག་གསུམ་གྱི་དར་ཚུལ་སོགས་མང་དུ་འཆད་རྒྱུ་ཡོད་ཀྱང་། དེ་དག་ཁྱེད་རྣམ་པས་རེ་བསྐུལ་བྱས་པའི་ཆོས་མིན་པས་གནས་སྐབས་མི་བཤད། ད་རེས་སྐབས་སུ་བབས་པ་རྫོགས་པ་ཆེན་པོའི་ཆོས་ཇི་ལྟར་དར་ཚུལ་འཆད་རྒྱུ་ཡིན།

རྫོགས་པ་ཆེན་པོའི་བསྟན་པ་ཇི་ལྟར་དར་བ་ཡིན་ཞེ་ན། དང་པོ་སངས་རྒྱས་ཐམས་ཅད་ཀྱི་ཐོག་མ་ཆོས་སྐུ་ཀུན་ཏུ་བཟང་པོ་ཞེས་པ་མངོན་པར་རྫོགས་པར་སངས་རྒྱས་ཤིང་། དེ་ནས་ཀུན་ཏུ་བཟང་པོའི་བྱིན་རླབས་ཀྱི་རྩལ་ལས་སྐུ་རྟེན་དུ་རྡོ་རྗེ་སེམས་དཔའི་སྐུ་ཚེ་ལོ་བརྒྱ་པའི་མིའི་ལུས་ཚད་དང་མཉམ་པ་རིན་པོ་ཆེ་བརྒྱ་རྩ་གཅིག་གིས་གྲུབ་པ་ཞིག་དང་། གསུང་རྟེན་དུ་བསྟན་པ་བུ་གཅིག་གི་རྒྱུད་ཅེས་པ་བཻཌཱུརྱའི་ཤོག་བུ་ལ་གསེར་གྱི་སྣག་ཚའི་ཡི་གེ་རང་བྱུང་གི་ཚུལ་དུ་དོད་ཡོད་པའི་གླེགས་བམ་སོར་བཞི་པ། ཐུགས་རྟེན་དུ་ཤེལ་གྱི་རྡོ་རྗེ་ཚེ་ལོ་བརྒྱ་པའི་མིའི་ཕྱག་གང་བ་ཞིག་བཅས་རང་བྱུང་དུ་འཁྲུངས་པར་གྱུར་བ་ལ་བསྟན་པའི་བཙས་གསུམ་མམ་རྒྱལ་ཚབ་གསུམ་ཞེས་གསོལ། དེ་དག་ཞིང་ཁམས་གང་དུ་ཡོད་ན་ཡུལ་དེར་བདེ་བ་དང་ལྡན་ལ་སྡུག་བསྔལ་དང་བྲལ་ཞིང་། གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཀྱང་རང་ཤུགས་སུ་འབྱུང་བ་མ་ཟད། སྐྱེ་བོ་ཐམས་ཅད་ཀྱང་འབད་པ་མི་དགོས་པར་རང་ཤུགས་ཀྱིས་གྲུབ་པ་ཐོབ་པར་འགྱུར་བ་ཡིན།

དེ་གསུམ་གྱི་བྱིན་རླབས་ཀྱིས། རྫོགས་ཆེན་སྟོན་པའི་སྟོན་པ་བཅུ་གཉིས་ཞིང་ཁམས་གཞན་དང་གཞན་རྣམས་སུ་འབྱོན་པར་འགྱུར། འོག་མིན་གྱི་གནས་སུ་བསྟན་པའི་བཙས་གསུམ་པོ་རང་བྱུང་བའི་ཚེ་ན། ཀུན་ཏུ་བཟང་པོའི་ཐུགས་ཀྱི་རྩལ་ལས། རྒྱལ་བ་རིགས་ལྔ་ལ་རྫོགས་པ་ཆེན་པོའི་ཆོས་འདི་ཉིད་རང་གིས་རང་ལ་དགོངས་པ་གཏད་པ་ཙམ་གྱིས་འཕོས་པར་གྱུར་ལ། ལོངས་སྐུའི་ཞིང་ཁམས་འོག་མིན་དུ། དཔལ་རྡོ་རྗེ་སེམས་དཔའི་ཕྱག་ཏུ་རང་བྱུང་བསྟན་པ་བུ་གཅིག་གི་རྒྱུད་འདི་ཉིད་བབས་ནས། རྫོགས་པ་ཆེན་པོའི་ཆོས་དེ་ལྷ་ཀླུ་མི་ལ་སོགས་དག་པའི་རིགས་ཅན་གྱི་ཞིང་དུ་དར་ཞིང་རྒྱས་པར་གྱུར་ཅིང་། རང་བྱུང་བསྟན་པ་བུ་གཅིག་གི་རྒྱུད་འདི་སྤྲུལ་སྐུའི་ཞིང་ཁམས་ཏེ་རྒྱ་གར་རྡོ་རྗེ་གདན་གྱི་སྟེང་གི་ནམ་མཁའ་རུ་རང་སྒྲ་དང་བཅས་ཏེ་ད་ལྟ་ཡང་མངོན་སུམ་དུ་བཞུགས་ཡོད་པ་མ་ཟད། མ་འོངས་པའི་ལོ་མང་པོའི་རིང་ལའང་རྡོ་རྗེ་གདན་གྱི་ནམ་མཁར་བཞུགས་པར་འགྱུར་བ་ཡིན། དེའི་རིང་ལ་རྫོགས་པ་ཆེན་པོའི་བསྟན་པ་འདི་མི་ནུབ་པར་དར་ཞིང་རྒྱས་ནས། འཛམ་བུ་གླིང་གི་སེམས་ཅན་སུས་བསྒོམ་ནའང་གྲུབ་པ་ཐོབ་པ་དང་མཆོག་གི་དངོས་གྲུབ་བརྙེས་པར་འགྱུར་ལ། སྐུ་རྟེན་དང་ཐུགས་རྟེན་གྱིས་ཞིང་ཁམས་གཞན་དང་གཞན་ལ་འགྲོ་དོན་མཛད་ཀྱིན་ཡོད་པ་རེད།

བསྟན་པ་བུ་གཅིག་གི་རྒྱུད་ཀྱི་བྱིན་རླབས་ཀྱིས། སློབ་དཔོན་དགའ་རབ་རྡོ་རྗེ་ཞེས་པ་ཕ་ཡི་རྒྱུ་རྐྱེན་ལ་མ་ལྟོས་པར་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དུ་འཁྲུངས་ཤིང་། ཁོང་སེ་གོལ་གཅིག་གཏོགས་པའི་ཡུན་ལ་འོག་མིན་གྱི་གནས་སུ་རྡོ་རྗེ་སེམས་དཔའི་དྲུང་དུ་བྱོན་ནས། རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞི་དང་རྩལ་དབང་རྒྱལ་ཐབས་སྤྱི་བླུག་ལ་སོགས་པའི་དབང་ཁྲིད་མན་ངག་ཐམས་ཅད་ཀྱང་རྫོགས་པར་ཞུས། རྡོ་རྗེ་སེམས་དཔའི་དྲུང་ནས་ཞུས་ཚད་ལ་ཤོ་ལོ་ཀ་འབུམ་ཕྲག་དྲུག་ཅུ་རྩ་བཞི་ཡོད་པ་དེ་ནི། དགའ་རབ་རྡོ་རྗེས་ཐུགས་ལ་བཟུང་ཞིང་བསྡུས་པའི་རྫོགས་པ་ཆེན་པོའི་ཆོས་ཡིན།

སློབ་དཔོན་དགའ་རབ་རྡོ་རྗེས་དེ་ལྟར་ཆོས་ཀྱི་འཁོར་ལོ་སྐོར་བཞིན་པའི་སྐབས་སུ། རྒྱ་གར་གྱི་ཡུལ་དུ་སློབ་དཔོན་འཇམ་དཔལ་བཤེས་གཉེན་ཞེས་རིག་པའི་གནས་བཅུ་ལ་མཁས་པ་ཞིག་ཡོད་པ་དེས་གསན་ཏེ། ད་ལྟ་རྒྱུ་འབྲས་ལས་འདས་པའི་ཆོས་སྟོན་མཁན་ཞིག་འདུག་པ་དེ་ལ་ཁོང་གིས་རྩོད་དགོས་ཞེས་སྨྲས་ནས་དགའ་རབ་རྡོ་རྗེའི་དྲུང་དུ་བྱོན་ཀྱང་། སློབ་དཔོན་དགའ་རབ་རྡོ་རྗེ་ལ་ཐེག་པ་མཐོ་དམན་གང་ནས་བརྩད་ཀྱང་མ་ཐུབ་ལ། རྫུ་འཕྲུལ་སྣ་ཚོགས་བསྟན་ནས་བརྩད་ཀྱང་འགྲན་མ་བཟོད་པའི་གནས་སྐབས་ན། རང་གིས་ཉེས་པ་དེ་ཉེས་པ་ཡིན་པར་ཤེས་ནས། དགའ་རབ་རྡོ་རྗེ་ལ་བཟོད་གསོལ་ཞུས་ཤིང་ཁོང་གི་རྗེས་སུ་ཞུགས་ཏེ་རྫོགས་པ་ཆེན་པོའི་ཆོས་མ་ལུས་པ་ཞུས།

དེ་ལྟར་སློབ་དཔོན་དགའ་རབ་རྡོ་རྗེའི་མཛད་པ་ཐམས་ཅད་རྫོགས་ནས་ཆུ་བོ་དན་ཏིག་ཅེས་པའི་སར་སྐུ་མྱ་ངན་ལས་འདས་པའི་ཚུལ་སྟོན་པའི་དུས་སུ། འཇམ་དཔལ་བཤེས་གཉེན་གྱིས། ཁྱེད་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ན། སངས་རྒྱས་ཀྱི་བསྟན་པའི་སྒྲོན་མེ་ནུབ་པར་འགྱུར་ཞིང་། འགྲོ་བ་རྣམས་སྡུག་བསྔལ་གྱི་གནས་ལ་སྦྱར་བར་འགྱུར་རོ་ཞེས་གདུང་བའི་སྨྲེ་སྔགས་བཏོན་པ་ན། ཁོང་གི་སྐུ་ལུས་ཀྱང་མི་སྣང་བར་འོད་དུ་དེངས་པའི་ནམ་མཁའི་འོད་ཕུང་གི་དཀྱིལ་ནས་ཕྱག་གཡས་པའི་གྲུ་མོ་མན་ཆད་ཕྱུང་ཞིང་། འདས་རྗེས་ཚིག་གསུམ་གནད་དུ་བརྡེག་པའི་མན་ངག་ཅེས་པ་འཇམ་དཔལ་བཤེས་གཉེན་གྱི་ཕྱག་ཏུ་བབས། དེ་ནས་འཇམ་དཔལ་བཤེས་གཉེན་གྱིས་སློབ་དཔོན་དགའ་རབ་རྡོ་རྗེའི་གསུང་འབུམ་ཕྲག་དྲུག་ཅུ་རྩ་བཞི་བཀའ་བསྡུ་བྱས་ནས། ཕྱི་སེམས་སྡེ་དང་། ནང་ཀློང་སྡེ། གསང་བ་མན་ངག་གི་སྡེ་ཞེས་སྡེ་ཆེན་པོ་གསུམ་གྱི་ནང་དུ་བསྡུས་ནས་བཀྲལ་བ་རེད།

དུར་ཁྲོད་ཆེན་པོ་སོ་ས་གླིང་ཞེས་པར་འཇམ་དཔལ་བཤེས་གཉེན་གྱིས་མི་དང་མི་མ་ཡིན་པ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་སྐོར་བའི་དུས་སུ། རྒྱ་ནག་པོའི་བཀྲ་ཤིས་ཁྲི་སྒོ་༼ད་ལྟའི་ཞི་ཨན་༽ ཞེས་པ་ན་སློབ་དཔོན་ཤྲཱི་སིངྷ་ཞེས་ཐུན་མོང་གི་གྲུབ་པ་བརྒྱད་ལ་མངའ་དབང་འབྱོར་ཞིང་། རིག་པའི་གནས་བཅོ་བརྒྱད་ལ་ཆགས་ཐོགས་མེད་པའི་མཁས་པ་ཆེན་པོ་ཞིག་ཡོད་པ་དེ་ལ། ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གིས་རིགས་ཀྱི་བུ་ཁྱོད་ཀྱི་ཚེ་རབས་ལས་ཀྱི་བླ་མ་རྒྱ་གར་གྱི་དུར་ཁྲོད་ཆེན་པོ་སོ་ས་གླིང་དུ་བཞུགས་པས་ཁོང་གི་དྲུང་དུ་སོང་ཞིག་ཅེས་ལུང་བསྟན་པ་དང་། ཤྲཱི་སིངྷ་རྒྱ་ནག་ནས་རྒྱ་གར་བར་ས་ལ་ཁྲུ་གང་མ་རེག་པ་ཙམ་གྱི་ནམ་མཁར་ཞག་བདུན་གྱི་རིང་རྫུ་འཕྲུལ་གྱིས་བྱོན་ཏེ། འཇམ་དཔལ་བཤེས་གཉེན་གྱི་དྲུང་ནས་གདམས་པ་མ་ལུས་པ་ཞུས་པར་མཛད་པའི་རྗེས་སུ། འཇམ་དཔལ་བཤེས་གཉེན་གྱི་སྐུ་ལུས་ཀྱང་འོད་ཀྱི་ཕུང་པོ་གཅིག་ཏུ་གྱུར་ཏེ་མི་སྣང་བར་གྱུར་སོང་། དེའི་ཚེ་ཤྲཱི་སིངྷས་སྨྲེ་སྔགས་བཏོན་ཅིང་གསོལ་བ་བཏབ་པ་ན། ནམ་མཁའ་ནས་འདས་རྗེས་སྒོམ་ཉམས་དྲུག་པ་ཞེས་བྱ་བ་བབས་ཤིང་། ཤྲཱི་སིངྷས་དེ་ཉིད་བཀླགས་པ་ཙམ་གྱིས་དཔོན་སློབ་དགོངས་པ་དབྱེར་མེད་དུ་གྱུར།

ཤྲཱི་སིངྷ་རང་ཡུལ་དུ་ཕེབས་ནས། རྒྱ་ནག་རི་བོ་རྩེ་ལྔའི་འདབས་ན་དུར་ཁྲོད་ཆེན་པོ་བསིལ་སྦྱིན་ཞེས་པ་ཞིག་ཡོད་པ་དེར་སྒོམ་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་དུས་སུ། རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་སློབ་དཔོན་ཛྙཱ་ན་སུ་ཏྲ་དང་བི་མ་ལ་མི་ཏྲ་གཉིས་ནི་ཚེ་རབས་ལྔ་བརྒྱའི་རིང་ལ་ལྷན་ཅིག་ཏུ་ཆོས་ཞུས་པའི་གྲོགས་པོ་ཡིན་ལ་ཐུགས་ཀྱང་ཧ་ཅང་མཐུན་པས། ཉིན་ཞིག་སྐྱེད་མོའི་ཚལ་དུ་སྐྱོ་བསང་ལ་སོང་ཚེ། ནམ་མཁའི་ཁམས་ནས་རྡོ་རྗེ་སེམས་དཔའ་བྱོན་ནས། རིགས་ཀྱི་བུ་ཁྱེད་གཉིས་ཀྱིས་སྐྱེ་བ་ལྔ་བརྒྱར་པཎྜི་ཏའི་སྐྱེ་བ་བརྒྱུད་མར་བླངས་ཀྱང་ད་དུང་སངས་རྒྱས་ཀྱི་འབྲས་བུ་མ་ཐོབ་པ་རེད། ཚེ་འདིར་སངས་རྒྱས་ཐོབ་པར་འདོད་ན། རྒྱ་ནག་པོའི་དུར་ཁྲོད་བསིལ་སྦྱིན་དུ་སོང་ཞིག་ཅེས་ལུང་བསྟན། བི་མ་ལ་མི་ཏྲ་ནི་ཐུགས་ཐག་ཐུང་ཞིང་སྙིང་སྟོབས་ཆེ་བ་ཡིན་པས། དེ་མ་ཐག་ཏུ་ཁྱིམ་ལ་བྱོན་ནས་ཆོས་གོས་དང་ལྷུང་བཟེད་བསྣམས་ཏེ། རྒྱ་ནག་གི་ཡུལ་དུ་བྱོན་ནས་ལོ་དགུའི་རིང་ལ་ཤྲཱི་སིངྷའི་སྐུ་མདུན་དུ་དབང་ཁྲིད་དང་གདམས་པ་མ་ལུས་པ་ཡོངས་སུ་རྫོགས་པ་ཞུས། ལོ་དགུའི་རྗེས་སུ། ཛྙཱ་ན་སུ་ཏྲ་བྱོན་ནས་ཤྲཱི་སིངྷ་སློབ་དཔོན་དུ་བསྟེན་ཅིང་། ལོ་ཉི་ཤུ་རྩ་གཅིག་གི་རིང་དུ་དབང་ཁྲིད་གདམས་པ་སོགས་སྔར་ལས་ལྷག་པའི་ཆོས་མང་པོ་ཞུས་པ་རེད།

ཤྲཱི་སིངྷ་རྒྱ་ནག་བསིལ་སྦྱིན་ན་བཞུགས་པའི་དུས་སུ། སློབ་དཔོན་པདྨ་འབྱུང་གནས་དང་ལོ་ཆེན་བཻ་རོ་ཙ་ན་རྣམ་པ་གཉིས་ཀྱང་ཁོང་གི་སྐུ་མདུན་ལ་བྱོན་ནས་རྫོགས་པ་ཆེན་པོའི་ཆོས་ཞུས། ཤྲཱི་སིངྷ་ཡོངས་སུ་མྱ་ངན་ལས་འདས་པ་ན་ཛྙཱ་ན་སུ་ཏྲ་ལ་འདས་རྗེས་གཟེར་བུ་བདུན་པ་ཞེས་པ་བབས་ནས་དཔོན་སློབ་དགོངས་པ་དབྱེར་མེད་དུ་གྱུར། ཛྙཱ་ན་སུ་ཏྲ་ཡོངས་སུ་མྱ་ངན་ལས་འདས་པའི་དུས་སུ། འོད་ཕུང་གི་དཀྱིལ་ནས་འདས་རྗེས་བཞག་ཐབས་བཞི་པ་ཞེས་པ་དེ་བི་མ་ལ་མི་ཏྲའི་ཕྱག་ཏུ་བབས།

དེའི་ཡན་ཆད་ཀྱི་བླ་མ་མིའི་རྣམ་པས་བྱོན་ཚད་ཚང་མ་ཡང་སྐུ་ལུས་འོད་དུ་གྱུར་ནས་མི་སྣང་བར་གྱུར། ཨོ་རྒྱན་རིན་པོ་ཆེ་ནི་ད་ལྟ་ཡང་སྐུ་མྱ་ངན་ལས་མ་འདས་པར་ལྷོ་ནུབ་རྔ་ཡབ་སྲིན་པོའི་གླིང་དུ་སྲིན་པོ་རྣམས་ཀྱི་ཁ་གནོན་མཛད་ནས་བཞུགས་ཡོད་ཅིང་། བི་མ་ལ་མི་ཏྲ་ནི་རྒྱ་ནག་རི་བོ་རྩེ་ལྔ་རུ་སྐུ་ལུས་མ་སྤང་པར་ད་ལྟ་ཡང་མངོན་སུམ་དུ་བཞུགས་ནས་ལོ་བརྒྱ་རེའི་མཚམས་ན་བོད་ཡུལ་དུ་ཁོང་གི་སྤྲུལ་པ་དངོས་རེ་འབྱོན་གྱིན་ཡོད་ཅིང་། རྒྱུན་དུ་ཡང་སྤྲུལ་པ་བར་མ་ཆད་པར་འབྱོན་གྱིན་ཡོད།

ཕྱི་ལོ་༡༩༨༧ལོར། ང་ཚོ་བོད་མི་ཁྲི་ཕྲག་གཅིག་རི་བོ་རྩེ་ལྔར་བི་མ་མི་ཏྲ་མཇལ་དུ་སོང་བ་ཡིན། སྐབས་དེར་མི་རྣམས་ཀྱི་ནང་ནས་ལ་ལས་ནམ་མཁའི་དཀྱིལ་ནས་བི་མ་ལ་མི་ཏྲ་དང་འཇམ་དཔལ་དབྱངས་ཀྱི་སྐུ་དངོས་མཇལ་ཞིང་། ལ་ལས་སེང་གེ། ལ་ལས་འཇའ། ལ་ལས་མི་དང་བྱ་ལ་སོགས་པའི་རྣམ་པར་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་མཇལ་ལ། ད་ལྟ་ཡང་མི་མང་ཆེ་བས་དེ་ལྟར་མཇལ་ཐུབ་ཀྱིན་ཡོད།

བི་མ་ལ་མི་ཏྲའི་ཡེ་ཤེས་སྒྱུ་མའི་སྐུ་སླར་ཡང་མངོན་སུམ་དུ་བོད་ཡུལ་ལ་བྱོན་ནས་ལྕེ་བཙུན་སེང་གེ་དབང་ཕྱུག་ལ་དབང་ཁྲིད་ཅིང་མན་ངག་རྫོགས་པར་གནང་བར་མཛད། ལྕེ་བཙུན་སེང་གེ་དབང་ཕྱུག་གིས་མཁའ་འགྲོ་མ་བྱེ་བ་འབུམ་གྱི་དབུས་སུ་ཚོགས་ཀྱི་འཁོར་ལོ་སྐོར་བཞིན་པའི་སྐབས་སུ་སྐུ་མི་སྣང་བར་འོད་ཀྱི་གོང་བུ་ཉིད་དུ་གྱུར་བའི་ཚེ། མཁའ་འགྲོ་མ་རྣམས་ཀྱིས་གསོལ་བ་བཏབ་པའི་ངོར་འདས་རྗེས་དུམ་བུ་གསུམ་པ་ཞེས་པ་བབས་པ་རེད།

དེ་ལྟར་བླ་མ་ཐམས་ཅད་རིམ་བཞིན་དུ་བྱོན་ཅིང་ཆོས་འདི་ཉམས་སུ་ལེན་པའི་གང་ཟག་མང་དུ་བྱུང་སྟེ། དཔེར་ན་ཁམས་ཕྱོགས་ཀྱི་ཀཿ ཐོག་དགོན་ཞེས་པར་དུས་ཐོག་གཅིག་ལ་འཇའ་ལུས་པ་འབུམ་ཕྲག་རེ་བྱོན་མྱོང་བ་མ་ཟད། སྐུ་ལུས་འཇའ་དང་འོད་དུ་དེངས་ནས་མི་སྣང་བར་འཇའ་ལུས་སུ་གྲུབ་པ་ཐོབ་པ་བསམ་གྱིས་མི་ཁྱབ་པ་བར་མ་ཆད་པར་ད་ལྟའི་བར་དུ་ཡང་བྱུང་བ་རེད། དེ་དག་དཔེ་མཚོན་ཙམ་ཞིག་བཤད་ན། སྐྱབས་རྗེ་བདུད་འཇོམས་ཀྱི་ཆོས་འབྱུང་དུ་བཀོད་པ་ཁྱེད་རྣམ་པ་མང་ཆེ་བའི་ཐུགས་ལ་གསལ་རྒྱུ་རེད། རྫོགས་པ་ཆེན་པོའི་ཆོས་ཉམས་སུ་ལེན་མཁན་ཡིད་ལྷུང་གི་རྒན་པོ་བསོད་རྒྱལ་ཞེས་པ་ཡང་འཇའ་ལུས་སུ་དེངས་སོང་བར་གསུངས།

ད་ལྟ་ང་ཚོའི་སློབ་གླིང་བཙུགས་ཡོད་ས་ནི་ད་ལྟའི་སྐྱབས་རྗེ་བདུད་འཇོམས་པ་ཁོང་གི་སྐུ་ཐོག་སྔ་མའི་གདན་ས་ཡིན་ལ། གདན་ས་དེར་དུས་གཅིག་ཏུ་འཇའ་ལུས་པ་བཅུ་གསུམ་བྱོན་མྱོང་། དེ་བཞིན་དུ་བོད་ཡུལ་གྱི་དགོན་པ་སོ་སོ་དང་ང་ཚོའི་སློབ་བརྒྱུད་མང་ཆེ་བ་ཞིག་འཇའ་ལུས་སུ་འཕོ་བ་དང་། སྐུ་ལུས་ཇེ་ཆུང་ལ་སོང་བའི་རྟགས་མཚན་ཅན་གྱི་གང་ཟག་ད་ལྟའི་བར་དུའང་ཆེས་མང་པོ་ཞིག་སྔར་བྱུང་ལ། ད་ལྟ་ཡང་འབྱུང་བཞིན་པ་ཡིན། མདོར་ན་རྫོགས་ཆེན་གྱི་དོན་དངོས་གནས་ཉམས་སུ་ལེན་པའི་གང་ཟག་རྣམས་ལས། བརྒྱ་ཆ་དྲུག་ཅུ་ཡས་མས་ལ་གྲུབ་པའི་རྟགས་མཚན་ཅི་རིགས་མངོན་དུ་གྱུར་ཡོད།

དེ་ནི་རྫོགས་ཆེན་གྱི་ཆོས་ལ་ཡིད་ཆེས་བསྐྱེད་པའི་ཆེད་དུ་ལོ་རྒྱུས་ཅུང་ཟད་བརྗོད་པ་ཡིན། ཆོས་རྣམ་པར་དག་པ་ཡིན་མིན་དེ་ཉམས་སུ་ལེན་པའི་གང་ཟག་རྣམས་ལ་རྟགས་མཚན་ཐོན་མིན་ལ་བལྟ་དགོས་ཤིང་། ད་ལྟའི་བར་དུ་རིག་འཛིན་བརྒྱུད་པའི་གྲུབ་ཐོབ་བར་མ་ཆད་པར་བྱུང་བ་ནི་རྫོགས་པ་ཆེན་པོ་ཞེས་པའི་ཆོས་དེ་རྣམ་པར་དག་པ་ཡིན་པའི་རྟགས་མཚན་མིག་མཐོང་ལག་ཟིན་ཡིན།

རྫོགས་ཆེན་གྱི་ཐུན་མིན་ཁྱད་ཆོས།

འོ་ན། རྫོགས་པ་ཆེན་པོའི་ཆོས་དེ་ཇི་ལྟར་ཤེས་དགོས་པ་རེད་ཅེ་ན། རྒྱ་ཆེན་པོ་ཤེས་དགོས་ན་ཚིག་དོན་རྣམ་པ་བཅུ་གཅིག་གི་སྒོ་ནས་ཤེས་དགོས་ཏེ། དེ་དག་གི་གནད་བསྡུས་ན་ཉམས་ལེན་གྱི་སྙིང་པོ་ཀ་དག་ཁྲེགས་ཆོད་དང་། ལྷུན་གྲུབ་ཐོད་རྒལ་ཞེས་རྣམ་པ་གཉིས་ཡོད་པ་རེད།

ཁྲེགས་ཆོད་ཅེས་པ་ཅི་འདྲ་ཡིན་ཞེ་ན། ཆོས་ཐམས་ཅད་སྟོང་ཉིད་དུ་གོ་བྱེད་ཀྱི་ཉམས་ལེན་ལ་ཟེར་ཞིང་། དེ་ནི་ཕལ་ཆེར་ས་སྐྱ་དང་། རྙིང་མ། བཀའ་བརྒྱུད། དགེ་ལྡན་ལ་སོགས་པ་ཐམས་ཅད་ལ་མན་ངག་གི་ཆ་ཤས་རེ་ཉམས་སུ་ལེན་ཐབས་ཡོད་དེ། དཔེར་ན། གསར་མ་པའི་རྗེ་ཙོང་ཁ་པ་ཆེན་པོའི་བདུད་རྩི་སྨན་མཆོག་ཅེས་པར་མཚོན་ན། རྙིང་མ་པའི་རྫོགས་པ་ཆེན་པོ་དང་ཐོག་མཐའ་བར་གསུམ་ཀུན་ནས་ཁྱད་པར་ཅུང་ཟད་ཀྱང་མེད་པའི་ཆོས་ཡིན་ལ། དེར་མ་ཟད། གསར་མའི་རྗེ་རིན་པོ་ཆེའི་ཆོས་བརྒྱུད་འཛིན་པ་ལའང་རྫོགས་པ་ཆེན་པོ་ཉམས་སུ་ལེན་མཁན་ལྕང་སྐྱ་རོལ་བའི་རྡོ་རྗེ་སོགས་གྲུབ་བརྙེས་ཀྱི་གང་ཟག་མང་པོ་བྱོན་མྱོང་།

ལྷུན་གྲུབ་ཐོད་རྒལ་ཞེས་པ་ནི་གཞན་གང་ན་ཡང་ཕལ་ཆེར་མེད་པ་ཞིག་སྟེ། རྫོགས་པ་ཆེན་པོ་རང་གི་ཆོས་ལ་ཡང་སྐོར་ཚོ་ཆེན་པོ་བཞིར་ཡོད་དེ། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞི་དེ་ཕྱི་སེམས་སྡེ་དང་། ནང་ཀློང་སྡེ། གསང་བ་མན་ངག་གི་སྡེ་གསུམ་ལ་བསྡུས་ནས་བསྟན་ཅིང་། སློབ་དཔོན་ཤྲཱི་སིངྷས་གསང་བ་མན་ངག་གི་སྡེའང་ལ་ཕྱི་སྐོར་དང་། ནང་སྐོར། གསང་སྐོར། ཡང་གསང་གི་སྐོར་ཏེ་སྐོར་ཚོ་བཞིར་བྱས་པ་ལས། ཡང་གསང་སྙིང་ཐིག་གི་སྐོར་མ་གཏོགས་གཞན་རྫོགས་པ་ཆེན་པོ་རང་གི་ནང་དུ་ཡང་ཐོད་རྒལ་ཉམས་སུ་ལེན་ཚུལ་བསྟན་མེད།

ཉམས་སུ་ལེན་ཚུལ་གྱི་དབང་དུ་བྱས་ན། ཁྲེགས་ཆོད་དང་ཐོད་རྒལ་གཉིས་ཀྱི་སྒོ་ནས་ཉམས་སུ་ལེན་དགོས། དེ་ལ་པདྨའི་མཁའ་འགྲོ་སྙིང་ཐིག་དང་། བི་མའི་བི་མ་སྙིང་ཐིག་སྟེ་སྙིང་ཐིག་མ་གཉིས་དར་ཞིང་། བོད་ཡུལ་དུ་པདྨ་འབྱུང་གནས་དང་། བི་མ་ལ་མི་ཏྲ་གཉིས་ལ་སྙིང་ཐིག་གི་བཀའ་ཐོག་མར་བབས་པས་སྙིང་ཐིག་མ་གཉིས་སུ་གྲགས་པ་རེད། རྗེས་སུ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིས་བི་མ་སྙིང་ཐིག་གི་བུ་ཡིག་བླ་མ་ཡང་ཏིག་དང་། མཁའ་འགྲོ་སྙིང་ཐིག་གི་བུ་ཡིག་མཁའ་འགྲོ་ཡང་ཏིག་གཉིས་མཛད་པས། སྙིང་ཐིག་མ་གཉིས་དང་བུ་གཉིས་ཞེས་སྙིང་ཐིག་ཡ་བཞི་རུ་གྲགས། དེ་དག་གི་ཟབ་གནད་ཕྱོགས་གཅིག་ཏུ་བསྡུས་པ་ཟབ་མོ་ཡང་ཏིག་ཅེས་པའང་མཛད།

ཆོས་དེ་རྣམས་ཉམས་སུ་ལེན་སྟངས་ལ། བཤད་རྒྱུད་དང་སྙན་རྒྱུད་གཉིས་སུ་ཕྱེས་ཏེ་གསུངས་ཡོད་ཅིང་། སྙན་རྒྱུད་ཅེས་པ་ནི་སྐལ་ལྡན་མཁས་པ་རེ་ཟུང་ལ་བཤད་བྱའི་གསང་སྐོར་གྱི་ཆོས་དེ་རེད།

བཤད་པའི་རྒྱུད་ཅེས་བྱ་བ་ནི། གང་ཟག་ལས་འཕྲོ་དང་ལྡན་པ་ཡིན་ན། ཚོགས་པ་མང་པོ་ལའང་སྤེལ་རུང་བ་ཡིན། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཡན་ཆད་ཀྱི་བླ་མ་རྣམས་ཀྱིས། རྫོགས་པ་ཆེན་པོའི་ཆོས་འདི་སློབ་མ་གཅིག་ནས་གཅིག་ཏུ་བརྒྱུད་པ་མ་གཏོགས་གང་ཟག་མང་པོ་ལ་སྤེལ་མ་མྱོང་། ཀུན་མཁྱེན་ཆེན་པོ་མན་ཆད་ནས་སློབ་མའི་གྲངས་ཇེ་མང་ནས་ཇེ་མང་དུ་སོང་ཞིང་། སློབ་མ་སྣོད་ལྡན་ཡིན་ལ་བླ་མ་ཡང་གྲུབ་པ་ཐོབ་པ་ཡིན་ན་མི་བརྒྱ་ཕྲག་དང་ཁྲི་ཕྲག་མང་པོ་ལ་སྟབས་གཅིག་ཏུ་གསུངས་ཆོག་པ་སྟེ། དཔེར་ན། ད་ལྟ་བོད་ཡུལ་དུ་ཡོད་པའི་བླ་མ་གྲུབ་པ་བརྙེས་པ་རྣམས་ཀྱིས་ཁྲོམ་ཚོགས་མང་པོར་གསུང་བཞིན་འདུག་ལ། དེ་བཞིན་དུ། རྒྱ་གར་ལུང་པ་ལ་སོགས་པའི་ཡུལ་ཁམས་གཞན་དུ་བྱོན་པའི་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་དང་། དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ། གྲུབ་དབང་པདྨ་ནོར་བུ་ལ་སོགས་པ་རྣམས་ཀྱིས་ཀྱང་། ཚོགས་པ་མང་པོ་ལ་རིན་ཆེན་གཏེར་མཛོད་དང་སྙིང་ཐིག་ཡ་བཞི་སོགས་གསང་སྔགས་ཀྱི་དབང་བསྐུར་དང་སྐུར་བཞིན་པ་རེད།

དེ་ལྟར་གསུངས་པའི་རྒྱུ་མཚན་ཅི་ཡིན་ཟེར་ན། དེ་ནི་སྔོན་གྱི་དུས་སུ་སྣོད་ལྡན་གྱི་སློབ་མ་ཉུང་བ་དང་། དེང་སང་སྣོད་ལྡན་གྱི་སློབ་མ་མང་བས་རེད།

དེ་ལྟར་བཤད་ན་ཐམས་ཅད་ལ་དོགས་པ་ཞིག་སྐྱེ་སྲིད་དེ། སྤྱིར་ནང་པ་སངས་རྒྱས་པའི་ཆོས་ཀྱི་བཤད་ཚུལ་གྱི་དབང་དུ་བྱས་ན། རྒྱལ་བ་བྱམས་པ་མ་བྱོན་གྱི་བར་དུ་དུས་ཇེ་ངན་དང་བསྐལ་པ་ཇེ་སྙིགས། སེམས་ཅན་རྣམས་ལས་དང་སྐལ་བ་ཇེ་ངན་ནས་ཇེ་ངན་དུ་འགྲོ་བ་ལས་ཇེ་བཟང་དུ་འགྲོ་རྒྱུ་མེད་གསུངས་ཡོད་ན། ཆོས་འདི་ཇེ་བཟང་ནས་ཇེ་བཟང་ལ་འགྲོ་བ་འདི་ཅི་ཡིན་སྙམ་ན།

དེ་ནི་རྒྱུད་སྡེ་སྤྱིའི་འགྲོ་ཚུལ་ཏེ། ཉོན་མོངས་པ་ཇི་ལྟར་མང་ན་ཆོས་ཀྱང་དེ་ལྟར་ཟབ་དགོས་པ་ཡིན་ལ། ཆོས་ཟབ་ཀྱིན་ཟབ་ཀྱིན་ཉོན་མོངས་པ་ཤིན་ཏུ་བདོ་བས་བག་མེད་ཆེ་བའི་དུས་ལ་ཆོས་དེ་གནད་ཐོག་ཏུ་འགྲོ་བ་ཡིན། སྤྱིར་བྱ་རྒྱུད་ནི་ཚེ་ལོ་དཔག་མེད་ཀྱི་དུས་སུ་དར་ཞིང་རྒྱུད་སྡེ་ཐམས་ཅད་ཀྱི་དམའ་ཤོས་དེ་ཡིན་ལ། ཚེ་ལོ་བརྒྱད་ཁྲིའི་དུས་སུ་སྤྱོད་རྒྱུད་ཀྱི་ཆོས་དར། ཚེ་ལོ་སུམ་ཁྲིའི་དུས་སུ་རྣལ་འབྱོར་གྱི་རྒྱུད་དར། རྩོད་ལྡན་གྱི་དུས་སྙིགས་མ་ལྔ་བདོ་བའི་སྐབས་སུ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་དར་བ་རེད། དུས་ཇི་ལྟར་སྙིགས་ན་རྒྱུད་སྡེ་ཐམས་ཅད་དེ་ལྟར་ཇེ་ཟབ་ནས་ཇེ་ཟབ་བྱས་ནས་གདུལ་བྱ་རྣམས་ལ་སྟོན་པ་ཡིན་ལ། བསྐལ་པ་མར་མར་སྙིགས་ནས་ནམ་ཞིག་མི་རྣམས་ཀྱིས་ཚེ་ལོ་བཅུ་མ་གཏོགས་མི་ཐུབ་པའི་དུས་ཤིག་འབྱུང་ཞིང་། དེའི་ཚེ་རྫོགས་པ་ཆེན་པོ་སྔར་ལས་ཀྱང་དར་ཁྱབ་ཆེ་བར་གྱུར་ནས། མཁའ་འགྲོ་མ་དཔལ་འཛིན་ཞེས་བྱ་བ་ཞིག་གིས་ཆོས་འདི་བསྟན་ནས་མཐོང་ཐོས་དྲན་རེག་གི་སེམས་ཅན་ཐམས་ཅད་གྲོལ་བར་འགྱུར་བ་ཡིན། ཆོས་གཞན་རྣམས་ནི་དུས་ཚོད་སྙིགས་པ་དང་མཉམ་དུ་ཆོས་ཀྱི་ནུས་པའང་ཇེ་ཆུང་ནས་ཇེ་ཆུང་ལ་འགྲོ་བ་ཡིན་ཡང་། རྫོགས་པ་ཆེན་པོའི་ཆོས་ཀྱི་ནུས་པ་ནི་དུས་ཇི་ལྟར་སྙིགས་ན་དེ་ལྟར་ཇེ་ཆེར་འགྲོ་བ་ཡིན་ཏེ། ཀུན་མཁྱེན་མི་ཕམ་རྒྱ་མཚོའི་ཞལ་ནས། སྙིགས་མའི་རྒུད་པ་མུན་ལྟར་འཁྲིགས་ན་ཡང་། །རྒྱལ་དབང་པདྨའི་འཕྲིན་ལས་ཟླ་ལྟར་གསལ། །ཞེས་གསུངས་པ་ལྟར་ཡིན།

སངས་རྒྱས་ཀྱི་བཀའ་ལས། འབྲས་བུའི་དུས་དང་སྒྲུབ་པའི་དུས། ལུང་གི་དུས་དང་རྟགས་ཙམ་འཛིན་པའི་དུས་རྣམས་ལས། འབྲས་བུའི་དུས་ཡོལ་ཞིང་སྒྲུབ་པའི་དུས་ཀྱང་ཡོལ་ནས་དེང་སང་ལུང་གི་དུས་ལ་ཐུག་ཡོད་པས། འཆད་ཉན་བྱེད་པ་ཙམ་མ་གཏོགས་མདོ་ཕྱོགས་ཀྱི་བསྟན་པ་ཟབ་མོ་ཞིག་མེད་པར་གསུངས་ཡོད། སངས་རྒྱས་ཀྱི་བཀའ་སྤྱིའི་དབང་དུ་བྱས་ན་བསྟན་པའི་ནུས་པ་ལྡབ་འགྱུར་གྱིས་ཇེ་ངན་ལ་སོང་ཚར་བ་རེད།

དངོས་ཐོག་ར་སྤྲོད་ཀྱི་སྟེང་ནས་བསམ་བློ་བཏང་ན་ཡང་ངོ་མ་དེ་འདྲ་ཞིག་སྟེ། དཔེར་ན། སྔོན་གྱི་དུས་སུ་སློབ་དཔོན་པདྨ་འབྱུང་གནས་དང་། པཎ་ཆེན་བི་མ་མི་ཏྲ་ཁོང་རྣམ་གཉིས་རྒྱ་གར་གྱི་ཤར་ལྷོ་ནུབ་བྱང་ཐམས་ཅད་ལ་བྱོན་པར་མ་ཟད་བོད་ཡུལ་དུ་ཡང་བྱོན་པ་རེད། ཡིན་ཡང་སྐབས་དེར་རྫོགས་པ་ཆེན་པོ་དར་ཁྱབ་ལ་དེ་ཙམ་སོང་མེད། དེང་དུས་སུ་བོད་ཀྱི་བླ་མ་རྣམ་པའང་ཕྱིའི་རྒྱལ་ཁབ་མང་ཆེ་བར་བྱོན་ནས་ཆོས་གསུངས་ཤིང་དབང་སྐུར་གྱིན་ཡོད་དེ། འཛམ་གླིང་གི་སྟོབས་ལྡན་རྒྱལ་ཁབ་ཨང་དང་པོ་ཨ་མེ་རི་ཁའི་ཡུལ་ཁམས་ལའང་རྫོགས་པ་ཆེན་པོའི་ཆོས་དར་ཁྱབ་ཏུ་འགྲོ་བཞིན་པ་ནི། རྫོགས་པ་ཆེན་པོའི་ཆོས་ཀྱི་ནུས་པ་ཇེ་བཟང་དུ་སོང་བའི་རྟགས་རེད།

དེ་ནི་ཚོགས་པ་འདིར་ཡོད་པའི་མི་རྣམས་ཀྱི་སེམས་ཁམས་ལ་བལྟས་ནའང་དཔག་ཐུབ་སྟེ། སྤྱིར་ཁྱེད་ཅག་སངས་རྒྱས་ཀྱི་ཆོས་ལ་དད། བྱེ་བྲག་བོད་བརྒྱུད་ནང་བསྟན་ལ་དད། ཁྱད་པར་དུ་རྫོགས་པ་ཆེན་པོའི་ཆོས་ལ་ལྷག་པར་མོས་འདུན་ཡོད་པ་ནི། ཁྱེད་རྣམས་ཀྱི་རྒྱུད་ལ་རྫོགས་པ་ཆེན་པོའི་ཆོས་ཀྱི་བྱིན་རླབས་འཇུག་པའི་དུས་ལ་བབས་ཤིང་ཆོས་རྫོགས་པ་ཆེན་པོའི་གདུལ་བྱར་གྱུར་བའི་རྟགས་རེད། ཁྱེད་ཅག་གིས་དེ་འདྲ་ཞིག་རེད་བསམ་མམ། ༼དགོད་སྒྲ།༽

བོད་ཡུལ་ནི་ལུང་པ་ཆུང་ཆུང་ཡིན་པས། དེང་རབས་ཀྱི་ཚན་རིག་སོགས་ཤེས་པའི་མི་ཤེས་རྒྱ་ཆེན་པོ་ཅན་མང་པོ་མེད་ཀྱང་། ཆོས་ཟབ་མོ་བྱིན་རླབས་ཅན་རྫོགས་པ་ཆེན་པོ་འདི་ཉིད་དར་བའི་སྟབས་ཀྱིས། ད་ལྟ་བོད་ཀྱི་བླ་མ་རྣམས་ཀྱིས་འཛམ་གླིང་གི་ཡུལ་ཁམས་སོ་སོ་ལ་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། ཁྱད་པར་དུ་རྫོགས་པ་ཆེན་པོའི་ཆོས་འདི་དར་སྤེལ་མཛད་བཞིན་པ་ནི། སྤྱིར་ཐེག་པ་ཆེན་པོའི་ཆོས་དང་སྒོས་སུ་རྫོགས་པ་ཆེན་པོའི་ཆོས་ལ་དེ་འདྲའི་བྱིན་རླབས་དང་ནུས་མཐུ། ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཡོད་པའི་རྟགས་མངོན་གསལ་ཡིན།

ཡང་ཁྱེད་རྣམས་ལ་འདི་འདྲའི་དོགས་པ་ཞིག་སྐྱེ་སྲིད་དེ། སྔོན་གྱི་དུས་སུ་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ལ་ལས་སྐུ་ལུས་མ་སྤངས་པར་རིག་འཛིན་གྱི་ས་ལ་གཤེགས་ཏེ་ད་སྐབས་མངོན་སུམ་དུ་ཞིང་ཁམས་སུ་བཞུགས་ཡོད་ལ། ཕལ་ཆེར་འོད་སྐུར་གྲོལ་སོང་བ་ཡིན་ཡང་། རྫོགས་པ་ཆེན་པོ་ཉམས་ལེན་ཆེ་བའི་ཚད་དུ་འཇོག་པ་སྐྱབས་རྗེ་བདུད་འཇོམས་པ་དང་། དིལ་མགོ་མཁྱེན་བརྩེ་ལ་སོགས་པ་རྣམས་ཀྱིས་ཀྱང་སྐུ་ལུས་ཤུལ་དུ་བཞག་ཡོད་པ་ཅི་ཡིན་ནམ་སྙམ་ན།

ཁོང་རྣམ་པའི་སྐུ་གདུང་ཤུལ་དུ་འཇོག་རྒྱུ་དེར་རྒྱུ་མཚན་རྣམ་པ་གཉིས་ཡོད་དེ། གཅིག་ཏུ་ཁོང་གི་སྐུ་ལུས་འོད་སྐུར་དེངས་ནུས་ཀྱང་ཆེད་དུ་གདུལ་བྱ་རྣམས་ལ་དད་པའི་རྟེན་དུ་བཞག་པ་ཞིག་ཀྱང་ཡོད། དེ་ཡང་དད་རྟེན་དུ་སྐུ་ལུས་ཧྲིལ་པོ་བཞག་པས་འགྲོ་དོན་ཡོང་ན་སྐུ་ལུས་ཧྲིལ་བོར་འཇོག་རྒྱུ་དང་། དབུ་སྐྲ་དང་སེན་མོ་ཙམ་གྱིས་འགྲོ་དོན་ཡོང་ན་སྐྲ་སེན་མ་གཏོགས་སྐུ་ལུས་འཇའ་འོད་དུ་དེངས་འགྲོ་བ་རེད། དེང་སང་བླ་མ་ལ་ལས་སྐྲ་སེན་ཤུལ་དུ་བཞག་ཡོད་པ་དང་། ལ་ལས་སྐུ་ལུས་ཧྲིལ་བོར་བཞག་ཡོད་པ་ནི། སྐུ་ལུས་ཀྱིས་ཀྱང་དད་པ་དང་ཕྱག་འཚལ་བ། སྐོར་བ་བྱེད་པའི་སེམས་ཅན་ཐམས་ཅད་ངན་སོང་གི་གནས་ནས་ཟློག་པར་བྱེད་པའི་དགོས་པ་ཁྱད་པར་ཅན་ཡོད་པ་ལ་དགོངས་ནས་བཞག་པ་ཡིན།

རྒྱུ་མཚན་གཉིས་པ་ནི། སློབ་མ་རྣམས་ཀྱི་ངོས་ནས་ཀྱང་ལས་མ་དག་པ་མང་པོ་ཡོད་ན། དེ་དག་གི་གྲིབ་ཕོག་ནས་སྐུ་ལུས་ཡོངས་རྫོགས་འོད་དུ་དེངས་མི་ཐུབ་པ་ཡང་ཡོད།

དེས་ན་གདུལ་བྱའི་ཁམས་ལ་བསམ་བཞིན་དུ་སྐུ་གདུང་བཞག་པ་དེ་དང་། སྐུ་གདུང་འོད་དུ་ཞུ་མི་ཐུབ་པར་ལྷག་འགྲོ་བ་གཉིས་ཀྱི་ཁྱད་པར་ཅི་ཞིག་ལ་ངོས་འཛིན་དགོས་སྙམ་པའི་དོགས་པ་ཞིག་ཀྱང་སྐྱེ་སྲིད་རྒྱུ་རེད།

དེ་ནི་དཔེར་ན། སྐྱབས་རྗེ་བདུད་འཇོམས་པ་ཆེན་པོ་དང་དིལ་མགོ་མཁྱེན་སྤྲུལ་ལྟ་བུ་ལ་མཚོན་ན། བདུད་འཇོམས་རིན་པོ་ཆེ་ནི་ཨོ་རྒྱན་རིན་པོ་ཆེ་བསམ་བཞིན་མི་ཡུལ་དུ་བྱོན་པ་དངོས་ཡིན་པས། ཁོང་གི་སྐུ་ལུས་ལ་ས་སྟེང་དམ་ཉམས་ཀྱིས་གང་ཡང་སྒྲིབ་ཐུབ་རྒྱུ་མ་རེད། དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ནི། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྤྲུལ་པ་རེད། ཁོང་ལ་ཡང་ས་སྟེང་གི་སྐྱེ་འགྲོ་ཐམས་ཅད་དམ་སློབ་མ་ཡོངས་རྫོགས་དམ་ཉམས་སུ་གྱུར་སོང་ཡང་རྩ་བ་ནས་སྒྲིབ་ཐུབ་རྒྱུ་མ་རེད། དེས་ན་ཁོང་རྣམ་པ་གཉིས་ཀྱི་སྐུ་གདུང་བཞག་ཡོད་རྒྱུ་ནི། ད་ལྟ་ཁྱེད་རྣམ་པའི་གཙོས་དད་ལྡན་རྣམས་ལ་ཕྱག་མཆོད་སྐོར་བ་བྱེད་སའི་རྟེན་དུ་བཞག་པ་རེད།

འུ་ཅག་ལྟ་བུའི་ཐ་མལ་བ་དང་ལས་དང་པོ་པ་ཞིག་གིས། རྫོགས་པ་ཆེན་པོའི་ལམ་བསྒོམས་ཤིང་དོན་རྟོགས་ནས་འཇའ་ལུས་ལ་དེངས་དགོས་ན། སློབ་མ་ལ་གཟབ་དགོས་པ་རེད་མ་གཏོགས། སྤྱིར་ལུས་པོ་འདི་དང་པོ་ཉིད་ནས་སྡུག་བདེན་དང་མ་དག་པའི་ཕུང་པོ་རེད། དེའི་ཁར་སློབ་མ་དམ་ཉམས་ཡོད་ན་དེ་ཡིས་བསྒྲིབས་ནས་འཇའ་ལུས་སུ་དེངས་མི་ཐུབ་པར་སྐུ་ལུས་ཤུལ་དུ་ལྷག་འགྲོ་བ་ཡིན། འུ་ཅག་འདི་ན་ཡོད་ཚད་ཚང་མའི་རྒྱུད་ཚོད་མི་ཟིན་ཀྱང་། དཔེར་ན། ང་འདྲ་བ་དག་གིས་སློབ་མ་ལ་གཟབ་གཟབ་མ་བྱས་ན། སློབ་མའི་དམ་སེལ་གྱིས་བསྒྲིབས་ནས་འཇའ་ལུས་སུ་དེངས་ཐུབ་པ་མིན། དེ་ནི་རྫོགས་པ་ཆེན་པོའི་ལོ་རྒྱུས་ཀྱི་སྐོར་ཡིན།

རྫོགས་ཆེན་གྱི་བྱིན་རླབས།

རྫོགས་པ་ཆེན་པོ་ལ་ཕན་ཡོན་ཅི་འདྲ་ཡོད་ཟེར་ན། རྫོགས་ཆེན་རྣ་ལམ་དུ་དངོས་སུ་ཐོས་པའི་གང་ཟག་ཅིག་ཇི་ལྟར་འཕྱི་རུང་སྐྱེ་བ་བདུན་གྱི་རྗེས་སུ་འཚང་མི་རྒྱ་བ་གཏན་ནས་མི་སྲིད། རྫོགས་པ་ཆེན་པོའི་དབང་དང་ཁྲིད་ཐོབ་པ་མ་ཟད། བླ་མ་ལ་ལོག་ལྟ་སྐུར་འདེབས་མ་བྱས། ཆོས་ལ་དད་པ་མ་ལོག་ན་ཇི་ལྟར་འཕྱི་ཡང་བར་དོར་ངེས་པར་དུ་གྲོལ་ངེས་ཡིན།

རྫོགས་པ་ཆེན་པོའི་དབང་ཁྲིད་ཐོབ་ཅིང་དེའི་དོན་ཤེས་ནས་ནན་ཏན་གྱིས་བསྒོམ་ན། དད་པ་བཟང་པོ་ཡོད་ན་ཟླ་བ་དྲུག་དང་། འབྲིང་ཙམ་ཡོད་ན་ལོ་བདུན། ཐ་མ་ཞིག་ཡོད་ནའང་ལོ་བཅུ་གཉིས་ཀྱི་དུས་སུ་ངེས་པར་དུ་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་འགྱུར་བའི་ཐབས་ཡོད། གཞན་དབང་ཁྲིད་ཐོབ་ཅིང་སྒོམ་མ་ནུས་ནའང་། དམ་ཚིག་མ་ཉམས་ན་དེའི་གླེགས་བམ་ལུས་ལ་རེག་པ་ཙམ་གྱིས་ཀྱང་བར་དོ་ན་སངས་རྒྱས་པར་འགྱུར་ལ། རྫོགས་པ་ཆེན་པོའི་ཆོས་དེ་སེམས་ཅན་འཆི་ཁ་མའི་རྣ་ལམ་དུ་བསྒྲགས་པ་དང་། རྫོགས་པ་ཆེན་པོའི་གླེགས་བམ་མགོ་སྔས་སུ་བཞག་ནས་དེར་ཕྱག་འཚལ་ཞིང་སྐོར་བ་བྱས། མར་མེ་ཕུལ་བ་སོགས་བྱས་ན། དེ་ཡང་རིང་པོར་མི་ཐོགས་པར་འཚང་རྒྱ་བར་འགྱུར།

དེས་ན་ཐེག་པ་ཐམས་ཅད་ཀྱི་རྩེ་མོ་ཡིན་པའི་རྒྱུ་མཚན་ནི། ཐེག་པ་རིམ་དགུའི་ཆོས་གང་དང་ཡང་མི་འདྲ་བ་འདི་ཉིད་མཐོང་ཚད་དང་། རེག་ཚད། དྲན་ཚད། ཐོས་ཚད་ཀུན་འཚང་རྒྱ་བར་འགྱུར་བས། རྫོགས་པ་ཆེན་པོ་ནི་ཐོས་གྲོལ་དང་རེག་གྲོལ་ཡིན་ཞེས་ཟེར་བའང་དེ་ཡིན། རྫོགས་པ་ཆེན་པོ་ནི་དེ་འདྲའི་ཆོས་བསམ་གྱིས་མི་ཁྱབ་པ་ཡིན་པས། ད་ནས་བཟུང་སྟེ་འུ་ཅག་གིས་ཆོས་དང་བླ་མ་ལ་ལོག་པར་མ་བལྟས་ཤིང་སྐུར་འདེབས་སོགས་མ་བྱས་ན། མྱུར་བ་ཉིད་དུ་སངས་རྒྱས་པ་མ་གཏོགས་ལུས་ལ་ན་ཚ་དང་སེམས་ལ་སྡུག་བསྔལ་གཏན་ནས་མྱོང་དགོས་པ་མ་རེད། ཁྱེད་རང་ཚོ་དགའ་བོ་བྱུང་སོང་ངམ། ༼དགོད་སྒྲ ། ༽

ཆོས་སྒྲུབ་པའི་རྨང་གཞི།

ཕྱི་ཟླ་༦ཚེས་༡༩ཡི་སྔ་དྲོར། གནས་ཆུང་དགོན་པའི་དད་ལྡན་དང་གནས་གཞན་ནས་འོངས་པ་དག་ལ་རྗེ་རང་ཉིད་ཀྱི་གཏེར་ཆོས་ཏེ། འཇམ་དཔལ་ཞི་སྒྲུབ་ཀྱི་དབང་བསྐུར་བའི་ཐོག་མར་འདི་སྐད་དུ།

དེ་རིང་འཇམ་དཔལ་ཞི་སྒྲུབ་ཀྱི་ཆོས་སྐོར་གྱི་ཆོས་ཞུ་བའི་སྐབས་སུ་ཁྱེད་རྣམ་པས་འདི་ལྟར་སོམས། ངས་འཛམ་གླིང་གི་འགྲོ་བ་མཐའ་དག་ལ་ཕན་པའི་ཆེད་དུ་ཆོས་འདི་ཉན་པ་དང་སྤེལ་བ་ཡིན་སྙམ་དུ་སེམས་སྐྱེད། ཁྱེད་རྣམ་པས་ཆོས་འདི་ཡུལ་ཁམས་སོ་སོའི་ཡི་གེའི་ཐོག་ནས་དེབ་སྣ་ཚོགས་བསྒྲིག་རྒྱུ་དང་། ཆོས་འདི་སྐད་རིགས་སྣ་ཚོགས་ཀྱི་སྒོ་ནས་བཤད་དེ། འཛམ་གླིང་གི་རྒྱལ་ཁབ་སོ་སོར་དར་ཁྱབ་རྒྱ་ཆེ་བ་ཞིག་ཡོང་བར་བརྩོན་ལེན་བྱེད་པར་ངས་གནང་བ་ཐོབ་པ་ཡིན།

ཁྱེད་རྣམ་པ་ཚང་མ་ལ་ནང་ཆོས་དར་ཁྱབ་ལ་གཏོང་བའི་འོས་འགན་ཡོད་དེ། དཔེར་ན། མཁན་པོ་རྣམ་གྲོལ་ཀྱིས་རྒྱ་གར་ཡུལ་གྱི་བོད་ཀྱི་བླ་སེར་མང་པོར་རྒྱ་ཆེར་སྤེལ་བ་མ་ཟད། ཐེ་ཝན་དང་ཧོང་ཀོང་ལ་སོགས་པའི་ཡུལ་དུ་ཡང་དར་སྤེལ་དུ་བཏང་བས། བསྟན་འགྲོའི་དོན་རྒྱ་ཆེན་པོ་ཞིག་བསྒྲུབས་མྱོང་ཡོད། དེ་བཞིན་དུ་ཁྱེད་རྣམ་པ་རང་རང་ལའང་ནུས་པ་རེ་ཡོད་ངེས་པས། ཆོས་འདི་དར་ཁྱབ་རྒྱ་ཆེན་པོར་བཏང་ན། ཐེག་པ་ཆེན་པོའི་ལམ་གྱི་བསླབ་བྱ་གཙོ་བོ་སྟེ། སེམས་ཅན་ཐམས་ཅད་ལ་ཕན་རྒྱ་ཆེན་པོ་ཐོགས་པ་ཡིན། ཁྱེད་རང་ཚོས་ང་ལ་འོས་འགན་མེད་མ་བསམ་རོགས། ཐམས་ཅད་ལ་འོས་འགན་ཡོད་པ་ཡིན་པས། ཀུན་གྱིས་འགན་དེ་གཙང་བཞེས་བྱ་རྒྱུ་མ་འཆུགས། ཡང་དཔེར་ན། མཁན་པོ་བསོད་དར་རྒྱས་ཀྱིས་ཀྱང་རྒྱ་ནག་གི་ཞིང་ཆེན་སོ་སོའི་རབ་བྱུང་བ་དང་དགེ་བསྙེན་མང་པོ་ལ་ཆོས་འདི་རྒྱ་ཆེར་སྤེལ་བ་རེད། དེ་བཞིན་དུ་ཁྱེད་རྣམས་པས་ཀྱང་ཡུལ་ཁམས་སོ་སོར་ཆོས་འདི་དར་རྒྱས་ཕུན་སུམ་ཚོགས་པ་འབྱུང་བར་བརྩོན་ལེན་བྱ་རྒྱུ་མ་བརྗེད།

དབང་བསྐུར་རྗེས་ཉིན་གཉིས་ཀྱི་རིང་ལ་འཇམ་དཔལ་ཞི་སྒྲུབ་ཀྱི་ཁྲིད་ཡིག་སངས་རྒྱས་ལག་སྟེར་གསུངས་ཤིང་། ཉིན་དང་པོར་ཁྲིད་ཡིག་གི་མགོ་ནས་སེམས་བསྐྱེད་བར་གསུངས་ལ། སྐབས་དེར་གསུངས་པའི་ཚིག་དོན་རྣམས་མཐར་ཆགས་སུ་རེ་རེ་ནས་མ་བཀོད་པར། འཕྲོས་དོན་ཆ་ཤས་ཤིག་འགོད་པ་ནི་འདི་ལྟ་སྟེ།

ཆོས་འདི་གསན་པའི་ཐོག་མར། གོང་དུ་ཞུས་པ་བཞིན་དུ་ཁྱེད་རྣམ་པས་ནམ་མཁས་གར་ཁྱབ་ཀྱི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་དགོད་པར་བྱ། དེའི་ཆེད་དུ་བདག་གིས་དམ་པའི་ཆོས་འདི་ཉན་ནས་དོན་ཉམས་སུ་བླང་བར་བགྱིའོ་སྙམ་པའི་ཀུན་སློང་སྔོན་དུ་སོང་བའི་སྒོ་ནས་གསན་པར་ཞུ། གང་གསན་པར་བྱ་བའི་ཆོས་ནི། འཇམ་དཔལ་ཞི་སྒྲུབ་ཀྱི་ཆ་ལག་ཁྲིད་ཡིག་སངས་རྒྱས་ལག་སྟེར་འདི་ཡིན།

འཇམ་དཔལ་ཞི་སྒྲུབ་ཀྱི་ལམ་འདི་ཉིད་ཉམས་སུ་ལེན་པར་བྱེད་པ་ལ། ཐོག་མར་ལམ་གྱི་རིམ་པ་སྤྱིར་བསྟན་པ་དང་། ལམ་སྒོམ་པའི་མན་ངག་བྱེ་བྲག་ཏུ་བཤད་པ་གཉིས་ཡོད་པ་ལས།

དང་པོ་ལམ་གྱི་རིམ་པ་སྤྱིར་བསྟན་པ་ནི། ཆོས་འདིའི་ཆ་ལག་སྙིང་གཏམ་སྙིང་གི་ཐིག་ལེ་ལས་གསལ་བོར་བསྟན་ཡོད་ཅིང་། ལམ་སྒོམ་པའི་མན་ངག་ཉམས་སུ་ལེན་ཚུལ་དེ། ཁྲིད་ཡིག་སངས་རྒྱས་ལག་སྟེར་གྱིས་གསལ་བོར་བསྟན་ཡོད། དེ་གཉིས་ཀྱི་བཤད་སྟངས་དེ་ཡང་། སྔ་མ་ནི་རྒྱ་ཆེ་བ་པཎྜི་ཏའི་ལུགས་ཀྱི་བཤད་སྟངས་ཡིན་ལ། ཕྱི་མ་ནི་ཟབ་པ་ཀུ་སཱ་ལིའི་ལུགས་ཀྱི་བཤད་སྟངས་ཡིན།

དེ་གཉིས་གང་ལྟར་དུ་ཉམས་སུ་བླངས་ཀྱང་། སྐྱེས་བུ་གཅིག་མངོན་པར་རྫོགས་པར་འཚང་རྒྱ་བའི་ལམ་ཚང་ལ་ནོར་བ་མེད་པ་ཡིན་པར་གཞུང་རང་རང་གི་ནང་དུ་བསྟན་ཡོད་ལ། ད་རེས་ཁྲིད་ཡིག་སངས་རྒྱས་ལག་སྟེར་འདི་ཉིད་འཆད་རྒྱུ་ཡིན། འདི་ཉིད་འཆད་པར་བྱེད་པ་ལ། ཐོག་མར་ལམ་གྱི་ཆ་ལག་ཆ་ཤས་ཤིག་སྙིང་གཏམ་སྙིང་གི་ཐིག་ལེ་ལས་ཁ་གསབ་བྱ་དགོས་པས། ངས་སྤྱི་དོན་གྱི་ཚུལ་དུ་ཁྱེད་རྣམ་པ་ལ་ཚིག་འགའ་ཞིག་འཆད།

འདོད་ཆུང་ཆོག་ཤེས།

འུ་ཅག་གིས་ཆོས་རྣམ་པར་དག་པ་ཞིག་སྒྲུབ་པར་བྱེད་པ་ལ་ཐོག་མར་འདོད་པ་ཆུང་ཞིང་ཆོག་ཤེས་པ་ཞིག་དགོས། དེ་ཡང་། གཞན་ལ་རྒྱུ་རྫས་མང་པོ་དང་ཐོབ་མངའ་ཐང་། མཚན་སྙན་གྲགས་སོགས་ཡོད་ན། དེ་དག་ང་ལ་ཐོབ་སོང་ན་ཅི་མ་རུང་སྙམ་པའི་བསམ་པ་རྩ་བ་ནས་སྤངས་ཐུབ་ན་འདོད་པ་ཆུང་བ་ཡིན། ཆོག་ཤེས་པ་ནི། རང་ལ་བཟའ་རྒྱུ་འཐུང་རྒྱུ་བཟང་ངན་ཅི་ཡོད་ན་དེ་ཙམ་ཞིག་གིས་ཆོག་པར་བྱས་ནས། འདོད་རྔམ་གྱིས་ཟས་ནོར་འཚོལ་བའི་བྱ་བ་མང་པོ་མི་སྒྲུབ་པ་ཞིག་ལ་ཟེར། དེ་འདྲའི་འདོད་ཆུང་ཆོག་ཤེས་ཀྱི་སྒོ་ནས་ཚེ་འདིའི་བདེ་འབྱོར་སྙན་གྲགས་ལ་ཞེན་ཆགས་མེད་པ་ཞིག་དགོས་པ་རེད་མ་གཏོགས། ཚེ་འདི་ཁོ་ནར་ཞེན་ཆགས་སྐྱེས་ནས་བཟུང་སྟེ་ཆོས་པ་རྣམ་དག་ཅིག་ཡོང་ཐབས་མེད། དེའི་རྒྱུ་མཚན་ནི། འདོད་པའི་ལོངས་སྤྱོད་ལ་ཅི་ཙམ་སྤྱད་ཀྱང་སྲེད་པ་འཕེལ་བ་ལས་ཚིམ་ཞིང་ངོམས་པའི་དུས་མེད། དཔེར་ན། མི་ཞིག་ལ་གསེར་རྒྱ་མ་གང་ཡོད་ཚེ་གསེར་རྒྱ་མ་དོ་ཡོད་ན་བསམ་ཡོང་ཞིང་། ཡུལ་ཁམས་གཅིག་གི་བདག་པོར་གྱུར་ཀྱང་ཡུལ་ཁམས་གཉིས་ཀྱི་བདག་པོར་གྱུར་ན་སྙམ། རྒྱལ་ཁབ་གཅིག་གི་བདག་པོར་གྱུར་ཀྱང་གཉིས་ཀྱི་བདག་པོར་ཨེ་འགྱུར་བསམ་ནས་འདོད་པའི་ཁ་གང་བའི་དུས་ཤིག་ཡོང་རྒྱུ་མེད། དེའི་ཕྱིར་འདོད་པ་ཆུང་བ་ལ་སློབ་དགོས། ཚེ་འདིའི་བྱ་གཞག་ཐམས་ཅད་ཇི་ལྟར་བསྒྲུབས་ཀྱང་འགྲུབ་པའི་དུས་ཤིག་མི་ཡོང་། མི་ཚེ་གཅིག་ལ་བདེ་བ་དང་། འབྱོར་བ། སྙན་གྲགས་ཐོབ་པའི་ཆེད་དུ་ཉིན་རེའི་བྱ་བ་ཡང་སྒྲུབ་བསྐྱར་སྒྲུབ་བྱེད་པར་ཇི་ལྟར་འབད་ཀྱང་། གང་ཡང་འགྲུབ་པ་མེད་པར་ནམ་ཞིག་རང་ཉིད་འཆི་དགོས་པ་ཡིན།

དེས་ན་བྱ་བ་ཐམས་ཅད་ཆེ་བཞག་ཆུང་བསྐྱུར་བྱས་ནས་དགེ་བ་འབའ་ཞིག་བསྒྲུབ་དགོས་ཤིང་། དེ་མིན་སྲིད་པའི་བདེ་འབྱོར་དང་སྙན་གྲགས་གང་ལ་བསམ་ཡང་། རྨི་ལམ་གྱི་ནང་དུ་ཚོང་ལས་བྱེད་པ་རྨིས་ན། སྐབས་རེར་ཁེ་བཟང་ཐོབ་པས་དགའ་སྣང་སྐྱེས་ཤིང་། ཐེངས་རེར་ཕམ་ཁ་བྱུང་བས་ཡིད་ཆད་སྐྱེས་པ་ལ་སྙིང་པོ་མེད་དེ། རྨི་ལམ་ནང་དུ་ཚོང་བྱེད་པ་ལ་རྒྱལ་ཕམ་དང་ཐོབ་ཤོར་སོགས་བདེན་པར་མ་གྲུབ་པ་བཞིན་དུ། ཚེ་འདིའི་བདེ་འབྱོར་སྙན་གྲགས་སོགས་ཀྱི་སྣང་བ་འདི་དག་ཐམས་ཅད་ཀྱང་བདེན་པར་མ་གྲུབ་པ་རྨི་ལམ་གྱི་སྣང་བ་དང་ཁྱད་པར་གང་ཡང་མེད། དཔེར་ན། རང་ཅག་ཁྱིམ་ཚང་གང་བོ་འདི་ལ་བསམ་བློ་བཏང་ན། སྐྱེས་ནས་ད་བར་དུ་མི་ལ་ལས་ཚེ་སྟོད་ལ་བདེ་སྐྱིད་ཆེན་པོ་མྱོང་ཞིང་། ལ་ལས་སྡུག་བསྔལ་མང་པོ་མྱོང་། ལ་ལས་བདེ་སྡུག་རེས་མོས་སུ་མྱོང་ཡང་། དེ་དག་ནི་མདང་སུམ་རྨིས་པའི་རྨི་ལམ་དང་ཁྱད་པར་ཅི་ཡང་མེད་དེ། དེ་རིང་སེམས་ཀྱིས་དྲན་པ་ཙམ་ལས་བདེ་སྡུག་དེ་དག་ཡང་བསྐྱར་མྱོང་རྒྱུ་ཡོད་པ་མིན། འདས་པའི་དོན་རྣམས་སོང་ཟིན་ཡང་ད་ལྟ་འུ་ཅག་ལ་སྐྱིད་སྡུག་འདི་དག་འདུག་བསམ་ན། དེ་ཡང་རྨི་ལམ་གྱི་སྣང་བ་དང་འདྲ་བ་ཡིན་ཏེ། རྨི་ལམ་གྱི་སྐབས་སུ་སྐྱིད་པོ་རྨིས་ན་དགའ་ཞིང་སྡུག་པོ་རྨིས་ན་མི་དགའ་བའི་སྣང་བ་འཆར་ཡང་། ཕྱི་ཉིན་ཡར་སད་དུས་གང་ཡང་མེད། དེ་བཞིན་དུ་འུ་ཅག་ལ་དེ་རིང་སྐྱིད་སྡུག་ཅི་སྣང་ཡང་། སང་ཉིན་ནམ་ལངས་དུས་གང་ཡང་ཡོད་པ་མིན་པས་སྙིང་པོ་མེད་ཚུལ་རྨི་ལམ་དང་མཚུངས། དེ་བཞིན་དུ་སང་ཉིན་དང་གནངས་ཉིན་གྱི་སྣང་བ་ཡང་། སང་ནུབ་དང་གནངས་ནུབ་ཀྱི་རྨི་ལམ་གྱི་སྣང་བ་དང་ཁྱད་པར་མེད་ཅིང་རྟག་བརྟན་མིན་པས། བདེ་སྡུག་གི་སྣང་བ་འདི་དག་གཏན་ནས་གྲུབ་མ་མྱོང་ཞིང་འཁྲུལ་བ་ཡིན་པས་ཞེན་ཆགས་སྐྱེ་མི་རུང་བ་ཡིན།

མི་སུ་དང་སུ་ཡིན་ཡང་ཆོས་རྣམ་དག་ཅིག་སྒྲུབ་བསམ་པ་ནས་བཟུང་སྟེ། འཁྱག་ལྟོག་མེད་པ་ཙམ་གྱིས་འགྲིག་སྙམ་པའི་ཆོག་ཤེས་བྱ་དགོས་པ་ཡིན། དེ་ལས་གཞན་པའི་རྩོལ་སྒྲུབ་མང་པོ་བྱས་ན་ཆོས་རྣམ་དག་ཅིག་འགྲུབ་མི་སྲིད། དེས་ན་བཟའ་རྒྱུ་དང་གོན་རྒྱུ་ཅུང་ཙམ་ཞིག་ཡོད་ན་དེ་ཙམ་གྱིས་ཆོག་ཤེས་བྱ་རྒྱུ་མ་གཏོགས། འུ་ཅག་འཛམ་བུ་གླིང་གི་བདག་པོའམ་རྒྱལ་པོར་གྱུར་སོང་ཡང་། བཟའ་རྒྱུ་དང་གོན་རྒྱུ་ཙམ་ཞིག་མ་གཏོགས་གང་ཡང་ལོངས་སུ་སྤྱད་རྒྱུའི་སྐལ་བ་མེད་པས། རྒྱུ་ལོངས་སྤྱོད་དང་མཚན་སྙན་གྲགས། བདེ་འབྱོར་མང་པོ་ཞིག་ལ་དགོས་པ་ཅི་ཡང་མེད་པའང་ཤེས་དགོས།

འཇིག་རྟེན་ཚེ་འདིའི་བྱ་གཞག་ཐམས་ཅད་ལ་ཅུང་ཙམ་ཡང་མི་ཆགས་པར། ཆོས་ཁོ་ན་བསྒྲུབ་བསམ་པའི་གང་ཟག་ནི། ནང་པ་སངས་རྒྱས་པའི་ལུགས་ཀྱི་ཆོས་པ་ཨང་དང་པོ་ཡིན། དེ་ལྟར་མ་ཡོང་ན། ཚེ་འདིའི་བདེ་བ་དང་འབྱོར་བ་བསྒྲུབ་རྒྱུ་དང་དམ་པའི་ཆོས་བསྒྲུབ་རྒྱུ་གཉིས་ཀ་འདྲ་མཉམ་གྱི་སྒོ་ནས་ལག་ལེན་བྱས་ན། དེས་ཀྱང་ཆོས་པ་འབྲིང་ཙམ་ཞིག་ཡོང་རྒྱུ་རེད། ཚེ་འདིའི་བདེ་འབྱོར་ལ་ཞེན་ཆགས་ཆེན་པོ་ཡོད་ཀྱང་ཆོས་ལ་ཅུང་ཙམ་དགའ་ན་དེས་ཆོས་པ་ཐ་མ་ཞིག་ཡོང་རྒྱུ་རེད། ཚེ་འདིའི་བདེ་འབྱོར་ཁོ་ན་མ་གཏོགས་ཆོས་སྒྲུབ་འདོད་ཀྱི་འདུན་པ་རྩ་བ་ནས་མེད་ན་ནམ་ཡང་ཆོས་པར་འགྱུར་ཐབས་མེད་ཅིང་། ནང་པ་སངས་རྒྱས་པའི་གྲལ་དུ་ཚུད་ཐབས་གཏན་ནས་མེད། དེས་ན་ཁྱེད་རྣམས་ཀྱིས་རང་རང་སོ་སོའི་རྒྱུད་ཚོད་ལ་བརྟག་ནས། རང་ཉིད་སྔོན་ཆད་ཆོས་པ་ཞིག་གཏན་ནས་མིན་ནའང་། ད་ནས་ཆོས་པ་ཐ་མ་ཞིག་ཡོང་ཐབས་བྱ་རྒྱུ་དང་། ཆོས་པ་ཐ་མ་ཞིག་ཡིན་ན་ཆོས་པ་འབྲིང་ཞིག་གི་གོ་གནས་ལོན་ཐབས་བྱ་རྒྱུ། ཆོས་པ་འབྲིང་ཞིག་ཡིན་ན་ཆོས་པ་ཨང་དང་པོ་ཚེ་འདི་ལ་ཞེན་པ་གཏན་ནས་མེད་པ་ཞིག་ཡོང་ཨེ་ཐུབ་བལྟ་དགོས་པ་ཡིན།

བླ་མ་ཞིག་བསྟེན་དགོས།

ཆོས་པ་ཡང་དག་ཡོང་བ་ལ་ཐོག་མར་འདོད་ཆུང་ཆོག་ཤེས་ཉམས་སུ་ལེན་རྒྱུ་ཅིས་ཀྱང་གལ་ཆེ་ལ། འདོད་ཆུང་ཆོག་ཤེས་དང་ལྡན་པ་གཞིར་བཞག་གི་སྟེང་ནས་བླ་མ་ཞིག་བསྟེན་དགོས།

བླ་མ་བསྟེན་དགོས་པའི་རྒྱུ་མཚན་གང་ཡིན་ཟེར་ན། རང་རྒྱུད་དུ་སྐྱོན་ངན་པ་སངས་རྒྱས་ཀྱི་ཆོས་དང་མི་མཐུན་པ་ཡོད་པ་ཐམས་ཅད་ཟད་ཅིང་། སྔར་མེད་པའི་སངས་རྒྱས་ཀྱི་ཆོས་དང་དམ་པའི་ཡོན་ཏན་ཐམས་ཅད་གསར་དུ་རྒྱུད་ལ་སྐྱེ་བའི་དགོས་པ་ཡོད། བསྟེན་བྱའི་བླ་མ་ཅི་འདྲ་ཞིག་དགོས་ཤེ་ན། ནང་པ་སངས་རྒྱས་པའི་ཆོས་སྐད་དུ་མཚན་ཉིད་དང་ལྡན་པའི་བླ་མ་ཟེར་ཞིང་། དེ་ལྟ་བུའི་བླ་མ་ཚད་དང་ལྡན་ཞིང་ཡོན་ཏན་ཕུན་སུམ་ཚོགས་པ་ལྡན་པ་ཞིག་བསྟེན་དགོས་པ་ཡིན། བླ་མའི་ཡོན་ཏན་ནི། ཐུགས་རྒྱུད་ན་རང་ཤུགས་ཀྱིས་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་འདོད་ཀྱི་བྱམས་པ་དང་། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་འབྲལ་འདོད་ཀྱི་སྙིང་རྗེ་གཉིས་ཐུགས་ལ་མངའ་བ་གཞིར་བཞག་ཐོག སངས་རྒྱས་ཀྱི་ཆོས་སེམས་ཅན་རྣམས་ལ་ཡང་དག་པར་འཆད་ཤེས་མཁན་ཞིག་ཡིན་ན། དེ་ལ་བླ་མ་མཚན་ཉིད་དང་ལྡན་པ་ཟེར་བས། དེ་ལྟ་བུའི་བླ་མ་ཞིག་བསྟེན་དགོས་པ་ཡིན།

སློབ་མས་བླ་མ་ཇི་ལྟར་བསྟེན་དགོས་ཟེར་ན། རབ་ན་བླ་མ་དགྱེས་པའི་ཕྱིར་དུ་བླ་མས་གསུངས་པའི་ཆོས་ཉམས་སུ་ལེན་དགོས་པ་ཡིན་ལ། འབྲིང་ན་བླ་མའི་ཐུགས་མཉེས་པའི་ཕྱིར་དུ་བླ་མ་ལ་ཞབས་ཞུ་རྣམ་དག་ཅི་ནུས་ཅི་ལྕོགས་ཀྱིས་སྒྲུབ་དགོས། ཐ་མ་ཡིན་ན་རང་གིས་བླ་མའི་ཐུགས་ལོན་པ་དང་བཀའ་དྲིན་གཟོ་བའི་ཆེད་དུ། འབྱོར་བ་གང་ཡོད་བླ་མའི་ཕྱོགས་སུ་ཕུལ་ནས་ཞབས་ཞུ་སྒྲུབ་དགོས་པ་ཡིན་ལ། དེ་དག་ནི་མཉེས་པ་གསུམ་གྱི་སྒོ་ནས་བླ་མ་བསྟེན་ཚུལ་ཡིན།

དེ་ནས་བླ་མའི་དྲུང་ནས་ཆོས་ཞུ་དགོས་པ་ཡིན་ལ། ཞུ་བྱའི་ཆོས་དེ་ཡང་། རབ་ན་སངས་རྒྱས་ཀྱི་བཀའ་དང་། དེ་མིན་འཕགས་ཡུལ་དུ་བྱོན་པའི་རྒྱན་དྲུག་མཆོག་གཉིས་སོགས་ཀྱིས་མཛད་པའི་སངས་རྒྱས་ཀྱི་བཀའ་ཡི་དགོངས་པ་འགྲེལ་བའི་བསྟན་བཅོས་དང་། བོད་གངས་ཅན་གྱི་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་སོགས་མཁས་གྲུབ་རྣམས་ཀྱི་གསུང་ཆོས་ཡོད་ཚད་བླ་མ་ལས་ཞུ་དགོས་ཤིང་། བླ་མའི་དྲུང་ནས་མཉན་པ་ཙམ་གྱིས་མི་འཇོག་པར་ཚིག་དོན་ཐམས་ཅད་ཡིད་ལ་འཇགས་དགོས་པ་ཡིན། གལ་ཏེ་དེ་འདྲའི་རྒྱ་ཆེན་པོ་ཞིག་མ་ཤེས་ཀྱང་། གང་ཉམས་སུ་བླང་བྱའི་ཆོས་དེ་ངེས་པར་དུ་ཤེས་དགོས། དཔེར་ན། འུ་ཅག་གིས་གོང་དུ་འཆད་ཉན་བྱས་པའི་འཇམ་དཔལ་ཞི་སྒྲུབ་ལྟ་བུའི་ཟབ་ཆོས་འདིར་མཚོན་ན། དེའི་ཆ་ལག་ཡོངས་སུ་རྫོགས་ཤིང་ཆ་ཚང་བ་ཞིག་བླ་མའི་དྲུང་དུ་མཉན་ནས་ཚིག་དོན་ལ་སྒྲོ་འདོགས་གཅད་དགོས་ངེས་ཡིན། དེ་མིན། རང་གིས་དཔེ་ཀློག་བྱས་པ་ཙམ་དང་གདམས་ངག་ལ་ཚོད་དཔག་བྱས་པ་ཙམ་གྱིས་སངས་རྒྱས་ཀྱི་ཆོས་རྩ་བ་ནས་ཤེས་ཐུབ་པ་མིན།

ཁྱད་པར་དུ་གསང་སྔགས་ཀྱི་ཆོས་ལ་མཚོན་ན། དཔེ་ཀློག་ཇི་ལྟར་བྱས་ཀྱང་གསང་བའི་ཚིག་དང་མན་ངག་གི་གནད་མང་པོ་ཞིག་དེབ་ཀྱི་ནང་དུ་བསྟན་མེད་པས། ངེས་པར་དུ་མཚན་ཉིད་དང་ལྡན་པའི་བླ་མ་བསྟེན་དགོས་པ་ཡིན།

ཆོས་འཆད་ཚུལ་དེ་ཡང་། གང་ཟག་སོ་སོའི་ཁམས་དང་དབང་པོ། དད་པ་དང་མོས་པ། རྒྱུད་ཀྱི་ཉོན་མོངས་སོགས་ཐ་དད་ཡིན་པས། དེ་དག་དང་བསྟུན་ནས་ཆོས་སྟོན་དགོས་པ་ལས་ལྷན་ཅིག་ཏུ་ཆོས་བཤད་རྒྱུ་ཡོད་པ་མ་རེད། དཔེར་ན། སྨན་སྣ་གཅིག་ནད་པ་ཡོད་ཚད་ལ་བཏང་ན་ཕལ་ཆེར་ལ་མི་འཕྲོད་པར་མ་ཟད་གནོད་པ་འབྱུང་ངེས་པ་ལྟ་བུ་ཡིན།

གང་ཟག་སུ་དང་སུས་ཁྲིད་ཡིག་སངས་རྒྱས་ལག་སྟེར་ད་ལྟ་ཡིག་ཐོག་ཏུ་བཀོད་ཡོད་པ་འདི་ཙམ་ཞིག་ཉམས་སུ་བླངས་ནའང་ཕན་པ་ཆེན་པོ་ཡོད་ངེས་ཡིན། བོད་ཀྱི་གསོ་རིག་ཏུ། སྨན་ཨ་རུ་ར་ལ་ནད་རིགས་བཞི་བརྒྱ་རྩ་བཞི་སེལ་བའི་ནུས་པ་ཡོད་པར་བཞེད་ཅིང་། སྨན་སྡེབ་སྦྱོར་བྱེད་པའི་སྐབས་སུ། ཨ་རུ་ར་ནད་དང་བསྟུན་ནས་སྨན་གཞན་གྱིས་ཁ་ཚར་འཕངས་ཏེ་གཏོང་དགོས་པ་བཞིན། ཁྲིད་ཡིག་སངས་རྒྱས་ལག་སྟེར་འདི་སྨན་ཨ་རུ་ར་འདྲ་བར། དེ་ལ་བླ་མའི་མན་ངག་གིས་ཟུར་བརྒྱན་ཏེ་སློབ་མ་ལ་བཤད་དགོས་པ་རེད་མ་གཏོགས། གདམས་ངག་གཅིག་གིས་ཡོངས་རྫོགས་སངས་རྒྱས་པར་འགྱུར་དཀའ་བ་ཡིན།

ཁྱད་མཚར་བའི་ནུས་པ།

ཚེས་༡༩ཉིན་ཆོས་རྗེ་ཉིད་དགོན་པའི་ཉེ་འགྲམ་གྱི་ལྗང་མདོག་གི་སྤང་ཐང་དུ་བག་ཡངས་ངང་བཞུགས་སྐབས། གློ་བུར་དུ་སྐྲ་ཁམ་པ་དང་མིག་སེར་པོ་ཅན་གྱི་མེ་གླིང་བྱང་མའི་ལྟ་སྐོར་པ་མི་གྲངས་སུམ་ཅུ་ལྷག་དང་། ཡང་ཕྱོགས་གཞན་ཞིག་ནས་སྐྲ་སེར་པོ་དང་མིག་སྔོན་པོ་ཅན་གྱི་མེ་གླིང་ལྷོ་མའི་ལྟ་སྐོར་པ་མི་གྲངས་བདུན་ཅུ་ཙམ་དུས་བཏབ་པ་བཞིན་ཆོས་རྗེ་ཉིད་ཀྱི་སྐུ་དྲུང་ལ་མཉམ་གཅིག་ཏུ་ལྷགས་ཏེ། དགའ་བའི་རྣམ་འགྱུར་དང་བཅས་ཡུལ་ཁམས་གང་ནས་ཕེབས་པ་ཡིན་སོགས་ཀྱི་བཀའ་འདྲི་ཞུས་པ་ལ། རྗེ་ཉིད་ཀྱི་ཞལ་ནས། དེ་རིང་མེ་གླིང་བྱང་མ་ནས་འོངས་པའི་སྐྲ་ཁམ་པ་ཅན་དང་། མེ་གླིང་ལྷོ་མ་ནས་འོངས་པའི་སྐྲ་སེར་པོ་ཅན་དང་། ཤར་ཕྱོགས་ཨེ་ཤ་ཡའི་གླིང་ནས་འོངས་པའི་སྐྲ་ནག་པོ་ཅན་བཅས་དུས་གཅིག་ཏུ་འཛོམས་པ་རྟེན་འབྲེལ་ཤིན་ཏུ་ལེགས་གསུངས་ནས། མི་ཚེའི་རིན་ཐང་སོགས་ལས་འཕྲོས་པའི་གསུང་མོལ་གནང་བ་ན། ཁོང་ཚོ་ཆོས་རྗེ་མཆོག་ལ་ཤིན་ཏུ་དད་པར་གྱུར་ཅིང་། དེར་འཁོད་ཕྱི་རྒྱལ་བ་མི་བརྒྱ་ལྷག་ཙམ་ཡོད་པ་ཚང་མས་དུས་ཐོག་གཅིག་ཏུ་སྐྱབས་འགྲོའི་སྡོམ་པ་མནོས་ཏེ་ནང་པ་སངས་རྒྱས་པའི་ཆོས་སྒོར་ཞུགས་སོ། །

ཉིན་དེའི་དགོང་མོར། གླིང་དེའི་ལྷོ་ཕྱོགས་ཀྱི་ས་ཆ་ཞིག་ཏུ་མེ་རི་འཕྱུར་ཏེ་མི་རྣམས་འཇིགས་སྣང་ཆེན་པོའི་ངང་ཉེན་ཁའི་རླུབས་སུ་ཚུད་པའི་གནས་ཚུལ་རྣམས་ཆོས་རྗེའི་སྙན་ལ་ཞུས་ཚེ། ཁོང་གི་ཞལ་ནས། ལོ་ངོ་སྟོང་ཕྲག་གཅིག་ལྷག་གི་ཡར་སྔོན་དུ། བོད་ཁམས་ཡུལ་དབུས་ཀྱི་ཆར་གཏོགས་བསམ་ཡས་ཧས་པོ་རི་ལ་མེ་ཤོར་བའི་སྐབས། སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱིས་རྫུ་འཕྲུལ་དྲག་པོའི་མཐུས་མེ་དཔུང་འཕྲལ་དུ་ཞི་བར་བྱས་པའི་གཏམ་རྒྱུད་དེ་ད་ལྟའི་བར་ཡོངས་སུ་གྲགས་པས། ཁོ་བོ་རྡོ་རྗེ་བདུད་འཇོམས་དངོས་ཀྱི་སྤྲུལ་པ་ཡིན་མིན་ལ་མ་ལྟོས་པར་ཁོང་གི་མཚན་ཙམ་ལྡན་པའི་རྟེན་འབྲེལ་དང་ནུས་མཐུ་ལ་བརྟེན་ནས། མེ་རི་འཕྱུར་བའི་འཇིགས་པ་དེ་ཉིད་འཕྲལ་དུ་ཞི་བར་གྱུར་ཅིག ཅེས་ཐུགས་དམ་ལ་བཞུགས་ནས་ཕྱག་ཏུ་རྡོ་རྗེ་ཕུར་པ་བསྣམས་ཤིང་བསྙེན་པ་བཟླས་པས། ཡུན་རིང་མ་འགོར་བར་མེ་རི་འཕྱུར་མཚམས་ཆད་སོང་། ཕྱི་ཉིན། རྟག་ཏུ་མེ་རི་འཕྱུར་བའི་གྲོང་ཁྱེར་དེའི་ས་གཤིས་རིག་པའི་ཆེད་མཁས་པ་རྣམས་ཆེད་དུ་ཆོས་རྗེ་ཉིད་མཇལ་དུ་ཐོན་ཞིང་། ཁོང་ཚོས་ཆོས་རྗེ་ཉིད་ལ་བོད་བརྒྱུད་ནང་བསྟན་གྱི་ཕན་ནུས་དང་ཁྱེད་ཀྱི་བྱིན་རླབས་ནི་ངོ་མཚར་ཞིང་རྨད་དུ་བྱུང་བ་ཞིག་རེད་ཅེས་བསམ་པ་རྣམ་དག་གིས་བཀའ་དྲིན་ཞུས་པ་མ་ཟད། དོན་དེ་ས་གནས་དེའི་གསར་འགྱུར་ཁག་ཏུའང་བཀོད་འདུག་ཅེས་བདག་ལ་བླ་མ་བློ་བཟང་དོན་ལྡན་གྱིས་གསུངས་བྱུང་།

རྟོགས་པ་བརྙེས་པའི་རྣམ་པ་གཞན་ཞིག

ཐེངས་ཤིག་ཆོས་རྗེ་ཉིད་ཀྱིས་བདག་ལ་གསུངས་དོན། ད་ལན་ངེད་ཅག་ནུབ་ཕྱོགས་སུ་འགྲོ་བ་ནི་སྔོན་དང་ཅུང་ཟད་མི་འདྲ་སྟེ། དེ་སྔོན་བདག་བོད་ཡུལ་དང་རྒྱ་གར། བལ་པོ། འབྲུག་ཡུལ་སོགས་གནས་གྲགས་ཅན་རྣམས་སུ་འགྲོ་དུས། གཏེར་ཆོས་འགའ་རེ་འབྲི་རྒྱུ་ཡོད་ལ། རྒྱ་གར་དང་རྒྱ་ནག་རི་བོ་རྩེ་ལྔ་རྣམས་སུ་འགྲོ་དུས་ཀྱང་། དག་སྣང་དང་ཉམས་ཆོས་ཀྱི་སྐོར་འབབ་རྒྱུ་ཡོད། འོན་ཀྱང་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཕལ་ཆེ་བར་ལོ་བརྒྱ་ཕྲག་འགའ་རེའི་ལོ་རྒྱུས་ལས་མེད་ཅིང་། སངས་རྒྱས་བཅོམ་ལྡན་འདས་དང་གུ་རུ་རིན་པོ་ཆེ་སོགས་བྱོན་མ་མྱོང་བས་གཏེར་ལེན་རྒྱུ་མེད་ཤས་ཆེ། དེ་ལས་ཀྱང་ནུབ་ཕྱོགས་ཀྱི་མི་འདི་རྣམས་ནི་རྟོག་གེ་བ་དང་དངོས་ཡོད་རིང་ལུགས་པ་ཡིན་པས། འཇིག་རྟེན་ལས་འདས་པའི་ཆོས་དང་དུ་ལེན་པའི་ངེས་པའང་མེད། དེས་ན་ད་རེས་བདག་གིས་དབང་དང་ཆོས་ཁྲིད་འཆད་རྒྱུ་གཙོ་བོ་ཡིན་པས། ཁྱེད་རང་གིས་དེ་དག་ལ་མཁོ་ཆས་ཙམ་མ་གཏོགས་གཞན་སྒྲ་ཕབ་དང་ཟིན་ཐོ་སོགས་གྲ་སྒྲིག་བྱ་མི་དགོས་ཞེས་གསུངས།

རྗེས་སུ། ཆོས་རྗེ་ཉིད་ཀྱིས་གསུངས་པ་བཞིན། ཐེངས་འདིར་ཕྱི་རྒྱལ་དུ་ཕེབས་བཞུགས་མཛད་པའི་རིང་ལ་དབང་དང་གདམས་ངག་ཁྲིད་པ་ཙམ་མ་གཏོགས། གྲུབ་རྟགས་འགྱེད་པ་དང་ཟབ་པ་ས་གཏེར་དང་རྒྱས་པ་དགོངས་གཏེར་སོགས་བཞེས་པ་ནི་སྐབས་དེར་སྔ་མ་བཞིན་དུ་མཐོང་ཐོས་སུ་ཆེར་མ་གྱུར། ཁོང་ཉིད་བོད་བརྒྱུད་ནང་བསྟན་གྱི་ཆོས་པའམ་ཤེས་ཡོན་པ་རང་ག་བ་ཞིག་གི་རྟེན་གྱིས་ནུབ་ཕྱོགས་པའི་མི་རྣམས་ལ་འབྲེལ་བ་བཞག

དེ་ལྟ་ནའང་། གྲུབ་པ་བརྙེས་པའི་སྐྱེས་བུ་དམ་པ་ནི་སྨོན་ལམ་དང་ཐུགས་བསྐྱེད་ཁྱད་པར་བའི་བདག་ཉིད་ཅན་ཡིན་པས། ཁོང་གི་སྐུ་མཇལ་བ་དང་གསུང་ཐོས་པའི་ནུབ་ཕྱོགས་པ་ཕལ་མོ་ཆེའི་སེམས་ལ་འགྱུར་བ་གཏིང་ནས་བྱུང་སྟེ་ནང་ཆོས་ལ་དད་པར་གྱུར་ཅིང་། བླ་མ་ལ་ཆེས་དགའ་པོ་བྱེད་ཀྱིན་འདུག དེ་བཞིན། ནང་དུ་ཉམས་རྟོགས་ལྡན་པའི་དམ་པ་ནི། ལྟར་སྣང་ལ་ཆེས་སྤྱིར་བཏང་གི་སྤྱོད་པ་དང་སྐད་ཆ་ཕལ་བ་ཞིག་ཡིན་རུང་། སློབ་ཚོགས་རྣམས་ཀྱི་སེམས་ཁམས་ལ་འགྱུར་བ་སོང་ནས་ཕན་པ་ཆེན་པོ་འབྱུང་བ་ནི་ང་ཚོའི་བསམ་ཡུལ་ལས་འདས་པ་ཞིག་ཡིན་པར་སྣང་།

ང་དང་གནས་ཆུང་ཆོས་སྐྱོང་།

གནས་ཆུང་དགོན་པ་རུ་བཞུགས་དུས། དགོན་པའི་ཕྱོགས་ནས་རེ་བསྐུལ་ཞུས་པ་ལྟར་ཆོས་རྗེ་ཉིད་ཀྱིས་གནས་ཆུང་གི་གསོལ་འདེབས་བསྡུས་པ་ཞིག་མཛད་པ་འདི་ལྟར།

མེ་ལོང་ཡེ་ཤེས་རང་མདངས་དྲེགས་པའི་རྗེ། །

གནས་ཆུང་རྒྱལ་པོ་འཁོར་དང་ཡང་འཁོར་བཅས། །

གསོལ་ལོ་མཆོད་དོ་དགྱེས་པ་བསྐང་གྱུར་ཅིག །

གང་བཅོལ་འཕྲིན་ལས་ཐོགས་མེད་མྱུར་འགྲུབ་མཛོད། །

ཅེས་མཚོ་དབུས་གླིང་ཕྲན་ཉམས་དགར་འཁོད་པའི་གནས་ཆུང་བླ་མ་བློ་བཟང་དོན་ལྡན་གཙོས་ཆོས་ཚོགས་པ་རྣམས་ཀྱི་བཞེད་སྐོང་དུ་ངག་དབང་བློ་གྲོས་མཚུངས་མེད་པས་སྤེལ་བ་དགེའོ། །

ཕྱི་ལོ་༡༩༩༣ལོའི་ཟླ་༦པའི་ཚེས་༡༩ལའོ། །

སྐབས་དེར་བདག་གིས་ཡི་གེ་པ་བྱས་ནས་བྲིས་པའི་གསོལ་འདེབས་འདི་ནི། ད་ལྟའི་བར་དུ་གནས་ཆུང་དགོན་པའི་མགོན་ཁང་དུ་བཞག་འདུག

ཕྱི་ཟླ་༦པའི་ཚེས་༢༠ཡི་སྔ་དྲོར། ཆོས་རྗེ་ཉིད་ཀྱིས་གཏེར་ཆེན་ལས་རབ་གླིང་པས་མཛད་པའི་རྟེན་འབྲེལ་ཉེས་སེལ་གྱི་དབང་བསྡུས་པ་ཞིག་གནང་ཞིང་། དབང་གི་ཐོག་མར། རྗེ་ཉིད་ཀྱིས་ཆོས་སྐྱོང་དང་འབྲེལ་བའི་གཏམ་གླེང་བ་འདི་ལྟར།

མཚམས་འདི་ནས་གཏེར་ཆེན་ལས་རབ་གླིང་པའམ་ཡོངས་གྲགས་ལ་ཉག་བླ་བསོད་རྒྱལ་ཟེར་བའི་ལོ་རྒྱུས་ནང་གི་གནས་ཆུང་ཆོས་སྐྱོང་དང་འབྲེལ་བ་ཡོད་ཚུལ་སོགས་མདོར་བསྡུས་ཙམ་ཞིག་ཞུ།

ཉག་བླ་བསོད་རྒྱལ་ཁོང་ནི། བོད་གངས་རིའི་ལྗོངས་ཀྱི་སྔགས་པ་ཕུར་ཐོགས་ཡོངས་ཀྱི་གཙོ་བོ་སྔགས་པ་རྡོ་རྗེ་བདུད་འཇོམས་ཀྱི་སྐུའི་སྤྲུལ་པ་དང་། མཁའ་འགྲོ་རྡོ་རྗེ་ཕག་མོའི་གསུང་གི་སྤྲུལ་པ། རྒྱལ་དབང་མཚོ་སྐྱེས་རྡོ་རྗེའི་ཐུགས་ཀྱི་སྤྲུལ་པ་སྟེ། ནམ་མཁའ་ལ་བྱ་ལྟར་དུ་འཕུར་བ་དང་། ཆུ་ལ་ཉ་ལྟར་དུ་འགྲོ་ཐུབ་པ་དང་། རི་བྲག་ལ་ཟང་ཐལ་དུ་འགྲོ་ནུས་པ་དང་། གཞན་སེམས་ཤེས་པའི་མངོན་ཤེས་ཐོགས་པ་མེད་པ་དང་། བོད་གངས་རིའི་ལྗོངས་ཀྱི་རྒུད་པ་མཐའ་དག་སེལ་བར་བྱེད་པའི་ནུས་མཐུ་མཆོག་དང་ལྡན་པའི་གཏེར་སྟོན་བསམ་གྱིས་མི་ཁྱབ་པ་ཞིག་ཡིན། གཞན་ཡང་གངས་ལྗོངས་མཁས་གྲུབ་ཡོངས་ཀྱི་བླ་མར་གྱུར་པ་དང་། ཁྱད་པར་དུ་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་རྒྱལ་བ་ཐུབ་བསྟན་རྒྱ་མཚོའི་ཐུན་མོང་མ་ཡིན་པའི་བླ་མ་དང་། གནས་ཆུང་རྡོ་རྗེ་གྲགས་ལྡན་དང་དུས་རྒྱུན་དུ་མི་དང་མི་ལབ་པ་བཞིན་དུ་ཕན་ཚུན་གཏམ་སྨྲ་བ་དང་། ཕན་ཚུན་གཅིག་གིས་གཅིག་ལ་ལུང་བསྟན་དང་བླང་དོར་གྱི་བསླབ་བྱ་ཡང་སྟོན་རེས་བྱེད་ནུས་པའི་བླ་མ་ཞིག་ཡིན།

ཁོང་ནི་གནས་ཆུང་རྡོ་རྗེ་གྲགས་ལྡན་དང་ཧ་ཅང་འབྲེལ་བ་ཆེན་པོ་རེད། དེའི་རྒྱུ་མཚན་མདོར་བསྡུས་ཙམ་ཞིག་བཤད་ན། ན་ནིང་གཞེས་ནིང་ང་རང་དྷ་ས་རུ་ཐོན་པའི་སྐབས་སུ་གནས་ཆུང་གི་ལྷ་པ་དེ་ངའི་དྲུང་དུ་ཐོན་འདུག བདག་གིས་སྔོན་ཆད་གཏེར་སྟོན་བསོད་རྒྱལ་དང་གནས་ཆུང་རྡོ་རྗེ་གྲགས་ལྡན་གཉིས་ལ་དམ་ཚིག་གི་འབྲེལ་བ་ཆེན་པོ་ཡོད་ཚུལ་བཤད་མ་ཐག་ཏུ། ལྷ་པ་ཁོང་ལ་གནས་ཆུང་རྡོ་རྗེ་གྲགས་ལྡན་བབས་པས་ལམ་སང་སྔོན་གནས་རྗེས་སུ་དྲན་ཏེ་མིག་ནས་མཆི་མ་ཕྱུང་། ལུས་ལ་འདར་ཡོམ་བྱས་ཏེ་དགའ་གུས་རྣམ་འགྱུར་མང་པོ་གནང་བ་ཀུན་ལ་མཐུན་སྣང་དུ་གྱུར། དེ་ནས་གནས་ཆུང་རྡོ་རྗེ་གྲགས་ལྡན་འདི་ནི་སྔོན་ཆད་ཉག་བླ་བསོད་རྒྱལ་དང་། ད་ལྟ་ང་ལ་ཡང་ཐོག་མཐའ་བར་གསུམ་ཀུན་ཏུ་བཀའ་དྲིན་ཧ་ཅང་ཆེ་བའི་ཆོས་སྐྱོང་ཞིག་ཡིན་ཏེ། སྔོན་ཉག་བླ་བསོད་རྒྱལ་ཁོང་ཕར་ལྟར་སྣང་ལ་རྙིང་མའི་བླ་མ་སྔགས་རྒན་ཞིག་ཡིན། ཁམས་ཕྱོགས་ན་ཁོང་ལ་རྩི་མཐོང་ཆེན་པོ་ཡོད་ཀྱང་། དབུས་གཙང་ཕྱོགས་སུ་སྐད་གྲགས་མི་ཆེ་བའི་བླ་རྒན་རང་ག་བ་ཞིག་རེད། ཁོང་དབུས་ཀྱི་ལྷ་སའི་ཁྲོམ་ཚོགས་ནང་ལ་ཐོན་དུས། གནས་ཆུང་རྡོ་རྗེ་གྲགས་ལྡན་གློ་བུར་དུ་ཐོག་བབས་བྱས་ནས་ཕྱག་གིས་དར་ཁ་བསྣམས་ནས། ད་ལྟ་བོད་ཡུལ་དུ་ཨོ་རྒྱན་རིན་པོ་ཆེ་དངོས་སུ་བྱོན་འདུག་ཅེས་ཉག་བླ་བསོད་རྒྱལ་ལ་མི་མང་པོའི་ཁྲོད་དུ་མཇལ་དར་ཕུལ་ཞིང་ཕྱག་བཙལ། གུས་འདུད་ཞུས་པ་རེད། དེའི་དབང་གིས་བོད་ཡུལ་གྱི་མི་ཚང་མས་ཀྱང་རྩི་བཀུར་རྒྱ་ཆེར་ཐོབ། དེ་ནས་བཟུང་སྟེ་རྒྱལ་བ་ཐུབ་བསྟན་རྒྱ་མཚོ་ལའང་ཁོས་མཚམས་སྦྱོར་གྱི་སྐད་ཆ་མང་པོ་གླེང་མཐར་བླ་སློབ་ཉིད་དུ་གྱུར་ནས། ཉག་བླ་བསོད་རྒྱལ་གྱི་འཕྲིན་ལས་རྒྱ་ཆེན་པོ་རྒྱས་པར་བྱེད་པའི་སྣ་འདྲེན་པ་པོ་ཡང་གནས་ཆུང་རྡོ་རྗེ་གྲགས་ལྡན་རེད།

དེ་བཞིན་ང་རང་ཡང་དྷ་ས་ལ་ཐོན་ནས་ཕུར་བ་མགུལ་ཁུག་མའི་དབང་སྐུར་བའི་དུས་སུ། གནས་ཆུང་རྡོ་རྗེ་གྲགས་ལྡན་གློ་བུར་དུ་ཐོག་བབས་བྱས་ཏེ། ང་ལ་དད་པའི་ཕྱག་འཚལ་བ་སྔོན་དུ་སོང་བའི་སྒོ་ནས་སྐུ་གསུང་ཐུགས་རྟེན་ཕུལ་ཞིང་འདས་མ་འོངས་ཀྱི་ལུང་བསྟན་དང་། ཆེ་བརྗོད་ཀྱང་མང་དུ་གནང་། དེ་ལྟར་བྱས་པའི་སྟོབས་ཀྱིས་དེ་ན་གནས་པའི་བོད་མི་ཚང་མས་ང་ལའང་གུས་བཀུར་དམིགས་བསལ་བ་ཞིག་ཐོབ། ངས་བྱ་བ་གང་བརྩམས་ཐམས་ཅད་ལ་བར་ཆད་མི་འབྱུང་བའི་འཕྲིན་ལས་རྒྱ་ཆེར་དར་བའི་བྱེད་པོ་ཉིད་མཛད་པ་ཡིན། ད་ལྟ་བསམ་བློ་བཏང་ན་ཡང་གནས་ཆུང་རྡོ་རྗེ་གྲགས་ལྡན་ནི་ང་ལ་བཀའ་དྲིན་ཧ་ཅང་ཆེན་པོ་ཡིན།

སྤྱིར་ང་བོད་ལུང་པ་ན་ཡོད་དུས། ངའི་བསམ་པ་ལ་ཨ་རིའི་ཡུལ་ཁམས་ན་གནས་ཆུང་གི་ཆོས་ཚོགས་ཤིག་ཡོད་པར་གྲགས་པས། དེ་ལ་ང་རང་ཐོན་ཐུབ་ན་ཧ་ཅང་ཡག་པོ་རེད། ཡིན་ནའང་གྲ་སྒྲིག་ནང་ལ་མེད་པས་ད་རེས་ཐོན་ཐུབ་རྒྱུ་མ་རེད་སྙམ། རྗེས་སུ་ཞི་བདེ་རྒྱ་མཚོའི་དབུས་སུ་ཡོད་པའི་ཧཱ་ཝ་ཡེ་ཟེར་བའི་གླིང་ཕྲན་ཞིག་ཏུ་གནས་པའི་གནས་ཆུང་རྡོ་རྗེ་གྲགས་ལྡན་གྱི་ཆོས་ཚོགས་ཡོད་པ་ལ་ཡང་འགྲོ་རྒྱུའི་གཏན་འཁེལ་བྱས་ཡོད་ཟེར། དེའི་སྐབས་ན་ང་ལ་དགའ་ཚོར་ཧ་ཅང་ཆེན་པོ་བྱུང་།

དེ་ཡང་སྤྱིར་ཆོས་སྐྱོང་ལ་ཡེ་ཤེས་པ་དང་འཇིག་རྟེན་པ་གཉིས་ཡོད། འཇིག་རྟེན་པ་ནི་འུ་ཅག་མི་ཕལ་བ་ལྟ་བུའི་ལས་དང་ཉོན་མོངས་པའི་རང་བཞིན་ཅན་ཡིན། གནས་ཆུང་རྡོ་རྗེ་གྲགས་ལྡན་ནི་ཨོ་རྒྱན་རིན་པོ་ཆེའི་ཐུགས་རྗེའི་རྩལ་ལས་ཤར་བའི་རྒྱལ་ཆེན་སྐུ་ལྔའི་ནང་གི་འཕྲིན་ལས་ཀྱི་རྒྱལ་པོ་ཆེན་པོ་སྟེ་ཡེ་ཤེས་པའི་ལྷ་མངོན་སུམ་པ་ཞིག་ཡིན། ཨོ་རྒྱན་རིན་པོ་ཆེས་ཆོས་སྐྱོང་སྲུང་མ་ཡོངས་རྫོགས་ཀྱི་ནང་ནས་གནས་ཆུང་རྡོ་རྗེ་གྲགས་ལྡན་ཁོང་བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་ཡོངས་སུ་སྲུང་བ་པོ་དང་། སེམས་ཅན་ལ་བདེ་སྐྱིད་སྟེར་བ་པོ་གཙོ་བོ་ཉིད་དུ་མངའ་གསོལ་ཡོད། གང་ཟག་སུ་ཞིག་གིས་གནས་ཆུང་རྡོ་རྗེ་གྲགས་ལྡན་འདི་དུས་རྒྱུན་དུ་སྐྱབས་སུ་འཛིན་པའམ་བསྟེན་པར་བྱས་ན། མི་འདོད་པ་དང་ཉེར་འཚེ་ཐམས་ཅད་ཞི་བར་འགྱུར་བ་ཡིན། དེས་ན་ཁྱེད་རྣམ་པའི་ཆོས་ཚོགས་འདི་ནི་ཡུལ་འདིའི་བསྟན་པ་ཡོངས་རྫོགས་ཀྱི་སྲོག་ཤིང་ལྟ་བུར་གྱུར་ཡོད། རྗེས་སུ་ཆོས་ཚོགས་འདི་བརྟན་མོ་དང་བརླིང་མོ་ཡོང་བར་བརྩོན་དགོས། ཁྱད་པར་དུ་གནས་ཆུང་རྡོ་རྗེ་གྲགས་ལྡན་ལ་མཆོད་པ་དང་བསྟོད་པ་ལ་སོགས་པ་བྱ་རྒྱུ་ནི་ཅི་ནས་ཀྱང་གལ་ཆེ་བ་ཡིན།

ང་རང་ནུབ་ཕྱོགས་ཀྱི་རྒྱལ་ཁབ་གང་ལ་ཡང་མ་ཐོན་པའི་སྔོན་དུ། གནས་ཆུང་ཆོས་ཚོགས་འདིར་ད་ལྟའི་ཆོས་ཁྲིད་བཤད་རྒྱུ་འདི་ཡང་ཧ་ཅང་སྐལ་བ་བཟང་པོ་བྱུང་། ད་ཕྱིན་ཆད་བདག་གིས་བྱ་བ་གང་བརྩམས་ཐམས་ཅད་ལ་བར་ཆད་དང་ཉེར་འཚེ་གང་ཡང་འབྱུང་རྒྱུ་མ་རེད་སྙམ་པའི་ཡིད་ཆེས་དང་དགའ་སྤྲོ་ཆེན་པོ་ཞིག་ཡོད།

གཞན་ཡང་དེང་ཕྱིན་ཆད་ཁྱེད་རྣམ་པ་ཚང་མས་ཨོ་རྒྱན་རིན་པོ་ཆེ་ལ་གསོལ་འདེབས་དང་ཨོ་རྒྱན་རིན་པོ་ཆེའི་བསྐྱེད་རིམ་དང་རྫོགས་རིམ་སོགས་བསྒོམ་པ་ལ་རྟག་ཏུ་འབད་དགོས། འབད་དགོས་པའི་རྒྱུ་མཚན་ཡང་། སྤྱིར་ཨོ་རྒྱན་རིན་པོ་ཆེ་འདི་སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་ཀྱི་བྱེད་པོ་ཡིན་པས། དེ་ལ་གསོལ་བ་བཏབ་ན་སངས་རྒྱས་གཞན་ལས་ཐུགས་རྗེ་དང་འཕྲིན་ལས་མྱུར་བ་ཡིན། ཁྱད་པར་དུ་ས་གནས་འདི་ལ་དཔེ་མཚོན་ན། འདིར་བཞུགས་ཀྱི་འུ་ཅག་ཚང་མ་སྐྱབས་སུ་འགྲོ་ས་ནི་ཨོ་རྒྱན་རིན་པོ་ཆེ་རེད། ཆོས་སྐྱོང་གནས་ཆུང་རྡོ་རྗེ་གྲགས་ལྡན་ཁོང་གི་སྐྱབས་གནས་མཐར་ཐུག་ནི་བླ་མ་ཨོ་རྒྱན་རིན་པོ་ཆེ་ཁོ་ན་ཡིན་པས་ན། ལྷ་དང་མི་གཉིས་ཀ་བསམ་པ་མཐུན་པའི་སྒོ་ནས་བླ་མ་གཅིག་ལ་གསོལ་བ་བཏབ་ན་དངོས་གྲུབ་ཀྱང་ལྷག་པར་འབྱུང་བ་ཡིན། ངས་གོང་དུ་བཤད་པ་བཞིན་གནས་ཆུང་རྡོ་རྗེ་གྲགས་ལྡན་སྲུང་མ་རྣམས་ཀྱི་གཙོ་བོ་ཉིད་དུ་ཐོག་མར་འཇོག་མཁན་ཡང་ཨོ་རྒྱན་རིན་པོ་ཆེ་ཡིན་ཞིང་། དེར་མ་ཟད་གནས་ཆུང་རྡོ་རྗེ་གྲགས་ལྡན་གྱི་གསོལ་ཁ་མང་པོ་ཞིག་གི་གོང་ནོན་དུ་རང་ཉིད་ཨོ་རྒྱན་རིན་པོ་ཆེར་གསལ་བཏབ་ཡོད། དེ་སྔོན་རྒྱ་གར་ལ་འགྲོ་དུས་བདག་ལ་གནས་ཆུང་རྡོ་རྗེ་གྲགས་ལྡན་གྱིས། ཁོ་བོས་ནི་སྔར་ཡང་ཨོ་རྒྱན་རིན་པོ་ཆེའི་བཀའི་ཐ་ཚིག་ལས་འདའ་མ་མྱོང་ལ། ད་ལྟ་ཡང་མི་འདའ། ཕྱིས་སུ་ཡང་འདའ་བར་མི་འགྱུར། ཁྱོད་ཀྱིས་ཀྱང་ནི་ཨོ་རྒྱན་རིན་པོ་ཆེའི་འཕྲིན་ལས་ཀྱི་གཙོས་བསྟན་པ་རྒྱ་ཆེན་པོ་སྤེལ་བར་གྱིས་ཞེས་ང་ལ་སྐུལ་མ་མཛད། དེ་དག་ཡིག་ཐོག་ན་ཡོད་པ་ནི་ད་ལྟ་ཁྱེད་རྣམས་ལ་བསྟར་ཡོད་པ་དེ་རེད།

འཇམ་དཔལ་གྱི་བླ་རྣམ།

ཕྱི་དྲོར་མུ་མཐུད་དུ་ཁྲིད་ཡིག་སངས་རྒྱས་ལག་སྟེར་གྱི་བླ་རྣམ་ནས་རྫོགས་རིམ་བར་དུ་གསུངས་ཤིང་། རྫོགས་ཆེན་གྱི་སྐོར་རྣམས་ལུང་གསུངས་པ་ཙམ་གྱིས་འཐུས་པར་བྱས་ལ། བླ་རྣམ་གྱི་སྐབས་སུ་འདི་སྐད་དུ།

ཁ་ཅིག་གིས་བླ་མ་མི་ངོ་མ་ཞིག་ཏུ་མཐོང་ཞིང་། རེག་ན་ཡང་ཤ་ཁྲག་གིས་གྲུབ་པ་ཞིག་ཡིན། ཁ་ཅིག་གིས་བལྟས་ན་བླ་མ་འཇམ་པའི་དབྱངས་ཉིད་དུ་མཐོང་ལ། རེག་ན་ཡང་འཇམ་པའི་དབྱངས་ཀྱི་སྐུའི་རེག་བྱ་མྱོང་ངེས། དོན་ལ་དེ་གཉིས་ལས་བླ་མ་གང་ཡིན་ཟེར་ན། འཇམ་དབྱངས་ཉིད་དུ་མཐོང་བ་དངོས་གནས་ཡིན་པ་རེད། དེའི་རྒྱུ་མཚན་མང་པོ་བཤད་རྒྱུ་ཡོད་ཀྱང་། དེ་རིང་འུ་ཅག་གིས་མང་པོ་བཤད་ན་དུས་ཚོད་ཀྱི་ཁོམ་ལོང་མེད་པས་དེ་ཙམ་གྱིས་ཆོག་པར་བྱ།

བླ་མ་ནི་དོན་ལ་འཇམ་པའི་དབྱངས་སུ་སྣང་རྒྱུ་ཡིན་པས། རྣམ་པ་འཇམ་པའི་དབྱངས་ཉིད་དུ་བསྒོམ་དགོས་པའི་རྒྱུ་མཚན་ཡང་དེ་ཡིན། ངོ་བོ་རྩ་བའི་བླ་མ་ཡིན་པ་བསྒོམ་དགོས་པའི་རྒྱུ་མཚན་ནི། རྣམ་པ་དང་ངོ་བོ་གཉིས་ཀ་འཇམ་པའི་དབྱངས་ཉིད་དུ་བསྒོམས་བསྡད་ན་འཇམ་པའི་དབྱངས་ལ་འུ་ཅག་འབྲེལ་བ་ཅུང་ཟད་ཀྱང་ཡོད་པ་མ་རེད། སྔོན་ཆད་སྟོན་པ་ཐུགས་རྗེ་ཅན་རྒྱ་གར་ལ་བཞུགས་པའི་དུས་སུ་འཇམ་དཔལ་དབྱངས་ཀྱང་དེར་བཞུགས་པར་གསུངས་ཀྱང་། དོན་དངོས་སུ་ཁོང་ནི་རྒྱ་ནག་རི་བོ་རྩེ་ལྔ་ན་བཞུགས་པའི་བྱང་ཆུབ་སེམས་དཔའ་ཞིག་སྟེ། ད་ལྟ་འུ་ཅག་གི་ས་གནས་འདི་དང་འབྲེལ་བ་མེད་པའི་མི་ལྟ་བུ་ཞིག་རེད། དེ་ལ་གསོལ་བ་བཏབ་ནའང་བྱིན་རླབས་ཆེན་པོ་འབྱུང་མི་ཐུབ་པ་ཡིན། རྩ་བའི་བླ་མ་ནི་ས་གནས་འདི་ལ་དངོས་སུ་བྱོན་ཏེ་རང་ཉིད་ལ་དབང་བསྐུར་ཞིང་ཆོས་བཤད་པ་ཡིན་པས། དེ་ལ་གསོལ་བ་བཏབ་ན་བྱིན་རླབས་ལྷག་པར་འཇུག་པ་ཡིན་པས་ངོ་བོ་རྩ་བའི་བླ་མ་ཡིན་པར་བསྒོམ་དགོས་པ་ཡིན། དེས་ན་རང་གི་རྒྱུད་ལ་རྫོགས་པ་ཆེན་པོའི་དོན་སྔོན་ཆད་མ་སྐྱེས་པ་ཐམས་ཅད་སྐྱེ་བར་བྱེད་པ་ལ་བླ་མར་གསོལ་བ་བཏབ་ན་དེ་ལས་བཟང་བ་ཡོད་པ་མིན། སྔར་སྐྱེས་ཡོད་ན་ཉམས་དང་རྟོགས་པ་ཐམས་ཅད་ཡར་རྒྱས་ཤིང་ཇེ་བཟང་ལ་སོང་ནས། མྱུར་དུ་སངས་རྒྱས་ཀྱི་གོ་འཕང་འཐོབ་བྱེད་ལའང་བླ་མ་ལ་གསོལ་བ་འདེབས་པ་ལས་བཟང་བ་ཡོད་པ་མ་རེད། དེའི་ཕྱིར་བླ་མ་བསྒོམས་ནས་གསོལ་བ་འདེབས་དགོས་པ་ཡིན།

སྒོམ་སྟངས་ནི་དྲིན་ཆེན་རྩ་བའི་བླ་མ་དེ་ཉིད་རང་གི་མདུན་གྱི་ནམ་མཁར་བསྒོམས་ནས། ད་ནས་བཟུང་སྟེ་ཁྱེད་མ་གཏོགས་སྐྱབས་གནས་གཞན་ཞིག་ནི་དངོས་སུ་ཅི་ལ་འཚོལ། ཐ་ན་མཚན་མོའི་རྨི་ལམ་གྱི་སྐབས་ན་ཡང་བླ་མ་ཁྱེད་ཁོ་ནར་གསོལ་བ་གདབ་རྒྱུ་ཡིན་བསམ་ནས་བླ་མ་ལ་དད་པ་འཇོག་དགོས་ཤིང་། ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་བ་ཐམས་ཅད་ཁྱེད་ལ་འབུལ་སྙམ་དུ་མཎྜལ་དབུལ་དགོས།

ཚེ་རབས་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་བླ་མ་ཁྱེད་ལ་བཤད་ཅིང་བཤགས། ཕྱིན་ཆད་སྲོག་ལ་བབས་ཀྱང་མི་བྱེད་བསམ་རྒྱུ་ནི་སྡིག་པ་སྦྱོང་བའི་གཉེན་པོ་ཡིན། བླ་མ་ཁྱེད་ཁོ་ནར་གསོལ་བ་འདེབས་པ་ལགས་ན་བདག་ལ་དབང་བསྐུར་མན་ངག་གནང་ནས་རྒྱུད་སྨིན་ཅིང་གྲོལ་བར་མཛད་དུ་གསོལ་བསམ་དགོས། ངས་འོད་གསལ་རྫོགས་པ་ཆེན་པོའི་ལམ་དེ་བསྒོམ་ནས་རྩ་བའི་བླ་མ་ཁྱེད་འདྲ་བ་ཞིག་ཏུ་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་དུ་གསོལ་བ་འདེབས་དགོས་པ་ཡིན།

གསོལ་འདེབས་ཀྱི་ཚིག་འདི་ནི་སངས་རྒྱས་ཀྱི་བཀའ་ཡིན་པས་བྱིན་རླབས་ལྷག་པར་ཆེ་བས། ཚིག་འདི་འདོན་པའི་སྐབས་སུ་དབྱིན་སྐད་སོགས་ལ་བསྒྱུར་ཏེ་འདོན་མི་རུང་བར། ཁོ་རང་གི་སྐད་སོར་བཞག་བྱས་ནས་འདོན་དགོས་པ་ཡིན།

དེ་ནས་གསོལ་འདེབས་ནི།

གཞོན་ནུའི་སྐུ་ལུས་འཆང་བ་པོ། །ཡེ་ཤེས་སྒྲོན་མེས་རབ་ཏུ་བརྒྱན། །

འཇིག་རྟེན་གཏི་མུག་མུན་སེལ་བ། །འཇམ་པའི་དབྱངས་ལ་གསོལ་བ་འདེབས། །

གཞོན་ནུའི་སྐུ་ལུས་འཆང་བ་པོ། །ཞེས་འཇམ་དཔལ་དབྱངས་དེ་ཅི་འདྲ་ཞིག་ཡིན་ན། ལོ་བཅུ་དྲུག་ལོན་པའི་ལང་ཚོ་དང་ལྡན་ཞིང་གཞོན་ནུའི་སྐུ་ལུས་འཆང་ཡོད་པ་ཞིག་ཡིན་པར་གསུངས། ཡེ་ཤེས་སྒྲོན་མེས་རབ་ཏུ་བརྒྱན། །ཞེས་སངས་རྒྱས་ཐམས་ཅད་ཀྱི་མཁྱེན་པའི་ཡེ་ཤེས་ལྷར་ཤར་བ་དེ་འཇམ་དཔལ་དབྱངས་ཡིན་པས། ཁྱེད་ལ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྒྲོན་མེས་བརྒྱན་འདུག་པར་གསུངས་པ་ཡིན། འཇིག་རྟེན་གཏི་མུག་མུན་སེལ་བ། །ཞེས་དཔེར་ན་སྒྲོན་མེ་གསལ་ཡོང་དུས་མུན་པ་ཐམས་ཅད་སེལ་འགྲོ་བ་བཞིན་འཇམ་པའི་དབྱངས་ཀྱི་ཐུགས་རྗེས་འགྲོ་བ་ཐམས་ཅད་ཀྱི་རྒྱུད་ཀྱི་མ་རྟོགས་པ་དང་རྨོངས་པ་ཐམས་ཅད་སེལ་བར་བྱེད་ནུས་པར་གསུངས་ལ། དེ་ལྟ་བུའི་མགོན་པོ་འཇམ་པའི་དབྱངས་དེ་ལ་གསོལ་བ་འདེབས་ཤིང་། བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ་བསམ་དགོས་པ་ཡིན།

ཚིག་བཞི་འདི་བརྒྱ་སྟོང་ཁྲི་འབུམ་སོགས་ཀྱིས་རྩེ་གཅིག་ཏུ་གསོལ་བ་བཏབ་མཐར། བླ་མའི་སྤྱི་བོ་དང་། མགྲིན་པ། སྙིང་ཁ་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་བྱུང་ནས། རང་གི་སྤྱི་བོ་དང་། མགྲིན་པ། སྙིང་ཁ་གསུམ་ལ་ཐིམ་ནས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་དག་ཅིང་བླ་མའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཐོབ། མཐར་བླ་མ་ཡང་འོད་དུ་ཞུ་ནས་རང་ལ་ཐིམ་སོང་བར་བསམ་ཞིང་། རང་དང་བླ་མ་དབྱེར་མེད་དུ་གྱུར་པར་རྫོགས་པ་ཆེན་པོའི་ལྟ་བའི་ངང་ལ་རྩེ་གཅིག་ཏུ་ཀློད་ལ་འཇོག་དགོས། སླར་ཡང་རྣམ་རྟོག་སྐྱེ་ཡོང་དུས་སྣང་སྲིད་ཐམས་ཅད་བླ་མའི་སྐུ་ཡིན་པར་བསམ། སྒྲ་གྲགས་ཚད་ཐམས་ཅད་བླ་མའི་གསུང་ཡིན་པར་བསམ། དྲན་རྟོག་ཐམས་ཅད་བླ་མའི་ཐུགས་ཡིན་པར་བསམ་ནས་དག་སྣང་གི་ངང་ནས་དགེ་རྩ་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཕྱིར་དུ་བསྔོ་དགོས་པ་ཡིན།

གུ་རུའི་བླ་རྣམ།

དེ་ནས་བླ་མ་མི་ཕམ་གྱིས་མཛད་པའི་གུ་རུའི་བླ་རྣམ་གྱི་ལུང་གནང་ཞིང་། གུ་རུའི་བླ་རྣམ་སྒོམ་ཚུལ་བསྡུས་པ་ཞིག་འདི་སྐད་དུ།

ཐོག་མར་རང་གི་ལུས་དེ་ལྷ་འདྲ་བ་ཞིག་ཏུ་བསྒོམ་མི་དགོས་པར། ད་ལྟའི་ལུས་ཅི་འདྲ་ཞིག་ཡིན་ན་དེ་འདྲ་ཞིག་བསྒོམ་ན་ཆོག་པས། ཐ་མལ་དུ་གནས་པའི་རང་གི་མདུན་གྱི་སྟེང་གི་ནམ་མཁའ་ན། ཨོ་རྒྱན་ཆེན་པོ་དང་པོ་འཁྲུངས་སའི་ཡན་ལག་བརྒྱད་ལྡན་གྱི་དྷ་ན་ཀོ་ཤའི་མཚོ་ཞིག་སྒོམས། མཚོ་དེའི་དབུས་ན་མེ་ཏོག་པདྨའི་སྡོང་པོ་འདབ་མ་སྟོང་དང་ལྡན་པ་ཞིག་སྒོམས། མེ་ཏོག་པདྨ་སྟོང་ལྡན་གྱི་དབུས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་ཨོ་རྒྱན་རིན་པོ་ཆེ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། ཕྱག་གཡས་པར་རྡོ་རྗེ་དང་གཡོན་པས་ཐོད་བུམ་བསྣམས། སྐུ་ལ་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན། ཡུམ་མཚོ་རྒྱལ་དཀར་མོས་ཕྱག་གཡས་ཀྱིས་གྲི་གུག་དང་གཡོན་པས་ཐོད་པ་བསྣམས་ནས་སྐུ་ལ་འཁྱུད་པ། སྐུ་ལ་རང་བྱུང་རྒྱུད་སྡེའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་བཀྲ་ལམ་མེར་གསལ་ཡོད་པ་ཞིག་སྒོམ་དགོས། རང་གིས་དེ་ལྟར་གསལ་བའི་མདུན་དུ་བདག་མཐོ་རུ་གཏོང་ངམ། དམའ་རུ་གཏོང་ངམ། སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་ཨོ་རྒྱན་རིན་པོ་ཆེ་ཁྱེད་ཤེས་ཁྱེད་མཁྱེན། ཁྱེད་ཀྱིས་བདག་བྱིན་གྱིས་བརླབ་པར་མཛད་དུ་གསོལ་བསམ་ནས། དད་གུས་གདུང་ཤུགས་དྲག་པོའི་སྒོ་ནས་གསོལ་བ་འདེབས་དགོས།

གུ་རུ་རིན་པོ་ཆེ་ལ་རང་གི་ལུས་གུས་པས་ཐལ་མོ་སྦྱར། ངག་གུས་པས་གསོལ་བ་བཏབ། ཡིད་གུས་པས་ཡོན་ཏན་དྲན་པའི་སྒོ་ནས་ཕྱག་འཚལ་ལོ་སྙམ་དུ་ཕྱག་འཚལ་བའི་ཡན་ལག དེ་ནས་རང་གི་གཅེས་པར་བཟུང་བའི་དངོས་པོ་གཙོ་བོ་རང་གི་ལུས་དང་ལོངས་སྤྱོད། དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཐམས་ཅད་དང་ཡིད་དུ་འོང་བའི་དངོས་པོ་ཇི་སྙེད་ཡོད་པ་རྣམས་བློས་བླངས་ཏེ། ཨོ་རྒྱན་རིན་པོ་ཆེ་ཁྱེད་ལ་ཡར་འབུལ་བ་ཡིན་བསམ་པའི་མཆོད་པ་དབུལ་བའི་ཡན་ལག རང་གིས་ཚེ་རབས་ཐོག་མ་མེད་པ་ནས་ད་ལ་ཐུག་གི་བར་དུ་ཉོན་མོངས་པ་འདོད་ཆགས་དང་། ཞེ་སྡང་། གཏི་མུག་གི་དབང་གིས་སྡིག་པ་མི་དགེ་བ་བགྱིས་ཚད་ཐམས་ཅད་ཨོ་རྒྱན་རིན་པོ་ཆེ་ཁྱེད་ལ་ཡར་བཤགས། སྔར་བྱས་ཀྱི་སྡིག་པ་ལ་འགྱོད་ཅིང་ཕྱིན་ཆད་སྲོག་ལ་བབས་ཀྱང་མི་བགྱིད་ན། བདག་གི་སྡིག་ལྟུང་དག་པར་མཛད་དུ་གསོལ་བསམ་པ་སྡིག་པ་བཤག་པའི་ཡན་ལག གཞན་གྱི་དགེ་བ་སྟེ་ཕ་རོལ་པོ་གང་ཟག་མཆོག་དམན་རབ་འབྲིང་ཐམས་ཅད་ཀྱིས་དགེ་བ་སྒྲུབ་པ་ལ་ཕྲག་དོག་དང་ཟུག་རྔུ་མེད་པར་རྗེས་སུ་ཡི་རང་ཞིང་དགའ་བ་བསྒོམ་ན་རང་ལ་ཡང་དགེ་རྩ་དེ་མཉམ་དུ་འཐོབ་པར་མ་ཟད། དེའི་དགེ་རྩ་ལས་ཀྱང་ལྷག་པ་ཞིག་འཐོབ་པའི་ཕྱིར་ན། གཞན་མཆོག་དམན་རབ་འབྲིང་གི་དགེ་བ་ཐམས་ཅད་ལ་རང་གིས་དགའ་བས་རྗེས་སུ་ཡི་རང་ངོ་བསམ་པའི་རྗེས་སུ་ཡི་རང་བའི་ཡན་ལག དེ་ནས་ཨོ་རྒྱན་རིན་པོ་ཆེ་ནི་ནམ་མཁའ་སྟོང་པ་འདི་སྟོང་མ་སོང་གི་བར་དུ་རྡོ་རྗེའི་སྐུ་ལ་སྐྱེ་འཆི་ཡོད་པ་མིན་པས། དེ་ལ་ཆེད་དུ་བཞུགས་གསོལ་ཞུ་མི་དགོས་ཀྱང་། སེམས་ཅན་སོ་སོའི་བསམ་པ་བཞིན་དུ་ཁྱེད་ཀྱི་སྤྲུལ་པའི་སྐུ་ལ་སྐྱེ་འཆི་མེད་པར་བཞུགས་སུ་གསོལ་བ་འདེབས་པ་གསོལ་བ་འདེབས་པའི་ཡན་ལག སྤྲུལ་པ་དེའང་འཁོར་བ་མ་སྟོང་གི་བར་དུ་མྱ་ངན་ལས་མི་འདའ་བར་བཞུགས་ནས། སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ་བསམ་པ་ཆོས་འཁོར་བསྐོར་བར་བསྐུལ་བའི་ཡན་ལག་སྟེ། དེ་ལྟར་རང་གིས་དགེ་བ་བསགས་ཚད་ཀྱང་ཨོ་རྒྱན་རིན་པོ་ཆེ་ཁྱེད་ཀྱི་གོ་འཕང་འཐོབ་པའི་ཕྱིར་དུ་བསྔོ་བར་བགྱིའོ་བསམ་པ་བསྔོ་བའི་ཡན་ལག་བཅས་སྒོམ་དགོས།

ཨོ་རྒྱན་རིན་པོ་ཆེ་ཁྱེད་ཀྱིས་བདག་གི་རྒྱུད་ཀྱི་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དག་པར་མཛད་པ་དང་། ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཐམས་ཅད་བདག་གི་རྒྱུད་ལ་འཕོས་ནས། བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ་བསམ། དེ་ལྟར་གསོལ་བ་བཏབ་པས་བླ་མ་ཨོ་རྒྱན་རིན་པོ་ཆེའི་ཐུགས་ཀ་ནས་འོད་ཟེར་སྣ་ལྔ་བ་ཐག་བརྐྱངས་པ་འདྲ་བ་ཞིག་བྱུང་ནས་རང་གི་སྙིང་དབུས་སུ་ཐིམ། བླ་མའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཐམས་ཅད་རང་གི་རྒྱུད་ལ་འཕོས་པར་བསམ་ཞིང་། ཚིག་བདུན་གསོལ་འདེབས་དང་བཛྲ་གུ་རུ་ཅི་ནུས་འདོན་དགོས། དེ་དག་གི་དོན་བཀྲལ་ན་ནི་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པ་དེའི་ནང་དུ་བསྡུས་ནས་བཤད་ཀྱང་འཆད་ཐུབ་རྒྱུ་རེད། དེ་ཡང་ཀུན་མཁྱེན་མི་ཕམ་རྒྱ་མཚོས་ཚིག་བདུན་གསོལ་འདེབས་ཀྱི་རྣམ་བཤད་དུ་རྒྱ་ཆེར་བཀྲལ་ཡོད་ཀྱང་ད་རེས་དེའི་ཚིག་དོན་མི་འགྲེལ། མདོར་ན་གཞན་གང་དང་མི་འདྲ་བའི་བྱིན་རླབས་ཅན་གྱི་ཆོས་ཤིག་ཡིན། དེའི་ཕྱིར་ན་ད་ལན་ངས་དེ་དག་གི་ལུང་ཞིག་འདོན།

ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔

པདྨ་གེ་སར་སྡོང་པོ་ལ༔

ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔

པདྨ་འབྱུང་གནས་ཞེས་སུ་གྲགས༔

འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔

ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔

བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔

གུ་རུ་པདྨ་སིདྡྷི་ཧཱུྃ༔

ཨོཾ་ཨཱཿ ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔

ཁྱེད་རྣམ་པས་རྒྱུན་དུ་འདོན་པའི་དུས་ན། བཛྲ་གུ་རུ་དང་ཚིག་བདུན་གསོལ་འདེབས་ཅི་མང་བཟླས་བའི་རྗེས་སུ་བླ་མའི་དཔྲལ་བ་དང་མགྲིན་པ། སྙིང་ཁ་གསུམ་གྱི་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་ནས་རང་གི་གནས་གསུམ་དུ་ཐིམ་པའི་སྟོབས་ཀྱིས། བླ་མའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་རང་གི་རྒྱུད་ལ་ཞུགས་སོང་བར་བསམ། མཐར་བླ་མ་ཡང་འོད་དུ་ཞུ་ནས་འོད་ཟེར་ཐིག་ལེ་ཀོར་ཀོར་དཀར་ལ་དམར་མདངས་ཆགས་ཡོད་པ། དཀྱིལ་ན་ཡི་གེ་ཧཱུྃ་ཡིག་གིས་བརྒྱན་པ་ཞིག་རང་གི་སྙིང་དབུས་སུ་ཐིམ་པ་མ་ཟད། བླ་མའི་ཐུགས་དང་རང་སེམས་གཉིས་ཀ་དབྱེར་མེད་རོ་གཅིག་ཏུ་གྱུར་སོང་བར་བསམ་ཞིང་། ཨོ་རྒྱན་རིན་པོ་ཆེའི་ཐུགས་དང་དབྱེར་མེད་རོ་གཅིག་ཡིན་སྙམ་བཞིན་ཡེ་ནས་ཆོས་སྐུ་སྤང་བླང་བྲལ་བའི་ངང་དུ་རྩེ་གཅིག་ཏུ་མཉམ་པར་བཞག་ལ་ཨ་ཨ་ཞེས་གསུངས།

དེ་རྗེས་གུ་རུའི་ཚོགས་བསྡུས་ཀྱི་ལུང་ཞིག་གནང་ནས་སླར་ཡང་འདི་སྐད་དུ།

རེ་འགའ་རང་གི་བཟའ་བཏུང་ཅི་ཡོད་དཀོན་མཆོག་གི་རྟེན་དྲུང་དུ་བཤམས། ཡང་ན་ལོགས་སུ་མཆོད་པ་ཞིག་བཤམས་ན་ཡང་ཆོག ཨོ་རྒྱན་རིན་པོ་ཆེ་དང་རིག་འཛིན་མཁའ་འགྲོའི་ཚོགས་ཐམས་ཅད་ལ་ཡོངས་སུ་ཕུལ་ཞིང་། ཚོགས་མཆོད་འདི་བཏོན་ནས་ལྷ་ཚོགས་དེ་དག་གི་གསོལ་ལྷག་རང་གིས་དངོས་གྲུབ་ཀྱི་ཚུལ་དུ་རོལ་བར་བྱས་ན། དཀའ་ཚེགས་མེད་པར་ཚོགས་མྱུར་དུ་རྫོགས་པར་འགྱུར་བ་ཡིན་པས། ཚོགས་མཆོད་འདི་རྒྱུན་དུ་འདོན་དགོས་པ་ཡིན།

འདིའི་འདོན་ལུགས་ཀྱང་ངས་བཤད་པ་བཞིན་དུ་ཁྱེད་རྣམ་པའི་ཕྱག་ལེན་ལྟར་དུ་བཏོན་ན་ཡང་ཆོག ཡང་ན་བླ་མ་མི་ཕམ་གྱིས་གསུངས་པའི་ཚོགས་བསྡུས་ཀྱི་ཚིག་རྐྱང་འདེད་བྱས་ནས་བཏོན་ཡང་མི་འགྲིག་པ་མེད། སྐབས་ཅི་བདེ་གྱིས།

ཁྱད་པར་དུ་ཟ་མ་ཟ་བའི་དུས་སུ། ཨཱཿ ལས་ཆོས་དབྱིངས་སོགས་ཐོན་དང་། ཟས་ཟོས་པའང་དགེ་བར་འགྱུར་ངེས་ཡིན། རང་བཞིན་འུ་ཅག་གིས་ཟ་མ་ཟོས་པ་ལ་དགེ་བ་ཡོད་པ་མ་ཡིན་ཡང་། ཚོགས་འདི་བཏོན་ནས་ཨོ་རྒྱན་རིན་པོ་ཆེར་མཆོད་ན་ཟས་ཟོས་པས་ཀྱང་ཚོགས་རྒྱ་ཆེན་པོ་རྫོགས་འགྲོ་བས། ཐམས་ཅད་ཀྱིས་དུས་རྒྱུན་དུ་ཚོགས་མཆོད་འདི་འདོན་རྒྱུ་མ་འཆུགས།

མཉམ་འགྲོགས་སུ་སྙེག་པའི་འཇའ་ཚོན།

དགོན་པའི་ཉེ་ཟུར་གྱི་མཚོ་གླིང་གི་འདབས་དང་ཞི་བདེ་རྒྱ་མཚོའི་འདྲེས་མཚམས་ཀྱི་ཧཱ་ཝ་ཡེ་རྒྱལ་ཁབ་མེ་རི་སྤྱི་གླིང་དུ་ནམ་རྒྱུན་འཕྱུར་བའི་མེ་རི་ཞིག་ཡོད་ཅིང་། ཉིན་དེའི་ཕྱི་དྲོར་ཆོས་རྗེ་ཉིད་དེ་རུ་གཟིགས་སྐོར་ལ་བྱོན། ལམ་བར་དུ་རི་ལུང་འགའ་ཞིག་བརྒྱུད་དེ་འགྲོ་དགོས་ལ། ཡུལ་དེ་གའི་མི་རྣམས་ཀྱིས་གནས་འདིར་ལོ་བཅུ་ཕྲག་མང་པོའི་ཡར་སྔོན་ནས་མེ་རི་འབར་བ་ཡིན་ཞེས་ཟེར་ཞིང་། ངེད་ཅག་ལ་མེ་རི་འཕྱུར་བའི་རྡོ་ཞུན་འབྱམས་མེར་དཀག་པའི་རྔམ་བརྗིད་ཀྱི་རྗེས་ཤུལ་ཡང་བསྟན་བྱུང་།

དེ་ནས་རླངས་འཁོར་བསྐོར་ནས་མཚོ་ཁར་ཕྱིན་པ་ན། ང་ཚོ་ཐེངས་དང་པོར་མུ་མཐའ་མེད་པའི་ཞི་བདེ་རྒྱ་མཚོའི་ཉེ་སར་སླེབས་པ་ཡིན་ཞིང་། དེའི་ཕྱོགས་གཅིག་གི་རྒྱང་རིང་གི་མཚམས་སུ་མཚོ་ནང་ན་མེ་རིའི་དུད་རླངས་འཕྱུར་ལ་མཚོ་ཆུ་ཁོལ་བཞིན་པ་ཡང་མཐོང་ཐུབ། ཉེ་ཟུར་གྱི་མི་རྣམས་ཀྱིས་དྲོད་ཚད་མཐོ་བའི་མཚོ་ཆུ་འདིའི་ནང་དུ་ཉ་རིགས་མང་པོ་གནས་ཡོད་པར་བཤད་པར། ཆོས་རྗེ་ཉིད་ཀྱིས་སེམས་ཅན་གྱི་ལས་སྣང་བསམ་གྱིས་མི་ཁྱབ་པ་ཡིན་ཚུལ་གསུངས་པ་སོགས་ད་ལྟའང་དྲན་གྱིན་འདུག

ཕྱིར་ཡོང་དུས་གྱི་ལམ་བར་དུ་ངོ་མཚར་བ་ཞིག་ལ། ཁ་དོག་སྣ་ལྔའི་འཇའ་ཚོན་གྱི་འོད་ཁྱིམ་ཞིག་ཡུན་རིང་པོའི་བར་རྗེ་ཉིད་ཀྱི་རླངས་འཁོར་གྱི་མཐའ་བསྐོར་ནས་བསྙེགས་ཡོང་། སྤྱིར་ཧཱ་ཝ་ཡེ་ལ་འཇའ་ཚོན་གྱི་གླིང་ཞེས་གྲགས་པས་འཇའ་ཤར་བར་དེ་ཙམ་མི་མཚར་ཡང་། འདི་ནི་ཆེས་སྤྱིར་བཏང་མ་ཡིན་པ་ཞིག་ཏུ་སྣང་། རྗེ་ཉིད་ལམ་བར་དུ་རླངས་འཁོར་ནས་བབས་ཏེ་ཅུང་ཙམ་ངལ་གསོ་མཛད་ཚེ། ཁོང་གི་ཞལ་ནས་ཀྱང་སྒྲ་མི་གསལ་བའི་ཚུལ་གྱིས་ཅི་ཞིག་གསུང་བཞིན་འདུག བདག་ཅག་གིས་འཇའ་ཚོན་རྒྱབ་ལྗོངས་བྱས་ཏེ་སྐུ་པར་འགའ་རེ་བསྒྲོན་ནས་ཅུང་ཟད་འགོར་བ་ན། འཇའ་ཚོན་ཡང་ནམ་མཁའི་དབྱིངས་སུ་དེངས་བར་གྱུར། སྐབས་དེར་བདག་གི་བསམ་པ་ལ། ལྷ་མོ་འཇིགས་བྱེད་དྲག་མོ་ཁོང་འོད་ཀྱི་རྣམ་པར་བརྫུས་ནས་རྗེ་ཉིད་ལ་སྐྱེལ་མ་བྱས་པ་ཡིན་ནམ་སྙམ།

དེ་རྗེས་ངེད་ཅག་དགོན་པ་དང་ཐག་མི་རིང་བའི་སར་ཡོད་པའི་ཧཱ་ཝ་ཡེའི་རྒྱལ་ཁབ་མེ་རིའི་སྤྱི་གླིང་(Hawaii Volcanoes National Park)དུ་སོང་ནས། ཧཱ་ཝ་ཡེའི་ས་ཆར་ཐེངས་འགར་མེ་རི་འཕྱུར་བའི་དངོས་ཟིན་གློག་བརྙན་ལ་བལྟས་ཤིང་། དུས་མཚུངས་སུ་འབྲེལ་ཡོད་ཀྱི་ངོ་སྤྲོད་དང་ལོ་རྒྱུས་ལའང་ཉན་པ་ཡིན།

ཞབས་ལྷམ་ཆ་གཅིག་བཞག

ཆོས་རྗེ་ཉིད་བོད་ཡུལ་ནས་བྱོན་དུས། ན་བཟའ་སྲབ་པ་རྣམས་ཕལ་ཆེར་གྲ་སྒྲིག་ལེགས་པར་བྱས་ཀྱང་། ཞབས་རྐང་ལ་ནང་ངོས་བལ་སྤུ་ཅན་གྱི་ལྷམ་ཞིག་མནབས་ཡོད་པས། དེ་ནི་ཧཱ་ཝ་ཡེ་ཡི་ཚ་ཁུལ་གླིང་ཕྲན་གྱི་གནམ་གཤིས་དང་མི་འཕྲོད་ཅིང་། ཤིན་ཏུ་དྲོ་ཆེ་བས་མནབས་ཐབས་མི་འདུག དེ་བས་བདག་གིས་ཁོམ་སྐབས་དང་བསྟུན་ཏེ་གནས་ཆུང་དགོན་པའི་མི་ཞིག་རོགས་པར་སྦྲན་ནས་ཉེ་འགྲམ་གྱི་ཧི་ལོ་ཉོ་ཚོང་ཁང་དུ་སོང་། ཨ་རིའི་སྒོ་རྩིས་ཚོང་རར་མདུན་སྟེགས་ཀྱི་ཚོང་པ་སོགས་མེད་པར། ཅ་ལག་རྣམས་ཅི་དགར་འདེམས་ཆོག་པའི་སྣང་ཚུལ་ཐོག་མར་མཐོང་བས་བདག་ལ་མཚར་སྣང་སྐྱེས།

དེར་ཨ་སྒོར་༧༠བྱིན་ནས་བསིལ་ལྷམ་སྤུས་ལེགས་ཤིག་བདམས་ཤིང་ཉོས་ལ། དམངས་སྒོར་དུ་ཕབ་ན་སྒོར་༨༠༠ལ་ཉེ་བས་རིན་གོང་ཤིན་ཏུ་མཐོན་པོ་རེད། ཆོས་རྗེ་ཉིད་སྐུ་གཟུགས་ཆེ་བས། ནང་ལོགས་སུ་ཡོད་དུས་ལྷམ་ཆེ་ཤོས་ཡིན་ཡང་ཞབས་རྐང་ལ་དེ་ཙམ་འཚམ་པོ་མེད་ཀྱང་། གནས་འདིའི་མི་རྣམས་གཟུགས་ཆེ་བ་ཤ་སྟག་ཡིན་པས། ཞབས་ལྷམ་ཀྱང་ཆེ་ཆུང་འཚམ་པོ་རེད་སྙམ་པ་ཞིག་ཉོས་ནས་ཕྱིར་དགོན་ནང་དུ་ལོག་པ་ཡིན། དེ་ནས་ཆོས་རྗེ་ཉིད་ཀྱིས་ལྷམ་དེ་མནབས་ཚེ། ཞབས་རྐང་ལ་ཤིན་ཏུ་འཕྲོད་པས་སེམས་སུ་དགའ་སྤྲོ་ཆེན་པོ་སྐྱེས། རྗེས་སུ་ཁོང་ཕྱི་རྒྱལ་དུ་བྱོན་པའི་དུས་ཐམས་ཅད་དུ་དེ་ཉིད་མནབས་ཤིང་། བོད་དུ་ལོག་རྗེས་ཀྱང་ཡུན་རིང་ལ་མནབས་རུང་ད་དུང་ཐེད་མི་འདུག་པས། རྗེས་སུ་དེ་ནི་ཚོང་རྟགས་(Birkenstock)ཡི་ཐོན་རྫས་ཡིན་པ་གཞི་ནས་ཧ་གོ་བྱུང་།

ཆོས་རྗེ་ཉིད་ཀྱིས་བོད་ནས་མནབས་ཡོང་བའི་ཞབས་ལྷམ་རྙིང་པ་དེ་དགོན་པ་དེར་བཞག་བྱུང་། དགོན་བདག་བླ་མས་གཙིགས་ཆེན་མཛད་ནས་རས་སེར་པོའི་ཁུད་དུ་གཅུད་དེ་སྒམ་ཞིག་ཏུ་ཉར་ཚགས་བྱས་སོང་། མི་ཉུང་ཤས་མ་གཏོགས་མཇལ་ཁའང་མི་གཏད་པར་མི་ལོ་སུམ་ཅུའི་བར་དུ་གླིང་ཚོམ་དེར་ཉར་ནས་བཞག

རྗེས་སུ་བདག་གིས་འབྲེལ་ཡོད་མི་སྣ་བརྒྱུད་ནས་ཞབས་ལྷམ་དེ་བླུ་ཐབས་ཐེངས་མང་བྱས་མཐར་གྲོས་བགྱིས་ཏེ་བླུ་རྒྱུ་རྙེད་སོང་། ༢༠༡༧ལོར་ཧཱ་ཝ་ཡེའི་སློབ་གྲྭ་དང་དགོན་པས་བདག་ཆོས་ཁྲིད་བཤད་པར་གདན་འདྲེན་ཞུས་ཤིང་། བདག་ལའང་དགོན་པ་དེར་འགྲོ་འདོད་ཆེན་པོ་སྐྱེས་ཀྱང་། རྗེས་སུ་འགལ་རྐྱེན་དུ་མའི་དབང་གིས་ཕྱི་ལོགས་སུ་འགྲོ་མ་ཐུབ་པ་ཡིན།

གནས་ཆུང་ཆོས་སྐྱོང་སླར་ཡང་གླེང་བ།

ཕྱི་ཟླ་༦ཚེས་༢༡ཉིན་གྱི་སྔ་དྲོར། ཆོས་རྗེ་ཉིད་ཀྱི་གཏེར་ཆོས་ཕུར་བ་མགུལ་ཁུག་མའི་དབང་ཅུང་མ་གནང་བའི་སྔོན་ལ། གནས་ཆུང་ཆོས་སྐྱོང་དང་ཁོང་གི་འབྲེལ་བའི་སྐོར་སླར་ཡང་འདི་སྐད་དུ་གསུང་།

སྔོན་ཨོ་རྒྱན་རིན་པོ་ཆེས་བོད་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟ་བུར་གསལ་བར་མཛད་ཅིང་། ཁོང་གིས་བོད་ལ་ཆོས་གང་ཡང་མ་གསུངས་པའི་སྔོན་དུ་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་ཞིང་མཐུན་རྐྱེན་ཡིད་བཞིན་དུ་འགྲུབ་པར་བྱ་བའི་ཕྱིར་དུ། ཡི་དམ་ཕུར་པ་རྡོ་རྗེ་གཞོན་ནུའི་སྒྲུབ་ཐབས་འདི་རང་ཉིད་ཀྱི་མགུལ་གྱི་ཁུག་མའི་ནང་དུ་བསྡུས་ནས། གཞན་སུ་ལའང་མི་སྟོན་པའི་མན་ངག་ཁྱད་པར་ཅན་དུ་འཆང་བ་ཡིན་པས་མིང་ལ་ཕུར་པ་མགུལ་ཁུག་མ་ཞེས་ཡོངས་སུ་གྲགས།

སྤྱིར་ཆོས་ཟབ་མོ་ཡིན་རུང་རྟེན་འབྲེལ་ལེགས་པོ་མ་འགྲིག་ན་འགྲོ་དོན་དེ་ཙམ་ཞིག་མི་འོང་ཞིང་། ཆོས་དེ་ཙམ་མི་ཟབ་ནའང་རྟེན་འབྲེལ་ལེགས་པོ་འགྲིག་ན་འགྲོ་དོན་རྒྱ་ཆེན་པོ་འོང་བ་ནི་ཆོས་སྤྱི་ཁྱབ་ཀྱི་འགྲོ་ལུགས་ཤིག་རེད། ཆོས་འདི་ལ་ཕྱི་ནང་གསང་གསུམ་གྱི་རྟེན་འབྲེལ་ཐམས་ཅད་ལེགས་ཕྱོགས་སུ་འགྲིག་པ་ལས། རྟེན་འབྲེལ་ངན་པ་སྣ་གཅིག་ཀྱང་བྱུང་མེད།

ཆོས་འདི་ཆོས་བདག་བསྟན་རྒྱམ་རིན་པོ་ཆེ་དང་ཆོས་སྐྱོང་ཐམས་ཅད་ཀྱི་གཙོ་བོ་གནས་ཆུང་རྡོ་རྗེ་གྲགས་ལྡན་རྩལ་གཉིས་ལ་འཕྲོད་དགོས་པ་ཡང་ལེགས་པར་འཕྲོད་ཡོད།

རིན་པོ་ཆེ་ལ་འཕྲོད་ཚུལ་ནི། ངས་བསྟན་རྒྱམ་རིན་པོ་ཆེ་ལ་འདི་ལྟ་བུའི་ཆོས་ཤིག་ཡོད་པས་ཉམས་སུ་བླངས་ན་བཟང་ཞེས་ཕར་བསྐུལ་མ་དགོས་པར། བསྟན་རྒྱམ་རིན་པོ་ཆེ་ཉིད་ཀྱིས་ཁྱེད་ཀྱི་ཕུར་པའི་ཆོས་དེའི་དབང་ཁྲིད་མན་ངག་བཅས་ཐོག་མར་ང་ལ་གནང་དགོས་ཞེས་ཚུར་ལ་གསུངས་བས། ངས་ཀྱང་ཁོང་ལ་མཎྜལ་གྱི་ཚུལ་དུ་དབང་ཁྲིད་མན་ངག་བཅས་ཕུལ་བ་ཡིན།

དེར་མ་ཟད། ཁོང་གིས་དགྱེས་ཚོར་ཚད་མེད་པའི་ངང་ནས། ངའི་སྐྱེ་ཕྲེང་དང་སྦྲགས་ཏེ་བརྒྱུད་འདེབས་བརྩམས། གཞན་ཡང་ཆོས་འདི་ལ་མེ་མཆོད་ཅིག་ཡོད་པ་དེ་ངའི་སེམས་ལ་ཤར་འོང་བའི་སྐབས་སུ། ཁོང་གིས་ཡི་གེ་པ་བྱས་ནས་ཕྱག་བྲིས་གནང་བ་ཡིན། བསྟན་རྒྱམ་རིན་པོ་ཆེ་ཁོང་ནི་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་མོ་ཡིན་པས། ཁོང་གིས་ཡི་གེ་པ་བྱས་པ་ནི་མི་སྲིད་པ་ལྟ་བུ་ཞིག་ཡིན་ཡང་། སྔོན་གྱི་སྨོན་ལམ་དང་རྟེན་འབྲེལ་གྱི་དབང་གིས་དེ་ལྟར་མཛད་པ་ཡིན།

དེ་བཞིན་ཆོས་སྐྱོང་ལ་འཕྲོད་ཚུལ་ཡང་། གནས་ཆུང་རྡོ་རྗེ་གྲགས་ལྡན་ཁོང་ལྷ་བབས་ཡོད་དུས་ཆོས་འདིའི་དབང་དངོས་སུ་ཞུས། སྤྱིར་ཁོང་ལྷ་དྲག་འབབ་ཡིན་ལ། དྲག་འབབ་ཀྱི་དུས་སུ་དབང་ཞུ་ལོང་དང་ཆོས་ཞུ་ལོང་མེད་ཀྱང་། ཆོས་འདིའི་དབང་སྐུར་བའི་གནས་སྐབས་ན་ཁོས་ཀྱང་དད་གུས་དང་ལྡན་པའི་སྒོ་ནས་ཉན་ཞིང་། ཆོས་ཉན་པའི་དུས་སུའང་ང་ལ་རྟེན་གསུམ་ཕུལ། ད་རུང་ཆོས་འདིས་འགྲོ་དོན་རྒྱ་ཆེར་མཛད་དགོས་ཤིང་། སྨད་ལས་སམ་བསྒྲལ་ལས་ཀྱི་ཆོ་ག་ཞིག་ཀྱང་རྩོམ་དགོས་ཞེས་བདག་ལ་སྐུལ་མའང་མཛད།

སྐབས་དེར་གནས་ཆུང་རྡོ་རྗེ་གྲགས་ལྡན་གྱིས་ང་རང་གི་བསམ་པ་བཞིན་དུ་འདོད་དོན་ཕྲིན་ལས་བསྒྲུབས་པའི་གཏང་རག་ཏུ། ངས་ཀྱང་དྷ་ས་ནས་གསོལ་ཁ་ཞིག་བརྩམས་པ་ཡིན་ལ། ད་རེས་གནས་འདིར་ཐོན་མ་ཐག་ཏུ། གནས་ཆུང་རྡོ་རྗེ་གྲགས་ལྡན་དང་ཁྱེད་འཁོར་སློབ་རྣམས་ཀྱིས་བསྐུལ་ངོར་ངས་ཁོང་ལ་གསོལ་ཁ་ཚིག་བཞི་ཞིག་ཀྱང་བརྩམས་ཡོད། གསོལ་ཁ་དེ་གཉིས་ཁྱེད་རྣམ་པས་རྒྱུན་དུ་བཏོན་ན། གནས་ཆུང་རྡོ་རྗེ་གྲགས་ལྡན་གྱིས་གཞན་གང་དང་ཡང་མི་འདྲ་བའི་ཁ་འཛིན་སྡོངས་གྲོགས་དང་སྲུང་སྐྱོབ་མངོན་སུམ་དུ་མཛད་ངེས་ཡིན།

ཆོས་སྐྱོང་ངེད་གཉིས་བར་གྱི་འབྲེལ་བ་ཡང་གསར་དུ་བཞག་པ་ཞིག་མ་ཡིན་པར། ཚེ་རབས་མང་པོའི་བར་དུ་འབྲེལ་བ་ཡོད་ངེས་ཡིན། དེ་ཡང་སྔོན་གཏེར་སྟོན་བསོད་རྒྱལ་གྱིས་ཀྱང་གནས་ཆུང་རྡོ་རྗེ་གྲགས་ལྡན་ལ་ཆོས་བཤད་ཅིང་། དབང་བསྐུར། བཀའ་སློབ་ཀྱང་མང་པོ་གནང་ཡོད་ཅིང་། གནས་ཆུང་རྡོ་རྗེ་གྲགས་ལྡན་གྱིས་རེ་འགར་ཁོང་ལ་ལུང་བསྟན་ཅིང་། གཏེར་ཡོད་སའི་གནས་ཐམས་ཅད་གསལ་པོར་བཤད་དེ་ལམ་ཁྲིད་ལྟ་བུ་མཛད། རེ་འགར་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་དང་གཏེར་སྟོན་བསོད་རྒྱལ་གཉིས་ཀྱི་བར་ལ་འཕྲིན་ཡར་སྐྱེལ་མར་སྐྱེལ་གྱི་འཕྲིན་ལས་ཀྱང་མཛད།

ཁ་སང་བཤད་པ་བཞིན་ང་དྷ་ས་རུ་ཐོན་ཚེ་གནས་ཆུང་གི་སྐུ་རྟེན་དེ་ངའི་དྲུང་དུ་ཐོན་དུས། ངས་སྔར་གྱི་ལོ་རྒྱུས་མདོར་བསྡུས་ཙམ་བཤད་པའི་གནས་སྐབས་ན། ཁོ་རང་ཕ་དང་བུ་འཕྲད་པ་ལྟ་བུའི་སྒོ་ནས་ང་ལ་དགའ་དད་ཚད་མེད་པའི་ངང་དུ་ལྷ་ཐོག་བབས་སུ་བྱུང་ནས། མིག་ནས་མཆི་མ་ཕྱུང་། དད་གུས་ཚད་མེད་པའི་རྣམ་འགྱུར་ཡང་བསྟན་སོང་།

ཕྱི་ཉིན་ང་གནས་ཆུང་དགོན་ནང་དུ་འགྲོ་བའི་དུས་སྐབས་ན། གནས་ཆུང་དགོན་པའི་གྲྭ་ཚང་རྣམས་ཀྱིས། དེ་རིང་ཁྱེད་ཀྱིས་ལྷ་སྤྱན་འདྲེན་བྱ་རྒྱུ་ཨེ་ཡིན་ཟེར། དེ་དུས་ངའི་བསམ་པ་ལ། ཆབ་སྲིད་ཀྱི་སྐད་ཆ་མང་པོ་བཤད་འོངས་ན་ང་ལ་སྟབས་བདེ་པོ་མི་འདུག་ལ། རྗེས་མར་རང་ཡུལ་ལ་འོང་དུས་དཀའ་མོ་རེད་སྙམ་བཞིན་དུ་ངས་ལྷ་ནི་ཕབ་རྒྱུ་མིན་ཞེས་ལན་བཏབ།

དེར་གནས་ཆུང་གྲྭ་ཚང་གི་གྲྭ་པ་རྣམས་ཀྱིས། ལྷ་དེ་ཁྱེད་ཀྱིས་དངོས་སུ་སྤྱན་འདྲེན་མ་མཛད་རུང་། ལྷ་དེ་ཁྱེད་ལ་དད་གུས་དང་དགའ་འདུན་ཡོད་ལུགས་ལ་བལྟས་ན། ལྷ་དེ་ཐོག་བབ་ཏུ་འབབ་འོང་ཤས་ཆེ་ཟེར་ནས་ལྷ་ཆས་ཚང་མ་གྲ་སྒྲིག་བྱས་སོང་། ཕྱི་ཉིན་དབང་སྐུར་བའི་སྐབས་སུ་ལྷ་ཡང་ཐོག་བབ་ཀྱི་ཚུལ་དུ་བབས་ཤིང་། བབས་མ་ཐག་ཏུ་ཁོང་དགོན་པའི་གྲྭ་ཚང་རྣམས་ཀྱིས་ལྷ་ཆས་ཡོངས་རྫོགས་སྐུ་ལ་གསོལ་ཐལ།

སྐབས་དེར་ལྷས་ཀྱང་ང་ལ་གུས་འདུད་ཚད་མེད་པའི་ངང་ནས་སྐུ་གསུང་ཐུགས་ཀྱི་རྟེན་གསུམ་ཕུལ་བ་དང་། ང་རང་གི་བསམ་པ་དང་མཐུན་པར་ཆབ་སྲིད་ཀྱི་སྐད་ཆ་གང་ཡང་མེད་པར། སངས་རྒྱས་ཀྱི་བསྟན་པ་དར་ཐབས་དང་སེམས་ཅན་ལ་བདེ་སྐྱིད་འབྱུང་ཐབས། རིན་པོ་ཆེའི་སྐུ་ཚེའི་མཛད་འཕྲིན་རྒྱས་ཐབས་ཀྱི་བླང་དོར་དང་བསླབ་སྟོན་སོགས་གསལ་པོར་བསྒྲགས་སོང་། ཡི་གེ་དེ་ད་ལྟ་ཁྱེད་རྣམ་པ་ལའང་ཡོད་ཅིང་དེར་འཁོད་པ་ནང་བཞིན་ཡིན།

གཞན་ཡང་རྟེན་འབྲེལ་གྱི་སྣ་ཁ་མང་པོ་ཞིག་འགྲིག་པའི་ལོ་རྒྱུས་ཡོད་ཀྱང་། ཁྱེད་རྣམ་པས་དེ་ཚང་མར་ཉན་དགོས་ན་དུས་ཚོད་རིང་པོ་དགོས་པས་བསྐྱུར་བ་ཡིན། མདོར་ན་ཆོས་འདི་ཆོས་ཀྱི་བདག་པོ་བསྟན་རྒྱམ་རིན་པོ་ཆེ་དང་ཆོས་ཀྱི་སྲུང་མ་གནས་ཆུང་རྡོ་རྗེ་གྲགས་ལྡན་གྱི་ལག་ལ་འཕྲོད་ཚུལ་དེ་ཁྱེད་རྣམ་པ་ལ་གོ་སླ་བའི་སྒོ་ནས་བཤད་པ་ལྟར་རྟེན་འབྲེལ་ཕུན་སུམ་ཚོགས་པ་འགྲིག་ཐལ།

དེའི་རྐྱེན་གྱིས་ཆོས་འདི་གཞན་གང་དང་ཡང་མི་འདྲ་བའི་བྱིན་རླབས་ཆེན་པོ་ཡིན་ཏེ། ཨོ་རྒྱན་རིན་པོ་ཆེས་བོད་ཡུལ་དུ་ཆོས་མང་པོ་གསུངས་པའི་ཐོག་མའི་ཨ་མ་ལྟ་བུ་ནི་ཕུར་པ་མགུལ་ཁུག་མ་འདི་ཉིད་ཡིན། འདི་ཉིད་སུ་དང་སུས་ཉམས་སུ་བླངས་ན་དེར་ཁ་དགེ་ཞིང་བཀྲ་ཤིས། མི་འདོད་པ་ཐམས་ཅད་ཉེ་བར་ཞི་ཞིང་། བསམ་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་འགྱུར་བ་ཡིན་པའི་ཕྱིར་ན། ད་ལྟ་ཁྱེད་ཅག་རྣམས་ལ་རྡོ་རྗེ་ཕུར་པ་འདིའི་དབང་བསྐུར་བའི་སྐབས་སུ་བབས་པ་ཡིན།

ཉིན་དེའི་ཕྱི་དྲོར། ཆོས་རྗེ་ཉིད་བྱེ་ཐང་ནག་པོའི་སྤྱི་གླིང་(Punaluʻu Black Sand Beach Park)དུ་བྱོན། ཡུལ་དེའི་ས་ངོས་ཀྱི་ཆགས་ཚུལ་ནི་མེ་རི་འཕྱུར་བའི་རྡོ་ཞུན་ཁོལ་མ་བཞུར་ནས་རྒྱ་མཚོར་འདྲེས་ཏེ་ཚ་དྲོད་ཡལ་བའི་རྗེས་ཤུལ་དེ་རང་བྱུང་རླུང་འགྱུར་དང་མཚོ་ཆུས་ཡང་ཡང་བཤལ་བ་ལས་གྲུབ་པ་ཡིན། བྱེ་ཐང་ནག་པོ་ནི་ས་ཆ་འདིར་ཤིན་ཏུ་གྲགས་ཆེ་ཞིང་། ཉེ་ཟུར་དུ་མཛེས་སྡུག་ལྡན་པའི་གླིང་ག་ཞིག་འདུག་པ་དེར་སྤྲོ་འཆམ་དུ་རྒྱུ་བའི་མི་རྣམས་བག་ཡངས་ངང་རྩེད་འཇོར་རོལ་བཞིན་མཆིས་ལ། ཡུལ་ལྗོངས་ཀྱི་བཀོད་པ་ནི་ཀུན་གྱི་སྣང་བ་བཟི་བར་བྱེད་པ་ལྟ་བུ་ཞིག་རེད། ཆོས་རྗེ་ཉིད་དེར་གཟིགས་མོར་བྱོན་ནས། ཐུགས་ལྷོད་པོའི་ངང་སྤྲོ་གསེང་ཅུང་ཙམ་མཛད།

ཆོས་རྗེ་ཉིད་ཀྱི་ཧཱ་ཝ་ཡེའི་མཛད་རྣམ་ཀུན་མཚམས་འདི་ནས་ལེགས་པར་གྲུབ་པ་ཡིན།

ངོ་མཚར་བའི་ཡུལ་ཁམས།

ཐེངས་འདིར་ཧཱ་ཝ་ཡེའི་ས་ཆར་ཐོན་ནས་ང་ལ་བཞག་པའི་ཆེས་ཟབ་པའི་བག་ཆགས་ནི། ནུབ་ཕྱོགས་ཀྱི་འཕེལ་རྒྱས་སོང་ཟིན་པའི་རྒྱལ་ཁབ་ཀྱི་ཚན་རྩལ་དང་དཔལ་འབྱོར་དེ་ཡིན།

དཔེར་ན་ང་ཚོ་སྡོད་སའི་ཁང་པའི་སྒོར་ཚོར་གློག་ཅིག་འདུག་ཅིང་། མི་ནང་དུ་ཡོང་ཚེ་གསལ་བར་འགྱུར་ལ་མི་སོང་ཚར་རྗེས་རང་བྱེད་ཀྱིས་ཟུམ་འགྲོ་བ་མ་ཟད། ཐ་ན་གློ་ལུ་ཙམ་བྱས་ཀྱང་གསལ་ཡོང་བར་འདུག གློག་སྒྲོན་སྤྱིར་བཏང་བ་ཙམ་ལས་དེ་འདྲ་ཡེ་ནས་མཐོང་མ་མྱོང་བའི་བདག་ལ་ཡ་མཚན་ཆེན་པོ་སྐྱེས་བྱུང་། དེ་ལ་གནས་གཞན་ཞིག་ཏུ་མིས་ཚོད་འཛིན་བྱེད་ཀྱིན་ཡོད་དམ་སྙམ་ནས། མི་མང་པོར་རྒྱུ་མཚན་དྲིས་ཀྱང་། ཁོང་ཚོས་ཀྱང་བེད་སྤྱོད་བྱེད་པ་ཙམ་ལས། ལག་རྩལ་དེའི་རྩ་བའི་རིགས་པ་ཤེས་ཀྱིན་མི་འདུག

གཞན་ཡང་། ཆོས་ཞུ་རུ་འོངས་བའི་མི་སོ་སོས་ལག་ཏུ་ལག་འཕྲིན་བཟུང་ཞིང་། རླངས་འཁོར་ཆུང་ངུ་རེ་བསྐོར་ཡོང་བར་ཡང་ཡ་མཚན་ཆེན་པོ་སྐྱེས། སྐབས་དེར། བོད་ཡུལ་གྱི་སྒོར་ཁྲིའི་བདག་པོར་གྱུར་པའི་ཕྱུག་པོར་བརྩི་བའི་ཁྱིམ་ཚང་གི་སྒོ་ཁ་ནའང་ལྕགས་རྟ་ཙམ་མ་གཏོགས་འཕྲུལ་རྟ་ཡང་མཐོང་རྒྱུ་དཀོན། སྲིད་གཞུང་གི་འགོ་ཁྲིད་ཆེན་པོ་འགའ་རེར་ལྗིབ་འཁོར་རེ་སྤྱོད་དབང་ཡོད་ཀྱང་། དེ་ལ་ཁ་ལོ་བ་ཆེད་དུ་བསྒྲིགས་ཡོད། ཡུལ་འདིའི་མི་རང་རང་ལ་རླངས་འཁོར་ཡོད་པར་མ་ཟད་རང་གིས་ཁ་ལོ་བྱེད་པ་ནི། བདག་ལ་མཚོན་ན་བློ་ཡུལ་ལས་འགོངས་ཤིང་བརྗེད་ཐབས་མེད་པ་ཞིག་རེད།

དེ་ལྟ་ནའང་། རིམ་གྱིས་གོམས་སོང་བས་ཚོར་བ་མེད་པར་གྱུར། ཆོས་རྗེ་བླ་མ་ཉིད་ཀྱིས་ནི་འདི་དག་ལ་ཐུགས་སྣང་ཆེར་མི་མཛད་པར། གཙོ་བོ་སེམས་ཅན་རྣམས་ཀྱི་ཉོན་མོངས་གཅོད་པ་དང་ཐར་བ་འཐོབ་པ་ཁོ་ན་ལ་ཐུགས་དགོངས་གཏད་ནས་མཆིས་སྙམ།

དུང་དཀར་དུ་སྦས་པའི་བྱིན་རླབས།

ང་ཚོས་སྔོན་ཆད་ཆོས་རྗེ་ཉིད་མཇལ་མྱོང་བའི་ཨ་རིའི་ཆོས་པ་སྐུ་ཞབས་གྷི་རའེ་ཀུ་(Greg Herbst)ལ་བཅར་འདྲི་ཞིག་བྱས། ཁོང་ནི་ལྷག་བསམ་ལྡན་ཞིང་རྗེ་ཉིད་ལ་དད་པ་ཡང་ལྷག་ཏུ་ཆེ། བཅར་འདྲི་བྱེད་སྐབས། ཁོང་གིས་ཕྱིར་དྲན་བྱས་པ་འདི་ལྟར།

ཆོས་རྗེ་ཉིད་གནས་འདིར་འབྱོན་སྐབས། ངས་ཧཱ་ཝ་ཡེའི་རྒྱལ་ཁབ་མེ་རིའི་སྤྱི་གླིང་དུ་བྱ་བ་སྒྲུབ་བཞིན་ཡོད་ཅིང་། གནས་ཆུང་དགོན་པའི་བླ་མ་བློ་བཟང་དོན་ལྡན་ནི་ངའི་དགེ་རྒན་ཡིན། ངས་རྒྱུན་དུ་ནང་ཆོས་སློབ་སྦྱོང་བྱེད་པ་ལས་གཞན། ཐེངས་མང་པོར་ཧཱ་ཝ་ཡེའི་གདོད་མའི་ཆོས་ལུགས་ཀྱི་མཛད་སྒོར་ཞུགས་མྱོང་།

ཧཱ་ཝ་ཡེའི་གདོད་མའི་ཆོས་ལུགས་ཀྱི་མཛད་སྒོའི་སྐབས་སུ་དུང་དཀར་འབུད་པའི་སྲོལ་ཡོད་པས། ང་རང་དུང་འབུད་པར་ཤིན་ཏུ་མཁས་པར་གྱུར། ཆོས་རྗེ་ཉིད་ཀྱིས་ཆོས་ཁྲིད་མ་གསུང་སྔོན་ལ། ངས་ནམ་རྒྱུན་ནང་ཆོས་ཀྱི་འགྲོ་ལུགས་ལྟར་ཆོས་དུང་བུས་ཤིང་། ཆོས་ཁྲིད་གསུང་སྐབས་སུ་དུང་དཀར་དེ་ཁོང་གི་བཞུགས་ཁྲིའི་འགྲམ་དུ་བཞག་པ་ཡིན། ཧཱ་ཝ་ཡེའི་མི་རྣམས་ཀྱི་ཟེར་སྲོལ་ལྟར་ན། དེ་ལྟར་བྱས་ན་ཆོས་རྗེ་ཉིད་ཀྱི་གསུང་སྐད་དེ་ནུས་ཤུགས་གཞན་ཞིག་གི་རྣམ་པས་ཆོས་དུང་གི་ནང་དུ་ཉར་ཚགས་བྱ་ཆོག་པར་བཤད་ལ། ལྟ་ཚུལ་དེ་ནི་ནང་ཆོས་ཀྱི་བྱིན་རླབས་ཤིག་ལ་ཟེར་གྱིན་ཡོད་པ་འདྲ།

ཆོས་རྗེ་ཉིད་ཧཱ་ཝ་ཡེ་རུ་བཞུགས་པའི་རིང་ལ། ངས་བྱ་བ་སྒྲུབ་སའི་རྒྱལ་ཁབ་མེ་རིའི་སྤྱི་གླིང་དུ་བྱོན་ཅིང་། ངེད་སྤྱི་གླིང་གི་ལྟ་སྐུལ་སློབ་སྟོན་པའི་གཞུང་ལས་ཁང་དུའང་གདན་ཞུ་བྱས། དེར་ནད་བཅོས་ཐུབ་པར་གྲགས་པའི་སྨན་རྡོ་ཞིག་ཡོད་པ་ལ། ཆོས་རྗེ་ཉིད་ངོ་མཚར་ཞིང་ཞལ་འཛུམ་བཞིན། སྨན་རྡོ་འདིས་ངའི་ནད་བཅོས་ཐུབ་བམ་གསུངས་པས། ངས་ཁོང་གི་སྐུ་ཁམས་ལ་སྙུང་གཞི་ཡོད་ཚོད་འདུག་སྙམ་དུ་རྗེས་དཔག་བྱས།

གཞན་ཡང་ང་ཚོ་མེ་རི་འབར་བའི་གནས་ལ་ལྟ་སྐོར་དུ་ཕྱིན་ཅིང་། འཇའ་ཚོན་ཡོད་སར་པར་ཡང་བླངས། དེ་ནས་རླངས་འཁོར་དུ་བཞུགས་ཤིང་མཚོ་འགྲམ་དུ་བྱོན་ཏེ། རྡོ་ཞུན་ཁོལ་མ་རྒྱ་མཚོར་བཞུར་བའི་རླངས་པ་ལྷོག་ལྷོག་འཕྱུར་བ་ལ་གཟིགས་ཤིང་ངོ་མཚར་བའི་ཚུལ་མཛད་ཅིང་། ཆོས་རྗེ་ཁོང་མཱེས་ཀཱེལ་དང་ངེད་གཉིས་ཀྱི་བར་དུ་བཞུགས་པའི་པར་ཞིག་ཡོད་པའང་སྐབས་དེར་བླངས་པ་ཡིན།

ལོ་དེ་འདྲ་མང་པོ་ཞིག་སོང་ཟིན་ཀྱང་། ཁོང་གནས་འདིར་ཕེབས་པས་བདག་གི་སེམས་སུ་བག་ཆགས་ཟབ་མོ་བཞག་འདུག དེ་ནི་ཕྱོགས་གཅིག་ནས་ཁོང་གི་སྐུ་དངོས་ཀྱི་བྱིན་རླབས་ཐད་ཀར་ཞུགས་པ་དང་། ཕྱོགས་གཞན་ཞིག་ནས་དུང་དཀར་འདིའི་ནང་དུ་ཁོང་གི་གསུང་སྐད་ཀྱི་བྱིན་རླབས་ཞུགས་ཡོད་པས་ཡིན་སྲིད། དེ་རིང་ངས་ཆོས་དུང་དེ་ཆེད་དུ་ཁྱེར་ཡོད་པས། ད་ལྟ་ཁྱེད་ལ་ཐེངས་གཅིག་འབུད་རྒྱུ་ཡིན་ཏུའུ་ཏུའུ་་་་་་ཞེས་དུང་བུས་བྱུང་།

ང་ལ་ད་ལྟ་ད་དུང་ཡང་སེམས་འགུལ་ཆེན་པོ་ཐེབས་པ་ཞིག་ལ། རླབས་ཆེན་གྱི་སྐྱེས་བུ་ཁོང་གིས། ས་ཐག་ཧ་ཅང་རིང་བའི་བོད་ཡུལ་ནས་དཀའ་ཚེགས་མང་དུ་བརྒྱུད་དེ། ང་ཚོའི་དགོན་པ་ཆུང་ངུ་འདིར་བྱོན་ནས་ཐུགས་རྗེས་གཟིགས་ཤིང་བྱམས་སྐྱོང་གནང་བ་ནི་ཆེས་བསམ་ཡུལ་ལས་འདས་པ་ཞིག་རེད་ཅེས་གླེང་བྱུང་།

དྲན་ངོགས་ཀྱི་ནུབ་བསྐྱོད་ལས་ཡུལ་ཧཱ་ཝ་ཡེའི་མཛད་རིམ་ལེགས་པར་གྲུབ་པའི་སྐབས་ཏེ་དང་པོའོ། །

འབབ་ཚུགས་གཉིས་པ། ཨ་རིའི་བྷོལ་དྷེར།

༼ ༦·༢༢~༦·༢༩ ༽

མཛད་རིམ།

ཕྱི་ཟླ་༦པའི་ཚེས་༢༢ཉིན། བྷོལ་དྷེར་ལ་འབྱོར།

ཕྱི་ཟླ་༦པའི་ཚེས་༢༣ཉིན། ཀརྨ་རྫོང་བསམ་གཏན་གླིང་དུ་ནང་ཆོས་ཀྱི་བྱམས་བརྩེའི་ལྟ་བ་གསུངས།

ཕྱི་ཟླ་༦པའི་ཚེས་༢༤ཉིན། ཁོ་ལོར་རཱ་ཏའོ་སློབ་ཆེན་གྱི་སྨན་ཁང་དུ་སྐུ་གཟུགས་བརྟག་བཤེར་མཛད།

ཕྱི་ཟླ་༦པའི་ཚེས་༢༥ཉིན། རྒོད་རྐྱང་ཞིང་རར་སེམས་ཁྲིད་མན་ངག་གསུངས།

ཕྱི་ཟླ་༦པའི་ཚེས་༢༦ཉིན། མཱེལ་ཧཱེ་ཆོས་ཁང་དུ་མི་ལ་རས་པའི་ཉམས་ལེན་གྱི་རིམ་པ་གསུངས།

ཕྱི་ཟླ་༦པའི་ཚེས་༢༧ཉིན། ཀརྨ་རྫོང་བསམ་གཏན་གླིང་དུ་ཤམྦྷ་ལ་དང་འབྲེལ་བའི་གཏམ་གླེང་གནང་།

ཕྱི་ཟླ་༦པའི་ཚེས་༢༨ཉིན། ཆོས་ཚོགས་ཀྱི་དབུ་འཛིན་དང་དད་ལྡན་རྣམས་ལ་མཇལ་ཕྲད་གནང་།

ཟླ་༦པའི་ཚེས་༢༩ཉིན། ཞལ་གྱེས་ཁའི་གསུང་བཤད་གནང་།

བྷོལ་དྷེར་(Boulder)ལ་ཐོན་པ།

ཧཱ་ཝ་ཡེའི་མཛད་རིམ་རྣམས་ཡོངས་སུ་རྫོགས་རྗེས། ངེད་ཅག་མུ་མཐུད་དུ་ས་ཚིགས་ཕྱི་མ་སྟེ་བཛྲ་དྷ་དྷིའི་ཆོས་ཚོགས་(Vajradhatu)སུ་ཆས།

ཕྱི་ཟླ་༦པའི་ཚེས་༢༡གི་ཕྱི་དྲོར། ཧི་ལོའི་གནམ་ཐང་ནས་ཙན་དན་རི་བོའི་གནམ་ཐང་བར་དུས་ཚོད་གཅིག་ཙམ་ལ་འཕུར། དེ་ནས་སླར་ཡང་གནམ་གྲུར་བསྡད་ནས་མཚན་ཐོག་ཐག་ལ་ཆུ་ཚོད་ལྔ་ལྷག་ཏུ་འཕུར་ཞིང་། ནམ་ལངས་ཁར་གསེར་རྙིང་རི་བོའམ་སན་ཧྥི་རན་སའེ་སི་ཁོ་(San Francisco)ཡི་གནམ་ཐང་དུ་སླེབས།

ཕྱི་ཟླ་༦པའི་ཚེས་༢༢ཉིན། དེར་ངལ་གསོ་ཅུང་ཙམ་བྱས་རྗེས་མུ་མཐུད་ནས་དུས་ཚོད་གཉིས་ཙམ་ལ་ཁོ་ལོར་རཱ་ཏོ་(Colorado)ཞིང་ཆེན་གྱི་གྲོང་ཁྱེར་ཏེན་ཝིར་(Denver)གྱི་ཕྱོགས་སུ་འཕུར་མཐར། སྤྲིན་དཀར་གྱི་ལ་ཐོད་བཅིངས་པའི་རི་རྩེ་བརྒྱུད་ནས། ཏེན་ཝིར་གྱི་སི་ཏཱེ་ཕོར་ཐིན་(Stapleton)གྱི་གནམ་ཐང་དུ་བབས།

གནས་འདི་ནས་ཡུལ་བྷོལ་དྷེར་ལ་རླངས་འཁོར་དུ་བསྡད་ནས་ཆུ་ཚོད་གཅིག་ལྷག་འགྲོ་དགོས་ཤིང་། བྷོལ་དྷེར་ནི་རི་བོ་རཱོ་ཁཱེས་(Rocky)འདབས་ཀྱི་དབེན་ཞིང་ཉམས་དགའ་བའི་གྲོང་རྡལ་ཞིག་སྟེ། ཕྱི་ནས་བལྟས་ན་སྤྱི་གླིང་ཆེན་པོ་ཞིག་དང་ཀུན་ནས་མཚུངས་ཤིང་། ལམ་བར་དུ་ཧ་ཅང་མཛེས་པའི་ནེའུ་གསིང་དང་ལུང་པ་གཏིང་ཟབ་མོ། ཚར་དུ་དངར་བའི་སྤྲོ་ཁང་། མཛེས་སྡུག་གི་ལྗོན་ཤིང་། རྔམ་བརྗིད་ཀྱི་རི་བོ་སོགས་མཛེས་ལྗོངས་ལྟ་ན་སྡུག་པ་དག་བརྒྱུད་ནས། མཐར་ངེད་ཅག་བདེ་བླག་ངང་ཁྲོམ་ལམ་༡༢པའི་ཁང་རྟགས་༨༩༡གི་མར་པའི་ཕོ་བྲང་(Marpa House)ཞེས་པ་རུ་སླེབས། འདི་ནི་བཛྲ་དྷ་དྷིའི་ཆོས་ཚོགས་གཙོ་བོའི་ལྟེ་གནས་ཤིག་དང་། ཕྱོགས་སོ་སོ་ནས་ཕེབས་པའི་དམ་པ་རྣམས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་སའི་གནས་ཁྱད་པར་ཅན་ཞིག་ཀྱང་ཡིན། གནས་འདི་ན་ཉམས་ལེན་པ་མང་པོ་བཞུགས་ལ། ཁོང་ཚོས་ཡུན་རིང་དུ་འཚོ་བ་རོལ་སའི་ཟང་ཟིང་གི་གྲོང་ཁྱེར་དང་བྲལ་ཞིང་བྱ་བའི་ལས་གནས་དག་བསྐྱུར་ཏེ། གནས་འདིར་འདོད་ཆུང་ཆོག་ཤེས་ངང་འཚོ་བ་ངན་ངོན་གྱི་སྒོ་ནས་སྒྲུབ་པ་ཉམས་ལེན་བྱེད་གྱིན་འདུག

བཛྲ་དྷ་དྷིའི་ཆོས་ཚོགས་འདི་ཆོས་རྗེ་དྲུང་པ་རིན་པོ་ཆེས་དངོས་སུ་ཕྱག་བཏབ་གནང་ཞིང་། སྐབས་དེར་ཨ་རིའི་མི་མང་པོ་ཞིག་ཀྱང་ཆོས་ཚོགས་དེར་ཞུགས་ནས་དར་ཞིང་རྒྱས་པའི་སྒང་རེད། ཁོ་ཚོས་མེ་གླིང་དང་ཡོ་རོབ་སོགས་སུ་ཡན་ལག་གི་ཆོས་ཚོགས་བརྒྱ་ཕྲག་ལྷག་བཙུགས་ཡོད་པར་བཤད་ཅིང་། ས་གནས་མང་པོར་སྒྲུབ་པ་ཉམས་ལེན་བྱེད་སའི་སྒོམ་གྲྭ་ཡང་མང་པོ་བསྐྲུན་ཡོད་པས། སྐབས་དེར་ཨ་རིའི་ལུང་པར་ཆོས་ཚོགས་ཆེ་ཤོས་སུ་གྱུར་ཡོད།

བཛྲ་དྷ་དྷིའི་ཆོས་ཚོགས་ནི། སྐབས་དེར་ཆོས་རྗེ་བླ་མ་འཁོར་བཅས་ཕྱི་རྒྱལ་ལ་གདན་ཞུ་བྱེད་མཁན་གྱི་ཆོས་ཚོགས་གཙོ་བོ་དེའང་ཡིན། ཁོ་ཚོས་ཕྱི་འབྲེལ་གྱི་ནུས་ཤུགས་ཆེན་པོར་བརྟེན་ནས། ཨ་རི་དང་རྒྱ་ནག་གི་གཞུང་ཚབ་ཁང་དང་འབྲེལ་ཡོད་ལས་ཁུངས་བརྒྱུད་ང་ཚོ་ཕྱི་ལོགས་སུ་ཡོང་ཐུབ་པར་བྱས་ཤིང་། བྱ་བ་ཆེས་མང་པོ་ཞིག་ལ་སྟབས་བདེ་བའི་མཐུན་འགྱུར་གནང་བ་ཡིན།

ཆོས་རྗེ་ཉིད་བྷོལ་དྷེར་གྱི་ས་ཚིགས་འདི་ནས་ཉིན་དྲུག་ལ་བཞུགས་ཏེ་ས་ཆ་སོ་སོར་ཆོས་ཁྲིད་ཀྱི་མཛད་སྒོ་གནང་།

ནང་ཆོས་ཀྱི་བྱམས་བརྩེའི་ལྟ་བ།

ཕྱི་ཟླ་༦པའི་ཚེས་༢༣ཉིན། ཆོས་རྗེ་ཉིད་ཀརྨ་རྫོང་བསམ་གཏན་གླིང་(Karma Dzong Meditation Center)དུ་བྱོན་ནས་ཆོས་ཁྲིད་ཀྱི་མཛད་སྒོ་གཟབ་རྒྱས་གནང་ཞིང་། ཆོས་ཚོགས་དེར་ཕྱོགས་སོ་སོའི་རྒྱལ་ཁབ་ནས་ཕེབས་པའི་བསྟན་འཛིན་གྱི་སྐྱེས་བུ་དང་དགེ་འདུན་པ། ཆོས་པ་དང་ཆོས་པ་མ་ཡིན་པའི་མི་མང་པོ་ཞིག་ཞུགས་འདུག རྔམ་བརྗིད་ལྡན་པའི་ཚོམས་ཆེན་དུ། ཆོས་རྗེ་ཉིད་རབ་ཏུ་མཐོ་བའི་ཆོས་ཀྱི་ཁྲི་ལ་འཁོད་པ་ན། གཙོ་སྒྲུབ་ཕྱོགས་ནས་མཛད་སྒོའི་མཚམས་སྦྱོར་གྱི་སྐབས་སུ་ཆོས་རྗེ་ཉིད་ངོ་སྤྲོད་བྱས་པ་འདི་ལྟར།

སྐྱབས་རྗེ་རིན་པོ་ཆེ་ཁོང་ནི་མདོ་སྔགས་རིག་གནས་དང་བཅས་པ་ཐམས་ཅད་ཀྱི་དོན་མ་ལུས་པར་བྱང་ཆུབ་ཅིང་། ད་ལྟ་བོད་ཡུལ་ན་མཁས་ཤིང་གྲུབ་པ་བརྙེས་པའི་སྐྱེས་ཆེན་འགྲན་པའི་ཟླ་དང་བྲལ་བ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་གཅིག་འདུས་ཀྱང་ཡིན་པས། ང་ཚོས་དད་པ་རྐྱང་པའི་སྒོ་ནས་ཆོས་རྗེ་ཉིད་ཀྱི་བཀའ་ཆོས་ལ་ཉན་པ་དང་ཞལ་མཇལ་བ་ཡིས་ཀྱང་ངན་སོང་གནས་གསུམ་གྱི་སྒོ་ཁེགས་པར་འགྱུར་བ་ཡིན། ད་རེས་འདི་འདྲའི་གོ་སྐབས་བཟང་པོ་བྱུང་བ་ནི། ང་ཚོས་ཚེ་རབས་ནས་ཚེ་རབས་མང་པོར་བསོད་ནམས་བསགས་པའི་ལག་རྗེས་ཡིན་ཞེས་གསུངས།

དེ་ནས་ཆོས་རྗེ་ཉིད་ཀྱིས་དེར་འཁོད་ཡོངས་ཀྱི་ཁམས་དབང་མོས་པ་དང་བསྟུན་ཏེ། ནང་ཆོས་ཀྱི་བྱམས་བརྩེའི་ལྟ་བའི་སྐོར་ནས་ཞལ་གདམས་གནང་བ་འདི་ལྟར།

སྙིང་རྗེ་ཆེན་པོས་རྩོད་ལྡན་སྙིགས་མའི་ཞིང་། །

བཟུང་ནས་སྨོན་ལམ་ཆེན་པོ་ལྔ་བརྒྱ་བཏབ། །

པད་དཀར་ལྟར་བསྔགས་མཚན་ཐོས་ཕྱིར་མི་ལྡོག །

སྟོན་པ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །

ཞེས་མཆོད་བརྗོད་ཀྱིས་མདུན་བསུས་པ་དེ་ནི་རང་གི་བསམ་པ་དང་སྤྱོད་པ་གང་ཡིན་མཚོན་པའི་ཕྱིར་དུ་རང་གི་ལྷག་པའི་ལྷ་ལ་ཕྱག་འཚལ་བ་ཡིན། ད་རེས་སྐབས་སུ་བབས་པ་ནི། ནང་པ་སངས་རྒྱས་པའི་ཆོས་ཀྱི་སྙིང་པོའམ་བྱམས་སྙིང་རྗེའི་སྐོར་མདོར་བསྡུས་པ་ཙམ་ཞིག ཡེ་ཤུའི་ཆོས་ལུགས་(Christianity)སོགས་ཀྱི་དགོངས་པ་དང་ཡང་མི་འགལ་བར་ཁྱེད་རྣམ་པ་ལ་ཞུ་རྩིས་ཡིན། ངས་སྐད་ཆ་དེ་ལྟར་བཤད་དགོས་དོན་ལ་རྒྱུ་མཚན་གསལ་པོ་ཡོད། དེ་སྔོན་ང་གངས་རིའི་ལྗོངས་ན་ཡོད་པའི་དུས་སུ། བོད་ཀྱི་ཆོས་རྒྱུད་ཆེན་པོ་བཞི་དང་ནང་གསེས་ཀྱི་ཆུང་ངུ་མང་པོ་ཞིག་ཡོད་པ་ཀུན་འགལ་མེད་གནད་གཅིག་ཏུ་སྒྲུབ་པ་དང་། དེ་དག་གསལ་བར་བྱེད་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱང་ཐུགས་རྒྱུད་གཅིག་པ་ཉིད་དུ་སྒྲུབ་པའི་བྱ་བ་ལ་འབད་པར་བྱེད་པའི་ལས་འགན་ཞིག བསྟན་འཛིན་གཞན་དང་མི་འདྲ་བར་ང་སྒེར་ལ་བབས་ཡོད། སྔོན་ཡང་གངས་རིའི་ལྗོངས་ཀྱི་བསྟན་པ་ཐམས་ཅད་འགལ་མེད་དང་བསྟན་འཛིན་རྣམས་ཐུགས་མཐུན་ཡོང་བའི་བྱ་བ་ལ་འབད་པས་མཇུག་འབྲས་བཟང་པོ་བྱུང་བར་བརྟེན། བསྟན་འཛིན་གྱི་སྐྱེས་བུ་རྣམས་ཀྱིས་ཀྱང་ང་ལ་ཐུགས་དགྱེས་ཚོར་ཆེན་པོ་མཛད་བཞིན་ཡོད། ད་སྐབས་ང་ནུབ་ཕྱོགས་ཀྱི་རྒྱལ་ཁབ་རྣམས་ལ་ཐོན་པའི་ཚེ་ན་ཡང་། འཛམ་བུ་གླིང་ན་དར་བའི་ཆོས་ལུགས་ཆེན་པོ་བཞི་དང་། གཞན་ཡང་ཆོས་ལུགས་མང་པོ་ཡོད་པ་རྣམས་ཀྱི་དགོངས་གནད་གཅིག་ཏུ་བསྒྲུབ་དགོས་དོན་ནི། སྤྱིར་ན་ཆོས་ལུགས་གང་དང་གང་ཡིན་ཡང་ཐམས་ཅད་ཀྱིས་སེམས་ཅན་ལ་ཕན་པ་སྒྲུབ་པ་དང་། གནོད་པ་མི་འབྱུང་བའི་ཐབས་ལ་བརྩོན་ཚུལ་གཅིག་པ་དང་། ཁྱད་པར་དུ་འཛམ་བུ་གླིང་ན་དར་བའི་ཆོས་ལུགས་ཆེན་པོ་བཞི་ལ་སོགས་པ་འཛིན་པའི་གང་ཟག་ཐམས་ཅད་ཀྱི་བསམ་པ་དང་སྤྱོད་པ་མཐུན་ན། འཛམ་གླིང་ཞི་བདེའི་རྩ་དོན་ཡང་མངོན་དུ་གྱུར་ནས་འཇིག་རྟེན་ཁམས་ལ་བདེ་སྐྱིད་ཆེན་པོ་འབྱུང་བས་ཆོས་ལུགས་རྣམས་གནད་གཅིག་ཏུ་ཤེས་དགོས་པ་ཡིན།

དེས་ན་ད་རེས་ཀྱི་སྐབས་སུ་སངས་རྒྱས་ཀྱི་གསུང་རྩ་བར་བཟུང་ནས་འཆད་རྒྱུ་ཡིན། སངས་རྒྱས་ཀྱིས་གསུངས་པའི་ཆོས་དེ་ཇི་ལྟར་ཉམས་སུ་ལེན་དགོས་ཤེ་ན། སངས་རྒྱས་རང་ཉིད་ཀྱི་ཞལ་ནས། སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །ཅེས་གསུངས་པས། དགེ་བ་སྒྲུབ་པ་དང་སྡིག་པ་སྤོང་བ་དེར་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པའི་གནད་འདུས་ཏེ། སྡིག་པ་ཞེས་པ་ནི་རང་དང་གཞན་ལ་གནོད་པར་འགྱུར་བའི་བསམ་པ་དང་སྤྱོད་པ་ངན་པ་ལ་ཟེར་ཞིང་དེ་རྩ་བ་ནས་སྤོང་ཐུབ་དགོས། དེ་མ་ཐུབ་ན་སྡུག་བསྔལ་མུ་མཐུད་དུ་འཕེལ་བ་ཡིན། དགེ་བ་ཞེས་པ་ནི་རང་གཞན་གྱི་ལུས་སེམས་ལ་ཕན་པ་སྐྱེད་པ་ལ་ཟེར་བ་ཡིན་པས་ཅི་ནུས་སུ་བསྒྲུབ་དགོས། དེ་འདྲའི་དགེ་བ་སྒྲུབ་པ་དང་སྡིག་པ་སྤོང་བའི་སྤྱོད་པ་དང་བསམ་པ་ཕུན་སུམ་ཚོགས་པ་གཉིས་ཀྱི་ནང་དུ་སངས་རྒྱས་ཀྱི་ཆོས་ཀྱི་གནད་ཐམས་ཅད་འདུ་བ་ཡིན།

ནང་ཆོས་ཀྱི་སྤྱོད་པ་ཕུན་སུམ་ཚོགས་པ།

སྤྱོད་པ་ཕུན་སུམ་ཚོགས་པ་ཞེས་པ་དེ་གཙོ་བོ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ནང་དུ་འདུ་ཞིང་། ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཐོག་མ་ནི་སྦྱིན་པ་སྟེ། སྦྱིན་པ་ཞེས་པ་ནི་རང་གི་ལུས་དང་ལོངས་སྤྱོད་དུས་གསུམ་གྱི་དགེ་རྩ་ཐམས་ཅད་སེམས་ཅན་རྣམས་ལ་ཕན་པའི་ཕྱིར་དུ་གཏོང་བ་ལ་ཟེར་ཞིང་། ལུས་དང་ལོངས་སྤྱོད་དགེ་རྩ་གསུམ་པོ་དུས་གཅིག་ཏུ་སྦྱིན་པ་གཏང་ཐུབ་རྒྱུ་ཞིག་ཡིན་ནམ་ཞེ་ན། ད་ལྟ་སུ་གཅིག་གིས་ཀྱང་ཐུབ་རྒྱུ་མ་རེད། དེ་མི་ཐུབ་པའི་རྒྱུ་མཚན་གྱིས་སངས་རྒྱས་ཀྱི་བཀའ་ལས། རིམ་པ་བཞིན་དུ་བསླབ་པར་བགྱི། །ཞེས་གསུངས་བ་བཞིན། རང་གི་བསམ་པའི་ནུས་ཚོད་དང་བསྟུན་ནས་རིམ་གྱིས་སྦྱིན་པར་གོམས་དགོས། བྱང་སེམས་སྤྱོད་འཇུག་ལས། ཚོད་མ་ལ་སོགས་སྦྱིན་པ་ལའང་། །འདྲེན་པས་ཐོག་མར་སྦྱོར་བར་མཛད། །ཅེས་གསུངས་པ་བཞིན། ཐོག་མར་རྒྱུ་རྫས་ངན་པའམ་ཟ་མ་ངན་པ་ཚོད་མ་ལྟ་བུའི་ངན་ངོན་རྣམས་གཞན་ལ་སྦྱིན་ནས། རིམ་པ་བཞིན་དུ་གོང་ནས་གོང་དུ་བསླབ་པ་སྟེ། རང་གི་གོས་དང་ཅ་ལག ཤིན་ཏུ་དཀོན་པའི་རྒྱུ་རྫས་ལ་སོགས་པ་ཐམས་ཅད་ཀུན་ཀྱང་རིམ་པ་བཞིན་དུ་སྦྱིན་དགོས་པ་མ་ཟད། རང་གི་བུ་དང་ཆུང་མ་ལ་སོགས་པ་ཡང་རིམ་གྱིས་སེམས་ཅན་རྣམས་ལ་སྦྱིན་ཐུབ་མིན་བལྟ་དགོས། དེ་འདྲའི་སྦྱིན་པ་ནི་གལ་ཆེ་སྟེ། བཅོམ་ལྡན་འདས་ཀྱིས་ཀྱང་། གལ་ཏེ་གཞན་ལ་སྦྱིན་ན་ངས་ཅི་ཞིག་བཟའ་བསམ་ནས་རང་དོན་ལ་སེམས་པ་དེ་འདྲེ་ཡི་ཚུལ་ཏེ་ངན་པ་ཐ་ཆད་ཀྱི་སྤྱོད་པ་ཡིན་ལ། གལ་ཏེ་ངས་ལོངས་སྤྱད་ན་སེམས་ཅན་ཐམས་ཅད་ལ་ཅི་ཞིག་སྦྱིན། དེ་བས་སེམས་ཅན་གྱི་དོན་ཞིག་བསྒྲུབ་དགོས་བསམ་རྒྱུ་ནི་ལྷ་ཡི་ཚུལ་ཏེ་སྤྱོད་པ་བཟང་པོ་ཡིན་པར་བསྟན་ཡོད། དེ་བཞིན་དུ་བྱང་སེམས་སྤྱོད་འཇུག་ལས། གལ་ཏེ་བྱིན་ན་ཅི་སྤྱད་ཅེས། །བདག་དོན་སེམས་པ་འདྲེ་ཡི་ཚུལ། །གལ་ཏེ་སྤྱད་ན་ཅི་སྦྱིན་ཞེས། །གཞན་དོན་སེམས་པ་ལྷ་ཡི་ཆོས། །ཞེས་གསུངས། དེ་འདྲའི་བསམ་པ་བཟང་པོ་ལ་བསླབ་ཅིང་ངན་པ་སྤངས་ནས། རང་གིས་དགེ་བ་སྒྲུབ་པ་དེ་སེམས་ཅན་ཐམས་ཅད་ཚེ་འདི་དང་ཕྱི་མ་ལ་བདེ་བའི་ཕྱིར་དུ་ཡོངས་སུ་བསྔོ་བའི་སྦྱིན་པ་གཉིས་པ་ལའང་གོམས་པར་བྱ་དགོས། དེ་ལྟར་གོམས་པར་བྱས་ན་ནམ་ཞིག་ན་ས་ཐོབ་པ་ཟེར་བ་ཞིག་ཡོད་ཅིང་། ས་ཐོབ་པའི་དུས་སུ་རང་གི་ལུས་ལ་ཡང་ཚོད་མ་དང་རྒྱུ་རྫས་ངན་པ་ལྟ་བུའི་བསམ་པ་ཙམ་ལས་མེད་པས། དེའི་དུས་སུ་རང་གི་མགོ་དང་ཡན་ལག་ལ་སོགས་པ་ཡང་གཞན་ལ་ཕན་པའི་ཕྱིར་དུ་སྦྱིན་དགོས་པ་ཡིན།

གཉིས་པ་ཚུལ་ཁྲིམས་ནི། སངས་རྒྱས་ཆོས་ལུགས་སུ། ཚུལ་ཁྲིམས་ལ་ནང་གསེས་ཀྱི་དབྱེ་བ་གསུམ་སྟེ། ཉན་ཐོས་དང་། བྱང་ཆུབ་སེམས་དཔའ། གསང་སྔགས་ཀྱི་ཚུལ་ཁྲིམས་བཅས་ཡིན། ཉན་ཐོས་ཀྱི་ལུགས་སུ་ཐོག་མ་ནས་སྲོག་གཅོད་པ་སོགས་གཞན་གནོད་གཞི་དང་བཅས་པ་སྤོང་བ་ལ་གོམས་དགོས་པ་ཡིན། དེ་ནས་གཞན་ལ་དངོས་ཤུགས་ཀུན་ཏུ་ཕན་ཅི་ཐོགས་དང་གནོད་པ་ལས་བསྐྱབ་ཅི་ཐུབ་བྱ་རྒྱུ་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཡིན་ཞིང་། དེ་འདྲའི་ལམ་ལ་གོམས་པར་བྱས་ནས་ནམ་ཞིག་རྫུ་འཕྲུལ་དང་ཏིང་ངེ་འཛིན་ལ་རང་དབང་འབྱོར་བ་ན། ཉི་མ་རེ་རེ་ལ་སེམས་ཅན་དུང་ཕྱུར་མང་པོའི་དོན་ཡང་སྒྲུབ་ཐུབ་པའི་དུས་ཚོད་ཅིག་ཡོང་ངེས་པས། དེ་ནི་གཞན་དོན་རླབས་པོ་ཆེ་མྱུར་དུ་སྒྲུབ་པའི་གསང་སྔགས་ཀྱི་ཚུལ་ཁྲིམས་ཡིན།

གསུམ་པ་བཟོད་པ་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱིས། རང་གི་སེམས་ནི་ཡོངས་སུ་འདུལ། །ཞེས་གསུངས་པ་བཞིན་གཞན་སེམས་མི་དཀྲུག་པ་དང་། རང་སེམས་ཅི་ནུས་སུ་བསྲུང་བ་ནི་རྩ་བ་ཡིན་ཏེ་གཞན་ལ་གནོད་པའི་གཏམ་མི་བཤད་ཅིང་བྱ་བ་མི་བསྒྲུབ་པའི་སྒོ་ནས་ཕ་རོལ་པོའི་སེམས་མི་དཀྲུག་ཅིང་། རང་གི་སེམས་རྒྱུད་ལ་བརྟགས་ནས་གཞན་གྱི་སྟེང་དུ་ཁོང་ཁྲོ་ལངས་པ་ལྟ་བུའི་བསམ་པ་ངན་པ་སོགས་སྤངས་བ་དེ་ཡིན།

བཞི་པ་བརྩོན་འགྲུས་ནི། བརྩོན་འགྲུས་ཞེས་པ་དེ་སེམས་དགེ་བ་ལ་དགའ་ཞིང་སྤྲོ་བར་གོ་ལ། དགེ་བ་ནི་འཚེ་བ་མེད་པར་ཞི་བའི་སྤྱོད་པ་ལ་སྤྲོ་བ་དེ་ཡིན། ཞི་བའི་སྤྱོད་པ་ལ་ཇི་ལྟར་བརྩོན་དགོས་ཤེ་ན། བྱམས་པ་དང་སྙིང་རྗེ་གཉིས་བསྒོམ་དགོས་ཤིང་། སྙིང་རྗེ་ནི་ལུས་ལ་ན་ཚ་ཅན་ནམ། སེམས་ལ་མི་འདོད་པའི་སྡུག་བསྔལ་ཅན་གྱི་སེམས་ཅན་རྣམས་སྡུག་བསྔལ་ཐམས་ཅད་དང་བྲལ་སོང་ན་ཅི་མ་རུང་སྙམ་པའི་བསམ་པ་བཟང་པོ་རྒྱུན་དུ་བསྒོམ་པ་ལ་བྱ་ཞིང་། བྱམས་པ་ནི་སེམས་ཅན་ཚང་མ་བདེ་བ་དང་ལྡན་པར་གྱུར་ན་ཅི་མ་རུང་བསམ་པ་དེ་ཡིན།

གནས་སྐབས་ཀྱི་བདེ་བ་ནི་ཚེ་རིང་བ་དང་། ནད་མེད་པ། ལོངས་སྤྱོད་ཆེ་བ། སྙན་གྲགས་རྒྱས་པ་ལ་སོགས་པ་ཐམས་ཅད་ཡིན་ལ། སེམས་ཅན་རྣམས་དེ་དག་དང་ལྡན་པར་གྱུར་ན་ཅི་མ་རུང་སྙམ་པའི་བསམ་པ་བཟང་པོ་ཞིག་བསྒོམ་དགོས། དེ་ལྟར་གོམས་པའི་འབྲས་བུ་མཐར་ཐུག་པ་ནི། འཛམ་བུ་གླིང་གི་བདེ་བ་གང་གིས་ཀྱང་མཚོན་དུ་མེད་པའི་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ཞེས་ཤི་མ་ཐག་ཏུ་སྐྱེ་འགྲོ་ས་ཞིག་ཡོད་པས། སེམས་ཅན་ཐམས་ཅད་དེར་སྐྱེ་བར་གྱུར་ཅིག་བསམ་པ་དང་། སྐྱེ་བའི་ཐབས་ལའང་བརྩོན་དགོས་པ་ཡིན།

བདེ་བ་ཅན་དུ་སྐྱེ་བའི་ཐབས་ནི། སངས་རྒྱས་ལ་གསོལ་བ་འདེབས་པ་དང་། ཆོས་ཉམས་སུ་ལེན་པ། དགེ་འདུན་པ་ལ་གུས་བཀུར་བྱ་རྒྱུ་སོགས་ཡིན། དེ་ལྟར་བྱས་ན་རྒས་ཀྱིན་རྒས་ཀྱིན་སེམས་ཇེ་སྐྱིད་ནས་ཇེ་སྐྱིད་ཡིན། དེའི་རྒྱུ་མཚན་ནི། འཇིག་རྟེན་འདིའི་བདེ་བ་ལས་བརྒྱ་འགྱུར་སྟོང་འགྱུར་གྱིས་ལྷག་པའི་ནུབ་ཕྱོགས་བདེ་བ་ཅན་དུ་སྐྱེ་བར་འགྱུར་བས། དེར་དགའ་བ་བརྒྱ་འགྱུར་གྱིས་ལྷག་པ་ཞིག་སྐྱེ་ཡོང་བ་ཡིན།

སྤྱིར་མི་སུ་དང་སུ་ཡིན་ཡང་ལོ་ཇེ་མཐོར་སོང་བ་དང་བསྟུན་ནས་འཆི་བ་ལ་ཐག་ཇེ་ཉེ་ཡིན་ན་སེམས་ཁམས་ཀྱང་ཇེ་སྡུག་ནས་ཇེ་སྡུག་ཡིན་ཡང་། བདེ་བ་ཅན་དུ་སྐྱེ་བའི་ཐབས་ལ་བརྩོན་པའི་གང་ཟག་རྣམས་ནི་འཆི་བ་ལ་སེམས་སྡུག་མེད་པར་མ་ཟད་སེམས་ཁམས་ཇེ་སྐྱིད་ནས་ཇེ་སྐྱིད་ཡིན་པ་རེད། བཅོམ་ལྡན་འདས་ཀྱིས་ཀྱང་། བདེ་བ་ཅན་དུ་སྐྱེ་བར་སྨོན་ལམ་འདེབས་མཁན་རྣམས་ཚེ་ཟད་པ་ལ་དགའ་བར་འགྱུར་ཞེས་གསུངས། ཅིའི་ཕྱིར་ཞེ་ན། དཔེར་ན་མི་ཞིག་ནད་ཚབས་ཆེན་གྱིས་བཏབ་ཡོད་ན། ནད་དེ་ལས་གྲོལ་བར་ཤིན་ཏུ་དགའ་བ་བཞིན་དུ། བདེ་བ་ཅན་དུ་སྐྱེ་དུས་སྡུག་བསྔལ་ཐམས་ཅད་དང་བྲལ་རན་སོང་བས་ཡིན། འདི་ནི་སངས་རྒྱས་ཆོས་ལུགས་པ་ཁོ་ན་མ་གཏོགས་འཛམ་བུ་གླིང་གི་མི་མཆོག་དམན་རབ་འབྲིང་སུ་ལ་ཡང་མེད་པའི་ཁྱད་ཆོས་ཤིག་ཡིན། དཔེར་ན་ངེད་ཅག་ལྟ་བུའི་མི་དཀྱུས་མ་ཞིག་སང་ཉིན་འཛམ་བུ་གླིང་གི་བདག་པོ་ལ་འགྱུར་རྒྱུ་ཡིན་ན་དེ་ལ་དགའ་ཚོར་ཆེན་པོ་ཞིག་ཡོད་ངེས་ཡིན། ཐར་བའི་བདེ་བ་ནི་དེ་ལས་ཀྱང་བརྒྱ་འགྱུར་སྟོང་འགྱུར་གྱིས་ལྷག་པ་ཡིན་ལ། ཚེ་ཡི་ཕ་མཐར་ཅི་ཙམ་དུ་ཉེ་ན་དེ་ཙམ་དགའ་བའི་རྒྱུ་མཚན་ཡང་དེ་ཡིན།

དེ་ནི་ཕར་བལྟས་ན་ཡང་གོ་སྟེ། ནང་པ་སངས་རྒྱས་པའི་ཆོས་སྒྲུབ་མཁན་ཀྱི་བླ་མ་བཟང་པོ་རྣམས་ནི་རྒས་ཀྱིན་རྒས་ཀྱིན་ཉམས་ཇེ་སྤྲོ་དང་སྣང་བ་ཇེ་སྐྱིད་ཡིན་ལ། མི་དཀྱུས་མ་ཕལ་ཆེར་རྒས་ཀྱིན་རྒས་ཀྱིན་སེམས་ཇེ་སྡུག་ནས་ཇེ་སྡུག་ཏུ་འགྲོ་བའི་རྣམ་འགྱུར་རྐྱང་པ་ལ་བལྟས་ནའང་ནང་ཆོས་ཀྱི་ཡོན་ཏན་ཐད་ཀར་དཔག་ནུས་པ་ཡིན། བདེ་བ་ཅན་དུ་རང་བཞིན་གྱི་མི་དཀྱུས་མ་ཞིག་སྐྱེས་ཐུབ་བམ་བསམ་ན། དེར་དོགས་པ་སྐྱེ་དགོས་དོན་མེད་དེ། ཁྱེད་རྣམ་པས་ཚེ་འདིའི་ཟས་གོས་ཀྱི་དོན་ལ་ངལ་རྩོལ་བྱེད་པ་དེའི་ཕྱེད་ཀ་ཙམ་ཞིག་གིས་ཆོས་བསྒྲུབས་ནས་དཀོན་མཆོག་གསུམ་ལ་གསོལ་བ་འདེབས་རྒྱུ་མ་བརྗེད་དང་བདེ་བ་ཅན་དུ་སྐྱེ་ངེས་པར་ཁག་ཁུར་ཆོག

ལྔ་པ་བསམ་གཏན་ནི། སེམས་གཞན་དུ་མི་གཡེང་པར་སངས་རྒྱས་ལ་གསོལ་བ་བཏབ་ཅིང་། ཆོས་ཉམས་སུ་བླངས། དགེ་འདུན་ལ་གུས་བཀུར་བྱ་རྒྱུ་བཅས་ལ་རྟག་ཏུ་གཞོལ་ཞིང་ཉམས་སུ་ལེན་པ་དེ་ཡིན། བསམ་གཏན་བསྒོམ་ལུགས་ལ་ནང་གསེས་སུ་ཡེ་ཤུའི་ཆོས་ལུགས་དང་། མོ་ཧཱ་མོ་དུའི་(Muhammad)ཆོས་ལུགས་དང་། སངས་རྒྱས་ཆོས་ལུགས་སོགས་རང་རང་སོ་སོ་ལ་མི་འདྲ་བ་མང་པོ་ཡོད་རྒྱུ་རེད། གང་ལྟར་ནང་པ་སངས་རྒྱས་པའི་ལུགས་ལ། བསམ་གཏན་གྱི་གནད་ཚུར་ལ་བསྡུས་ན། དམིགས་པའི་རྟེན་གང་ཡང་རུང་བ་ལ་སེམས་རྩེ་གཅིག་ཏུ་གནས་པ་སྟེ། ཁྱེད་རྣམ་པས་དུས་རྒྱུན་དུ་སྟོན་པ་ཤཱཀྱ་ཐུབ་པ་མི་བརྗེད་པར་གྱིས་དང་། དེ་ལ་བསམ་གཏན་ཟེར་བ་ཡིན།

དྲུག་པ་ཤེས་རབ་ནི། དགེ་བ་སྒྲུབ་ལུགས་དང་སྡིག་པ་སྤོང་ལུགས་དེ་དང་པོ་བླ་མའི་དྲུང་ནས་མཉན་དགོས། བར་དུ་མཉན་པའི་དོན་ལ་བསམ་བློ་བཏང་ནས་ཐེ་ཚོམ་གྱི་སྒྲོ་འདོགས་བཅད། མཐར་བསམ་པའི་དོན་རྣམས་རང་གི་རྒྱུད་དང་སྦྱར་ནས་ལག་ལེན་དངོས་ཀྱི་ཐོག་ནས་ར་འཕྲོད་ཡོང་དུས། གཟོད་བཤད་པ་དེ་རྣམས་བདེན་མིན་སེམས་ཐག་ཆོད་པ་ཞིག་ཡོང་། དེས་ན་སངས་རྒྱས་ཆོས་ལུགས་ལ་བསམ་པ་དང་སྒོམ་པ་ཅི་ཙམ་ནུས་པ་དེ་ཙམ་དུ། འཛམ་བུ་གླིང་དུ་དར་བའི་ཚན་རིག་ལའང་བློ་རྩལ་དེ་ཙམ་ཞིག་རྒྱས་སླ་བ་ཡིན།

འཛམ་བུ་གླིང་གི་ཆོས་ལུགས་མང་པོ་ཞིག་ཚན་རིག་དང་ཡུན་རིང་པོར་ཟུང་འབྲེལ་བྱེད་མི་ཐུབ་པ་ཡོད་ཀྱང་། སངས་རྒྱས་ཀྱི་ཆོས་ལུགས་ནི་ཚན་རིག་དང་ཟུང་འབྲེལ་ཐུབ་པས། སངས་རྒྱས་ཀྱི་ཆོས་ལ་ཤེས་རྒྱ་ཇི་ཙམ་ཆེ་བ་དེ་ཙམ་དུ་ཚན་རིག་ལ་ཡིད་ཆེས་པ་དང་། ཚན་རིག་ལ་ཤེས་རྒྱ་ཇི་ཙམ་ཆེ་བ་དེ་ཙམ་དུ་སངས་རྒྱས་ཀྱི་ཆོས་ལ་ཡིད་ཆེས་འབྱུང་ཆོག་པ་ཡིན། དེས་ན་སངས་རྒྱས་ཀྱི་གསུང་ལ་ལྟ་རྟོག་ཞིབ་མོ་ཞིག་བྱ་ཐུབ་ན། འཛམ་བུ་གླིང་དུ་དར་བའི་ཚན་རིག་གི་གནད་ཀྱང་དེར་བཤད་ཡོད་ལ། འཛམ་བུ་གླིང་དུ་དེ་སྔོན་མ་དར་བའི་ཚན་རིག་གི་གནད་དག་ཀྱང་སངས་རྒྱས་ཀྱིས་སྔོན་ནས་རྒྱ་ཆེར་གསུངས་ཡོད། དེ་བཞིན་དུ་གནས་སྐབས་ཀྱི་བསམ་བློ་གོང་འཕེལ་དང་། དཔལ་འབྱོར་གོང་འཕེལ་ལ་སོགས་པ་ཐོབ་པར་འདོད་པ་རྣམས་ཀྱིས་ཀྱང་། སངས་རྒྱས་ཀྱི་ཆོས་ལ་སློབ་སྦྱོང་བྱས་ཏེ་ཉམས་སུ་བླངས་ན། ཕན་པ་རྒྱ་ཆེན་པོ་ཞིག་བྱུང་ནས་ལག་ལེན་དོན་ཐོག་ཏུ་འཁྱོལ་བ་ཞིག་ཡོང་ངེས་ཡིན།

དེ་ཙམ་མ་གཏོགས་རྒྱས་པར་བཤད་པའི་ཁོམ་ལོང་ཡང་མི་འདུག མདོར་ན་སངས་རྒྱས་ཀྱི་གསུང་ད་ལྟ་བོད་ལ་དར་བའི་བཀའ་བསྟན་པོ་ཏི་སུམ་བརྒྱ་ལྷག་ཙམ་ཞིག་ཡོད་པའི་ནང་དུ་རྒྱ་ཆེར་གསུངས་ཡོད་པས། དེ་ལ་ཞིབ་ཏུ་བལྟས་ནའང་ཤེས་པར་འགྱུར། འདིར་དེ་ཙམ་གྱིས་ཆོག་པར་བྱ།

ནང་ཆོས་ཀྱི་བསམ་པ་ཕུན་སུམ་ཚོགས་པ།

བསམ་པ་ཕུན་སུམ་ཚོགས་པ་ལ། སངས་རྒྱས་ཀྱིས་གསུངས་པའི་ཆོས་ནི། སེམས་ཅན་ཡིན་ནོ་ཅོག་ཐམས་ཅད་ལ་འདྲ་མཉམ་གྱིས་ཕན་པ་སྒྲུབ་པར་འདོད་པ་དང་གནོད་པ་ལས་སྐྱོབ་པར་འདོད་པ་གཅིག་མཚུངས་ཡིན། དེ་ནི་འཛམ་བུ་གླིང་གི་ཆོས་ལུགས་གཞན་གང་ལའང་མེད་པའི་ཁྱད་ཆོས་ཤིག་རེད། ཆོས་ལུགས་གཞན་རྣམས་ཀྱིས་སེམས་ཅན་ཕལ་ཆེར་ལ་ཕན་པ་སྒྲུབ་ཀྱང་འགའ་ཞིག་ལ་གནོད་པ་སྐྱེལ་བ་སྟེ། དཔེར་ན་འགྲོ་བ་མིའི་རིགས་མཐའ་དག་ལ་ཕན་པ་སྒྲུབ་ཀྱང་སེམས་ཅན་གཞན་ལ་གནོད་པ་སྐྱེལ་བ་དང་། སེམས་ཅན་རྣམས་ལས་ཀྱང་འགའ་ཞིག་ལ་ཕན་པ་སྒྲུབ་ཀྱང་འགའ་ཞིག་གི་ལུས་དང་སྲོག་ལ་གནོད་པ་སྐྱེལ་བ་ཡོད་ཀྱང་། སངས་རྒྱས་ཀྱི་ཆོས་ནི་དེ་དག་དང་མི་འདྲ་བར་སེམས་ཅན་ཡོད་དོ་ཅོག་ཐམས་ཅད་ལ་ཕན་པ་སྒྲུབ་པ་ཡིན།

སངས་རྒྱས་ཀྱི་བཀའ་ལས། རང་གི་ལུས་ལ་དཔེ་ལོངས་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །ཅེས་གསུངས་ཏེ། དཔེར་ན་རང་ལ་གང་གིས་ཕན་ན་སེམས་ཅན་གཞན་ལའང་དེ་ཡིས་ཕན་ཞིང་། རང་ལ་གང་གིས་གནོད་ན་སེམས་ཅན་གཞན་ལའང་དེས་གནོད་པ་ཡིན། སེམས་ཅན་ཚང་མས་བདེ་བ་དང་ལྡན་པར་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཨ་ན་མ་ན་རེད། དེས་ན་སངས་རྒྱས་ཀྱི་གསུང་གི་གནད་བསྡུས་ན། སེམས་ཅན་ཐམས་ཅད་ལ་ཕན་པ་སྒྲུབ་པ་འབའ་ཞིག་གི་ནང་དུ་མ་འདུས་པ་མེད། བསམ་བློ་ཞིབ་ཏུ་གཏང་ཤེས་པའི་མི་ཞིག་ཡིན་ནས་བཟུང་སྟེ། སངས་རྒྱས་ཀྱི་ཆོས་ལ་མི་དགའ་མཁན་ཞིག་ཡོད་སྲིད་རྒྱུ་མ་རེད།

ཁྱེད་རྣམ་པ་ལ་དཔེ་ཞིག་བཞག་ནས་བཤད་ན། ཁྱོད་ལ་གྲོགས་པོ་གཉིས་ཡོད་ན། དུས་རྒྱུན་དུ་ཁྱོད་ལ་ཕན་པ་འབའ་ཞིག་སྒྲུབ་མཁན་གྱི་གྲོགས་པོ་དེའི་དགའ་འམ། ཡང་ན་རྟག་ཏུ་གནོད་སྐྱེལ་མཁན་དེ་ལ་དགའ། ངས་བསམ་ན་ཕན་པ་སྒྲུབ་མཁན་གྱི་གྲོགས་པོ་ལས་གནོད་པ་སྐྱེལ་མཁན་ལ་རྩ་བ་ནས་དགའ་སྲིད་རྒྱུ་མ་རེད། ཁྱེད་རྣམ་པ་ཚང་མའང་དེ་འདྲ་ཡིན་པར་ངས་ཚོད་དཔག་བྱེད་ཐུབ་ངེས་ཡིན། དཔེ་དེ་བཞིན་དུ་སེམས་ཅན་རྣམས་ཀྱང་ཕན་པ་སྒྲུབ་མཁན་ལ་དགའ་བ་ལས་གནོད་པ་སྐྱེལ་མཁན་ལ་དགའ་མི་སྲིད་པས། ངས་སངས་རྒྱས་ཀྱི་ཆོས་འདི་སེམས་ཅན་ཐམས་ཅད་ལ་ཕན་པ་སྒྲུབ་བྱེད་ཅིག་རེད་ཅེས་བཤད་པ་ལ་ནོར་བ་དང་འཁྲུལ་བ་རྩ་བ་ནས་མེད། དེའི་ཕྱིར་ན། སངས་རྒྱས་ཀྱི་བསྟན་པ་ལ་བསམ་བློ་ངོ་མ་གཏོང་ཤེས་པའི་གང་ཟག་ཅིག་ཡིན་ནས་བཟུང་སྟེ་དེར་མི་དགའ་མཁན་ཞིག་འཛམ་གླིང་ན་ཡོད་རྒྱུ་མ་རེད།

ང་ཚོ་ནང་པ་སངས་རྒྱས་པའི་རྗེས་འཇུག་གི་བླ་མ་དེ་དག་ལ་ཡང་། བླ་མ་བཟང་པོ་དང་འབྲིང་པོ། ཐ་མ་གསུམ་ཡོད་ངེས། དེ་གང་འདྲ་ཞིག་རེད་ཅེ་ན། སེམས་ཅན་ཐམས་ཅད་ལ་ཕན་པ་རྒྱ་ཆེན་པོ་སྒྲུབ་ཅིང་། གནོད་པ་གཏན་ནས་མི་སྐྱེལ་མཁན་དེ་བླ་མ་ཨང་དང་པོ་རེད། སེམས་ཅན་ཐམས་ཅད་ལ་ཕན་པ་ཡང་བསྒྲུབ་ཅིང་གནོད་པ་ཡང་ཅུང་ཟད་རེ་སྐྱེལ་མཁན་ནི་བླ་མ་འབྲིང་པོ་རེད། སེམས་ཅན་ཐམས་ཅད་ལ་ཕན་པ་མི་སྒྲུབ་པར་གནོད་པ་རྒྱ་ཆེན་པོ་སྐྱེལ་ཞིང་རང་དོན་འབའ་ཞིག་སྒྲུབ་མཁན་དེ་བླ་མ་ཐ་ཆད་རེད། སངས་རྒྱས་ཀྱི་རྗེས་སུ་འཇུག་པའི་བླ་མ་བཟང་ངན་དེ་ཡང་སེམས་ཅན་ལ་ཕན་པ་སྒྲུབ་དང་མི་སྒྲུབ་ཀྱིས་དབྱེ་བ་ཡིན།

དེ་བཞིན་དངོས་གནས་དོ་སྣང་བྱ་དགོས་ས་ཞིག་ཡོད། དཔེར་ན་ཨ་རིའི་ལུང་པ་གཅིག་ན་མི་ནུས་པ་འཇོན་པོ་བསམ་པ་དཀར་པོ་ཅན་ཞིག་ཡོད་ན། དེས་ཨ་རིའི་ལུང་པའི་མི་ཚང་མར་ཕན་ཐོགས་ངེས་ཡིན། མི་ནུས་པ་ཧ་ཅང་འཇོན་པོ་ཅན་ཞིག་ཡོད་ཀྱང་ཐམས་ཅད་ལ་བསམ་ནག་འཆང་ཞིང་གནོད་པ་སྐྱེལ་བ་ཡིན་ན། ཨ་རིའི་ཡུལ་ཁམས་ལའང་མི་བདེ་བ་འབྱུང་རྒྱུ་རེད། དེས་ན་ཁྱེད་ཨ་རིའི་མི་ཡིན་ན་ཡང་འདྲ། ང་ཚོ་བོད་ཀྱི་མི་ཡིན་ནའང་འདྲ། འཛམ་གླིང་གཞན་གྱི་མི་སུ་དང་སུ་ཡིན་ན་ཡང་། རང་ལ་ཕན་པ་སྒྲུབ་མཁན་གྱི་མི་དེ་ལ་དགའ་བོ་ཡོད་པ་དང་། གནོད་པ་བྱེད་མཁན་ལ་མི་དགའ་བ་ནི་རང་རེ་ཀུན་གྱིས་ཤེས་གསལ་ལྟར་ཡིན།

འདི་ན་འཚོགས་པའི་མི་མང་ཆེ་བ་ཞིག་ནང་པ་སངས་རྒྱས་པ་ཡིན་ངེས་པས། ནང་པ་སངས་རྒྱས་པ་ཐམས་ཅད་ཀྱིས་དོན་དེ་དག་ལེགས་པོ་ཤེས་པར་བྱས་ཏེ་སྔར་ལས་ཀྱང་ལྷག་པའི་སྒོ་ནས་སངས་རྒྱས་ཀྱི་ཆོས་ལ་དགའ་བ་དང་ཉམས་ལེན་མཛད་རྒྱུ་དེ་ངའི་རེ་བ་ཡིན། གཞན་ཡེ་ཤུའི་ཆོས་ལུགས་ལྟ་བུ་ལ་ཞུགས་པའི་མི་ཁ་ཤས་ཡོད་པ་རྣམས་ཀྱིས་ཀྱང་གཞན་ལ་ཕན་པ་སྒྲུབ་པའི་སངས་རྒྱས་ཀྱི་ཆོས་འདི་ལ་དགའ་བོ་བྱ་འོས་པ་ཡིན། རྒྱུ་མཚན་ཡང་། ཡེ་ཤུའི་ཆོས་ལུགས་དང་པོར་སྤེལ་བའི་སྟོན་པ་ཡེ་ཤུ་མ་ཤི་ཀ་ཁོང་ཁྲིམས་ལ་ལྷུང་ནས་མནར་གཅོད་ཀྱི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་མྱོང་དུས། རང་གི་སྡུག་བསྔལ་གྱིས་མི་གཞན་གྱི་སྡུག་བསྔལ་ཐམས་ཅད་དཔགས་པར་བྱས་ཏེ། མི་ཐམས་ཅད་བདེ་བ་དང་ལྡན་ཞིང་སྡུག་བསྔལ་དང་བྲལ་ན་བསམ་ནས་ཆོས་ལུགས་གསར་གཏོད་མཛད་ཅིང་ཕྱིས་སུ་དར་ཡོང་བའི་རྩ་བའང་དེ་ཡིན་པས། ཁོང་གི་ཆོས་ལུགས་དེ་ཕན་པ་སྒྲུབ་པའི་ཐབས་ཤིག་ཏུ་གྱུར་བ་ཡིན། ཆོས་གྲལ་འདིར་ཆོས་ལུགས་གང་ལ་ཡང་མ་ཞུགས་པའི་ཞིབ་འཇུག་པ་དང་ཉམས་མཚར་གྱི་ཚུལ་དུ་འོང་བ་ཡོད་ན། དེ་རྣམས་ཀྱིས་ཀྱང་སངས་རྒྱས་ཀྱི་ཆོས་འདི་ལ་དགའ་སྤྲོ་ཤིན་ཏུ་ཆེན་པོ་ཞིག་བྱ་དགོས་པ་ཡིན། དེའི་རྒྱུ་མཚན་ནི། ཁྱོད་རང་བདེ་བར་འདོད་ན་གཞན་ལ་ཕན་པ་སྒྲུབས་དང་ཁྱོད་བདེ་མོ་སྐྱིད་པོ་ཡོང་རྒྱུ་རེད། གཞན་ལ་གནོད་པ་བསྐྱལ་ན་ཁྱོད་ལ་བདེ་སྐྱིད་ཡོང་བ་མིན་ཏེ། དཔེར་ན་ཁྱོད་ཀྱིས་གྲོགས་པོ་ལ་ཕར་ཕན་ཅི་ཙམ་བཏགས་པ་དེ་ཙམ་དུ་ཁྱོད་ལ་ཚུར་དགའ་པོ་དང་ཕན་པ་བྱེད་ཡོང་བ་ཡིན། ཁྱོད་ཀྱིས་གྲོགས་པོ་ལ་མངོན་ལྐོག་མེད་པར་གནོད་བསྐྱལ་ན། ཁྱོད་ལའང་ཕན་པ་དང་བདེ་བ་འབྱུང་བའི་གོ་སྐབས་ཡོད་མི་སྲིད། དེ་བཞིན་དུ། རང་གི་ཁ་ལ་ཟ་རྒྱུ་དང་རྒྱབ་ལ་གྱོན་རྒྱུ་རྐྱང་པ་ཙམ་ཞིག་གི་དོན་ཡིན་ན་ཡང་། སངས་རྒྱས་ཀྱི་ཆོས་འཚེ་མེད་ཞི་བའི་ལམ་བཟང་འདི་ཁོ་ན་ལ་དགའ་བ་དང་སྤྲོ་བ་བྱེད་པ་དང་། ཅི་ནུས་ཀྱིས་ཉམས་ལེན་བྱ་རྒྱུ་གལ་ཆེ་བ་ཡིན།

དེས་ན་འདིར་འཁོད་པའི་མི་ཚང་མ་དང་། ཁྱེད་རྣམས་ལ་འབྲེལ་བ་ཡོད་པའི་གྲོགས་པོ་གཞན་རྣམས་ཀྱིས་ཀྱང་སེམས་ཅན་ཐམས་ཅད་ལ་འཚེ་བ་མེད་པའི་ཞི་བདེ་ཡི་ལམ་ཁོ་ན་འདི་ཉམས་སུ་ལེན་རྒྱུ་དེ་ང་རང་ཉིད་ཀྱིས་རེ་བ་སྙིང་ནས་བཅོལ་བ་ཡིན། ད་ཁྱེད་ཅག་ཚང་མ་ལ་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་ཞུ།

སྐུ་ལུས་བརྟག་བཤེར།

རྗེ་ཉིད་ཕྱི་རྒྱལ་དུ་བྱོན་སྐབས། སྔར་ཡོད་གྱི་སྙུང་གཞི་ཙམ་ལས་གཞན་མི་བདེ་བ་ཆེར་མེད། འོན་ཀྱང་ཨ་རི་ནི་སྨན་བཅོས་ཀྱི་ཆུ་ཚད་ཆེས་སྔོན་ཐོན་གྱི་རྒྱལ་ཁབ་ཅིག་ཡིན་པས། སློབ་ཚོགས་ཡོངས་ཀྱིས་ཐེངས་འདིར་རྗེ་ཉིད་ཀྱི་སྐུ་ལུས་ཧྲིལ་པོར་བརྟག་བཤེར་ལེགས་པོ་ཞིག་བྱ་རྒྱུ་དང་། ལྷག་པར་དུ་སྐུ་ཉིད་ཀྱི་སྤྱན་རས་གསལ་ཐབས་ལ་རེ་བ་ཤིན་ཏུ་ཆེན་པོ་བཅངས་ཡོད་པས། ང་ཚོས་རྗེ་ཉིད་ཀྱི་སྐུ་ལུས་ལ་བརྟག་བཤེར་བྱ་རྒྱུ་དེ་ཉིན་རེའི་ལས་རིམ་གྱི་ནང་དུ་བཞག་ནས་སྨན་ཁང་ལ་སྔ་ས་ནས་དུས་ཆད་བྱས་པ་ཡིན།

ཕྱི་ཟླ་༦པའི་ཚེས་༢༤ཉིན། ང་ཚོ་ཁོ་ལོར་རཱ་ཏོའི་སློབ་ཆེན་སྨན་ཁང་(UCHealth University of Colorado Hospital)དུ་སོང་། སྨན་ཁང་འདི་ནི་ཨ་རིའི་སྨན་ཁང་རྣམས་ལས་ལེགས་གྲས་སུ་གཏོགས་ཤིང་། ལྷག་པར་དུ་མིག་ལ་སྨན་བཅོས་བྱ་བའི་ལག་རྩལ་ཕུལ་དུ་བྱུང་བར་གྲགས།

ང་ཚོ་སྨན་ཁང་དེར་ཐོན་དུས། ཁོར་ཡུག་ཤིན་ཏུ་གཙང་ཞིང་ལྷིང་འཇགས་ལྡན་ལ། སྨན་པ་དང་སྨན་ཞབས་པ་རྣམས་ཀྱང་གཤིས་རྒྱུད་འཇམ་པོ་ཤ་སྟག་ཡིན་པ་ལས། སྨན་ཁང་འགའ་རེ་ལྟར་སྨན་པ་རྣམས་ཀྱི་ངོ་ནག་ལྷང་ངེར། རྒྱུད་རྩུབ་ཧྲག་གེར། ཚིག་ངན་གྱི་ཚེར་མས་ནད་པའི་སྙིང་ལ་གཙེས་པ་ལྟ་བུ་མ་ཡིན་པར། ཚང་མས་ཁ་བཟང་ཚིག་རྒྱན་དང་ཞལ་རས་འཛུམ་མདངས་བཅས། མཐོ་དམན་དྲག་ཞན་མེད་པར་ནད་པ་ཚང་མ་ལ་གོ་རིམ་ལྡན་ཞིང་བྲེལ་འཚུབ་མེད་པའི་སྒོ་ནས་བརྟག་དཔྱད་བྱེད་ཀྱིན་ཡོད། རྗེ་ཉིད་ཀྱི་སྤྱན་ལ་བརྟག་བཤེར་བྱེད་སྐབས། སྨན་པས་ངག་འཇམ་པོའི་སྒོ་ནས། གཡོན་ཕྱོགས་སུ་གཟིགས་རོགས། ཤིན་ཏུ་ལེགས། ད་གཡས་ཕྱོགས་སུ་གཟིགས་དང་། ཧ་ཅང་བཟང་། ཞེས་བརྟག་བཤེར་ཀྱི་གོ་རིམ་ཚང་མ་གུ་ཡངས་སྤྲོ་སྐྱིད་ཀྱི་ངང་ནས་ལེགས་པར་གྲུབ་པས། བདག་ལ་བག་ཆགས་ཟབ་མོ་བཞག

ཨ་ནེ་མེ་སྒྲོན་ཡང་རྒྱུན་དུ་སྙིང་ཁམས་མི་བདེ་བས། ཉིན་དེར་གོ་སྐབས་དང་བསྟུན་ནས་བརྟག་བཤེར་བྱས།

བརྟག་འབྲས་སུ་ཆོས་རྗེ་ཉིད་ཀྱི་སྐུ་ལུས་ལ་གནད་འགག་ཆེར་མེད་ཀྱང་། སེམས་ཅན་གྱི་བསོད་ནམས་དམན་པས་སྐུ་ཉིད་ཀྱི་སྤྱན་རས་སླར་གསོ་བྱེད་ཐབས་མེད་པར་འདུག

ཕ་ཡུལ་དྲན་པ།

ཕྱི་དྲོར་ཆོས་རྗེ་ཉིད་ཀྱིས་ངལ་གསོ་མཛད་པའི་ཁོམ་ལོང་དང་བསྟུན་ནས། ཨ་ནེ་མེ་སྒྲོན་དང་བླ་མ་མུ་མཚོ་ངེད་ཅག་གིས་ཆོས་ཚོགས་ཉེ་ཟུར་གྱི་སྤང་ཐང་ཉམས་དགའ་བ་དེར་ཉི་མར་ལྡེ་བཞིན་ཁམས་གསེང་ཅུང་ཙམ་བྱེད་སྐབས། ཤིན་ཏུ་འདྲིས་ཆེ་བའི་ཁོར་ཡུག་གི་རྣམ་པ་སྟེ། གནམ་སྔོན་པོ་དང་སྤྲིན་དཀར་པོ། རྒྱང་རིང་གི་གངས་རི་སོགས་མིག་ལམ་དུ་མཐོང་བ་ན། ང་ཚོའི་སེམས་པ་ཕ་ཡུལ་གངས་ལྗོངས་ཀྱི་ཕྱོགས་སུ་དབང་མེད་དུ་ཤོར་སོང་།

སྐབས་དེར་ང་ཚོ་བོད་ཡུལ་དང་ཁ་བྲལ་ནས་ཟླ་ཕྱེད་ཙམ་ལས་མིན་ཡང་། སེམས་སུ་དུས་ཡུན་རིང་པོ་འགོར་སོང་བའི་སྣང་བ་ཤར། དེ་ནི་ཐེངས་དང་པོར་མུ་མཐའ་མེད་པའི་རྒྱ་མཚོ་བརྒལ་ནས་གཞན་ཡུལ་དུ་བསྐྱོད་པས་ཡིན་ཤས་ཆེ། དེ་ལྟར་ཕ་ཡུལ་དྲན་པའི་སྣང་བའང་འགོག་མེད་དུ་སྐྱེས་བྱུང་བས། ངེད་ཅག་གིས་མ་བགྲོས་རང་མཐུན་གྱིས་ཕ་ཡུལ་གྱི་སྐོར་གླེང་མོལ་བྱས་ཤིང་། བླ་མ་མུ་མཚོའི་ཕྱག་ཏུ་བོད་ནས་ཁྱེར་ཡོང་བའི་སྒྲ་སྡུད་ནག་པོ་ཆུང་ངུ་དེ་བསྣམས་ནས་ཆོས་མགུར་འགའ་རེར་གསན་བཞིན་འདུག

ལབ་གླེང་འགའ་ཞིག་བྱེད་པའི་ཁྲོད་དུ། བདག་གིས། ད་ལན་ཕྱི་ལོགས་སུ་ཡོང་བའི་རིང་ངས་བླ་མར་ཞབས་ཞུ་ལེགས་པོ་ཡོང་ངམ་སྙམ་ནས་ཕྱོགས་གང་ཐད་ནས་གནོན་ཤུགས་ཆེན་པོ་འདུག་ཀྱང་། བདག་ལ་འདི་འདྲའི་གོ་སྐབས་གནང་བ་ནི་ཤིན་ཏུ་བཀའ་དྲིན་ཆེ། རང་ལ་མཚོན་ན། ཆོས་རྗེ་ཉིད་དང་ཁྱེད་རྣམ་པའི་བཀའ་དྲིན་ནི་བསམ་ཡུལ་ལས་འདས་པ་ཞིག་ཡིན། ཆོས་ཕྱོགས་ནས་སྨོས་ཅི་དགོས་ཏེ། འཇིག་རྟེན་གྱི་ཕྱོགས་ནས་ཀྱང་སྐུ་དྲིན་བསམ་མི་ཁྱབ་པ་ཡིན། ཁྱད་པར་དུ་བདག་བླ་རུང་དུ་ཐོན་པའི་ལོ་དང་པོའི་༼༡༩༨༥ལོ།༽སྟོན་དགུན་མཚམས་ཀྱི་འཚོ་བ་ཧ་ཅང་དཀའ་ངལ་ཆེ་བའི་སྐབས་སུ། ཁྱེད་རྣམ་པ་ཉག་རུང་ནས་ཕྱིར་བྱོན་ནས། བདག་ལ་དམངས་སྒོར་ལྔ་བཅུ་གནང་བས། ང་རང་དཀའ་ཁག་གི་འཕྲང་ལས་བརྒལ་ཏེ་ཐོས་བསམ་ལ་སེམས་བག་ཕེབས་ཀྱིས་གནས་ཐུབ་པར་གྱུར། ད་དུང་ལོ་སར་གྱི་སྐབས་རྣམས་སུའང་། ཟས་རིགས་མང་དུ་གནང་མྱོང་བ་སོགས་ཤིན་ཏུ་བཀའ་དྲིན་ཆེན་པོ་ཡིན་ཚུལ་ཞུས།

ཨ་ནེ་མེ་སྒྲོན་གྱིས། འཇིགས་ཕུན་གྱིས་ཁྱེད་ཙམ་མ་ཡིན་པར་སློབ་མ་གཞན་མང་པོར་ཟས་རིགས་སོགས་སྦྱིན་དུ་བཅུག་དུས། འགའ་རེས་ལེན་རོགས་མི་བྱེད་པར་ཡུན་རིང་ལ་ཕར་འཕེན་ཚུར་འཕེན་དགོས་པས་ཅུང་དཀའ་ཡང་། ཁྱེད་རང་ནི་སྙིང་རྗེ་པོ་ཞིག་ཡིན། ཅི་བྱིན་ཡང་ཁྱེར་འགྲོ་མཁན་ཞིག་ཡིན་ཞེས་གསུངས།

ངེད་ཅག་གིས་རྒྱ་གར་དུ་སོང་རབས་སྐོར་ཡང་གླེང་མོལ་བྱས། བླ་མ་མུ་མཚོས་ནི་སྐད་ཆ་མང་པོ་མི་གསུང་ནའང་། ཆུང་དུས་ཀྱི་མཐོང་ཐོས་འགའ་རེ་གླེང་བྱུང་།

སེམས་ཁྲིད་མན་ངག

ཕྱི་ཟླ་༦པའི་ཚེས་༢༥ཉིན། ཆོས་རྗེ་ཉིད་འཛི་སྒར་ཀོང་སྤྲུལ་རིན་པོ་ཆེའི་ཆོས་ཚོགས་རྒོད་རྐྱང་ཞིང་ར་ཞེས་པའི་ཚོགས་ཁང་དུ་གདན་ཞུས་མཛད་ནས། སེམས་ཁྲིད་སྐོར་གྱི་ཞལ་གདམས་གསུང་སྐབས། ཐོག་མར་འཛི་སྒར་ཀོང་སྤྲུལ་རིན་པོ་ཆེས་(Dzigar Kongtrul Rinpoche)མཛད་སྒོའི་མཚམས་སྦྱོར་དུ་འདི་སྐད་གསུང་།

ཨོཾ་བདེ་ལེགས་སུ་གྱུར་ཅིག

ཆོས་ཁྲིད་མ་བཤད་པའི་སྔོན་དུ། བདག་ལ་ཚིག་འགའ་ཞིག་ཞུ་བའི་དགོངས་པ་བསྩལ་དུ་གསོལ། དུས་མཚུངས་སུ་ཆོས་རྗེ་འཇིགས་མེད་ཕུན་ཚོགས་མཆོག་ཀྱང་ངོ་སྤྲོད་ཅིག་ཞུ་རྒྱུ་ཡིན།

ང་ཚོའི་སྲོལ་རྒྱུན་བཞིན་སྐབས་འདིར་ཕུན་སུམ་ཚོགས་པ་ལྔའི་སྒོ་ནས་གླེང་བར་བྱ།

གནས་ཕུན་སུམ་ཚོགས་པ་ནི། ཁོ་ལོར་རཱ་ཏོ་(Colorado)ཞིང་ཆེན་གྱི་བྷོལ་དྷེར་ཞེས་བྱ་བ་སྟེ། རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་དང་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ། དྲུང་པ་རིན་པོ་ཆེ་སོགས་དམ་པའི་སྐྱེས་བུ་རྣམས་ཀྱིས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས་ཡིན།

དུས་ཕུན་སུམ་ཚོགས་པ་ནི། ང་ཚོས་རྒྱལ་ཁབ་འདི་ནས་དུས་ཡུན་ཅུང་རིང་བའི་རྙིང་མའི་དབྱར་ཆོས་ཀྱི་མཛད་སྒོ་སྤེལ་ཐེངས་དང་པོ་ཡིན་པས་དུས་ཚོད་བཟང་པོ་ཡིན།

སྟོན་པ་ཕུན་སུམ་ཚོགས་པ་ནི། སྐྱབས་རྗེ་འཇིགས་མེད་ཕུན་ཚོགས་རིན་པོ་ཆེ་ཉིད་བོད་ཡུལ་ནས་གནས་འདིར་བྱོན་ཡོད་པ་ཡིན་ལ། ཁོང་ནི་བོད་མི་ཀུན་གྱིས་སྤྱི་མཐུན་དུ་ཁས་ལེན་པའི་རྫོགས་པ་ཆེན་པོའི་རྟོགས་པ་མངོན་དུ་གྱུར་པའི་གྲུབ་ཆེན་དང་གཏེར་སྟོན་ཆེན་པོ་ཞིག་ཡིན། གཏེར་སྟོན་རྣམས་ནི་གུ་རུ་རིན་པོ་ཆེ་དངོས་ཀྱི་སྤྲུལ་བ་ཡིན་པས། དེ་རིང་ཁོང་སྐུ་དངོས་ཀྱི་མདུན་ནས་ང་ཚོར་ཆོས་ཉན་པའི་གོ་སྐབས་ལྡན་པ་ནི་ཆེས་སྐལ་བ་བཟང་པོ་ཡིན།

འཁོར་ཕུན་སུམ་ཚོགས་པ་ནི། འཇིགས་མེད་རིན་པོ་ཆེ་དང་རྒྱ་སྤྲུལ་རིན་པོ་ཆེ་སོགས་འདིར་བཞུགས་ཀྱི་འཁོར་འདུས་པ་རྒྱ་མཚོ་ཡིན།

ཆོས་ཕུན་སུམ་ཚོགས་པ་ནི། དེ་ལྟ་བུའི་ཕུན་སུམ་ཚོགས་པ་དག་ལ་བརྟེན་ནས། ང་ཚོས་རིན་པོ་ཆེ་ལ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་སེམས་ཁྲིད་ཀྱི་ཆོས་འཁོར་བསྐོར་བར་གསོལ་བ་བཏབ་པ་ལ། རིན་པོ་ཆེ་ཉིད་ཀྱིས་ཀྱང་ང་ཚོའི་རེ་བ་བསྐངས་ནས་སེམས་ཁྲིད་ཀྱི་ཆོས་གནང་རྒྱུ་རེད།

དེ་རིང་རིན་པོ་ཆེའི་མདུན་ནས་ཆོས་འཐོབ་རྒྱུ་དེ་ནི། ང་ཚོ་མི་རེ་རེའི་མི་ཚེ་གཅིག་གི་བྱ་གཞག་ཐམས་ཅད་ལས་ཆེས་རིན་ཐང་ཆེ་བའི་བྱ་བ་རླབས་ཆེན་ཞིག་ཡིན་ངེས།

འོག་ཏུ་ང་ཚོས་རིན་པོ་ཆེ་ལ་མཎྜལ་ཕུལ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་འདེབས་པ་ལགས་སོ། །

དེ་ནས་ཆོས་རྗེ་ཉིད་ཀྱིས་སེམས་ཁྲིད་དང་འབྲེལ་བའི་ཆོས་ཁྲིད་དངོས་འདི་ལྟར་དུ་གསུང་།

འོ་ཡ། དེ་རིང་འུ་ཅག་ཚང་མ་ལྷན་ཅིག་ཏུ་འཛོམས་པའི་གནས་སྐབས་འདིར་གང་གླེང་བར་བྱ་བ་ནི། སངས་རྒྱས་ཀྱི་ཆོས་ནས་གཞི་བརྩམས་ཏེ་སེམས་ཁྲིད་སྐོར་གྱི་སྐད་ཆ་མདོར་བསྡུས་ཙམ་ཞིག་ཞུ།

ནང་ཆོས་རྒྱ་གར་ནས་བོད་དུ་དར་ཚུལ།

དེ་ཡང་བདག་ཅག་གི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་འདི་ཉིད་ངེས་པའི་དོན་དུ་ཀུན་བཟང་གདོད་མའི་མགོན་པོ་རུ་ཡེ་ནས་སངས་རྒྱས་སུ་ཟིན་ན་ཡང་། སྣང་ཚུལ་ལ་བསྐལ་པ་གྲངས་མེད་གསུམ་གྱི་སྔོན་རོལ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་ཚོགས་བསགས་སྒྲིབ་པ་སྦྱངས་ནས། མཐར་རྒྱ་གར་རྡོ་རྗེ་གདན་དུ་མཛད་པ་བཅུ་གཉིས་ལ་བརྟེན་ནས་མངོན་པར་རྫོགས་པར་སངས་རྒྱས་པ་རེད།

མཛད་པ་བཅུ་གཉིས་ཀྱི་ནང་ནས་ཀྱང་གཙོ་ཆེ་བ་ནི། གདུལ་བྱ་རྣམས་ལ་ཕན་པར་བྱ་བའི་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བསྐོར་བ་དེ་ཡིན། དེ་ཡང་བཀའ་དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་ཞེས་པ་ཐེག་པ་ཐུན་མོང་པ་དང་མཐུན་པའི་ཆོས་ཐོག་མར་གསུངས་ཤིང་། དེ་ནས་ཐེག་པ་ཆེན་པོའི་ཐུན་མོང་མ་ཡིན་པའི་ཆོས། བཀའ་བར་བ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་དང་། ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོ་སྟེ། གདུལ་བྱ་ཡོངས་ལ་ཆོས་ཀྱི་འཁོར་ལོ་གསུམ་དུ་བསྐོར། དེ་ལས་ཀྱང་ནི་ལྷ་དང་ཀླུ་དང་གནོད་སྦྱིན་དང་མིའི་ཡུལ་ལ་སོགས་པར་གདུལ་བྱ་མཆོག་ཏུ་གྱུར་པ་རྣམས་ལ་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་ཡང་ཅི་རིགས་པ་ཞིག་བསྐོར། ཐེག་པ་དམན་པའི་ཆོས་ཐམས་ཅད་ནི། ཉན་ཐོས་འོད་སྲུང་ཆེན་པོ་དང་ཀུན་དགའ་བོ་ལ་སོགས་པའི་བསྟན་པའི་གཏད་རབས་བདུན་རྣམས་ཀྱིས་རིམ་བཞིན་དུ་དར་ཞིང་རྒྱས་པར་བྱས་ནས་འཛམ་བུ་གླིང་གི་ཁྱོན་ཀུན་ཏུ་ཁྱབ་པར་བྱས་པ་ཡིན།

ཐེག་ཆེན་ཐུན་མོང་གི་ཆོས་རྣམས་ལས་ཟབ་པ་རྣམས་འཇམ་དཔལ་དབྱངས་ཀྱིས་བཀའ་བསྡུ་མཛད་པ་དང་། རྒྱ་ཆེ་བ་རྣམས་བྱམས་པ་མགོན་པོས་བཀའ་བསྡུ་མཛད་དེ་འཇིག་རྟེན་གྱི་ཁམས་སུ་དར་བར་མཛད་པ་ཡིན་ལ། ཐུན་མོང་མ་ཡིན་པ་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ནི། རིགས་གསུམ་མགོན་པོ་སྤྱི་དང་། ཁྱད་པར་དུ་དཔལ་གསང་བའི་བདག་པོས་ཡོངས་སུ་དར་ཞིང་རྒྱས་པར་བྱས། དེ་རྗེས་རྒྱན་དྲུག་མཆོག་གཉིས་ལ་སོགས་པས་རྒྱ་གར་འཕགས་པའི་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟ་བུ་ཡུན་རིང་པོའི་བར་དུ་དར་བར་མཛད་པ་ཡིན།

སངས་རྒྱས་ཀྱི་བསྟན་པ་འདི་ནི་བྱང་ནས་བྱང་དུ་དར་བར་འགྱུར་རོ་ཞེས་བཅོམ་ལྡན་འདས་རང་ཉིད་ཀྱིས་ལུང་བསྟན་པ་དང་། གཞན་ཡང་བཅོམ་ལྡན་འདས་ཀྱིས། ཁོང་འདས་ནས་ལོ་བརྒྱད་ཀྱི་དུས་ན་ཁོང་ལས་ལྷག་པའི་སྐྱེས་བུ་པདྨ་འབྱུང་གནས་ཞེས་བྱ་བ་ཞིག་བྱང་ཕྱོགས་ཁ་བ་ཅན་དུ་འབྱོན་པར་འགྱུར་བར་ལུང་བསྟན་ཅིང་དུས་ལ་བབ་པ་བཞིན་དུ་བྱུང་།

སྔགས་འཆང་མཚོ་སྐྱེས་རྡོ་རྗེའམ་ཨོ་རྒྱན་པདྨ་འབྱུང་གནས་ཞེས་བྱ་བ་ནི། བདེ་བ་ཅན་གྱི་ཞིང་ཁམས་སུ་སངས་རྒྱས་སྣང་བ་མཐའ་ཡས་དང་། རི་བོ་པོ་ཏ་ལར་མགོན་པོ་སྤྱན་རས་གཟིགས་དང་། རྡོ་རྗེ་གདན་དུ་མཉམ་མེད་ཐུབ་པའི་དབང་པོ་བཅས་སྐུ་གསུམ་གཅིག་ཏུ་བསྡུས་པའི་བདག་ཉིད་ཅན་ཡིན། ཁོང་ནི་ས་གསུམ་ན་འགྲན་ཟླ་དང་བྲལ་ཞིང་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་མཛད་པ། མ་རུང་པའི་བདུད་དང་དམ་སྲི་རྣམས་འདུལ་བར་བྱེད་པ་ལ་མཆོག་ཏུ་བསྔགས་པའི་སྐྱེས་བུ་ཆེན་པོ་ཞིག་ཡིན།

དང་པོར་ཁོང་གིས་བོད་ཡུལ་དུ་བདུད་སྲིན་དམ་སྲི་མ་རུངས་པ་ཐམས་ཅད་དམ་ལ་བཏགས་ནས། སངས་རྒྱས་ཀྱི་བསྟན་པ་དར་བར་བྱེད་པའི་འགལ་རྐྱེན་མ་ལུས་པ་ཐམས་ཅད་ཀྱང་བསལ་བར་མཛད་ཅིང་། དེ་དུས་སུ་མཁན་ཆེན་བྱང་ཆུབ་སེམས་དཔའ་བྱོན་ནས། གཙོ་བོ་མདོའི་བསྟན་པ་དེ་ཡང་དར་ཞིང་རྒྱས་པར་མཛད། རྒྱ་གར་གྱི་ཡུལ་ནས་པཎྜི་ཏ་ཆེན་པོ་བི་མ་ལ་མི་ཏྲ་དང་། ཤཱིནྟི་གྷརྦྷ་ལ་སོགས་པའི་པཎྜི་ཏ་བརྒྱ་རྩ་བརྒྱད་ཀྱང་བོད་ཡུལ་དུ་གདན་དྲངས། བོད་ཀྱིས་ཀྱང་བཻ་རོ་ཙ་ན་དང་སྐ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན་ལ་སོགས་པའི་ལོ་ཙཱ་བ་བརྒྱ་རྩ་བརྒྱད་རྒྱ་གར་དུ་བརྫངས་ནས། རྒྱ་གར་གྱི་ཆོས་བཞུགས་སོ་ཅོག་མ་ལུས་པ་ཐམས་ཅད་བོད་སྐད་དུ་བསྒྱུར། དེ་དུས་ཀྱི་བོད་ལ་བསྟན་པ་དར་བ་ནི་རྒྱ་གར་འཕགས་པའི་ཡུལ་དུའང་དར་མ་མྱོང་བ་ལྟ་བུ་རེད།

རྗེས་མ་བདེ་གཤེགས་སྣང་བ་མཐའ་ཡས་བསམ་བཞིན་དུ་དགེ་བའི་བཤེས་གཉེན་དུ་སྤྲུལ་བ། ཇོ་བོ་རྗེ་དཔལ་ལྡན་དཱི་པཾ་ཀ་རའམ་ཨ་ཏི་ཤ་ཟེར་བ་ཞིག་བོད་དུ་བྱོན་དུས། ཁོང་གིས་འདི་འདྲ་བའི་སྐད་ཆ་ཞིག་གླེང་མྱོང་སྟེ། ང་ལ་ནི་རྒྱ་གར་འཕགས་པའི་ཡུལ་དུ་ཇི་ལྟར་དར་བའི་ཆོས་མ་ལུས་པ་དང་། གཞན་ཡང་ཨོ་རྒྱན་མཁའ་འགྲོའི་གླིང་དང་གནོད་སྦྱིན་དྲི་ཟ་ལ་སོགས་པའི་ཡུལ་གྱི་མཁའ་འགྲོ་མ་རྣམས་ཀྱིས་ཀྱང་ནམ་མཁའི་ཁམས་ནས་གླེགས་བམ་མང་པོ་བསྟན་ནས། སངས་རྒྱས་ཀྱི་ཆོས་དང་སྔགས་ཀྱི་རྒྱུད་སྡེ་རབ་འབྱམས་ལ་མི་ཤེས་པ་མེད་སྙམ་པ་ལྟ་བུའི་ཆོས་མང་པོ་ཞིག་གསན་ན་ཡང་། བསམ་ཡས་ན་ཡོད་པའི་རྒྱ་དཔེའི་ཁྲོད་དུ་བལྟས་ཡོང་དུས། ཁོང་གིས་གསང་སྔགས་ཀྱི་གླེགས་བམ་རྣམས་ཀྱི་བརྒྱ་ཆ་གཅིག་ཀྱང་མ་ཤེས་པར་འདུག གསང་སྔགས་ཀྱི་རྒྱུད་སྡེ་ལ་མཐའ་མེད་པ་འདྲ་བས། སྔར་བོད་ལ་སངས་རྒྱས་ཀྱི་བསྟན་པ་དར་བ་ལྟ་བུ་རྒྱ་གར་ལ་ཡང་དར་མ་མྱོང་ཞེས་གསུངས།

རྗེས་སུ་གྲུབ་ཆེན་ཨོ་རྒྱན་པ་ཞེས་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་ནང་གི་བསྟན་པ་གཅིག་གི་སྲོལ་འབྱེད་མཁན་དེས་ཀྱང་། ད་ལྟ་བོད་ཡུལ་ན་ཡོད་པའི་བཀའ་བསྟན་བཅོས་ཡོངས་རྫོགས་ལས་གསང་སྔགས་རྙིང་མའི་རྒྱུད་སྡེ་ཐམས་ཅད་ཀྱི་མཚན་ཁོ་ན་ཡང་རྒྱ་ཆེ་བར་འདུག་པས། གསང་སྔགས་རྙིང་མའི་རྒྱུད་སྡེ་དེ་ནི་མཐའ་མེད་ཅིང་བསམ་གྱིས་མི་ཁྱབ་པ་རེད་ཅེས་གསུངས། དེ་དུས་སུ་དར་བའི་ཆོས་ལ་སྔ་འགྱུར་རྙིང་མ་པའི་ཆོས་ཟེར།

དེའི་རྗེས་སུ་ས་སྐྱ་པ་དང། བཀའ་བརྒྱུད་པ། བཀའ་གདམས་པ་སོགས་དར་ཞིང་། བཀའ་གདམས་པ་དེ་ལ་གསར་རྙིང་གཉིས་ཡོད་པ་ལས། བཀའ་གདམས་རྙིང་མ་ཇོ་བོ་རྗེ་དང་གསར་མ་ནི་རྗེ་བློ་བཟང་གྲགས་པས་གསར་དུ་བཏོད་པ་ཡིན།

སྔ་འགྱུར་རྙིང་མ་པའི་ཐུན་མིན་ཁྱད་ཆོས།

དེ་ལྟར་བོད་དུ་བཀའ་གདམས་པ་སོགས་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་བསྟན་པ་དར། ཁོང་རྣམ་པ་ཚང་མའི་ཐུགས་རྒྱུད་ཀྱི་ཡོན་ཏན་ལ་བསམ་བློ་བཏང་ན་ཨོ་རྒྱན་རིན་པོ་ཆེའི་སྤྲུལ་པ་ཏག་ཏག་ཡིན།

དཔེར་ན། ས་སྐྱ་པའི་ས་སྐྱ་པཎྜི་ཏའི་རྣམ་ཐར་དང་ཨོ་རྒྱན་རིན་པོ་ཆེའི་ལུང་བསྟན་ནང་ན་ཡང་ཁོང་ཨོ་རྒྱན་རིན་པོ་ཆེའི་སྤྲུལ་པ་ཡིན་ཞེས་གསུངས་ཡོད་ཅིང་། བཀའ་བརྒྱུད་པའི་དབང་དུ་བྱས་ན། མཉམ་མེད་དྭགས་པོ་ཟླ་འོད་གཞོན་ནུས་ཁོང་ཨོ་རྒྱན་རིན་པོ་ཆེའི་སྤྲུལ་པ་ཡིན་ཞེས་གསུངས་ཡོད། བཀའ་གདམས་པའི་དབང་དུ་བྱས་ན། ཨ་ཏི་ཤ་དང་བློ་བཟང་གྲགས་པ་གཉིས་ཆར་ཡང་ཨོ་རྒྱན་རིན་པོ་ཆེའི་སྤྲུལ་པ་ཡིན་ཞེས་རྣམ་ཐར་རྣམས་སུ་གསལ་བོར་གསུངས་ཡོད། ཇོ་ནང་པ་ལ་བསམ་བློ་བཏང་ན། ཇོ་ནང་དོལ་པོ་པ་དང་ཏཱ་ར་ནཱ་ཐ་ཞེས་ཡོངས་སུ་གྲགས་པའི་མཁས་པ་ཆེན་པོ་ཁོང་རྣམ་པ་གཉིས་ཀའང་ཨོ་རྒྱན་རིན་པོ་ཆེའི་སྤྲུལ་པ་ཡིན་ཞེས་རྣམ་ཐར་རྣམས་སུ་གསུངས་ཡོད། ཨ་ཏི་ཤའི་བཀའ་གདམས་ཕ་ཆོས་ཀྱི་ནང་དུའང་། བོད་འདིར་དང་པོ་བསྟན་པ་དར་བར་བྱེད་པ་དང་། བར་དུ་རྒྱས་པར་བྱེད་པ། ཐ་མ་ཡུན་རིང་པོའི་བར་དུ་གནས་པར་བྱེད་པའི་བསྟན་འཛིན་གྱི་སྐྱེ་བུ་ཡོད་དོ་ཅོག་ཐམས་ཅད་ཨོ་རྒྱན་རིན་པོ་ཆེའི་སྤྲུལ་པ་ཡིན་ཞེས་ཨ་ཏི་ཤ་རང་ཉིད་ཀྱིས་གསུངས་ཡོད། ཨོ་རྒྱན་རིན་པོ་ཆེ་རང་ཉིད་ཀྱིས་ཀྱང་། ཁོང་ལ་དད་པ་ཡོད་པ་དེ་སྲིད་དུ་སངས་རྒྱས་ཀྱི་བསྟན་པ་གནས་པར་འགྱུར་ལ། ཁོང་ལ་དད་པ་མེད་ཅིང་གསོལ་འདེབས་བྱེད་པའི་གང་ཟག་མེད་པ་ནས་བཟུང་སྟེ་སངས་རྒྱས་ཀྱི་བསྟན་པ་ནུབ་རྒྱུ་ཡིན་ཞེས་གསུངས་ཡོད།

དོན་དངོས་ལ་བསམ་བློ་བཏང་ན། བོད་ཡུལ་དུ་བྱོན་པའི་བསྟན་འཛིན་གྱི་སྐྱེས་བུ་ཆེ་ཤོས་ཚང་མའི་ཐུགས་རྒྱུད་གཅིག་པ་ཡིན། ཕར་ལྟར་སྣང་ལ་བསམ་བློ་བཏང་ན་ཨོ་རྒྱན་རིན་པོ་ཆེ་དང་མཁན་ཆེན་བོ་དྷི་ས་ཏྭ། བི་མ་མི་ཏྲ་ཁོང་རྣམ་པ་ལྟ་བུ་ནི་གངས་རིའི་ལྗོངས་འདིར་རྩ་བ་ནས་བྱོན་མྱོང་བ་མིན། པཎྜི་ཏ་ཁོང་འདྲ་བ་བྱོན་མ་མྱོང་བར་མ་ཟད་སྐད་བསྒྱུར་གྱི་ལོ་ཙཱ་བའང་ཁོང་རྣམ་པའི་སྐུ་དུས་ན་བྱོན་པ་ལྟ་བུ་ཞིག་རྗེས་སུ་གཏན་ནས་བྱོན་མ་མྱོང་བ་ཡིན།

མ་མྱོང་བའི་ཚུལ་དེ་ཡང་། རྗེས་སུ་ལྷོ་བྲག་མར་པ་ལོ་ཙཱའི་སྐུ་དུས་སུ། ཕྱི་འགྱུར་ལོ་ཙཱ་རྣམས་ཀྱི་མཆོག་ཏུ་གྱུར་པ་རྔོག་བློ་ལྡན་ཤེས་རབ་ཀྱིས། བྱམས་པ་མགོན་པོས་མཛད་པའི་མདོ་སྡེ་རྒྱན་དེ་རྒྱ་སྐད་ནས་བོད་སྐད་དུ་བསྒྱུར་བ་ཡིན་ལ། ཁོང་གིས་བསྒྱུར་བའི་གནས་སྐབས་ན་མདོ་སྡེ་རྒྱན་གྱི་ལེའུ་གཅིག་གི་ནང་ཨ་རཱ་ག་ཟེར་བ་མང་པོ་ཡོད། སཾསྐྲྀཏའི་སྐད་ཀྱི་ཨ་རཱ་ག་ཟེར་བ་བོད་སྐད་དུ་བསྒྱུར་ན་མ་ཆགས་པའི་དོན་རེད། ཁོང་གིས་བསྒྱུར་སྐབས་ལེའུ་གཅིག་གི་ཨ་རཱ་ག་ཡོད་དོ་ཅོག་མ་ཆགས་པ་ཁོ་ན་མ་གཏོགས་བསྒྱུར་རྒྱུ་རྩ་བ་ནས་མ་རྙེད་ཅིང་། ཁོང་གིས་བསྒྱུར་ཚད་ཚང་མར་མ་ཆགས་པ་ཟེར་བའི་ཚིག་གཅིག་མ་གཏོགས་པ་དོན་གྱིས་གོ་བ་མ་ལོན་པས་འུ་ཐུག་ནས་ཅི་བྱ་གཏོལ་མེད་དུ་གྱུར་པ་ན། སྔ་འགྱུར་ལོ་ཙཱ་པ་ཆེན་མོ་རྣམས་ཀྱི་བསྒྱུར་ཆོས་ལ་བལྟས་ནས་སྒྲའི་གདངས་དེ་སྒྲུབ་ཡོང་ཚེ། ཨ་རཱ་གའི་སྒྲ་གདངས་རེ་རེ་ལ་སྦྱིན་པ་དང་། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ་སྟེ་ཕ་རོལ་ཏུ་ཕྱིན་པ་དྲུག དེ་རེ་རེ་ལའང་འདས་པའི་སྦྱིན་པ་དང་། མ་འོངས་པའི་སྦྱིན་པ། ད་ལྟའི་སྦྱིན་པ་སོགས་དེ་ལྟ་བུའི་སྐད་དོད་རྣམས་དེའི་གསེང་ནས་བསྒྲུབས་ཐུབ་ཡོད་ཅིང། དོན་འགྱུར་བྱས་ནས། མ་ཆགས་མི་ཆགས་ཆགས་པ་མེད། །ཆགས་པ་ཉིད་ཀྱང་མ་ཡིན་ཏེ། །ཞེས་ཚིགས་བཅད་ལ་བསྒྱུར་ཡོད་པ་ཁོང་གིས་མཐོང་ཡོང་སྐབས། ད་གཟོད་ཁོང་གི་ཐུགས་རྒྱུད་ཀྱི་ང་རྒྱལ་ཆག་ཅིང་། དེའི་སྐབས་ན་ཁོང་ངོ་མཚར་ནས་ཆེ་བརྗོད་ཀྱི་ཚིག་ཅིག་ཀྱང་བརྩམས་པ་སྟེ། བཻ་རོ་ཙ་ན་ནམ་མཁའི་མཐའ་དང་མཉམ། །སྐ་ཅོག་རྣམ་གཉིས་ཉི་ཟླ་ཟུང་གཅིག་ལ། །རིན་ཆེན་བཟང་པོ་ཐོ་རེངས་སྐར་ཆེན་ཙམ། །ཁོ་བོ་དེའི་དྲུང་སྲིན་བུ་མེ་ཁྱེར་འདྲ། །ཞེས་བཻ་རོ་ཙ་ནའི་སྐད་གཉིས་སྨྲ་བའི་མཁྱེན་རྒྱ་ནི་ནམ་མཁའི་ཁམས་དང་འདྲ་བའི་རྒྱ་ཆེན་པོ་ཞིག་དང་། སྐ་བ་དཔལ་བརྩེགས་དང་ཅོག་རོ་ཀླུའི་རྒྱལ་མཚན་གཉིས་ནི་ནམ་མཁའི་ཁམས་ཀྱི་ཉི་ཟླ་དང་འདྲ་ལ། ལོ་ཆེན་རིན་ཆེན་བཟང་པོ་ནི་ཐོ་རེངས་ཀྱི་སྐར་ཆེན་ལྟ་བུ། འུ་ཅག་དེང་སང་གི་ལོ་ཙཱ་བ་རྣམས་ནི་འབུ་སྲིན་བུ་མེ་ཁྱེར་ཙམ་ལས་མི་འདུག་ཅེས་གསུངས་ཏེ་ཁོང་གི་ང་རྒྱལ་ཆག་པ་ཡིན་ལ། ལོ་ཙཱ་བ་རྐྱང་པ་ལ་བསམ་བློ་བཏང་ན་ཡང་གཞན་དང་མི་འདྲ་བར་དེ་ལྟ་བུའི་ཁྱད་ཆོས་ཡོད།

པཎྜི་ཏ་ལ་མཚོན་ན་ཨོ་རྒྱན་ཆེན་པོ་དང་བི་མ་ལ་མི་ཏྲ་གཉིས་ཀ་ཡང་སྔར་ནས་ད་ལྟའི་བར་དུ་སྐུ་ལ་བགྲེས་རྒུད་མེད་པ་སྟེ། ཨོ་རྒྱན་རིན་པོ་ཆེ་ནི་ལྷོ་ནུབ་རྔ་ཡབ་སྲིན་པོའི་གླིང་ན་ད་ལྟ་ཡང་བཞུགས་ནས་སྲིན་པོ་རྣམས་ལ་ཆོས་ཀྱི་འཁོར་ལོ་སྐོར་བཞིན་ཡོད་པ་དང་། བི་མ་ལ་མི་ཏྲ་ནི་ད་ལྟ་ཡང་རྒྱ་ནག་རི་བོ་རྩེ་ལྔ་ན་ཆོས་ཀྱི་འཁོར་ལོ་བསྐོར་ནས་བཞུགས་ཡོད་པ་རེད། ཨོ་རྒྱན་རིན་པོ་ཆེ་དང་། བི་མ་མི་ཏྲ་དང་། མཁན་པོ་བོ་དྷི་ས་ཏྭ་རྣམས་ཀྱི་རྗེས་སུ་འཇུག་པ་ཐམས་ཅད་ལ་རྙིང་མ་པ་ཞེས་ཡོངས་སུ་གྲགས་ཤིང་། མདོ་རྒྱུད་ཆ་ཚང་བ་ཞིག་ཉམས་སུ་ལེན་རྒྱུ་ཡོད་པ་ནི་རྙིང་མ་པའི་ཆོས་ཁོ་ནའི་ཁྱད་ཆོས་ཡིན།

འོ་ན་གཞན་གསར་མ་པ་ལ་སོགས་པར་ཡང་མདོ་རྒྱུད་ཆ་ཚང་བ་ཞིག་ཉམས་སུ་ལེན་རྒྱུ་ཡོད་སྲིད་པས། དེ་རྙིང་མ་ཁོ་ནའི་ཁྱད་ཆོས་ཡིན་ནམ་སྙམ་ན། དེ་ལ་ད་ལྟ་བོད་ན་བཀའ་བསྟན་པོ་ཏི་སུམ་བརྒྱ་ལྷག་ཡོད། དེ་དག་ཚང་མ་ཡང་གཙོ་བོ་སྔ་འགྱུར་གྱི་དུས་སུ་བསྒྱུར་བ་རེད་མ་གཏོགས། ཕྱི་འགྱུར་གྱི་ལོ་ཙཱ་བ་རྣམས་ཀྱིས་རང་སྟོབས་ཀྱིས་བསྒྱུར་བའི་གླེགས་བམ་ཤིན་ཏུ་ཉུང་ཉུང་ཡིན།

མདོ་རྒྱུད་སྤྱི་དང་། ཁྱད་པར་དུ་ནང་རྒྱུད་ཡོ་ག་གསུམ་ཉམས་སུ་ལེན་པ། དེའི་ནང་ནས་ཀྱང་རྫོགས་པ་ཆེན་པོ་ཉམས་སུ་ལེན་མཁན་ལ་རྙིང་མ་པ་ཟེར་ཞིང་། རྙིང་མ་པའི་མཚན་ཉིད་ཀྱི་ངོས་འཛིན་ཡང་དེ་འདྲ་ཞིག་གི་སྟེང་ནས་འཇོག་དགོས། ཁྱེད་རྣམ་པའི་ཆོས་ཚོགས་འདི་རྙིང་མ་པའི་ཆོས་ཚོགས་ཨེ་རེད། དེ་ཡིན་ན་རྗེས་མ་ཚིག་རྩ་འདི་ཞེ་ལ་འཛིན་ཐུབ་དགོས། ངས་ཡང་བསྐྱར་ཐེངས་ཤིག་བཤད་ན། མདོ་རྒྱུད་ཁ་ཚང་ལ་ནོར་བ་མེད་པ་ནི་རྙིང་མ་ཁོ་ནའི་ཁྱད་ཆོས་ཡིན་མ་གཏོགས་གཞན་ལ་ཁ་ཚང་བ་ཉམས་སུ་ལེན་རྒྱུ་མེད། ས་སྐྱ་དང་བཀའ་བརྒྱུད་ལ་སོགས་པ་གྲུབ་མཐའ་གཞན་ཐམས་ཅད་ལ་བླ་མེད་ཀྱི་རྒྱུད་སྡེ་ཕ་རྒྱུད་མ་རྒྱུད་ཟེར་བ་ཉམས་སུ་ལེན་རྒྱུ་མ་གཏོགས། མ་ཧཱ། ཨ་ནུ། ཨ་ཏི་ཞེས་ནང་རྒྱུད་ཡོ་ག་གསུམ་ཟེར་བ་ཞིག་རྩ་བ་ནས་ཡོད་པ་མིན། དེ་གསུམ་གྱི་ནང་ནས་ཀྱང་མྱུར་དུ་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པར་བྱེད་པ་ཨ་ཏི་ཡོ་ག་ཉམས་སུ་ལེན་མཁན་དེ་རྙིང་མ་པ་ཁོ་ན་ཡིན།

རྙིང་མ་པའི་རྫོགས་པ་ཆེན་པོའི་ཆོས་ཚུལ་དེ་ཐོག་མར་བོད་ཡུལ་དུ་དར་བར་བྱེད་མཁན་ནི་ཨོ་རྒྱན་རིན་པོ་ཆེ་དང་བི་མ་མི་ཏྲ་གཉིས་ཁོ་ན་ཡིན། བར་དུ་རོང་ཟོམ་མ་ཧཱ་པཎྜི་ཏ་དང་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཁོང་གཉིས་ཀྱིས་བསྟན་པ་རྒྱས་པར་བྱས་ཤིང་། རྗེས་སུ་འཇམ་དབྱངས་མཁྱེན་བརྩེ་དབང་པོ་དང་ཀུན་མཁྱེན་མི་ཕམ་རྒྱ་མཚོ་ཁོང་རྣམ་པ་གཉིས་ཀྱིས་བསྟན་པ་སླར་ཡང་དར་བར་བྱས། དེ་ལ་རྫོགས་པ་ཆེན་པོའི་ཆོས་ཀྱི་བསྟན་པ་སྔ་དར་དང་བར་དར་དང་ཕྱི་དར་གྱི་དུས་ཟེར།

སྔ་དར་དུས་ཀྱི་ཨོ་རྒྱན་རིན་པོ་ཆེའི་རྫོགས་པ་ཆེན་པོ་ལ་རྫོགས་ཆེན་གསར་མའམ་གཏེར་མའི་ཕྱོགས་ཞེས་ཡོངས་སུ་གྲགས་ཤིང་། བི་མ་མི་ཏྲའི་རྫོགས་ཆེན་གྱི་ཆོས་ལ་བཀའ་མའམ་རྙིང་མ་ཞེས་ཡོངས་སུ་བཏགས། དེ་ལྟར་སྙིང་ཐིག་ལ་གསར་རྙིང་གཉིས་སུ་གྲགས་པ་ཡིན།

བར་དུ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིས་རང་བཞིན་གསལ་བའི་ཆ་རྒྱ་ཆེར་གཏན་ལ་ཕབ་ཅིང་། དེ་ནི་གཙོ་བོ་ཡང་ཟབ་སྙིང་པོའི་རྒྱུད་ཆེན་བཅུ་བདུན་གྱི་རྗེས་སུ་འབྲངས་ནས་བཤད་པ་ཡིན། རོང་ཟོམ་མ་ཧཱ་པཎྜི་ཏས་ངོ་བོ་སྟོང་བའི་ལྟ་བ་གཏན་ལ་ཕབ་ནས། སེམས་སྨད་མ་བུ་ཉེར་གཅིག་དང་ཀློང་དཀར་ནག་ཁྲ་གསུམ་གྱི་རྗེས་སུ་འབྲངས་ནས་རྒྱ་ཆེར་བཤད་པ་རེད།

རྗེས་མ་འཇམ་དབྱངས་མཁྱེན་བརྩེ་དབང་པོས་སྐལ་ལྡན་རྗེས་སུ་འཛིན་པའི་ཆེད་དུ་ཟབ་པའི་མན་ངག་གསུངས་ཤིང་། ཀུན་མཁྱེན་མི་ཕམ་རྒྱ་མཚོས་རྒྱུད་དོན་ལ་ལོག་པར་རྟོག་པའི་རྒོལ་བ་ངན་པ་ཚར་གཅད་པའི་ཕྱིར་དུ་ལུང་རིགས་ཀྱི་སྤྲོས་པ་རྒྱ་ཆེན་པོར་བྱས་ནས་བཤད་པ་རེད། དེས་ན་རྙིང་མ་པའི་རྫོགས་པ་ཆེན་པོའི་ཆོས་ཤིག་ཤེས་དགོས་ན། སློབ་དཔོན་ཆེན་པོ་དེ་དྲུག་གི་རྗེས་སུ་འབྲངས་ནས་རྒྱ་ཆེར་གཏན་ལ་དབབ་ཐུབ་དགོས།

རྫོགས་ཆེན་སེམས་ཁྲིད་ཀྱི་མན་ངག

རྫོགས་པ་ཆེན་པོ་ཉམས་སུ་ལེན་པ་ལ་ཡང་། སྤྱི་ཁྱབ་ཏུ་རྒྱུད་དང་མན་ངག ལུང་གི་བཤད་ཚུལ་མང་པོ་ཞིག་ཡོད་ཀྱང་། དེ་རིང་གི་སྐབས་སུ་རྒྱུད་དང་ལུང་གི་ཆོས་རྒྱ་ཆེན་པོ་མི་འཆད། ཁྱེད་རྣམས་ཀྱི་ཉམས་ལེན་གྱི་ཚད་ཀྱང་ཅུང་ཟད་མཐོན་པོར་སོན་ཡོད་ཅིང་། མན་ངག་གི་གནད་ལ་ཡང་ཉམས་མྱོང་ཡོད་པས། ངས་མན་ངག་གི་ལུགས་ལྟར་དུ་བྱས་ནས་མདོར་བསྡུས་ཙམ་ཞིག་ཞུ།

མན་ངག་གི་བཤད་སྟངས་ལ། གཞི་ཀ་དག་གིས་བཟུང་། ལམ་ཁྲེགས་ཆོད་ཀྱིས་བསྐྱངས། འབྲས་བུ་རྡུལ་ཕྲན་དུ་དེངས་པའི་ལུགས་གཅིག་དང་། གཞི་ལྷུན་གྲུབ་ཀྱིས་བཟུང་། ལམ་ཐོད་རྒལ་གྱིས་བསྐྱངས། འབྲས་བུ་འོད་སྐུར་གྲོལ་བའི་ལུགས་སྲོལ་གཉིས་ཡོད།

སྔ་མ་ལ་ལེ་ལོ་ཅན་འབད་མེད་དུ་གྲོལ་བའི་ཆོས་དང་། ཕྱི་མ་ལ་བརྩོན་འགྲུས་ཅན་འབད་བཅས་སུ་གྲོལ་བའི་ཆོས་ཟེར།

སྔ་མའི་ཆོས་ལ་ཡང་ནང་གསེས་སུ་ལྟ་བ་སྒོམ་པ་སྤྱོད་པ་འབྲས་བུ་བཞི་ཡོད།

དེ་ལས་ལྟ་བ་ཞེས་པ་ནི་གཙོ་བོ་སྣང་སྲིད་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད། རྩ་བ་སེམས་གཅིག་གི་ཆོ་འཕྲུལ་ཡིན་པར་ཐག་ཆོད་པ་དང་། སེམས་ཁོ་རང་ཡང་ཡེ་ནས་སྐྱེ་འགག་གནས་གསུམ་དང་བྲལ་བའི་སྟོང་བ་ནམ་མཁའ་ལྟ་བུར་ཐག་ཆོད་པ་ལ་ལྟ་བ་ཟེར། ལྟ་བ་ངོས་ཟིན་པར་བྱེད་པ་ལ་ཞི་གནས་སྒོ་ཅན་གྱི་ཁྲིད་དང་ལྷག་མཐོང་སྒོ་ཅན་གྱི་ཁྲིད་གཉིས་ཡོད།

ཞི་གནས་སྒོ་ཅན་གྱི་ཁྲིད་སྟངས་ལ་སྒོམ་ཐོག་ནས་ལྟ་བ་འཚོལ་བ་ཞེས་ཟེར་ཞིང་། དེ་ནི་གཙོ་བོ་བཀའ་བརྒྱུད་པའི་བཤད་སྟངས་དང་གཅིག་པ་ཡིན། རང་སེམས་རྩེ་གཅིག་ཏུ་བཞག་སྟེ་རྣལ་འབྱོར་བཞི་རིམ་བཞིན་དུ་ཉམས་སུ་བླངས་ནས། གནས་འགྱུ་རིག་གསུམ་གྱི་མན་ངག་ལ་བརྟེན་ནས་སེམས་ཀྱི་རང་བཞིན་ངོས་ཟིན་པར་བྱེད་པ་ཕྱག་རྒྱ་ཆེན་པོར་ངོ་སྤྲད་པ་ནི་གཙོ་བོ་བཀའ་བརྒྱུད་པའི་བཤད་སྟངས་རེད། དེ་ནི་བཀའ་བརྒྱུད་པའི་ཆོས་སྤྱི་ཁྱབ་སྟེ། ཐབས་ལམ་ནཱ་རོ་ཆོས་དྲུག་དང་གྲོལ་ལམ་ཕྱག་རྒྱ་ཆེན་པོ། ཁྱད་པར་དུ་མཁས་གྲུབ་ཀརྨ་ཆགས་མེད་ཀྱིས་གསུངས་པའི་རི་ཆོས་སོགས་ཀྱི་སྐབས་ན། མན་ངག་གི་ཟབ་ཁྱད་གསལ་པོར་བཤད་ཡོད་པས་དེའི་སྟེང་ནས་ཤེས་དགོས།

ལྷག་མཐོང་སྒོ་ཅན་གྱི་ཁྲིད་ལྟ་ཐོག་ནས་སྒོམ་པ་འཚོལ་བ་ནི། རྙིང་མ་པའི་ཁྲིད་ཚུལ་སྤྱི་ཁྱབ་ལྟར་བྱས་ཏེ་སེམས་བྱུང་གནས་འགྲོ་གསུམ་སྐྱེ་མེད་དུ་ངོ་ཤེས་སུ་བཅུག་ནས། གཟོད་བཞག་ཐབས་ཀྱི་མན་ངག་ལ་བརྟེན་ནས་བསྒོམ་པར་བྱ་བ་ཡིན་ལ། དེང་སང་རྙིང་མ་པ་མང་ཆེ་བའི་བཤད་སྟངས་ནི། ལྷག་མཐོང་སྒོ་ཅན་གྱི་ཁྲིད་ལྟར་དུ་བྱས་ནས་འཆད་ཀྱིན་ཡོད།

རྙིང་མ་པ་དང་བཀའ་བརྒྱུད་པ་མང་ཆེ་བས་ཀྱང་བཀའ་རྙིང་གཉིས་ཀ་ཆུ་བོ་གཅིག་འདྲེས་སུ་སྦྱར་ནས་གཉིས་ཀ་ཉམས་སུ་བླངས་ནས་འཆད་ཀྱིན་ཡོད། དེ་གཉིས་ཀའི་གོ་དོན་མཐར་ཐུག་གམ་ལྟ་བ་མཐར་ཐུག་ངོ་སྤྲད་རྒྱུ་ནི། རང་གི་སེམས་སྟོང་ཉིད་དུ་གོ་བར་བྱ་རྒྱུ་དེ་ཡིན། མདོའི་སྐབས་ཀྱི་རྒྱལ་བའི་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཞེས་པའང་དེ་ལ་ཟེར་ཞིང་། དེ་ལ་དབུ་མ་ཆེན་པོ་དང་། ཕྱག་རྒྱ་ཆེན་པོ། རྫོགས་པ་ཆེན་པོ་སྟེ་ཆེན་པོ་གསུམ་གྱི་ཐ་སྙད་སྦྱར་སའི་གནད་དེ་ནི་རང་གི་སེམས་སྐྱེ་མེད་དུ་ཤེས་པར་བྱ་རྒྱུ་དེ་ཡིན།

དེ་ལྟར་ཡིན་ཚུལ་རྙིང་མའི་ཁྲོད་ཀྱི་མཁས་པ་མང་པོ་ཞིག་གིས་གཏན་འབེབས་བྱས་ཡོད་ཀྱང་། སྐབས་འདིར་ངས་ཀརྨ་པ་རང་བྱུང་རྡོ་རྗེའི་གསུང་ཚུལ་ཞིག་འཆད་པར་བྱ།

ཀརྨ་པ་རང་བྱུང་རྡོ་རྗེའི་སྨོན་ལམ་གྱི་ནང་ན། མཐའ་དང་བྲལ་བ་འདི་ནི་དབུ་མ་ཆེ། །ཡིད་དཔྱོད་བྲལ་བ་འདི་ནི་ཕྱག་རྒྱ་ཆེ། །འདི་ནི་ཀུན་འདུས་རྫོགས་ཆེན་ཞེས་ཀྱང་བྱ། །མཐའ་བྲལ་སེམས་ཀྱི་ཆོས་ཉིད་རྟོགས་པར་ཤོག །ཅེས་མཐའ་ཐམས་ཅད་དང་བྲལ་སོང་བས་ན་དབུ་མ་ཆེན་པོ་དང་། འཛིན་སྟངས་ཐམས་ཅད་དང་བྲལ་བའི་ཆ་ནས་ཕྱག་རྒྱ་ཆེན་པོ། ཐེག་པ་རིམ་པ་དགུའི་ཆོས་ཚུལ་གྱི་གནད་མཐའ་དག་ཡོངས་སུ་འདུས་པས་རྫོགས་ཆེན་ཞེས་ཀྱང་ཟེར་བས། ཕྱག་ཆེན་རྫོགས་ཆེན་དབུ་མ་ཆེན་པོ་པ་རྣམས་ཀྱིས་རང་གི་སེམས་ཀྱི་ཆོས་ཉིད་འདི་ཇི་ལྟ་བུ་ཞིག་ཡིན་པ་དེ་རྟོགས་པར་གྱུར་ཅིག་ཅེས་ཁོང་གིས་སྨོན་ལམ་བཏབ་པ་རེད།

སྒོམ་པ་ནི་རྣམ་རྟོག་གི་འཛིན་པ་གཞན་གང་ཡང་ཡིད་ལ་མི་བྱེད་པར་དེའི་ངང་དུ་མི་བརྗེད་པར་འདུག་རྒྱུ་ལ་ཟེར། དེའི་ཚུལ་ནི་རྙིང་མའི་ཁྲོད་ཀྱི་མཁས་པ་དང་གྲུབ་པ་མང་པོས་གཏན་འབེབས་བྱས་ཡོད་ཀྱང་། ངས་གཙོ་བོ་མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་ཚུལ་ཞིག་འཆད།

དེ་ལ་ཀརྨ་ཆགས་མེད་ཀྱིས། ད་ཚུར་ལྟོས་རང་གི་སེམས་ལ་ལྟོས། །སེམས་བལྟས་པས་མི་མཐོང་སྟོང་པ་ཉིད། །དེ་མཐོང་བའི་ངང་ལ་ལྷོད་ཀྱིས་གློད། །ཆོས་ཕྱག་རྒྱ་ཆེན་པོ་ལོགས་ན་མེད། །ཅེས་ཚུར་རང་གི་སེམས་དེ་ལ་གཅིག་ལྟོས་དང་། སེམས་ལ་བལྟས་ན་གཏན་ནས་མཐོང་རྒྱུ་མེད་པའི་སྟོང་ཉིད་ཅིག་ཡིན་པ་དེ་ལྟ་བ་ཡིན་ལ། དེ་མཐོང་བཞིན་པའི་ངང་དུ་མི་བརྗེད་པར་ལྷོད་ཀྱིས་ཞོག་དང་དེ་ནི་སྒོམ་པ་ཡིན།

ཆོས་ཕྱག་རྒྱ་ཆེན་པོས་ནི་ཕར་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་ཕྱག་རྒྱས་བཏབ་ཀྱང་ཚུར་གང་གིས་ཀྱང་ཕྱག་རྒྱས་མི་འདེབས་པ་ཡིན་པས། འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱང་ཕྱག་རྒྱ་ཆེན་པོ་རེད་ཅེས་སྒོམ་པ་བསྟན་པ་ཡིན།

སྤྱོད་པ་ནི། རྣམ་རྟོག་བཟང་ངན་གང་ཤར་ནའང་དེའི་ངོ་བོ་ལ་བལྟས་ཏེ་རྩལ་སྦྱངས་ནས་ཡར་ནུས་པ་ཇེ་ཆེར་འགྲོར་བཅུག་པའི་མིང་ལ་ཟེར། དེ་ནི་རྙིང་མའི་རྒྱུད་དང་མན་ངག་གི་ནང་ན་ཡང་མང་པོ་གསུངས་ཡོད་ཀྱང་། ད་སྐབས་ངས་མཁས་གྲུབ་ཀརྨ་ཆགས་མེད་ཀྱིས་རི་ཆོས་ལས་གསུངས་པ་དེ་མདོར་བསྡུས་ཙམ་ཞིག་ཞུ།

དེ་ལས་ཅི་གསུངས་ཡོད་ཅེ་ན། ཁོང་གིས་རྐྱེན་བཟང་པོ་ཡིད་དུ་འོང་བ་དེ་འདྲ་ཤར་ཡོང་ཚེ། དེ་ལ་ལྟོས་དང་ཉམས་ལེན་གྱི་བོགས་འདོན་བྱེད་ཆུང་ཆུང་ཞིག་དེ་རུ་ཡོད་གསུངས་ཤིང་། རྐྱེན་ངན་པ་ན་ཚ་ཤི་ཆད་དང་གཞན་གྱི་སྨད་པ་ངན་པ་དེ་འདྲ་ཐོན་ཡོང་དུས། དེ་ལ་ལྟོས་དང་བོགས་འདོན་ཆེན་པོ་ཞིག་དེ་རུ་ཡོད་གསུངས། མདོར་ན་དུས་རྒྱུན་དུ་ཟ་ཉལ་འགྲོ་འདུག་གི་སྐབས་སུ་ཉམས་ལེན་གྱི་ངང་དུ་མི་བརྗེད་པར་རྩལ་སྦྱོང་བ་དེ་ལ་སྤྱོད་པ་ཟེར།

འབྲས་བུ་ནི། རྗེ་བཙུན་མི་ལ་རས་པས་གསུངས་པ་ལྟར་གཏན་ལ་ཕབ་ནས་འཆད། རྗེ་བཙུན་མི་ལ་རས་པས། ངའི་ནང་ན་རྫོགས་ཆེན་ནད་ཀྱིས་ན། །ཕྱི་ན་ཕྱག་ཆེན་ནད་ཀྱིས་ན། །ང་ན་བས་མི་ཚད་འཆི་ཡང་ཐང་། །ཞེས་ཁོང་གི་ནང་ན་རྫོགས་ཆེན་གྱི་ནད་གྱིས་ན་ལ་ཕྱི་ན་ཕྱག་ཆེན་གྱི་ནད་གྱིས་ན་བར་འདུག་པས། ཁོང་ན་བས་མི་ཚད་འཆི་ནའང་ཐང་གསུངས་ཡོད། དེའི་དོན་ནི། རང་གི་སེམས་སྐྱེ་མེད་དུ་ཤེས་པ་ནི་རྫོགས་པ་ཆེན་པོ་ཡིན་ལ། དེའི་ངང་དུ་གཡོ་བ་མེད་པ་ནི་ཕྱག་རྒྱ་ཆེན་པོ་ཡིན། དེ་གཉིས་ཀ་བསྒོམས་ན་ནད་ལྟ་བུའི་གནས་སྐབས་ཀྱི་རྣམ་རྟོག་ངན་པ་དྭངས་འགྲོ་བར་མ་ཟད། མཐར་ཐུག་ཤི་ཞེས་པ་མྱ་ངན་ལས་འདས་པ་སངས་རྒྱས་ཀྱི་གོ་འཕང་ཡང་བདེ་མྱུར་དུ་ཐོབ་འགྲོ་ན་ཐང་གསུངས་པ་རེད། དེ་ནི་ཁྲེགས་ཆོད་ཀྱི་ལྟ་སྒོམ་སྤྱོད་འབྲས་བཞི་བཤད་པ་ཡིན།

བཤད་སྟངས་དེ་ནི། ཉམས་ལེན་གྱི་གནད་དེ་རྙིང་མ་རང་གི་ལྟ་བས་རྐང་བྱས་ནས་བཤད་པ་ཡིན་ལ། རྒྱབ་སྐྱོར་གྱི་ལུང་འདྲེན་རྣམས་ལྟ་སྒོམ་སྤྱོད་འབྲས་རེ་རེ་བཞིན་དུ་བཀའ་བརྒྱུད་པའི་ཆོས་ལ་ཁུངས་བྱས་ནས་བཤད་པ་ཡིན། དེ་བཤད་དགོས་པའི་རྒྱུ་མཚན་ནི། དེ་རིང་གི་དུས་ཚོད་འདི་ལ་བསྟུན་པའི་རྟེན་འབྲེལ་དམིགས་བསལ་བ་ཞིག་གིས་ཡིན།

དེ་ཡང་ང་ལྟ་བུ་ལ་མཚོན་ན། དེ་རིང་བཀའ་བརྒྱུད་པའི་ཆོས་ཚོགས་ནས་འོངས་ཏེ་རྙིང་མ་པའི་ཆོས་ཚོགས་སུ་ཐོན་པས། བཀའ་རྙིང་ཟུང་འབྲེལ་གྱི་ཚུལ་དུ་བཤད་དགོས་པ་ཡང་དེ་ཡིན།

ཁྱེད་རྣམ་པ་ལ་བསམ་བློ་བཏང་ན། ཡུན་རིང་པོའི་བར་དུ་བཀའ་བརྒྱུད་པའི་ཆོས་ལ་སློབ་སྦྱོང་བྱས་ཤིང་། ད་ལྟ་ཐུན་མོང་མ་ཡིན་པ་རྙིང་མ་རང་གི་ཉམས་ལེན་ལ་སློབ་སྦྱོང་བྱེད་ཀྱིན་ཡོད་པས་ན། དེའི་དབང་གིས་ཀྱང་བཀའ་རྙིང་གི་ཆོས་ཟུང་འབྲེལ་དུ་བཤད་པ་ཡིན།

སྤྱིར་བསམ་བློ་བཏང་ནའང་། བཀའ་རྙིང་གཉིས་ཀ་སྒྲུབ་བརྒྱུད་གཞན་དང་མི་འདྲ་བའི་འབྲེལ་བ་ཧ་ཅང་ཆེན་པོ་ཡིན་པས་དེ་ལྟར་བཤད་པ་ཡིན།

སྔར་བཤད་པ་བཞིན་དྭགས་པོ་ཟླ་འོད་གཞོན་ནུ་ཡང་ཨོ་རྒྱན་རིན་པོ་ཆེའི་སྤྲུལ་པ་ཡིན་པར་ཁོང་རང་ཉིད་ཀྱིས་གསུངས་པ་དང་། ཀརྨ་པ་སྐུ་ཕྲེང་དང་པོ་དུས་གསུམ་མཁྱེན་པའི་སྤྲུལ་པ་ཀརྨ་པ་པཀྵི་ཁོང་རྒྱ་ནག་གི་རྒྱལ་པོའི་དབུ་བླ་ལ་བྱོན་པའི་སྐབས་སུ། ང་རེས་འགའ་ཨོ་རྒྱན་པདྨ་འབྱུང་། །རེས་འགའ་གྲུབ་ཆེན་ས་ར་ཧ། །ཞེས་ཁོང་ཨོ་རྒྱན་རིན་པོ་ཆེའི་སྤྲུལ་པ་ཡིན་ཞེས་ཞལ་གྱིས་བཞེས་ཡོད། ཀརྨ་པ་སྐུ་ཕྲེང་གསུམ་པ་ནི་ཀརྨ་པ་རང་བྱུང་རྡོ་རྗེ་ཡིན་ལ། དེང་སང་རྙིང་མའི་སྙིང་ཐིག་ཡ་བཞིའི་ཆོས་ཉམས་སུ་ལེན་དགོས་ན། ཀརྨ་པ་རང་བྱུང་རྡོ་རྗེའི་གསུང་ཁོ་ན་ལ་བརྟེན་དགོས་ཤིང་། ཁོང་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་བླ་མ་རེད། མཁས་གྲུབ་ཀརྨ་ཆགས་མེད་ཀྱི་དབང་དུ་བྱས་ན་ཡང་། ཁོང་གི་བླ་མ་དཔལ་ཡུལ་བའི་གནམ་ཆོས་མི་འགྱུར་རྡོ་རྗེ་ཡིན་ཞིང་། ཁོང་གི་སློབ་མ་དཔལ་ཡུལ་བའི་བསྟན་པ་འཛིན་པའི་རིག་འཛིན་ཀུན་བཟང་ཤེས་རབ་ཡིན། ཀརྨ་ཆགས་མེད་ཁོང་རང་ངོས་ནས་ཧ་ལམ་བཀའ་བརྒྱུད་པ་ཡིན་དགོས་ལ། རྙིང་མ་པ་ཡང་རེད། དེའི་སྐབས་སུ་ཡང་འབྲེལ་བ་ཆེན་པོ་ཞིག་ཡོད་པས། དེ་རིང་ངས་བཀའ་རྙིང་གཉིས་ཀ་ཟུང་འབྲེལ་བྱས་ནས་བཤད་དགོས་པའི་རྒྱུ་མཚན་དེ་ཡིན།

ངས་ཚོད་འཇོག་བྱས་ན། ཁྱེད་རྣམ་པའི་ཉམས་ལེན་གྱི་དངོས་གཞི་ངོ་མའི་བརྡར་ཤ་གཅོད་བཞིན་པའི་མཚམས་ཀྱང་ཚད་དེ་ཙམ་ཞིག་ལ་ཐོན་ཡོད་རྒྱུ་རེད་བསམ།

གཉིས་པ་ལྷུན་གྲུབ་ཐོད་རྒལ་གྱི་ཉམས་ལེན་ནི། ཚེ་འདི་ལའང་འུ་ཅག་ཚང་མ་འཕྲད་ཡོང་རྒྱུའི་སྨོན་འདུན་ཞུ། གལ་སྲིད་ཚེ་འདིར་མི་འཕྲད་པའི་དབང་དུ་བྱས་ན་ཡང་། ཕྱི་མ་དག་པའི་ཞིང་དུ་ངེས་པར་དུ་འཕྲད་ནས་ཆོས་རྒྱ་ཆེར་འཆད་ཉན་བྱ་རྒྱུའི་རྟེན་འབྲེལ་དུ། ཆོས་འདི་མཇུག་མ་ཅན་བྱས་ནས་དེ་རིང་མཚམས་འཇོག་རྒྱུ་ཡིན།

ཚིག་ཇ་འཐུང་ཤེས་སོང་།

ད་ལན་ཆོས་རྗེ་ཉིད་ནུབ་ཕྱོགས་ཀྱི་རྒྱལ་ཁབ་རྣམས་སུ་ཕེབས་པ་དེ། སྔོན་རྒྱ་ནག་དང་རྒྱ་གར་སོགས་སུ་བྱོན་པ་དང་ཅུང་མི་འདྲ་བར། རྗེ་ཉིད་ལ་ནུབ་ཕྱོགས་ཀྱི་ཟ་མ་རྣམས་ཅུང་ཟད་འཕྲོད་པར་འདུག་པས། ངེད་ཅག་ལ་གདན་ཞུ་ཕྱོགས་ཀྱིས་གསོལ་ཟས་ཅི་ཞིག་བཀོད་སྒྲིག་བྱས་པ་ལྟར་དུ་བཞེས་ཀྱིན་ཡོད་པས་དེ་ལ་སེམས་ཁུར་ཆེར་མེད།

བདག་གི་ཞབས་ཞུའི་བྱ་བ་གཙོ་བོ་ནི། རྗེ་ཉིད་ལ་དུས་ལྟར་དུ་སྨན་ཕུལ་བ་དང་། ཞབས་ཕྱག་འཁྲུད་པ། ན་བཟའ་འཁྲུད་པ། ཆོས་ཁྲིད་སྒྲ་ཕབ་ཏུ་འཇུག་པ། ས་ཚིགས་རེ་རེ་བཞིན་ཅ་ལག་བསྡུ་གསོག་རྒྱག་པ། གློ་བུར་བའི་དོན་དག་ལ་གདོང་ལེན་བྱེད་པ་སོགས་བྱ་བ་ཙག་ཙིག་མང་པོ་ཡོད་པས། ཉིན་རེ་བཞིན་ལྷོད་ཡེངས་ཡེ་མི་ཕོད་པར་རིག་པ་བསྒྲིམས་ནས་འདུག་དགོས། མཁན་པོ་རྣམ་གྲོལ་མཆོག་ཀྱང་། གཙོ་སྒྲུབ་ཕྱོགས་ཀྱི་ཆོས་ཚོགས་རྣམས་ལ་འབྲེལ་བ་བྱེད་པ་སོགས་བྱ་བ་སྣ་ཚོགས་ཀྱིས་བྲེལ་འཚུབ་ཤིན་ཏུ་ཆེ། ཉིན་རེ་བཞིན་ཆོས་རྗེ་བླ་མ་གཙོས་མི་ཐམས་ཅད་གཟིམས་ཚར་རྗེས། ད་གཟོད་ངེད་གཉིས་ལ་ངལ་གསོ་བའི་ཁོམ་ལོང་ཡོད་ཅིང་། སྐབས་དེར་ཆག་མེད་དུ་རང་རང་གི་ཁ་ཏོན་གྱི་མགོ་རྩོམ་རྒྱུ་ཡིན། མཁན་པོ་ཉིད་ཀྱིས་འཇམ་དཔལ་མཚན་བརྗོད་གསུང་ཞིང་། ང་ལ་ཡང་མཚན་བརྗོད་ཀྱི་སྟེང་དུ་འདོན་པ་གཞན་མང་ཙམ་ཡོད།

ངེད་གཉིས་ཀྱིས་ནམ་རྒྱུན་ཁ་ཏོན་འདོན་སྐབས་གཉིད་ཅོག་བརྒྱབ་ནས་མིག་ཀྱང་འབྱེད་མི་ཐུབ་པ་ལྟ་བུར་འགྱུར་བས། མཁན་པོ་རྣམ་གྲོལ་གྱིས་དངོས་གྲུབ་རྡོ་རྗེ་ལ། ངེད་གཉིས་ལ་ཚིག་ཇ་ཞིག་ཁྱེར་ཤོག ཅུང་ཟད་དུབ་ཀྱིན་འདུག་ཅེས་གསུངས་སྲིད། ངས་སྔོན་ཆད་ཚིག་ཇ་འཐུང་མ་མྱོང་བས་ཐོག་མར་དེའི་བྲོ་བ་ལ་ཅུང་ཟད་མི་ལོབས་ཀྱང་། འདོད་པའི་ཡུལ་ནི་བློ་ལ་གོམས་སླ་བས་རིམ་གྱིས་ཚིག་ཇ་འཐུང་རྒྱུར་དགའ་པོ་བྱུང་།

སྤྱིར་ཉལ་ཁར་ཚིག་ཇ་འཐུང་བ་ནི་གོམས་གཤིས་ལེགས་པོ་ཞིག་མིན་ཡང་། ང་རང་ཕྱི་རྒྱལ་དུ་འགྲོ་རིང་ལ་ཕལ་ཆེར་ནུབ་རེར་ཆུ་ཚོད་བཞི་ལྔ་ཙམ་ལས་ཉལ་ཁོམ་མེད་ཅིང་། བྱ་བ་ཆེ་ཕྲ་ཆུང་གསུམ་མང་པོར་བར་མེད་དུ་བྲེལ་བའི་བདག་ལ་མཚོན་ན། ཚིག་ཇ་འདིའང་རིག་པ་དྭངས་པ་དང་གཉིད་སངས་པ། ལུས་ཀྱི་སྟོབས་ཤུགས་བསྐྱེད་པར་ཕན་ཐོགས་ཆེས་བཟང་ཤོས་ཡིན་པར་སེམས།

མི་ལ་རས་པའི་ཉམས་ལེན་གྱི་རིམ་པ།

ཕྱི་ཟླ་༦ཚེས་༢༦ཉིན། ཆོས་རྗེ་ཉིད་ཏེན་ཝེར་གྲོང་ཁྱེར་དུ་ཕྱིན་ནས། གྲགས་ཆེ་བའི་མཱེལ་ཧཱེ་ལྷ་ཁང་(Mile Hi Church)དུ་བཛྲ་དྷ་དྷིའི་སློབ་ཚོགས་དང་། ཆོས་པ་མ་ཡིན་པའི་འཁོར་རྣམས་ལ་དཔལ་ལྡན་བཀའ་བརྒྱུད་པའི་གྲུབ་མཐས་རྐང་བྱས་ཏེ་གསུང་མཛད་འདི་ལྟར་གནང་།

བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །

བཅོམ་ལྡན་ཆོས་བསྒྲགས་རྒྱ་མཚོའི་དབྱངས་མཆོག་གིས། །

སྔོན་ཚེ་སྨོན་ལམ་རྣམ་བཞི་བཏབ་པའི་མཐུས། །

དཔག་མེད་མཁྱེན་བརྩེ་ནུས་མཐུའི་བྱིན་རླབས་ཀྱིས། །

དེང་འདིར་བདག་སོགས་འགྲོ་བས་ལོངས་སྤྱོད་ཤོག །

འོ་ལགས་སོ། །དེ་ནི་རང་གི་མོས་པའི་ལྷག་པའི་ལྷ་ལ་མཆོད་པར་བརྗོད་པ་དང་། ཁྱད་པར་དུ་ཁྱེད་རྣམས་ཀྱི་རྒྱུད་ལ་ལེགས་པའི་ལམ་ཡང་དག་པ་སྐྱེ་བའི་ཆེད་དུ་བཅོམ་ལྡན་འདས་ཆོས་བསྒྲགས་རྒྱ་མཚོའི་མཚན་ལན་བདུན་གྱི་བར་དུ་བརྗོད་པ་ཡིན།

དེ་རིང་གི་སྐབས་སུ་གང་གླེང་བར་བྱ་བའི་ཆོས་ནི། ནང་པ་སངས་རྒྱས་པའི་ཆོས་ཀྱི་ཉམས་ལེན་གྱི་སྙིང་པོའི་གནད་བསྡུས་ཏེ་འཆད་རྒྱུ་ཡིན། དེ་ནི་ཁྱེད་རང་ནང་པ་སངས་རྒྱས་པའི་ཆོས་སྒོར་གསར་དུ་ཞུགས་པ་རྣམས་ཀྱིས་སྔོན་ཆད་མ་ཤེས་པ་རྣམས་གསར་ཏུ་ཤེས་པར་བྱེད་པ་དང་། ཤེས་པ་རྣམས་ཀྱི་ཉམས་ལེན་གོང་ནས་གོང་དུ་འཕེལ་བར་བྱ་བའི་ཆེད་དུ་བཤད་པ་ཡིན།

དེས་ན་ཆོས་ལུགས་གཞན་དང་ཆོས་སྒོ་གང་ལ་ཡང་མ་ཞུགས་པའི་སྐྱེ་བོ་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་བསྟན་པ་དེ་ཅི་འདྲ་ཞིག་ཡིན་པ་དང་། འདི་ལ་འཇུག་རུང་ངམ་མི་རུང་བརྟག་དཔྱད་ཞིབ་འཇུག་བྱས་ན། རིམ་གྱིས་ཁྱེད་རྣམ་པ་ལ་ཡང་བློ་སྐྱེད་གསར་བ་ཞིག་ཐོན་སྲིད་རྒྱུ་རེད།

བཀའ་བརྒྱུད་པའི་བླ་མ་རྣམས་ཀྱི་ངོ་སྤྲོད།

ད་རེས་ངས་ནང་པ་སངས་རྒྱས་པའི་ཆོས་རྩལ་འདོན་བྱས་ནས་འཆད་རྒྱུ་ཡིན།

དེ་ཡང་བདག་ཅག་གི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་འདི་ཉིད་ཀྱིས། དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་ཏུ་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་རྒྱ་གར་རྡོ་རྗེ་གདན་དུ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཚུལ་བསྟན་པ་མ་ཟད། ཁོང་གིས་ཐུན་མོང་མ་ཡིན་པའི་གདུལ་བྱ་རྣམས་ཀྱི་ངོར་འོག་མིན་ལ་སོགས་པའི་གནས་སུ་རྡོ་རྗེ་འཆང་གི་སྐུར་བཞེངས་ནས་གསང་སྔགས་ཀྱི་ཆོས་ཀྱང་རྒྱ་ཆེར་བསྟན།

དེ་ལྟ་བུའི་ཆོས་ཐོག་མར་གང་ནས་དར་ཚུལ་ནི། འཛམ་གླིང་འདིར་མཚོན་ན། ཐོག་མར་ཆོས་འདི་འཕགས་ཡུལ་རྡོ་རྗེ་གདན་དུ་དར་ནས་རྒྱ་གར་མཐའ་དབུས་མེད་པར་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟ་བུ་ཞིག་བྱུང་། དེ་རྗེས་བཅོམ་ལྡན་འདས་ཀྱིས་ལུང་བསྟན་པ་བཞིན་དུ། བོད་ཁ་བ་ཅན་གྱི་ཡུལ་དུ་ཡང་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར། བོད་གངས་ཅན་གྱི་ཡུལ་དུའང་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་དང་། བཤད་པའི་བཀའ་ཆེན་བཅུ་ཞེས་པ་ལ་སོགས་པའི་ཆོས་བརྒྱུད་མང་པོ་ཞིག་དར་བ་ཡིན།

དེ་ཡང་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་ཐོག་མར་ཨོ་རྒྱན་རྡོ་རྗེ་འཆང་དང་། བི་མ་ལ་མི་ཏྲ་ལ་སོགས་པས་གསང་སྔགས་སྔ་འགྱུར་རྙིང་མའི་ཆོས་ཚུལ་དེ་དར་བར་བྱས། དེ་ནས་ལྷོ་བྲག་མར་པ་ཞེས་བྱ་བ་ཞིག་བྱོན་ཅིང་ཁོང་གི་ཐུགས་དགོངས་ལ། ཆོས་བརྒྱུད་སྔ་མ་བས་ཀྱང་གནད་ཚང་བ་དང་། སློབ་མ་གསར་བ་རྣམས་ལ་ཆོས་གསར་བ་ཞིག་གིས་ཕན་པར་བྱ་དགོས་དགོངས་ནས། རྒྱ་གར་འཕགས་པའི་ཡུལ་དུ་དཀའ་བ་བརྒྱ་ཕྲག་སྤྱད་ནས་ལན་གསུམ་གྱི་བར་དུ་བྱོན།

མར་པ་ལོ་ཙཱ་ཁོང་ལན་རྗེས་མར་རྒྱ་གར་ལ་འབྱོན་པའི་དུས་སུ་མཉམ་མེད་ཇོ་བོ་རྗེ་ཨ་ཏི་ཤ་བོད་ཡུལ་དུ་བྱོན་པ་དང་ཡང་ཞལ་འཛོམས་པ་ཡིན། ཁོང་རྒྱ་གར་འཕགས་པའི་ཡུལ་དུ་བྱོན་པའི་དུས་སུ། རྡོ་རྗེ་འཆང་གིས་དངོས་སུ་རྗེས་སུ་བཟུང་བའི་གྲུབ་ཆེན་ཏེ་ལོ་པ་ཞེས་བྱ་བ་ཞིག་ཡོད་ལ། ཁོང་གི་སློབ་མའི་མཆོག་ཏུ་གྱུར་པ་ནི་རྒྱ་གར་འཕགས་པའི་ཡུལ་ན་མཁས་པའི་ཚད་དུ་གླེང་བ། བྱང་སྒོ་སྲུང་བའི་པཎྜི་ཏ་ནཱ་རོ་པ་ཞེས་བྱ་བའི་མཁས་གྲུབ་ཆེན་པོ་ཞིག་བཞུགས་ཡོད། དེ་ཉིད་ལན་མང་པོའི་བར་དུ་མཇལ་ནས་གདམས་ངག་ཀྱང་རྒྱ་ཆེན་པོ་ཞུས། གཞན་ཡང་གྲུབ་ཆེན་མེེ་ཏྲི་པ་ལ་སོགས་པའི་གྲུབ་པ་བརྙེས་པའི་གང་ཟག་མང་པོ་བསྟེན་ནས། གསང་སྔགས་གསར་མའི་ཆོས་ཚུལ་མང་པོ་ཞིག་ཀྱང་བོད་ཡུལ་ལ་དར་བར་བྱས་པ་ཡིན།

མར་པ་ལོ་ཙཱ་བ་ཁོང་བླ་མ་ནཱ་རོ་པ་དང་ཞལ་གྱེས་པའི་མཚམས་སུ། ཡི་དམ་དགྱེས་པ་རྡོ་རྗེའི་དབང་ཞུས་པ་ན། ནཱ་རོ་པས་ཡི་དམ་དགྱེས་པ་རྡོ་རྗེའི་ལྷ་ཚོགས་ཐམས་ཅད་ནམ་མཁའ་ལ་བཀྲ་ལམ་མེར་བཀོད་ཅིང་། ཁོང་ཡང་གདན་ཐོག་ཏུ་སྔར་བཞིན་བཞུགས་ནས། དེ་རིང་ཁྱོད་ཀྱིས་ཕྱག་བླ་མ་ལ་འཚལ་ལམ་དཀྱིལ་འཁོར་གྱི་ལྷ་ལ་འཚལ་ཞེས་དྲི་བ་མཛད་པར། མར་པ་ལོ་ཙཱའི་ཐུགས་དགོངས་ལ། བླ་མའི་སྐུ་མདུན་ནས་ད་སྔོན་ཡང་ཆོས་མང་པོ་ཐོབ་མྱོང་བས། དེ་རིང་ནི་ཡི་དམ་གྱི་སྐུ་དྲུང་ལས་ཆོས་ཞུ་དགོས་བསམ་ནས། ཁོང་གིས་ཕྱག་དེ་ཡི་དམ་གྱི་ལྷ་ལ་འཚལ་རྒྱུ་ཡིན་ཞེས་ལན་བཏབ་པ་ན། དེ་མ་ཐག་ཏུ་ནམ་མཁའི་ལྷག་པའི་ལྷ་ཐམས་ཅད་འོད་དུ་ཞུ་ནས་བླ་མའི་ཐུགས་ཀར་ཐིམ་སོང་།

དེ་ནས་མར་པ་ལོ་ཙཱའི་ཐུགས་དགོངས་ལ། དེ་རིང་གི་བྱ་བ་དེ་ཅུང་ཟད་ཉེས་སོང་། ལྷག་པའི་ལྷ་ཡང་བླ་མའི་ཆོ་འཕྲུལ་ཡིན་ལ། བླ་མ་ལས་གཞན་པའི་ལྷག་པའི་ལྷ་ཞིག་མེད་པས། ངོ་མ་གུས་བཀུར་བྱ་དགོས་ས་དེ་བླ་མ་ཡིན་ཡང་ང་རང་གིས་ཞུ་ཉེས་བྱས་སོང་མོད། འོན་ཀྱང་དུས་རྒྱུན་དུ་བདག་གིས་ལྷག་པའི་ལྷ་ལས་ཀྱང་བླ་མ་གཙོ་བོར་བཟུང་བ་ཡིན། ལྷ་སྒོམ་པའི་དུས་སུ་ཡང་བླ་མ་སྤྱི་གཙུག་ཏུ་བསྒོམ་རྒྱུ་མ་གཏོགས་ལྷག་པའི་ལྷ་གཙོ་བོར་བྱེད་མ་མྱོང་། རྟེན་འབྲེལ་དེ་དེ་ཙམ་གྱིས་ཨེ་དྲག་གམ་སྙམ་པ་ཐུགས་ལ་ཤར། དེ་ལ་ནཱ་རོ་པས་མངོན་ཤེས་ཀྱིས་གཟིགས་ཏེ། ཁྱོད་ཀྱིས་ཕྱག་བླ་མ་ལ་མི་འཚལ་བར་ལྷ་ལ་འཚལ་ཞེས་པ་དེས་རྟེན་འབྲེལ་ཅུང་ཟད་འཆུགས་སོང་མོད། འོན་ཀྱང་ཁྱེད་ཀྱིས་དུས་རྒྱུན་དུ་བླ་མ་གཙོ་བོར་བཟུང་བའི་རྟེན་འབྲེལ་གྱིས་ཆོས་བརྒྱུད་ཉི་མ་ཤར་བ་བཞིན་དུ་འཛམ་གླིང་ཐ་གྲུ་ཀུན་ཏུ་ཁྱབ་པར་འགྱུར་རྒྱུ་རེད་ཅེས་ལུང་བསྟན།

ཡང་མར་པ་ལོ་ཙཱས་ཡར་བླ་མ་ལ་ནན་ཞུ་བྱས་ཏེ། ཁོང་ལ་དར་མ་མདོ་སྡེ་ལ་སོགས་པའི་སྲས་བདུན་ཡོད་པས་ཁྱེད་ཀྱིས་རྟེན་འབྲེལ་གསོ་ཐབས་ཤིག་དང་། ཁྱད་པར་དུ་རིགས་རྒྱུད་ཀྱིས་ཀྱང་བསྟན་པ་ལ་ཕན་ཐོགས་ཐབས་ཤིག་ཨེ་ཡོད་དམ་ཞེས་ཞུས་ཀྱང་། ནཱ་རོ་པས། དེ་ནི་རྟེན་འབྲེལ་འཆུགས་སོང་བ་ཡིན་པས། གསོ་ཐབས་ཀྱང་ཡོད་རྒྱུ་མ་རེད་གསུངས།

སྐབས་དེར་མར་པ་ལོ་ཙཱའི་རྟེན་འབྲེལ་ལེགས་པར་འགྲིགས་སོང་ན། བཀའ་བརྒྱུད་ཀྱི་བསྟན་པ་འདི་ལ་ཆོས་བརྒྱུད་ལས་ཀྱང་རིགས་རྒྱུད་ཀྱིས་ཕན་ཐོགས་ཤིང་། དེང་སང་གི་བཀའ་བརྒྱུད་ཀྱི་བསྟན་པ་ཤིན་ཏུ་དར་བ་ལས་ཀྱང་བརྒྱ་འགྱུར་སྟོང་འགྱུར་གྱིས་ལྷག་པ་ཞིག་འབྱུང་རྒྱུ་རེད། དེས་ན་སློབ་མས་བླ་མ་གཙོ་བོར་བཟུང་ནས་བླ་མ་ལ་དད་པ་དང་། དང་བ། སྤྲོ་བ། གུས་བཀུར་བྱེད་པ་ཅི་ནས་ཀྱང་གལ་ཆེ་བ་ཡིན།

མར་པ་ལོ་ཙཱས། འོ་ན་ཁོང་གི་ཆོས་བརྒྱུད་དེ་སུས་རྒྱ་ཆེན་པོར་སྤེལ་བར་འགྱུར་ཞེས་ཞུས་པ་ན། ནཱ་རོ་པས། ཁྱེད་རང་གིས་ཤིན་ཏུ་གཅེས་རྒྱུའི་སློབ་མ་སྙིང་ལ་སྡུག་པ་དེ་ལྟ་བུ་སུ་ཡོད་གསུངས། ང་ལ་ཨ་བོ་མཐུ་ཆེན་ནམ་ཐོས་པ་དགའ་ཟེར་བའི་སློབ་མ། ཁོ་བོའི་སྙིང་ལས་ཀྱང་གཅེས་པ་ཞིག་ཡོད་ཞུས་པ་ལ། ནཱ་རོ་པས་ཕྱག་ཐལ་མོ་སྦྱར་ནས། བྱང་ཕྱོགས་མུན་པའི་སྨག་རུམ་ན། །གངས་ལ་ཉི་མ་ཤར་བ་འདྲ། །ཐོས་པ་དགའ་ཞེས་བྱ་བ་ཡི། །སྐྱེས་བུ་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་ནས་དབུ་གུག་གུག་མཛད།

སྐབས་དེར་ནཱ་རོ་པ་བཞུགས་ཡོད་སའི་ཕུ་ལ་ཧ་རི་ཞེས་པའི་ཨོ་ཏནྟ་པཱུ་རི་དགོན་པ་ནི་ན་ལན་ཌཱའི་ཉེ་འགྲམ་དུ་ཡོད་ལ། ད་ལྟ་ཡང་ས་ཕྱོགས་དེའི་རི་མགོ་དང་རྩི་ཤིང་ནགས་ཚལ་ཐམས་ཅད་ཀྱི་མགོ་བོ་བོད་ཁ་བ་ཅན་གྱི་ཕྱོགས་སུ་གུག་ནས་ཡོད་པའི་ཉམས་ཤིག་ཡོད།

དེ་བཞིན་དུ་གྲུབ་ཆེན་ནཱ་རོ་པ་ཆེན་པོས་མར་པ་ལོ་ཙཱ་ལ། ཁྱོད་ཀྱིས་རྨི་ལམ་ཞིག་རྟོགས་དང་ཆོས་བརྒྱུད་ཇི་ལྟར་དར་བ་ཡང་གསལ་བོར་ཤར་ཡོང་གསུངས། དེའི་ཚེ་ཁོང་གི་གཟིམས་ལམ་དུ་གཙུག་ལག་ཁང་ཆེན་པོ་ཞིག་བཞེངས་ནས། ཕྱོགས་བཞི་ལ་ཀ་བ་ཆེན་པོ་བཞི་བཙུགས། ཁྱད་པར་དུ་བྱང་ཕྱོགས་ཀྱི་ཀ་བའི་སྟེང་ལ་རྒོད་ཅིག་ལྡིང་ཞིང་། རྒོད་དེ་ལ་རྒོད་ཕྲུག་ཅིག་སྐྱེས་བ་དང་། རྒོད་ཕྲུག་གིས་ནམ་མཁའ་གང་བ་ཞིག་རྨིས།

དེ་ལ་ནཱ་རོ་པས་ལུང་བསྟན་ནས། ཁྱོད་ཀྱིས་གཙུག་ལག་ཁང་དེ་ལ་ཀ་བ་བཞི་བཙུགས་པ་ནི་སློབ་མ་ཆེན་པོ་བཞི་འབྱུང་བའི་སྔ་ལྟས་ཡིན་གསུངས་ལ། སློབ་མ་ཆེན་པོ་བཞི་ནི། གཙང་རོང་གི་མེས་སྟོན་ཚོན་པོ། དོལ་གྱི་མཚུར་སྟོན་དབང་ངེ་། གཞུང་གི་རྔོག་སྟོན་ཆོས་རྡོར། གུང་ཐང་གི་མི་ལ་རས་པ་བཅས་བསྟན་པ་ཡིན། བྱང་ཕྱོགས་ཀྱི་ཀ་བའི་སྟེང་དུ་རྒོད་ཅིག་ལྡིང་བ་ནི་མི་ལ་རས་པ་ཁོང་བསྟན་པ་མ་ཟད། རྒོད་དེ་ལ་རྒོད་ཕྲུག་ཅིག་སྐྱེ་བ་ནི་ཁོང་ལ་ཉི་མ་ལྟ་བུའི་སློབ་མ་དྭགས་པོ་ཟླ་འོད་གཞོན་ནུ་ཟེར་བ་ཞིག་འཁྲུངས་རྟགས་རེད། རྒོད་ཕྲུག་གིས་ནམ་མཁའ་གང་བ་ནི། དྭགས་པོ་ཟླ་འོད་གཞོན་ནུའི་ཆོས་བརྒྱུད་འཛིན་པ་དེ་ལ་བཀའ་བརྒྱུད་ཀྱི་བསྟན་པ་ནམ་མཁའ་གང་བ་ལྟ་བུ་ཞིག་འོང་བའི་རྟགས་རེད་གསུངས།

ཁོང་གིས་རྨི་ལམ་ལུང་བསྟན་པ་བཞིན་དུ་དྭགས་པོ་ཟླ་འོད་གཞོན་ནུའི་དུས་སུ་ཀརྨ་པ་དུས་གསུམ་མཁྱེན་པ་༼༡༡༡༠—༡༡༩༣༽ དང་། འགྲོ་མགོན་ཕག་མོ་གྲུ་པ་༼༡༡༡༠—༡༡༧༠༽ རྣམ་པ་གཉིས་དགུང་མཉམ་དུ་འཁྲུངས་པ་ཡིན།

ཁོང་རྣམ་པའི་སློབ་རྒྱུད་ལ་འབའ་རོམ་བཀའ་བརྒྱུད་དང་། ཕག་གྲུ་བཀའ་བརྒྱུད། ཀརྨ་བཀའ་བརྒྱུད། ཚལ་པ་བཀའ་བརྒྱུད་བཅས་བཀའ་བརྒྱུད་ཆེ་བཞི་དང་། འབྲི་འབྲུག་གཉིས། གཡའ་ཤུག་གཉིས། སྨར་ཡེལ་གཉིས། ཁྲོ་ཕུ་དང་སྟག་ལུང་གཉིས་བཅས་བཀའ་བརྒྱུད་ཆུང་བརྒྱད་དེ་ས་སྟེང་མ་ལུས་པ་ཐམས་ཅད་ཀུན་ཀྱང་དཔལ་ལྡན་བཀའ་བརྒྱུད་པའི་བསྟན་པས་ཡོངས་སུ་གང་བར་གྱུར།

ངོ་མ་བསྟན་པ་དར་ཚུལ་ལ་བསམ་བློ་བཏང་ན། དཔལ་ལྡན་འབྲུག་པའི་བསྟན་པ་ཁོ་ན་ཡང་བྱ་རྒོད་པོའི་ཉིན་ལམ་བཅོ་བརྒྱད་ཀྱི་བར་དུ་ཡོངས་སུ་ཁྱབ་པར་གྱུར་པ་རེད། ཕྱི་མའི་དུས་སུ་ཧ་ཅང་དར་ཁྱབ་ཆེ་བ་ཞྭ་དམར་བ་དང་ཞྭ་ནག་པའི་བསྟན་པ་ཡིན། ཀརྨ་ཞྭ་དམར་ནག་གཉིས་ལ་མཚོན་ན། ཞྭ་ནག་པའི་དག་པའི་སྣང་ངོར་མཁའ་འགྲོ་འབུམ་གྱི་རྫུ་འཕྲུལ་གྱི་སྟོབས་ཀྱིས་དབུ་སྐྲ་ལས་བྱས་པའི་ཞྭ་ནག་ཅིག་ཕུལ་བ་ཡིན་ལ། རྗེས་སུ་ཀརྨ་པཀྵི་ལ་ཧོར་རྒྱལ་པོས་ལས་ཀའི་ཞྭ་ནག་གསེར་མདོངས་ཅན་ཞིག་གནང་བས་དེ་ཕྱིན་གྱི་སྐུ་ཕྲེང་རྣམས་བརྒྱུད་ནས་དེང་སང་ཀརྨ་པའི་ཕྱག་ན་ཡོད་པ་དེ་རེད། ཀརྨ་རང་བྱུང་རྡོ་རྗེའི་སློབ་མ་རྟོགས་ལྡན་གྲགས་པ་སེང་གེ་ལ་ཧོར་རྒྱལ་པོས་ལས་ཞྭ་དམར་པོ་གནང་བས་དེའི་བརྒྱུད་པ་ལ་ཞྭ་དམར་པ་ཟེར། ཞྭ་དམར་ནག་གཉིས་ཀྱི་མིང་ཡང་དེ་ཡིས་ཐོགས་པ་རེད།

དེ་བཞིན་ང་ཚོ་བོད་ནང་དུ་མི་ཉག་ཟེར་བའི་ས་ཆའི་རཱ་ཏཱིའི་འབུམ་རྫོང་ཟེར་ས་ནས་ནམ་མཁའ་ལ་འཕུར་ནུས་པའི་དགེ་འདུན་པ་འབུམ་ཕྲག་ཙམ་རེ་དུས་གཅིག་ལ་བྱོན་མྱོང་བར་བཤད། དེ་ལྟར་བཀའ་བརྒྱུད་པའི་བླ་མ་བརྒྱུད་པ་རྣམས་ཀྱང་གསེར་གྱི་རི་བོ་ཚར་དུ་དངར་བ་ལྟ་བུའི་གཅིག་ལས་གཅིག་མཚར་རྐྱང་བ་བྱོན་ནས་ཀརྨ་སྐུ་ཕྲེང་བཅུ་དྲུག་པ་དང་། ཁྱེད་ཚོའི་བླ་མ་ལ་ཐུག་མ་སོང་གི་བར་དུ་རིམ་བཞིན་དུ་བྱོན་པ་ཡིན།

དེ་ནི་གཙོ་བོ་དཔལ་ལྡན་བཀའ་བརྒྱུད་པའི་བསྟན་འཛིན་གྱི་སྐྱེས་བུ་རྣམས་ཀྱི་ཆེ་བ་མདོར་བསྡུས་པ་ཙམ་ཞིག་བཤད་པ་ཡིན། རྒྱས་པར་བཤད་ན། ཟླ་བ་ཁ་ཤས་ཀྱི་བར་དུ་བླ་མ་རེ་རེའི་རྣམ་ཐར་བཤད་ནའང་འཛད་དཀའ་མོ་རེད།

བླ་མ་བརྒྱུད་པ་ཐམས་ཅད་ཀྱི་ཆོས་ཉམས་སུ་ལེན་སྟངས་ལ་གཙོ་བོ་ཕྱག་བཞེས་རྣམ་པ་གསུམ་ཡོད། དཔེར་ན་གྲུབ་ཆེན་ཏེ་ལོ་པ་ལྟ་བུ་ཡིན་ན། ཐོག་མ་ཉིད་ནས་གསང་སྔགས་ཐུན་མོང་མ་ཡིན་པའི་ཆོས་ཁོ་ན་ཉམས་བཞེས་མཛད་ནས་རྡོ་རྗེ་འཆང་གི་ས་ལ་གཤེགས་པ་དང་། ལྷོ་བྲག་མར་པ་ལོ་ཙཱ་ལྟ་བུ་ལ་མཚོན་ན། བཀའ་བརྒྱུད་པའི་ཆོས་དེ་ཡང་མདོ་ལུགས་ཕྱག་ཆེན་དང་སྔགས་ལུགས་ཕྱག་ཆེན་གཉིས་སམ། ཡང་ན་གནས་ལུགས་ཕྱག་ཆེན་དང་བདེ་སྟོང་ཕྱག་ཆེན་གཉིས་ཏེ། ཐེག་ཆེན་མདོ་སྔགས་ཀྱི་ཆོས་གཉིས་ཀ་ཉམས་བཞེས་མཛད་པ་རེད། རྗེ་བཙུན་མི་ལ་རས་པ་ལ་མཚོན་ན། ཐོག་མར་ལས་དང་པོ་པའི་སྤྱོད་པ་མི་དགེ་བ་སྤོང་བ་ནས་བཟུང་སྟེ། གཏུམ་མོ་དང་སྒྱུ་ལུས་ལ་བརྟན་པ་ཐོབ་ནས་ཕྱག་ཆེན་གྱི་ངོ་བོ་རང་ཤུགས་སུ་རྟོགས་པར་གྱུར། མཐར་ཐེག་ཆེན་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་བཅས་ཉམས་སུ་བླངས་ནས་ཁོང་ཚེ་གཅིག་གིས་ཟུང་འཇུག་གི་སྐུར་གྲུབ་པ་ཡིན།

ད་རེས་ཀྱི་སྐབས་སུ་བབས་པའི་ངའི་གཏམ་གླེང་དེ་ཡང་། རྗེ་བཙུན་མི་ལ་རས་པས་གསུངས་པ་བཞིན་དུ། ལམ་ཆ་ཚང་བ་དང་སྐྱེ་བོ་མཆོག་དམན་ཐམས་ཅད་ཀྱིས་ཉམས་སུ་བླང་བདེ་བའི་ཆོས་དེ་ཚིག་ཉུང་ངུ་ཞིག་གིས་འཆད་རྒྱུ་ཡིན།

དེ་ལ་ཐོག་མར་འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་དུ་ཤེས་ནས་ངེས་པར་འབྱུང་བའི་བློ་སྐྱེད་པ་དང་། བར་དུ་བདག་བས་ཀྱང་གཞན་གཅེས་པར་བཟུང་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། ཐ་མར་རྡོ་རྗེ་འཆང་གི་ཐུགས་རྒྱུད་དང་གཉིས་སུ་མེད་པའི་ལྟ་བ་རྣམ་པར་དག་པ་ཉམས་སུ་བླངས་ནས་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་མཛད་པ་ཡིན།

ཐུན་མོང་ཐེག་པའི་ཉམས་ལེན།

ཐོག་མར་ངེས་འབྱུང་གི་བློ་ཇི་ལྟར་བསྒོམ་དགོས་ཟེར་ན། ཆོས་ལྡན་གྱི་མི་ལུས་འདི་ཉིད་ཤིན་ཏུ་རྙེད་པར་དཀའ་བས། དེར་བསམ་བློ་བཏང་ནས་ད་རེས་ལུས་རྟེན་འདི་འདྲ་རྙེད་ཡོད་དུས་དགེ་བ་རྣམ་པར་དག་པ་ཞིག་བསྒྲུབ་པར་རང་གིས་དམ་བཅའ་ཡང་དག་པ་ཞིག་བྱེད་དགོས།

དལ་འབྱོར་གྱི་མི་ལུས་ཐོབ་ཀྱང་རྟག་བརྟན་གང་ཡང་མེད་དེ། ད་ལྟ་ས་སྟེང་ན་ཡོད་པའི་སྐྱེ་རྒུ་ཡོད་ཚད་ད་ནས་ལོ་བརྒྱ་ཙམ་ན་ཕལ་ཆེར་གཅིག་ཀྱང་མི་ལྷག་པར་འཆི་རྒྱུ་ཡིན་པས། ངེས་པར་འཆི་བའི་བདག་ཉིད་ཅན་ཡིན་པར་བསམ་བློ་བཏང་ནས་ཀྱང་ཆོས་བསྒྲུབ་དགོས། ངེས་པར་དུ་འཆི་བ་མ་ཟད་ནམ་འཆི་ཡང་ཆ་མེད་ཡིན། དེ་ཡང་ད་ལྟ་རང་རེ་ཁྱིམ་གང་བོར་མཚོན་ན། སང་ཕོད་ད་ཚོད་ཟེར་དུས་མི་འདི་ཁ་ཚང་བོ་ཡོད་རྒྱུ་རེད་ཟེར་དགོས་ན་དཀའ་མོ་རེད། ཤི་བོ་དེ་དག་གི་ནང་ན་རང་ཡོད་མེད་ཀྱང་སུ་གཅིག་གིས་སྨྲ་ཐག་ཆོད་པ་མིན། དེས་ན་སང་ཕོད་ཀྱི་སྣང་བ་དང་ཚེ་ཕྱི་མའི་སྣང་བ་གཉིས་སྔོན་ལ་གང་འབྱུང་མི་ཤེས། སང་ཕོད་མ་ཟད་ཟླ་བ་ཕྱི་མའི་དུས་སུ་ང་ཚོ་ཚང་མ་ཡོད་ཟེར་ནས་སྨྲ་ཐག་སུས་ཀྱང་མི་ཆོད་ལ་འཆི་བ་ནམ་ཐོན་ཡང་མི་ཤེས་པས། མྱུར་བ་ཉིད་དུ་དགེ་བ་བསྒྲུབ་དགོས།

འཆི་ཚེ་ཆོས་མ་གཏོགས་གཞན་གང་གིས་ཀྱང་ཕན་པ་མེད་དེ། ཐོབ་མཐོན་པོ་ལ་བསམ་ན། འཛམ་གླིང་ཡོངས་རྫོགས་ལ་དབང་བསྒྱུར་བའི་རྒྱལ་པོ་ཡིན་ཡང་། འཆི་བའི་ཚེ་གྲོགས་གཅིག་ཀྱང་འཁྲིད་དབང་མེད་པར་རང་ཉིད་གཅིག་པུར་འཇིག་རྟེན་ཕ་རོལ་ཏུ་འགྲོ་དགོས།

རྒྱུ་རྫས་ལོངས་སྤྱོད་ལ་བསམ་ན། རྒྱལ་ཁབ་ཆེན་པོ་གཅིག་གི་རྒྱུ་རྫས་ཡོངས་རྫོགས་མི་གཅིག་ལ་དབང་ཡང་འཆི་བའི་ཚེ་ཟས་ཁམ་གང་དང་། གོས་ལྷན་པ་ཙམ་ཡང་འཁྱེར་དབང་མེད་པར་རང་ཉིད་གཅིག་པུར་ཕྱི་མའི་ཡུལ་དུ་འགྲོ་དགོས་པ་ཡིན།

མཚན་སྙན་གྲགས་ལ་བསམ་ན། འཛམ་གླིང་ཡོངས་རྫོགས་ལ་སྐད་གྲགས་ཆེ་བའི་མི་ཞིག་ཡིན་ནའང་འཆི་བའི་ཚེ་ཕན་པ་གང་ཡང་མེད་པར་རང་ཉིད་རྒྱུས་མེད་ཡུལ་དུ་གྲོགས་མེད་གཅིག་པུར་འཁྱམ་དགོས།

དེ་དག་ལ་བསམ་བློ་བཏང་ནས་ཐམས་ཅད་ཀྱིས་དགེ་བ་དེ་ཡང་མྱུར་བ་ཉིད་དུ་སྒྲུབ་དགོས་པ་རེད་མ་གཏོགས། རྗེས་མ་ཡུན་རིང་ཡུན་རིང་ཞིག་ལ་བསྒྲུབ་འདོད་ཀྱི་བསམ་པ་སྐྱེས་ནའང་ཕན་པ་ཡོད་པ་མིན།

འཆི་བའི་ཚེ་ནའང་དཔེར་ན་མེ་ཤི་བ་དང་ཆུ་ཆད་པ་ལྟ་བུ་མིན་པར། ལས་དཀར་ནག་གི་རྗེས་སུ་འབྲངས་ནས་འགྲོ་དགོས། ཤི་ནས་མེད་དུ་མི་འགྲོ་བའི་རྟགས་དེ་ལ་ཡང་སྔར་གྱི་ལོ་རྒྱུས་དང་སྦྱར་ནས་བཤད་ན། སྔོན་མུ་སྟེགས་པའི་པཎྜི་ཏ་ཞིག་གིས་དཔལ་ལྡན་ཆོས་ཀྱི་གྲགས་པ་དང་སྐུ་ཚེ་གཅིག་ལ་བརྩད་ཀྱང་མ་ཐུབ། སླར་ཡང་སྐྱེ་བ་བླངས་ནས་ལོ་བཅོ་བརྒྱད་ཀྱི་དུས་སུ་རྩོད་ཐུབ་པ་ཞིག་བྱུང་། ཡང་ཁོ་ཤི་ནས་སླར་སྐྱེས་ཏེ་ལོ་བདུན་གྱི་དུས་སུ་རྩོད་ཐུབ་པ་ཞིག་བྱུང་། རྗེས་མར་དཔལ་ལྡན་ཆོས་ཀྱི་གྲགས་པར་བརྩད་ཀྱང་རྒྱལ་མ་ཐུབ་པས་ཁོ་རང་ནང་པའི་བསྟན་པ་ལ་ཞུགས། དེས་ན་ཕྱི་རོལ་མུ་སྟེགས་པའི་ལུགས་ལ་ཡང་ཚེ་སྔ་ཕྱི་ཡོད་ཟེར་དགོས་ལ་སྐྱེ་བ་སྔ་ཕྱི་དྲན་མཁན་ཡང་མང་པོ་ཡོད།

ནང་པ་སངས་རྒྱས་པའི་ལུགས་ལ་ཡང་ཚེ་ཕྱི་མ་ཡོད་ཚུལ་ཇི་འདྲ་ཡིན་ཟེར་ན། སྔོན་རྒྱ་གར་ལྷོ་ཕྱོགས་ཀྱི་ཡུལ་དུ་སློབ་དཔོན་ཙནྡྲ་གོ་མི་ཟེར་བ་ཞིག་འཁྲུངས་མྱོང་ཞིང་། ཁོ་སྐྱེ་བ་སྔ་མར་ནང་པའི་པཎྜི་ཏ་ཞིག་ཡིན། སྐབས་དེར་ཕྱི་རོལ་བའི་མཁས་པ་ཚེ་སྔ་ཕྱི་མེད་ཟེར་མཁན་ཞིག་དང་ཁོང་གཉིས་ཀྱིས་རྩོད་པ་བྱས་ཀྱང་ཚེ་ཕྱི་མ་ཡོད་མེད་ཀྱི་བཞག་མཚམས་གསལ་པོ་ཞིག་མ་ཐོན། དེ་ནས་ཙནྡྲ་གོ་མིས་སྐྱེ་བ་སྔ་ཕྱི་ཡོད་པའི་རྟགས་ལ། ད་ལྟ་ཁོ་བོ་འདི་ནས་འཆི་རྒྱུ་ཡིན་པས། ངའི་ཕུང་པོ་དེ་རྫས་སྦྱོར་སྣ་ཚོགས་ལ་བརྟེན་ནས་རུལ་དུ་མི་འཇུག་པར་སྒམ་ནང་དུ་སྡུས། ཁོ་བོའི་ཁ་ནང་དུ་མུ་ཏིག་གསར་བ་རིགས་མི་འདྲ་བ་ཞིག་ཆུགས་དང་། ཁོ་བོས་ཀྱང་སྨོན་ལམ་འདེབས། ཁོ་བོ་སྐྱེས་མ་ཐག་ཏུ་ད་ལྟ་ཅི་ཤེས་པའི་ཆོས་ཐམས་ཅད་ཤེས་ལ། ཁ་ནང་དུ་བཟུང་བའི་མུ་ཏིག་འདི་བཟུང་ཡོད་མཁན་ཞིག་ཡིན་ན། ཁོ་བོ་དེའི་སྐྱེ་བ་ཡིན་པས་ཚེ་སྔ་ཕྱི་ཡོད་པའི་རྟགས་ཡིན་ཞེས་གཤེགས་སོང་།

ཙནྡྲ་གོ་མི་སྐྱེས་མ་ཐག་ཏུ་སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་ཁ་ནང་ན་སྔར་གྱི་མུ་ཏིག་བཟུང་ཡོད། རོའི་ཁ་ནང་གི་མུ་ཏིག་ལ་བལྟས་དུས་གར་ཡང་མེད་པས། སྔར་གྱི་རྩོད་ཟླར་གྱུར་པའི་མུ་སྟེགས་མཁས་པ་དེས་ཀྱང་ཚེ་སྔ་ཕྱི་ཡོད་ཤས་ཆེ་སྙམ་པའི་ཐེ་ཚོམ་སྐྱེས། ཙནྡྲ་གོ་མི་ལ་ཆོས་ཀྱི་དོན་རྣམས་དྲིས་ཡོང་དུས། ཆོས་ཐམས་ཅད་སྔར་ཤེས་པ་ལས་ཀྱང་ལྷག་པ་ཞིག་ཆགས་ཐོགས་མེད་པར་ཤེས་ཡོད་པས། སྐབས་དེར་ཕྱི་རོལ་པའི་པཎྜི་ཏ་དེས་ཀྱང་ཚེ་སྔ་ཕྱི་ནི་ཡོད་ངེས་པ་ཅན་རེད་ལ། ནང་པ་སངས་རྒྱས་པའི་ཆོས་དེའང་བདེན་ཐག་ཆོད་རེད་བསམ་ནས་ཁོང་ཙནྡྲ་གོ་མིའི་རྗེས་སུ་འབྲངས་ནས། རྗེས་མ་ནང་པའི་པཎྜི་ཏ་ཆེན་པོ་ཞིག་ཏུ་གྱུར་སོང་བ་ལྟ་བུའི་ལོ་རྒྱུས་མང་པོ་ཡོད།

ད་ནི་ས་གནས་འདི་དང་འབྲེལ་བའི་ལོ་རྒྱུས་མདོར་བསྡུས་ཙམ་ཞིག་ཞུ། དཔེར་ན། ཀརྨ་པ་ལ་བསམ་བློ་བཏང་ན། ཀརྨ་པའི་སྐུ་ཕྲེང་དང་པོ་དུས་གསུམ་མཁྱེན་པ་དང་། གཉིས་པ་པཀྵི། གསུམ་པ་རང་བྱུང་རྡོ་རྗེ་སོགས་རིམ་པ་བཞིན་དུ་སྐུ་ཕྲེང་བཅུ་དྲུག་པ་རིག་པའི་རྡོ་རྗེའི་བར་དུ་བྱོན་པ་ཐམས་ཅད། རྙིང་མའི་བླ་མ་དགོངས་འདུས་སོགས་སུ་དངོས་སུ་ལུང་བསྟན་ཡོད་པ་རེད། ཀརྨ་པ་སྐུ་ཕྲེང་དང་པོས་སྐུ་ཕྲེང་གཉིས་པ་དུས་གསུམ་མཁྱེན་པའི་ཡབ་དང་ཡུམ་སོགས་ལུང་བསྟན་གནང་ནས་རིག་པའི་རྡོ་རྗེ་ལ་མ་ཐུག་གི་བར་དུ་སྐུ་ཕྲེང་སྔ་མས་ཕྱི་མ་རྣམས་དེ་ལྟར་ལུང་གིས་བསྟན་ནས་ཡོང་བ་དེ་སྐྱེ་བ་སྔ་ཕྱི་ཡོད་པའི་སྒྲུབ་བྱེད་རེད། དེ་ནི་ལོ་རྒྱུས་ཀྱི་སྒོ་ནས་ཚེ་སྔ་ཕྱི་ཡོད་ཚུལ་མདོར་བསྡུས་ཙམ་བཤད་པ་ཡིན།

གཞན་ཡང་རིགས་པའི་སྒོ་ནས་ཚེ་སྔ་ཕྱི་ཡོད་པར་སྒྲུབ་སྟངས་ནི། ནང་པའི་གཞུང་རྣམས་སུ་ཤིན་ཏུ་རྒྱ་ཆེན་པོ་འཆད་རྒྱུ་ཡོད་ཀྱང་ད་རེས་དེ་དག་རྒྱས་སྤྲོས་མི་བྱ། ལས་རྒྱུ་འབྲས་དང་སྐྱེ་བ་སྔ་ཕྱི་ཡོད་པར་བལྟ་རྒྱུ་ནི་ནང་པའི་ཆོས་ཐམས་ཅད་ཀྱི་ནང་ནས་མེད་དུ་མི་རུང་བའི་རྩ་བ་ཞིག་ཡིན། སྤྱིར་འཛམ་གླིང་འདིར་ལས་རྒྱུ་འབྲས་མེད་པར་འདོད་པ་དང་ཡོད་མེད་ལ་ཐེ་ཚོམ་ཅན་གྱི་མི་མང་པོ་ཡོད། ང་ཚོ་ཁྱིམ་འདི་ན་ཡོད་པ་ཚང་མས་བསམ་བློ་ཞིག་ཐོངས་དང་། ཚེ་སྔ་ཕྱི་ཡོད་ངེས་ཡིན་ཏེ། དཔེར་ན་ཀརྨ་པའི་སྐུ་ཕྲེང་རྐྱང་བ་ལ་བསམ་ན། ཚེ་སྔ་ཕྱི་ཡོད་པས་སྔ་མ་ཐམས་ཅད་ཀྱིས་ཕྱི་མ་རྣམས་ལུང་བསྟན་པ་དང་། གལ་ཏེ་ཚེ་སྔ་ཕྱི་མེད་ན་སྔ་མས་ལུང་བསྟན་པ་བཞིན་དུ་ཕྱི་མ་འབྱུང་སྲིད་རྒྱུ་མ་རེད། ཕྱི་མས་ཀྱང་སྔ་མའི་ལོ་རྒྱུས་ཐམས་ཅད་དྲན་ཐུབ་རྒྱུ་མ་རེད་ལ། ཕྱི་མ་ཐམས་ཅད་ཀྱིས་ཀྱང་སྔ་མའི་སྐུ་དུས་ཀྱི་མཛད་སྤྱོད་ཚང་མ། འུ་ཅག་གི་ཁ་རྩང་དང་ཁའི་ཉིན་གྱི་སྤྱོད་པ་བཞིན་དུ་གསལ་བོར་དྲན་ནས། ཁོང་རྣམས་ཀྱིས་སྐབས་སྐབས་སུ་གསུང་ཡོང་རྒྱུ་ཡོད་པ་དེ་སྐྱེ་བ་སྔ་ཕྱི་ཡོད་པའི་དན་རྟགས་རེད།

དེ་ལྟར་རྒྱུ་འབྲས་ཡོད་པའི་སྒོ་ནས་དགེ་བ་བསྒྲུབ་ན་ངེས་པར་དུ་བདེ་བ་དང་སྐྱིད་པོ་འབྱུང་རྒྱུ་དང་། མི་དགེ་བ་བསགས་ན་ངེས་པར་སྡུག་པོ་དང་ཐ་ཆད་པའི་སྐྱེ་བ་མ་གཏོགས་ལོན་རྒྱུ་མ་རེད། ལས་མི་དགེ་བའི་དབང་གིས་ངན་སོང་གསུམ་དུ་སྐྱེས་སོང་ན། ད་ལྟ་མི་ཡུལ་གྱི་སྡུག་བསྔལ་གྱིས་རྩ་བ་ནས་མཚོན་ཐབས་མེད། སྡུག་བསྔལ་རྒྱ་ཆེ་ལ་རྒྱུན་རིང་བ། བཟོད་པར་དཀའ་བ་ཞིག་ཡིན་ངེས། དེས་ན་ད་ལྟ་ནས་གཟབ་གཟབ་བྱ་དགོས།

དགེ་བ་བསྒྲུབ་ན་བདེ་བ་ཅན་ལ་སོགས་པ་དག་པའི་ཞིང་ཁམས་སུ་སྐྱེ་རྒྱུ་རེད། དག་པའི་ཞིང་ཁམས་ཀྱི་ཡོན་ཏན་ནི་ང་ཚོའི་མི་ཡུལ་གྱི་བདེ་སྐྱིད་གང་གིས་ཀྱང་མཚོན་དུ་མེད་པའི་བདེ་བ་བསམ་གྱིས་མི་ཁྱབ་པ་ཞིག་འཐོབ་པར་འགྱུར་བ་ཡིན། དེའི་ཕྱིར་ན་ད་ལྟ་ནས་དགེ་བ་སྒྲུབ་པ་ལ་འབད་དགོས།

འོ་ན་སྤང་བྱ་མི་དགེ་བ་གང་ཡིན། བསྒྲུབ་བྱ་དགེ་བ་གང་ཡིན་བསམ་ན། གཙོ་བོ་གཞན་ལ་གནོད་པར་གྱུར་པའི་ལས་ཐམས་ཅད་ལ་མི་དགེ་བ་ཟེར་བ་ཡིན་ཏེ། གཞན་གྱི་སྲོག་གཅོད་པ་དང་། གཞན་གྱི་རྒྱུ་རྫས་མ་བྱིན་པར་བླངས་བ། གཞན་ལ་མགོ་སྐོར་སྣ་ཚོགས་ཀྱི་སྐད་ཆ་བཤད་པ། གཞན་མཐུན་མོ་རྣམས་ཀྱི་བར་ལ་གཏོར་བཤིག་གི་སྐད་ཆ་བཤད་པ་ལ་སོགས་པ་རྩ་བ་ནས་སྤང་དགོས་པ་ཡིན། དགེ་བ་ནི་གཞན་ལ་གནོད་པར་མི་འགྱུར་བའི་ཐབས་སུ་རང་གི་ལུས་ངག་ཡིད་གསུམ་རྩེ་གཅིག་ཏུ་སྲུང་བར་བྱེད་པ་ལ་ཟེར་བ་ཡིན།

དེ་ཡང་། རྗེ་བཙུན་མི་ལ་རས་པ་ལྟ་བུ་ལ་མཚོན་ན། ཐོག་མར་ཁུ་བོ་དང་ཨ་ནེ་སོགས་དགྲ་རུ་སྡང་བའི་རྐྱེན་གྱིས་འཁོར་བ་མཐའ་དག་ལ་སྙིང་པོ་མེད་པར་ཤེས་ནས། མི་དགེ་བ་ཆ་དང་བཅས་པ་སྤངས་ནས་དགེ་བ་ཡང་དག་པར་སྒྲུབ་པའི་ལམ་ལ་འཇུག་རྒྱུ་དེ་ཡིན།

ཐུན་མིན་ཐེག་ཆེན་གྱི་ཉམས་ལེན།

ཐེག་པ་ཆེན་པོའི་ཆོས་ཀྱི་རྩ་བ་ནི། རང་གི་ལུས་དང་སྲོག་གི་ཕྱིར་དུ་ཡང་དཀོན་མཆོག་རིན་པོ་ཆེ་མི་སྤོང་བའི་སྐྱབས་འགྲོའི་སྡོམ་པ་སྔོན་དུ་རང་རྒྱུད་ལ་ལེན་དགོས། དེའི་རྗེས་སུ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་སེམས་དཔའི་ལམ་ལ་བསླབས་ནས་རང་ལས་ཀྱང་གཞན་གཅེས་པར་འཛིན་པའི་སྤྱོད་པ་ལ་བསླབ་དགོས། དེ་ཇི་ལྟར་ཉམས་སུ་ལེན་དགོས་ན། ནང་ཆོས་སུ་འདི་ལྟར་གསུངས་ཡོད་པ་སྟེ། ཁེ་དང་རྒྱལ་ཁ་གཞན་ལ་བྱིན། །གྱོང་དང་བུབ་ཁ་རང་གིས་ལེན། །ཞེས་ཁེ་དང་རྒྱལ་ཁ། བདེ་བ་སྐྱིད་པོ་ཡོད་ཚད་གཞན་ལ་འཐོབ་པར་བྱ་དགོས་པ་དང་། སྡུག་བསྔལ་དང་མི་འདོད་པ་རྣམ་པ་སྣ་ཚོགས་ཅི་ཡོད་པའང་རང་གི་སྟེང་དུ་ལེན་ཨེ་ཐུབ་བལྟ་དགོས་པ་ཡིན། དེ་འདྲའི་བྱ་སྤྱོད་དེ་དང་པོ་ནས་ཇི་བཞིན་དུ་བསླབ་མི་ཐུབ་ཀྱང་རིམ་པ་བཞིན་དུ་བསླབ་དགོས།

ཇི་ལྟར་བསླབ་དགོས་ཟེར་ན། དང་པོ་བདག་གཞན་མཉམ་པ་བསྒོམ་དགོས། བདག་གཞན་མཉམ་པ་དེ་ཇི་ལྟ་བུ་ཡིན་ན། རང་གིས་བདེ་བ་འདོད་པ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱིས་ཀྱང་བདེ་བ་འདོད་པ་ཡིན། རང་གིས་སྡུག་བསྔལ་མི་འདོད་པ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱིས་ཀྱང་སྡུག་བསྔལ་མི་འདོད་པ་ཡིན། དེས་ན་བདག་དང་འདྲ་བར་བྱས་ནས་སེམས་ཅན་ཐམས་ཅད་ལ་བདེ་བ་བསྒྲུབ། སྡུག་བསྔལ་མི་འབྱུང་བའི་བྱམས་སྙིང་རྗེ་འདི་ཨུ་རུ་མུ་རུ་བྱས་ནས་བསྒོམ་དགོས།

དེ་ལ་གོམས་ནས་བདག་ལས་གཞན་གཅེས་ཀྱི་བློ་བསྒོམ་དགོས། དེ་སྒོམ་ཚུལ་གྱི་ཚིག་རྩ་འགའ་ཞིག་ངས་དཔེར་མཚོན་ནས་བཤད་ན། རང་གིས་ཕར་གཞན་ཞིག་ལ་བུ་ལས་ཀྱང་གཅེས་པར་བསྐྱངས་ན་ཡང་། བདག་ལ་ནི་དུས་རྟག་ཏུ་དགྲ་བཞིན་དུ་བལྟས་ནས་གནོད་པ་སྣ་ཚོགས་བསྐྱལ་ན་ཡང་། དེའི་སྟེང་ལ་ཁོང་མི་ཁྲོ་བ་མ་ཟད། དཔེར་ན། མ་ཞིག་གི་བུ་སྨྱོ་ནད་ཀྱིས་ཐེབས་ན། བུས་མ་ལ་གནོད་པ་ཅི་བྱས་ཀྱང་མ་ཡིས་ཁོ་མོའི་བུ་འདི་ནད་ལས་ནམ་གྲོལ་འགྲོའམ་སྙམ་པ་ལས། མོ་ལ་གནོད་བསྐྱལ་སོང་བསམ་ནས་ཁོང་མི་ཁྲོ་བ་དེ་བཞིན་དུ། རང་ལ་གནོད་པ་སྐྱེལ་བའི་སེམས་ཅན་ལའང་ཕན་སེམས་དེ་ལྟ་བུ་བསྒོམ་དགོས།

གཞན་ཞིག་གིས་རང་ལ་མི་སྟོང་ཕྲག་ཁྲི་ཕྲག་མང་པོ་འདུས་ས་ནས་མཚང་བྲུས་སྐྱོན་བརྗོད། ཚིག་ངན་སྨྲས་ན་ཡང་། དེ་ལ་ཕར་གནོད་ལན་མི་སྐྱེལ་བར། དེ་དག་ཐམས་ཅད་ལ་དགའ་བ་དང་གུས་པ་བསྒོམས་ནས། ང་ལ་སྐྱོན་ཡོད་པ་གསལ་བོ་བསྟན་པ་རེད་བསམ་ནས་བླ་མ་བཞིན་དུ་གུས་གུས་ཀྱང་བྱ་དགོས།

རང་གིས་ཕར་གནོད་པ་ཁབ་ཙམ་མ་བསྐྱལ་ནའང་། རང་ལ་ཚུར་རྡུང་བ་དང་བྲབས་པ་ཙམ་གྱིས་མ་ཚད། རང་གི་མགོ་བོ་བཅད་སོང་ན་ཡང་། དེ་ལ་ཁོང་མི་ཁྲོ་བ་མ་ཟད་དེ་ཉིད་བདེ་བ་དང་ལྡན་ཞིང་། སྡུག་བསྔལ་དང་བྲལ་བར་གྱུར་ཅིག་སྙམ་པའི་བསམ་པ་བསྒོམ་དགོས།

རྗེ་བཙུན་མི་ལ་རས་པའི་ཉམས་ལེན་ཡང་དེ་ཡིན། ཁོང་གིས་ལྷོ་བྲག་མར་པ་ལོ་ཙཱ་བསྟེན་ནས། རྗེས་མ་ཆོས་རྣམ་པར་དག་པ་ཐུགས་རྒྱུད་ལ་འཁྲུངས་ཡོང་དུས། སྔོན་ཆད་ཁོང་ལ་དགྲ་བཞིན་དུ་ལྟ་བའི་ཨ་ནེ་དང་གཞན་ཚང་མ་ཡང་འཁོར་དུ་བསྡུས་ནས། ཆོས་དང་གདམས་པ་བསྟན་ནས་ཡང་དག་པའི་ལམ་ལ་བཀོད་པ་ཡིན།

དེས་ན་ཁྱེད་རྣམ་པ་ཚང་མས་བསམ་བློ་ཐོངས་དང་། ངས་ད་ཅི་སྔོན་དུ་དེ་རིང་འདིར་ཚོགས་པའི་ནང་པ་སངས་རྒྱས་པ་ཐམས་ཅད་ལས་ཉམས་ལེན་སྔར་མེད་པ་རྣམས་ཀྱིས་ཉམས་ལེན་གྱིས། སྔར་ཡོད་པ་ཐམས་ཅད་ཀྱིས་ཉམས་ལེན་ལ་བོགས་འདོན་གྱིས་ཞེས་བཤད་པའི་ཚིག་རྩའི་དོན་དག་ཀྱང་དེ་ཡིན། ནང་པ་སངས་རྒྱས་པ་མ་ཡིན་པ་དང་ཆོས་ལུགས་གཏན་ནས་མེད་པའི་གང་ཟག་ཅིག་ཡིན་རུང་འདི་ལ་བསམ་བློ་ཞིག་ཐོངས་དང་། ནང་པའི་ཆོས་ལ་རང་ཤུགས་ཀྱིས་དགའ་བ་མི་སྐྱེ་ཐབས་མེད་ཅིག་ཡོང་བ་ཡིན།

ང་ཚོ་ལ་མཚོན་ན། ཕན་པ་སྒྲུབ་པའི་མི་ལ་དགའ་ཞིང་གནོད་སྐྱེལ་མཁན་ལ་མི་དགའ་བ་ཡིན། དེས་ན་སངས་རྒྱས་ཀྱི་ཆོས་འདི་ཡང་དངོས་གནས་འཚེ་མེད་ཞི་བའི་ལམ་བཟང་ཟེར་བ་ཡིན་ཏེ། སེམས་ཀྱིས་འཚེ་བ་མེད་པ་དང་། ལུས་ངག་གིས་གཞན་ལ་གནོད་མི་སྐྱེལ། གཞན་ལ་ཕན་འདོགས་རྒྱུ་ནི་སངས་རྒྱས་ཀྱི་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ཞེས་ཤིན་ཏུ་མང་པོ་ཞིག་གསུངས་པ་ཚང་མའི་གནད་ཚུར་བསྡུས་པའང་དེ་ཡིན། འདི་ལ་བསམ་བློ་ཞིག་གཏང་ཤེས་ན། རང་ཤུགས་ཀྱིས་ནང་པ་སངས་རྒྱས་པའི་བསྟན་པ་ལ་མི་དགའ་མི་སྲིད་པ་ཡིན།

དེ་ཡང་སྔོན་གྱི་ལོ་རྒྱུས་ཀྱི་དབང་དུ་བྱས་ན། ལྷ་དབང་ཕྱུག་ཆེན་པོས་མངོན་སུམ་དུ་རྗེས་སུ་བཟུང་ཡོད་པའི་ཕྱི་རོལ་བའི་པཎྜི་ཏ་ཞིག་སྔོན་མ་ཕྱི་རོལ་པ་ཡིན་ཡང་རྗེས་སུ་ནང་པ་སངས་རྒྱས་པར་གྱུར། ཁོའི་རྩོམ་ཡིག་ཅིག་གི་ནང་ན། མུ་སྟེགས་ཅན་གྱི་གཞུང་ལུགས་ལ། །ཇི་ལྟ་ཇི་ལྟར་རྣམ་བསམ་པ། །དེ་ལྟ་དེ་ལྟར་མགོན་ཁྱོད་ལ། །བདག་གི་སེམས་ནི་དད་པར་གྱུར། །ཅེས་བྲིས་ཡོད། དེའི་ནང་དོན་ནི་མུ་སྟེགས་ཅན་གྱི་ཆོས་ལ་བསམ་བློ་ཅི་ཙམ་བཏང་ན་དེ་ཙམ་གྱིས་ནང་པ་སངས་རྒྱས་པའི་ཆོས་ལ་དད་པ་དང་དགའ་བ་སྐྱེ་འོང་བར་འདུག་ཅེས་གསུངས།

ཁོས་དེ་ལྟར་བཤད་པ་ལ་དོན་དག་ཅིག་ཡོད་པ་ཡིན་ཏེ། སྔོན་ཆད་དར་བའི་མུ་སྟེགས་པ་ཁ་ཅིག་གིས་མི་བསད་ན་དགེ་བ་ཡིན་ཞིང་ཁྱད་པར་དུའང་གཡུལ་དུ་མི་མང་པོ་བསད་ན་དགེ་བ་ཡིན་ཟེར་ཡང་། བཅོམ་ལྡན་འདས་ཀྱིས་དེ་དག་མི་དགེ་བ་ཡིན་པར་གསུངས་ཡོད། དོན་དངོས་ཐོག་ནས་བསམ་བློ་བཏང་ན་སེམས་ཅན་ལ་གནོད་པ་བསྐྱལ་ན། ཅི་འདྲ་བ་ཡི་ལས་བྱས་ན། །དེ་འདྲ་བ་ཡི་འབྲས་བུ་འབྱུང་། །ཞེས་གསུངས་པ་ལྟར་གནོད་པ་འབྱུང་རྒྱུ་རེད་མ་གཏོགས་ཕན་པ་འབྱུང་རྒྱུ་མིན། གཞན་གྱི་ཆུང་མ་ལ་འདོད་ལོག་སྤྱད་ནས་བཟའ་ཚང་མཐུན་པ་རྣམས་མི་མཐུན་པར་བྱས། བཟའ་ཚང་གི་ནང་ལ་གཏོར་བཤིག་མང་པོ་བྱས་ནས་མི་མཐུན་པ་མང་པོ་བྱས་ན། མུ་སྟེགས་པ་ཁ་ཅིག་གིས་དགེ་བ་རེད་ཟེར་ཡང་། བཅོམ་ལྡན་འདས་ཀྱིས་དེ་མི་དགེ་བ་ཡིན་པར་གསུངས་པས། ལུས་དང་སེམས་མཐུན་མོ་ཡོང་ན་དགེ་བ་ཡིན་རྒྱུ་རེད་མ་གཏོགས། དེ་མི་མཐུན་པ་དང་གནོད་པ་བྱས་ན་དགེ་བ་གང་ཡང་ཡིན་རྒྱུ་མ་རེད་ཅེས་གསུངས། མུ་སྟེགས་ཅན་གྱི་གཞུང་ན་ཤོབ་དང་རྫུན་བཤད་ནས་མི་བརྒྱ་སྟོང་མང་པོ་མགོ་བསྐོར་ནས་ལོག་པའི་ལམ་ལ་ཁྲིད་ཐུབ་ན་དགེ་བ་ཡིན་ཟེར་ཡང་། བཅོམ་ལྡན་འདས་ཀྱིས་དྲང་མོ་དང་བདེན་པའི་སྐད་ཆ་བཤད་ན་དགེ་བ་ཡིན་གསུངས་པས། ཁོང་གིས་གསུངས་པ་དེ་བདེན་པ་ཡིན་རྒྱུ་རེད་མ་གཏོགས། གཞན་དག་གིས་ཟེར་རྒྱུ་དེ་དགེ་བ་ཡིན་རྒྱུ་མ་རེད།

དེས་ན་ནང་པ་སངས་རྒྱས་པའི་སྟོན་པ་ཐུགས་རྗེ་ཅན་ཤཱཀྱ་ཐུབ་པ་ནི་བདེན་པ་ཉག་གཅིག་སྨྲ་བ་ཡིན། ཁོང་གིས་སྔ་ཕྱིར་ལུང་བསྟན་པ་སྔོན་ཆད་ནས་ད་ལྟའི་བར་དུ་གང་གསུངས་པ་ཐམས་ཅད་བདེན་པ་ཉག་གཅིག་མ་གཏོགས་མི་བདེན་པའི་ཚིག་གཅིག་ཀྱང་བཤད་མེད་པ་དང་། ཆོས་འདི་ལྟ་བུ་ཉམས་སུ་བླངས་ན་གྲུབ་འབྲས་འདི་འདྲ་འབྱུང་བ་དང་། ཆོས་ཟབ་མོ་འདི་ལྟ་བུ་ཞིག་ལ་བསླབ་ན་ཡུན་འདི་འདྲ་བ་ཞིག་གིས་འབྲས་བུ་འཐོབ་པར་འགྱུར་ཞེས་གསུངས་པ་ཐམས་ཅད་ཀྱང་བདེན་པ་ཁོ་ན་ལས་མ་འདས་པ་ཡིན།

དེ་ཡང་བོད་གངས་རིའི་ལྗོངས་ལ་མཚོན་ན་ཡུལ་ཁམས་ཆུང་ཆུང་ཡིན་ཡང་། དེ་ན་ཡོད་པའི་སྐྱེ་བོ་ཐམས་ཅད་ནི་བཅོམ་ལྡན་འདས་ཀྱི་གསུང་འབའ་ཞིག་ཉམས་སུ་ལེན་མཁན་རྐྱང་རྐྱང་ཡིན། བཅོམ་ལྡན་འདས་ཀྱི་གསུང་བཞིན་ཉམས་སུ་བླངས་ནས་འབྲས་བུ་ཐོབ་མཁན་ཡང་ཧ་ཅང་མང་པོ་ཡིན།

ད་སྐབས་འཛམ་གླིང་གི་མི་གྲངས་རགས་རྩིས་བྱས་ན་དུང་ཕྱུར་ལྔ་བཅུ་ལྷག་ཡོད་པ་ལས། བོད་དུ་མི་ས་ཡ་དྲུག་མ་གཏོགས་མེད་ཀྱང་བོད་མིས་ནང་ཆོས་ཉམས་སུ་བླངས་ནས་གྲུབ་འབྲས་ཐོབ་པའི་གྲངས་ཚད་ལ་གཞལ་ན། འཛམ་གླིང་གི་མི་རིགས་གཞན་གྱིས་འགྲན་མི་བཟོད་པ་ལྟ་བུ་ཡིན། ཁྱེད་རྣམས་ཀྱིས་ངའི་སྐད་ཆ་ལ་ཡིད་མ་ཆེས་ན། རྗེས་མ་ཁྱེད་རྣམས་ང་ཚོའི་བོད་ཡུལ་ལ་ལྟ་སྐོར་ལ་ཕེབས་དང་དེ་ན་གོ་རྒྱུ་ལེགས་པོ་ཡོད། བོད་ཡུལ་ལ་ཆོས་ལུགས་དང་ཆོས་བརྒྱུད་མང་པོ་ཡོད་པ་ལས། ངས་བཀའ་བརྒྱུད་པའི་བསྟན་པ་རྐྱང་བ་མདོར་བསྡུས་པ་ཙམ་ཞིག་བཤད་པ་དེ་ཡིན།

ཁྱེད་རྣམ་པ་བོད་ཡུལ་མཐའ་དབུས་མེད་པར་ཡོང་མི་ཐུབ་ནའང་། སྟོད་མངའ་རིས་ཕྱོགས་ཀྱི་མི་ལ་རས་པ་རྐྱང་པ་བྱོན་སའི་ས་གནས་ཆུང་ངུ་དེ་ལ་ལྟ་སྐོར་ཞིག་གྱིས་དང་། ཁོང་ཆུ་ལ་བསྐུར་ཡང་ཆུས་མ་ཁྱེར། མེ་ལ་བསྲེགས་ཀྱང་མེ་ཡིས་མ་ཚིག རི་བྲག་ལ་ཟང་ཐལ་དུ་སོང་། ནམ་མཁའ་ལ་བྱ་ལྟར་དུ་འཕུར་བ་ལ་སོགས་པའི་གྲུབ་རྟགས་མང་པོ་བཞག་ཤུལ་ད་ལྟ་ཡང་དངོས་སུ་མཇལ་རྒྱུ་ཡོད། ངོ་མ་དངོས་ཐོག་ཏུ་བསམ་བློ་བཏང་ན། རྗེ་བཙུན་མི་ལ་རས་པ་ཁོང་མི་གཅིག་པུའི་མཛད་པ་ཡང་སངས་རྒྱས་ཆོས་ལུགས་མ་ཡིན་པའི་ཆོས་ལུགས་གཞན་དང་མི་རིགས་གཞན་གང་ལའང་དེ་ལྟ་བུ་དཀོན་མོ་ཡིན། དེ་དག་ངས་ཤོབ་བཤད་པ་མིན། རང་གིས་མ་གོ་བ་དང་མ་ཤེས་པ་འགའ་རེ་ཡོད་རྒྱུ་རེད་མ་གཏོགས། བསམ་བཞིན་དུ་ཤོབ་བཤད་པ་གཅིག་ཀྱང་མེད། དེས་ན་ཁྱེད་རྣམ་པས་སངས་རྒྱས་ཀྱི་བསྟན་པ་དེ་ལ་ཞིབ་འཇུག་ལེགས་པོ་ཞིག་གྱིས་དང་། སྔར་སངས་རྒྱས་ཀྱི་ཆོས་ལུགས་པ་ཞིག་མིན་ཡང་རང་ཤུགས་ཀྱིས་ཆོས་ལ་དགའ་མི་ཡོང་བ་མི་སྲིད།

གསང་སྔགས་ཀྱི་ཉམས་ལེན་མཛུབ་སྟོན།

དེ་ནས་ཐ་མའི་ཉམས་ལེན་ལྟ་བ་རྣམ་པར་དག་པ་ཟེར་བ་ནི། སངས་རྒྱས་ཤཱཀྱ་ཐུབ་པའི་ཐུགས་རྒྱུད་དངོས་ན་ཡོད་པ་དང་། རྒྱལ་བ་རྡོ་རྗེ་འཆང་གི་ཐུགས་རྒྱུད་ན་ཡོད་པའི་ཆོས་དེ་ཐད་ཀར་ཉམས་སུ་ལེན་པའི་ཐབས་ཤིག་རེད། དེ་ལ་ནང་གསེས་ཞི་གནས་དང་ལྷག་མཐོང་ལ་སོགས་སྒོམ་ཚུལ་མང་པོ་ཞིག་ཡོད་པ་དེ་ནི། རྗེ་བཙུན་མི་ལ་རས་པས་ཐ་མའི་དུས་སུ་ཉམས་སུ་བླངས་ནས་གྲུབ་པ་འཐོབ་པར་བྱེད་པའི་ཐུན་མིན་པའི་ལམ་ཡིན།

དེ་ལ་གསང་སྔགས་རྡོ་རྗེ་ཐེག་པ་ཞེས་བྱ་བ། སྐྱེ་བོ་སུ་ཡིན་ཡིན་ལ་བཤད་རྒྱུ་ཞིག་མ་ཡིན་པར་སྐྱེ་བོ་རེ་རེ་གཉིས་རེ་ཙམ་ལ་བཤད་རྒྱུ་ཞིག་ཡིན། སྔོན་ཆད་ཁྱེད་རྣམ་པའི་བླ་མས་གསུང་སྟངས་དེ་ནི་ཧ་ཅང་གི་བཟང་པོ་དང་ཧ་ཅང་གི་ཡག་པོ་ཞིག་རེད། དང་པོ་བློ་སྦྱོང་བྱས་ཏེ་ཆུང་ས་ནས་ཡར་སོང་ནས་གསང་སྔགས་ཀྱི་ཆོས་ལ་ཐུག་དུས། རེ་རེ་གཉིས་རེ་ཙམ་མ་གཏོགས་གཞན་ལ་ཐོབ་དཀའ་མོ་ཞིག་ཡིན་པའི་ཕྱག་བཞེས་མཛད་པ་ནི་སངས་རྒྱས་ཀྱི་ཆོས་དང་མཐུན་པ་དང་། ང་མི་སྒེར་ཡིན་ནའང་རྗེས་སུ་ཡི་རང་བའི་གནས་སུ་གྱུར་པ་ཞིག་ཡིན། ཁྱེད་རྣམ་པར་དེའི་དོན་ལ་ཐེ་ཚོམ་དང་སྒྲོ་འདོགས་གཅད་རྒྱུ་ཡོད་ན། སང་ཉིན་གནངས་ཉིན་དུས་ཚོད་གཏན་འཁེལ་བྱས་ཡོད་པ་ལྟར་དུ་བྱོན་དང་ང་ཚོས་བགྲོ་གླེང་བྱ་ཆོག

དེས་ན་ནང་ཆོས་ལ་མ་ཞུགས་པའི་སྐྱེ་བོ་རྣམས་ཀྱིས། གསང་སྔགས་འདི་སྐྱོན་ཅན་བཤད་མི་ལོ་བའི་ཐབས་སྡུག་ཅིག་ཨེ་ཡིན་བསམ་ན། དེ་ཡང་མ་ཡིན། སྐྱོན་མེད་པར་མ་ཟད་ངོ་མ་གསང་སྔགས་ཀྱི་གནད་དེ་བཤད་ཡོང་ན། ཉན་ཐོས་དང་བྱང་སེམས་ཀྱི་ཐེག་པ་གཉིས་ལས་ཀྱང་ཁྱད་དུ་འཕགས་པའི་ཚང་མ་ཡིད་ཆེས་པ་དང་དགའ་སྤྲོ་འཕེལ་བའི་ཆོས་ཤིག་ཡིན། དེ་ཡིན་པའི་གནད་ཀྱིས་བོད་ཡུལ་དུ་བཞུགས་པའི་དེང་སང་གི་བླ་མ་མང་ཆེ་བ་མ་ཟད། རྒྱ་གར་དུ་བྱོན་པའི་ཀརྨ་པ་དང་ཁོང་གི་རྒྱལ་ཚབ་རྣམ་པ་བཞི། གྲུབ་དབང་རིན་པོ་ཆེ་ལ་སོགས་པས་ཀྱང་ཉམས་ལེན་མཐར་ཐུག་པ་དེ་ཁོ་ན་ལ་མཛད་ཀྱིན་ཡོད། འོ་ན་དེ་འདྲ་བའི་ཆོས་དགའ་ས་ཡིད་ཆེས་ས་ཞིག་ཡིན་ན། དེ་བཤད་མི་ཉན་པ་གང་ཡིན་བསམ་ན། སངས་རྒྱས་ཀྱི་བཀའ་ལས། གསང་སྔགས་སྐྱོན་ཡོད་མ་ཡིན་ཏེ། །གསང་སྒྲུབ་དངོས་གྲུབ་འབྱུང་ཕྱིར་གསང་། །ཞེས་གསང་སྔགས་ལ་སྐྱོན་ཆེ་བས་གསང་དགོས་པ་མིན། གསང་བའི་སྒོ་ནས་སྒྲུབ་ཐུབ་ན་དངོས་གྲུབ་སྟེ་གྲུབ་འབྲས་མངོན་དུ་འགྱུར་ཡོང་བའི་ཕྱིར་ན་གསང་དགོས་གསུངས་པ་ཡིན། གསང་ན་དངོས་གྲུབ་འབྱུང་བ་སྲིད་དམ་སྙམ་ན། གསང་ན་དངོས་གྲུབ་འབྱུང་བ་ནི། བོད་སྨན་ལྟ་བུར་དཔེ་མཚོན་ནས་བཤད་ན། འགའ་རེའི་སྨན་མིང་དང་སྡེབ་སྦྱོར་སོགས་བཤད་དེ་ནད་པ་ལ་སྦྱིན་ན་ཕན་མི་ཐོགས། དེ་མ་བཤད་པར་གསང་ནས་སྦྱིན་ན་ཕན་ཐོགས་པ་ནི་ཀུན་ལ་གྲགས་པ་ལྟར་ཡིན། དེ་ལྟར་གསང་སྔགས་དེ་ཡང་གསང་ན་དངོས་གྲུབ་འབྱུང་ལ་བཤད་ཆེ་ན་དངོས་གྲུབ་མི་འབྱུང་བའི་རྒྱུ་མཚན་གྱིས་གསང་དགོས་པ་ཡིན།

ཁྱེད་རྣམས་ཀྱིས་རྗེ་བཙུན་མི་ལ་རས་པའི་ཉམས་ལེན་བཞིན་དུ་ལམ་ཆ་ཚང་བ་རེ་ཉམས་སུ་ལེན་རྒྱུའི་རེ་བ་ཡིན། སྔོན་ཆད་ཆོས་ཀྱི་ཕུགས་རྒྱ་གར་འཕགས་པའི་ཡུལ་ལ་ཐུག་ཡོད་པ་དང་། དེང་སང་བཅོམ་ལྡན་འདས་ཀྱིས་ལུང་བསྟན་པ་བཞིན་དུ་ཆོས་ཀྱི་ཕུགས་དེ་ཡང་བོད་གངས་རིའི་ལྗོངས་ལ་ཐུག་ཡོད། དེས་ན་ཁྱེད་རྣམ་པས་རྗེས་མར་ཡང་བྱམས་སྙིང་རྗེ་རྩལ་དུ་བཏོན་ནས་བཤད་མཁན་གྱི་བླ་མ་སུ་ཡིན་ཡང་གུས་བཀུར་དང་ལེན་གྱིས་དང་ཁྱེད་རྣམ་པ་ལ་ཕན་པ་འབྱུང་བ་མ་གཏོགས་གནོད་པ་མི་འབྱུང་ངེས་ཅན་ཡིན།

ཁྱེད་རྣམ་པས་བསམ་བློ་ཞིག་ཐོངས་དང་། ཨ་རིའི་ཡུལ་ཁམས་འདི་ན་ད་ལྟ་དངོས་སུ་བཞུགས་ཡོད་པའི་བླ་མ་ཐམས་ཅད་ཀྱིས་ཁྱེད་ཚོ་ལ་ཆོས་བཤད། གདམས་ངག་གནང་ནས་ད་སྐབས་ཁྱེད་རྣམས་ལ་ཕན་པ་དང་བདེ་སྐྱིད་ཡང་དག་པ་ཞིག་འབྱུང་ཡོད་པ་མངོན་སུམ་ཡིན། དེའི་ཕྱིར་ན་ཁྱེད་རྣམས་ཀྱིས་རྗེས་མར་བླ་མ་སུ་དང་སུ་འབྱོན་ཡོང་ན་ཡང་གུས་བཀུར་དང་ལེན་བྱ་རྒྱུ་མ་འཆུག

ཁྱེད་ཚོའི་བླ་མ་རིན་པོ་ཆེ་དང་ང་ཚོ་ཆོས་བརྒྱུད་ཡང་གཅིག་པ་རེད། རིན་པོ་ཆེའི་མཛད་པ་ལ་བསམ་བློ་ཐོང་དང་། ད་སྐབས་ཁོང་ས་གནས་འདིར་མ་བྱོན་ན་བོད་མི་གཅིག་གཉིས་རེས་འདིར་ཆོས་སྒྲུབ་སྲིད་པ་མ་གཏོགས། གཞན་ཚང་མས་ཆོས་མི་ཤེས་པར། བསམ་སྤྱོད་ཕལ་ཆེ་བ་སྡིག་པའི་ལས་སུ་སོང་ནས་རང་གཞན་གཉིས་ལ་ཕན་ཐོགས་རྒྱུ་མ་རེད། ཁོང་ས་གནས་འདིར་བྱོན་ནས་ད་སྐབས་ཁྱེད་ཚོའི་ཆོས་ཚོགས་འདི་གཙོར་བྱས་པའི་གཞན་ཡང་ཆོས་ཚོགས་ཁག་བརྒྱ་ཕྲག་ལྷག་ཅིག་ཡོད་པར་ཐོས་བྱུང་། དེ་ཚང་མ་ལའང་ཆོས་བཤད་ནས་ཐམས་ཅད་ཀྱང་འདི་ཕྱི་གཉིས་ཀར་བདེ་བ་དང་ལྡན་ཞིང་སྡུག་བསྔལ་དང་བྲལ་བ་འབའ་ཞིག་མ་གཏོགས་ཡོད་རྒྱུ་མ་རེད། དེ་ཡང་བོད་ཀྱི་བླ་མའི་བཀའ་དྲིན་རེད།

ང་ལ་མཚོན་ན་ཁྱེད་རྣམ་པ་ལ་ཕན་རྒྱ་ཆེན་པོ་མི་ཐོགས་ཏེ། ལོ་ཡང་རྒས་ལ་ནད་པ་ཡང་རེད། ཕལ་ཆེར་ད་རེས་ལན་གཅིག་མ་གཏོགས་ཨ་རིའི་ཡུལ་ཁམས་འདི་ལ་ཐོན་སྲིད་རྒྱུ་མ་རེད། ང་འདྲ་བས་ཁྱེད་རྣམ་པ་ལ་ཕན་ཐོགས་ཟེར་དགོས་ན་དཀའ་མོ་རེད།

ཁྱེད་རྣམས་དང་རྒྱུན་དུ་འགྲོགས་ཡོད་པའི་བླ་མ་མང་པོ་འདིར་བཞུགས་ཡོད་པ་ཐམས་ཅད་ནི་ཁྱེད་ཅག་གི་བསོད་ནམས་ཀྱི་སྟོབས་ལས་གྲུབ་ཡོང་བ་རེད། ཁྱེད་རྣམ་པས་གུས་བཀུར་དང་ལེན་གྱིས། ཁོང་རྣམ་པའི་གསུང་བཞིན་དུ་ཆོས་དགེ་བ་ཉམས་སུ་ལེན་རྒྱུ་མ་འཆུགས། ང་མ་ཟད་ངེད་བོད་ལུང་པ་ནས་ཀྱང་བླ་མ་མང་པོ་ཞིག་ཨ་རིའི་ཡུལ་ཁམས་འདིར་ཐོན་རྒྱུ་རེད་ཟེར་ན་དཀའ་མོ་རེད། བོད་ནང་ནས་ཆ་རྐྱེན་མང་པོ་མ་ཚང་ན་ཐག་རིང་འདི་འདྲ་ལ་ཡོང་ཁག་པོ་རེད།

གཞན་ཡང་བོད་མི་ཕྱི་ལོགས་ལ་བྱོན་ཟིན་པ་རྒྱ་གར་ལ་སོགས་ན་བཞུགས་པའི་བླ་མ་ཚང་མ་ལ་གུས་བཀུར་དང་ལེན་བྱ་རྒྱུ་རེ་བ་ཡིན། རྒྱ་གར་ཡུལ་གྱི་བླ་མ་རྣམས་དང་ཁྱེད་ཚོ་འབྲེལ་བ་ཡང་ཆེན་པོ་རེད། ཁྱེད་རྣམས་དང་ཆོས་བརྒྱུད་གཅིག་པའི་བཀའ་བརྒྱུད་པའི་བླ་མ་རྣམས་སྨོས་མ་དགོས་པ་རེད། གཞན་བསྟན་རྒྱམ་རིན་པོ་ཆེ་ཁོང་ནི་སངས་རྒྱས་ཀྱི་བསྟན་པ་ཡོངས་རྫོགས་ཀྱི་བདག་པོ་དང་། འཕགས་པ་འཇིག་རྟེན་དབང་ཕྱུག་གི་སྤྲུལ་བ་ཡིན་པས། ཁོང་གི་ཞལ་མཇལ་བ་དང་གསུང་ཐོས་པ་ཡང་དོན་དང་ལྡན་པ་རེད། ཁྱེད་རྣམ་པས་ཁོང་ལ་ཡང་འབྲེལ་བ་བཞག་ན་ཕན་པ་དང་འབྲས་བུ་རྒྱ་ཆེན་པོ་ཡོང་རྒྱུ་རེད།

དེ་མིན་ད་སྐབས་རྒྱ་གར་ལྷོ་ཕྱོགས་ན་བཞུགས་ཡོད་པའི་གྲུབ་དབང་པདྨ་ནོར་བུ་ཁོང་ཡང་ཕལ་ཆེར་སང་ཕོད་ཙམ་ན་ཨ་རིར་འབྱོན་པའི་འཆར་གཞི་འདུག་ཅིང་། ཁོང་ནི་སྔ་འགྱུར་གསང་སྔགས་རྙིང་མ་བའི་བསྟན་པའི་བདག་པོ་གཅིག་པུ་རེད། ང་ལ་མཚོན་ན་ཁོང་གི་འདབས་ཀྱི་བླ་མ་ཆུང་ཆུང་ཞིག་ཡིན། བོད་ཡུལ་དུ་ཁོང་གིས་བདག་པོ་རྒྱག་དགོས་སའི་དགོན་པ་བརྒྱ་ཕྲག་མང་པོ་ཡོད་རྒྱུ་རེད། རྒྱ་གར་གྱི་ཡུལ་དུའང་རབ་བྱུང་ངུར་སྨྲིག་འཛིན་པའི་བསྟན་པས་དཀར་འཇམ་ཡུག་གཅིག་ཏུ་བསྒྱུར་ནས་བསྟན་པ་རྣམ་པར་དག་པ་སྒྲུབ་ཀྱིན་ཡོད་མཁན་ཁོང་འདྲ་བ་དེང་སང་ཧ་ཅང་དཀོན་མོ་རེད། ཁོང་གི་མི་ལུགས་ལ་བསམ་བློ་བཏང་ན་ཡང་། ཐམས་ཅད་ལ་ཕན་པ་སྒྲུབ་པ་མ་གཏོགས། གནོད་པ་སྣ་གཅིག་ཀྱང་མི་སྒྲུབ་པའི་བླ་མ་ཧ་ཅང་གི་བཟང་པོ་ཞིག་ཡིན།

ཆོས་ལུགས་ཁག་ལ་བསམ་བློ་བཏང་ན། སྤྱིར་ཁོང་འཛམ་གླིང་གི་ཆོས་ལུགས་ཚང་མ་ལ་མཐུན་སྒྲིལ་བྱེད་པའི་བླ་མ་རེད། ཁྱད་པར་དུ་རྙིང་མ་བཀའ་བརྒྱུད་ས་སྐྱ་དགེ་ལྡན་ཚང་མ་ལ་ཞབས་ཞུ་ཅི་འགྲུབ་བྱེད་པ་མ་ཟད། བསྟན་པ་ཚང་མ་སྤེལ་བའི་ཐབས་ལ་བརྩོན་པ་འབའ་ཞིག་གནང་བར་མཛད་པ་རེད། ད་སྐབས་ཁོང་རིན་པོ་ཆེ་ལ་སོགས་པའི་བཀས་གནང་བ་བཞིན་དུ་རྙིང་མའི་བསྟན་པའི་གཙོ་བོར་བསྐོས་ཡོད་པས་རྙིང་མའི་བསྟན་པར་གཙོ་འདོན་མཛད་དགོས་པ་རེད་མ་གཏོགས། ཁོང་གི་ཐུགས་རྒྱུད་ན་བསྟན་པ་ཐམས་ཅད་ལ་གུས་པ་དང་དང་བ་ཡོད་ཚད་ཨ་ན་མ་ན་ཡིན་རྒྱུ་རེད།

དེ་ལྟ་བུའི་བླ་མ་དེ་རྗེས་མར་འབྱོན་ཡོང་ན། ཁྱེད་རྣམ་པས་དད་པ་ཞོག ཆོས་ཞུས། འབྲེལ་བ་གྱིས་དང་། ཁྱེད་རྣམ་པ་ལ་ཕན་པ་རྒྱ་ཆེན་པོ་ཡོད་རྒྱུ་རེད་བསམ། དེར་མ་ཟད་ཁྱེད་ཨ་རིའི་ལུང་པ་ན་ཡོད་པའི་རིན་པོ་ཆེ་རྣམས་ཀྱང་ང་ཚོ་ཕ་ཡུལ་གཅིག་པ་རེད། ཁོང་རྣམ་པར་ཁྱེད་རྣམ་པ་ལས་ཀྱང་རྒྱུས་ཆ་གསལ་པོ་ང་ལ་ཡོད། ཁོང་རྣམ་པས་ཀྱང་སངས་རྒྱས་ཀྱིས་གསུངས་པ་བཞིན་དུ་སེམས་ཅན་ལ་ཕན་པ་སྒྲུབ་པ་མ་གཏོགས། གནོད་པ་སྣ་གཅིག་ཀྱང་བསྒྲུབ་རྒྱུ་མ་རེད། དེས་ན་ཁྱེད་རྣམ་པས་ཀྱང་ཁོང་ཚོའི་བཀའ་བཞིན་དུ་བསྒྲུབས་ནས་ཆོས་ཉམས་སུ་ལེན་རྒྱུའང་ངའི་རེ་བ་ཡིན།

མདོར་ན། ཁྱེད་རྣམ་པའི་བསམ་པ་དང་སྤྱོད་པ་ཐམས་ཅད་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་རྒྱུར་འགྱུར་བ་དང་། ཁྱད་པར་དུ་རྒྱུད་ལ་བསམ་པ་བཟང་པོ་འཁྲུངས་བ་ལ་ངས་སྨོན་འདུན་བཟང་པོ་ཞུ་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས།

ཆོས་རྗེ་ཉིད་ཀྱིས་འདིར་གསང་སྔགས་ཀྱི་ཆོས་གསུང་སྐབས་སུ། ཕྱག་རྒྱ་ཆེན་པོ་དང་རྫོགས་པ་ཆེན་པོའི་སྒོམ་ཐབས་ཆེར་མ་གསུངས་པར། གསང་སྔགས་ནི་དམ་ཚིག་ཡང་དག་སྲུང་བའི་རྨང་གཞིའི་སྟེང་སྔགས་ལ་ཉམས་ལེན་ཡོད་པའི་ཨ་རིར་སྡོད་པའི་བླ་མ་དགེ་བའི་བཤེས་གཉེན་རྣམས་བསྟེན་པར་གྱིས་ཞེས་གསུངས། གསང་སྔགས་ཀྱི་ཉམས་ལེན་འདི་ཚོ་ཡུན་རིང་པོའི་བར་དུ་བླ་མ་བསྟེན་ནས་ཐུན་མོང་མ་ཡིན་པ་རྣམས་ལག་ཁྲིད་ཀྱང་མཛད་དགོས་པས། ཆོས་རྗེ་ཉིད་ཀྱིས་སྐབས་འདི་ནས་གསང་སྔགས་ལ་འཇུག་པའི་ཁ་ཕྱོགས་གསལ་པོར་བསྟན་པ་ཙམ་ལས། དངོས་སུ་སྒོམ་སྟངས་ནི་མ་གསུངས།

ཚེ་སྲོག་ཅིག་གཉིད་ལས་བསླངས།

ལོ་འགའ་ཤས་ཀྱི་སྔོན་ལ། བདག་ཨ་རིར་འཆད་ཁྲིད་དུ་འགྲོ་སྐབས། མིང་ལ་ལཱེ·གྷུ་རཱོ་ཐཱི་(Lea Groth)ཟེར་བའི་ཨ་རིའི་ཆོས་པ་ཞིག་དང་འཕྲད། མོ་རང་ན་ཚོད་ཕྲ་ཞིང་བྱ་བའི་སྤང་བླང་མི་ཤེས་པའི་དུས་དེར། ཆོས་རྗེ་ཉིད་༡༩༩༣ལོར་ཨ་རིར་བྱོན་པའི་སྐབས་དང་ཁེལ་ནས། ཞལ་མཇལ་མྱོང་བར་མ་ཟད་མཱེལ་ཧཱེ་ལྷ་ཁང་འདི་ནས་ཆོས་ཁྲིད་ཀྱང་ཐོབ་མྱོང་འདུག ཆོས་ཁྲིད་དེ་ཐོས་པ་ནས་བཟུང་། མོའི་མི་ཚེ་ལ་འགྱུར་བ་བསམ་ཡུལ་ལས་འདས་པ་བྱུང་བར་བཤད་པ་འདི་ལྟར།

སྐབས་དེར་ང་རང་ལོ་༡༣ཡིན། གཞན་སུ་ལའང་འགྲོག་རྒྱུར་མི་དགའ་བར་ནམ་རྒྱུན་གཅིག་པུར་སྡོད་ཅིང་། དགའ་སྡུག་ཀྱང་ཤིན་ཏུ་སྐྱེན་པོ་ཅན་ཞིག་ཡིན།

ངའི་ཕ་མ་ནི་ཡོ་རོབ་ནས་བརྒྱུད་པའི་ཨ་རིའི་མི་ཡིན་ལ། གཉིས་ཀ་བོད་བརྒྱུད་ནང་བསྟན་གྱི་ཆོས་པ་ཡིན། ཁོ་ཚོའི་ཆོས་ཚོགས་ཀྱིས་རྙིང་མའི་བླ་མ་མང་པོ་གདན་འདྲེན་ཞུས་ཏེ། རྟག་ཏུ་ཆོས་ཀྱི་མཛད་སྒོ་སྣ་ཚོགས་སྤེལ་བ་ཡིན། དེ་ལྟའི་རྩ་འཛུགས་བྱེད་མཁན་གྱི་མི་རབས་གཉིས་པ་བདག་ལ་མཚོན་ན། ལོགས་སུ་རྩེད་མོ་རྩེད་རོགས་ཀྱི་ཕུ་ནུ་མིང་སྲིང་དང་ལྟ་སྐྱོང་བྱེད་པའི་གཉེན་ཉེ་མེད་པས། རྒྱུན་དུ་ཕ་མའི་རྗེས་སུ་འབྲངས་ནས་ཆོས་ཚོགས་ཀྱི་བྱེད་སྒོ་རུ་འཇུག་པ་ལས་བྱ་ཐབས་བྲལ།

ཐེངས་ཤིག བོད་ཡུལ་ནས་ཡོང་བའི་རིན་པོ་ཆེ་ཞིག་ཨ་རི་ལ་ཆོས་ཁྲིད་གསུང་བར་བྱོན་པ་ཐོས་པས། ངེད་ཅག་གིས་ཆུ་ཚོད་ཕྱེད་ཀྱི་ཡུན་ལ་རླངས་འཁོར་བསྐོར་ཏེ་ལྷ་ཁང་ཞིག་ཏུ་འབྱོར། སྐྱོན་བརྗོད་དང་སུན་འབྱིན་ལ་ལྷན་སྐྱེས་ཀྱིས་དགའ་བའི་ང་རང་ལ་མཚོན་ན། ལྷ་ཁང་དེར་མ་ཕྱིན་པའི་སྔོན་ལ་རང་གཤིས་ཤིན་ཏུ་གྱོང་ཞིང་དོགས་པ་མང་པོ་ཅན་ཞིག་ཡིན། དེ་བས་ཉིན་དེར་ཆོས་ཁྲིད་ཀྱི་མགོ་ནམ་བཟུང་མི་དྲན་ལ། ཆོས་འཆད་མཁན་གྱི་མི་གཙོ་བོ་སུ་ཡིན་ཡང་མི་ཤེས་པ་མ་ཟད། བྱེད་སྒོ་དེར་དཔེ་མཚོན་རང་བཞིན་གྱི་བོད་ཀྱི་རྣམ་པ་གང་ཡང་མི་འདུག་པ་ཁོ་ན་དྲན་གྱིན་འདུག ང་རང་གསེར་འོད་ལམ་ལམ་འཕྲོ་ཞིང་སྐྱིང་ཁེབ་ཀྱིས་བརྒྱན་པའི་མཆོད་ཆས་དང་། ཁ་ཏོན་སོགས་ལ་གོམས་ཟིན་པས་མཚར་སྣང་ཅིའང་མེད་མོད། སྐབས་དེར་ལྷ་ཁང་དུ་དེ་དག་ཅིའང་མེད་པར་བབ་ཆགས་ཀྱི་ཉམས་ཤིག་དོད་འདུག

འཆད་པ་པོས་སྐད་ཆ་མ་བཤད་པའི་སྔོན་དུ། ང་ལ་སེམས་ཚོར་དང་བག་ཆགས་བཞག་པ་ཅི་ཡང་མེད། ཆོས་ཁྲིད་དངོས་ལ་འཇུག་པའི་སྐབས་སུ། སྒྲ་གདངས་མཐོ་ཞིང་སྡུད་གཤིས་ལྡན་པའི་ཚིག་དག་བདག་གི་སེམས་ནང་དུ་ཟུག་ཡོང་བ་ལྟ་བུའི་སྣང་བ་ཤར་བས། སྐད་ཆ་བཤད་པའི་དོན་ཅི་ཡང་མི་གོ་ཡང་སེམས་ལ་ཚོར་སྣང་ཟབ་མོ་ཞིག་སྐྱེས།

དྲང་མོར་བཤད་ན་ཆོས་ཁྲིད་ཀྱི་མགོར་ང་ལ་སུན་སྣང་སྐྱེས་བྱུང་། ངས་སུན་སྣང་སེལ་བའི་ཆེད་དུ་མདུན་སྟེགས་ན་ཡོད་པའི་མི་རྣམས་དང་། ལྷག་པར་དུ་འཆད་སྟེགས་སུ་བསྡད་པའི་བོད་མི་རྒན་པོ་དེ་ལ་ལྟ་ཞིབ་བྱས་པར། གོ་ནོར་དང་འཁྲུལ་སྣང་མིན་ན། ཁོས་ཏག་ཏག་ང་ལ་བལྟས་ནས་འདུག དུས་དེ་ནས་བཟུང་། ངའི་རྒྱུད་ལ་ནམ་ལངས་པ་ལྟ་བུའི་རྟོགས་པ་ཁྱད་པར་བ་ཞིག་རང་ཤུགས་ཀྱིས་སྐྱེས་སོང་བ་མ་ཟད། སྐབས་དེའི་ལྷ་ཁང་གི་ས་གདན་དང་གྱང་ངོས། འདུག་སྟེགས་སོགས་ཀྱང་སྟོང་པ་དང་འོད་གསལ་བ། བདེན་པར་མ་གྲུབ་པའི་ངང་དུ་གྱུར་འདུག་ལ། རྣམ་པར་རྟོག་པ་ཏུར་ཏུར་པོ་དེ་ཡང་ཞི་བར་གྱུར་པས། ངའི་ལང་ཚོ་དར་ལ་བབ་པའི་དུས་ཀྱི་རང་སྣང་དང་ང་རྒྱལ་མཐོ་བའི་གཤིས་སྤྱོད་ཀྱང་ཡོངས་སུ་འགྱུར་སོང་།

ངོ་མཚར་བ་ཞིག་ལ། ང་ལྷ་ཁང་ནས་ཕྱིར་འབུད་དུས། དངོས་གནས་གཞན་ལ་འཚོལ་ཞིབ་མི་བྱེད་པའི་ནང་པའི་ཆོས་པ་ངོ་མ་ཞིག་ཏུ་གྱུར་ཅིང་། སེམས་ཁམས་ཀྱང་བརྟན་པར་སོང་ནས་རྒྱུད་ཀྱི་རྨོངས་པ་དང་སྡུག་བསྔལ་ཡང་དེ་ཙམ་མེད་པར་གྱུར། དེ་ལྟ་ནའང་། ཆོས་ཁྲིད་ཀྱི་ནང་དོན་ནི་དྲན་སོས་ཀྱིན་མི་འདུག ཐ་ན་རླབས་ཆེ་བའི་མི་རྒན་དེའི་མིང་ཡང་མི་ཤེས། ཡིན་ཡང་། ངའི་སེམས་ནང་དུ་འགྱུར་བ་ཆེན་པོ་བྱུང་བའི་བརྒྱུད་རིམ་དེ་ནམ་ཡང་བརྗེད་ཐབས་མེད་པ་ཞིག་རེད།

ངས་མ་རྒན་ལ་ཐེངས་མང་པོར་བླ་མ་དེའི་མིང་དྲིས་ཀྱང་། མོ་རང་ཡང་བོད་མིང་ཡིད་ལ་མི་ཟིན་མཁན་ཞིག་ཡིན་པས། དུས་ཡུན་རིང་པོ་ཞིག་ལ་མིང་དེ་ཡང་གསང་བ་ལྐོག་གྱུར་གྱི་ངང་དུ་ལུས།

རྗེས་སུ་རྒྱུ་རྐྱེན་འགས་བསྐུལ་ཏེ། ང་རང་གིས་ཡི་གེ་སྒྲིག་སྦྱོར་གྱི་ལས་ཀ་གཉེར་དགོས་བྱུང་སྐབས་ད་གཟོད་བླ་རུང་ལ་འབྲེལ་བ་ཡོད་པར་གྱུར། སྐབས་དེར་བདག་གི་སེམས་ལ་འགྱུར་བ་ཆེན་པོ་བཏང་ཞིང་། མི་ཚེའི་ཁ་ཕྱོགས་གཏན་ཁེལ་གནང་པའི་རླབས་ཆེ་བའི་བླ་མ་དེ་ནི། གཞི་ནས་ཆོས་རྗེ་འཇིགས་མེད་ཕུན་ཚོགས་རིན་པོ་ཆེ་ཡིན་པ་ཤེས་སོང་། ཁོང་གིས་ངའི་རྒྱུད་བཏུལ་ཞིང་མཐར་ཐུག་གི་སྐྱབས་གནས་ངོ་མ་ནང་པའི་ཆོས་སྒོར་བཙུད་པ་ཡིན་ཞེས་གླེང་བྱུང་།

མོའི་མི་ཚེའི་བརྒྱུད་རིམ་དེས། ཆོས་རྗེ་ཉིད་ལ་བློ་ཡུལ་ལས་འགོངས་པའི་བྱིན་རླབས་མངའ་བ་ཤེས་ཐུབ་ཅིང་། གྲུབ་པ་བརྙེས་པའི་གང་ཟག་རྣམས་ཀྱིས་ནི། ཆོས་དངོས་སུ་གསུངས་ན་གཞན་གྱི་སེམས་བསྒྱུར་ཐུབ་པ་ཙམ་དུ་མ་ཟད། གསུང་གི་སྒྲ་ཐོས་པ་དང་སྤྱན་གྱི་གཟིགས་སྟངས་ཙམ་གྱིས་ཀྱང་མི་རྣམས་ལ་འགྱུར་བ་རྒྱ་ཆེན་པོ་འབྱུང་བ་ཤེས་ཐུབ།

ཕྱིན་ཆད་ཕ་མ་རྣམས་ཀྱིས་ཀྱང་བུ་ཕྲུག་ཁྲིད་ནས་བླ་མ་མཇལ་བ་དང་ཆོས་ཚོགས་སོགས་ལ་ཞུགས་ཐུབ་ན། དེ་དག་གི་རྒྱུད་ལ་དགེ་བའི་བག་ཆགས་ཟབ་མོ་བཞག་ནས། འཁོར་བ་མཐའ་ཅན་དུ་བྱེད་པའང་འབྱུང་སྲིད་དོ། །

ཤམྦྷ་ལ་དང་འབྲེལ་བའི་གཏམ།

ཕྱི་ཟླ་༦པའི་ཚེས་༢༧ཉིན། ཆོས་རྗེ་ཉིད་བཛྲ་དྷ་དྷིའི་ཆོས་ཚོགས་ཀྱི་ཀརྨ་རྫོང་བསམ་གཏན་གླིང་དུ་བྱོན་ནས། ཤམྦྷ་ལའི་ལོ་རྒྱུས་དང་ཆོས་ཚོགས་འདི་དང་འབྲེལ་བའི་གཏམ་འདི་སྐད་དུ་གསུང་།

ཐེངས་འདིར་ང་རང་ཚོ་བོད་ཀྱི་ལུང་པ་ནས་ཨ་མེ་རི་ཀའི་ས་ཆ་འདིར་སླེབས་པ་དང་། ཨ་མེ་རི་ཀའི་ས་ཆའི་ནང་ནས་ཀྱང་ད་ལྟ་ཤམྦྷ་ལ་གཉིས་པར་གྲགས་པའི་གྲོང་ཁྱེར་འདི་ལ་སླེབས་ཡོད། ཤམྦྷ་ལ་དངོས་ནི། སྤྱིར་འཛམ་བུ་གླིང་གི་དབང་དུ་བྱས་ན། ནང་པ་སངས་རྒྱས་པ་ལ་སྐད་གྲགས་ཆེ་བའི་གནས་ཆེན་ལྔ་ཡོད། དེ་གང་ཡིན་ན། འཛམ་གླིང་གི་ཡུལ་དབུས་ན་དུས་གསུམ་སངས་རྒྱས་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་པའི་གནས་རྒྱ་གར་རྡོ་རྗེ་གདན་དང་། ཤར་ན་མགོན་པོ་འཇམ་དཔལ་དབྱངས་ད་ལྟ་ཡང་དངོས་སུ་བཞུགས་ཡོད་པའི་གནས་ཆེན་རི་བོ་རྩེ་ལྔ། ལྷོ་ན་འཕགས་པ་སྤྱན་རས་གཟིགས་མངོན་སུམ་དུ་བཞུགས་པའི་རི་བོ་གྲུ་འཛིན། ནུབ་ན་ཨོ་རྒྱན་པདྨ་འབྱུང་གནས་མངོན་སུམ་དུ་བཞུགས་པའི་གནས་ཨོ་རྒྱན་མཁའ་འགྲོའི་གླིང་ངམ་ཟངས་མདོག་དཔལ་གྱི་རི་བོ། བྱང་ཕྱོགས་ན་བྱང་ཤམྦྷ་ལ་ཞེས་བྱ་བ་བཅས་ཡོད།

ཤམྦྷ་ལ་ཞེས་བྱ་བ་ས་ཚད་གང་ཙམ་ན་ཡོད་ཟེར་ན། རྫུ་འཕྲུལ་དང་ལྡན་པའི་གང་ཟག་ཅིག་རྐང་བགྲོད་ཀྱི་དབང་དུ་བྱས་ན་ལོ་བཅུ་གཉིས་ལ་སོང་བའི་ས་མཚམས་ཏེ། དེ་ལ་སྔོན་རྒྱ་གར་འཕགས་པའི་ཡུལ་གྱི་དགེ་བསྙེན་ཙི་ལུ་པ་ལ་སོགས་པའི་མཁས་པ་མང་པོ་ཞིག་བྱོན་མྱོང་། གྲོང་ཁྱེར་དེའི་ཆགས་ཚུལ་ནི་པདྨ་འདབ་མ་བརྒྱད་ཀྱི་དབྱིབས་སུ་ཡོད་ཅིང་། པདྨ་འདབ་མ་བརྒྱད་ཀྱི་དབྱིབས་སུ་ཇི་ལྟར་ཡོད་ཅེ་ན། དབུས་ན་ཤམྦྷ་ལའི་གྲོང་ཁྱེར་ཀ་ལཱ་པ་ཞེས་བྱ་བ་ཡོད་ལ། འདབ་མ་རྣམས་ཀྱི་ནང་ན་ཤམྦྷ་ལའི་གྲོང་ཁྱེར་འབུམ་ཕྲག་དགུ་བརྒྱ་དྲུག་ཅུ་ཡོད་པ་རེད། ཤམྦྷ་ལའི་ཆུ་ཐམས་ཅད་ཀྱང་དབུས་ཕྱོགས་ཀྱི་ཀ་ལཱ་པའི་གྲོང་ཁྱེར་དེ་ལ་འབབ་ཀྱིན་ཡོད།

ཤམྦྷ་ལའི་གྲོང་ཁྱེར་དེའི་རྒྱལ་རབས་བྱུང་ཚུལ་གྱི་དབང་དུ་བྱས་ན། ཆོས་རྒྱལ་བདུན་དང་རིགས་ལྡན་ཉི་ཤུ་རྩ་ལྔ་རིམ་བཞིན་དུ་བྱོན་པ་ལས། ཆོས་རྒྱལ་བདུན་གྱི་ཐོག་མ་ནི་ཆོས་རྒྱལ་ཟླ་བ་བཟང་པོ་ཞེས་བྱ་བ་ཡིན། ཁོང་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྐུ་ཡོངས་སུ་མྱ་ངན་ལས་འདའ་ཁར། རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཆེན་པོ་རུ་དུས་ཀྱི་འཁོར་ལོ་གསུངས་པའི་གནས་སྐབས་ཀྱི་འཁོར་གཙོ་བོ་ཡིན། ཁོང་གི་བཀའ་བསྡུ་མཛད་པའི་ཆོས་ནི་དཔལ་དུས་ཀྱི་འཁོར་ལོའི་རྩ་བའི་རྒྱུད་དམ་ཤྲཱི་ཀ་ལ་ཙཱཀྲ་ཞེས་པ་དེ་ཡིན། ཆོས་དེ་ལ་ཅི་ཙམ་ཡོད་ཅེ་ན། ཟླ་བ་བཟང་པོའི་ཐུགས་རྒྱུད་དུ་བཟུང་ཡོད་པ་ལ་ཤློོ་ཀ་སྟོང་ཕྲག་བཅུ་གཉིས་ཀྱི་གྲངས་སུ་བསྡུས་ཡོད་ཅིང་། དེའི་སྲས་སོགས་བརྒྱུད་པ་རྣམས་ཀྱིས་རིམ་བཞིན་དུ་ཆོས་དེ་ལ་འཆད་ཉན་གཙོ་བོ་མཛད་པ་རེད།

ཆོས་རྒྱལ་བདུན་པ་རྫོགས་རྗེས་སུ། ཤམྦྷ་ལའི་གྲོང་ཁྱེར་དེ་ལ་ཡང་སྔོན་རྒྱ་གར་གྱི་ཡུལ་གྲུ་བཞིན་རྒྱལ་རིགས། རྗེ་རིགས། དམངས་རིགས་སུ་ཕྱེས་ནས་རིགས་འགའ་རེས་ཆོས་ཉན་མི་ཆོག་ཅིང་ལ་ལས་ཆོག་པ་ལྟ་བུའི་སྲོལ་བྱུང་། རྗེས་སུ་དེ་དག་མེད་པར་བཟོས་ནས་རིགས་གཅིག་ཏུ་བསྡུས་པས་ན་རིགས་ལྡན་ཐམས་ཅད་ཀྱི་ཐོག་མ་སྟེ། རིགས་ལྡན་འཇམ་དཔལ་གྲགས་པ་ཞེས་བྱ་བ་རེད། ཁོང་གིས་ཉི་མའི་ཤིང་རྟ་ལ་སོགས་པའི་འཁོར་འབུམ་ཕྲག་མང་པོ་ལ་དུས་འཁོར་རྩ་རྒྱུད་ཀྱི་གནད་བསྡུས་ནས་གསུངས་པའི་ཆོས་ལ་དུས་འཁོར་བསྡུས་རྒྱུད་ཟེར། དེ་ལ་ལེའུ་ལྔ་ཡོད་ཅིང་དེའི་དོན་གྱི་འགྲེལ་བ་ནི་ཁོང་གི་སྲས་རིགས་ལྡན་པདྨ་དཀར་པོ་ཞེས་བྱ་བས་འགྲེལ་ཆེན་དྲི་མེད་འོད་ཅེས་པ་བརྩམས།

དེ་ལྟར་རྩ་རྒྱུད་དང་། བསྡུས་རྒྱུད། བསྡུས་རྒྱུད་ཀྱི་འགྲེལ་བ་གསུམ་པོ་ཡང་རྒྱ་གར་གྱི་ཡུལ་དུ་དར་རྒྱས་ཕུན་སུམ་ཚོགས་པ་བྱུང་། བོད་ཀྱི་ཡུལ་དུ་དུས་འཁོར་རྩ་རྒྱུད་དང་། བསྡུས་རྒྱུད་ཆ་ཚང་བ། འགྲེལ་པ་དྲི་མེད་འོད་ཀྱང་ཆ་ཚང་བ་བཅས་བོད་སྐད་དུ་བསྒྱུར། དུས་འཁོར་བོད་ཀྱི་ཡུལ་དུ་དར་བ་དང་། རྒྱ་གར་གྱི་ཡུལ་དུ་དར་ལུགས་གཉིས་བྱུང་བའི་ལོ་༼ ཕྱི་ལོ་༡༠༢༧༽ དེ་ལ་རབ་བྱུང་ཟེར་བ་ཡིན། བོད་ཀྱི་ཆོས་སྐད་ལ་ཆོས་རབ་ཏུ་བྱུང་བའི་དུས་ཆེན་ཁྱད་པར་ཅན་ཡིན་པས་ཀྱང་རབ་བྱུང་གི་དུས་ཞེས་མིང་ཐོགས། དེ་རྒྱ་ནག་གི་རྩིས་དང་སྦྲགས་ནས་ལོ་དྲུག་ཅུ་རེ་ལ་རབ་བྱུང་རེ་ཟེར་ཞིང་། ད་སྐབས་དུས་འཁོར་བོད་ཀྱི་ཡུལ་ལ་དར་ནས་རབ་བྱུང་བཅུ་བདུན་པའི་ལོ་བདུན་སོང་ཟིན།

ཆོས་རྒྱལ་ལམ་རིགས་ལྡན་ཐམས་ཅད་ཀྱི་སྲས་སྔ་མ་སྔ་མ་ཐམས་ཅད་ཀྱི་རྗེས་ལ་སྲས་ཕྱི་མ་ཕྱི་མ་ཐམས་ཅད་རིམ་བཞིན་ཁྲི་ལ་འཁོད་པ་ཡིན་ཞིང་། རིགས་ལྡན་རྣམས་ཀྱི་ཁྲི་ལོའི་ཚད་ལ་མང་ཉུང་ངམ་རིང་ཐུང་ཅི་རིགས་པ་ཡོད། ཁྲི་ཁར་འཁོད་པ་དེ་དག་ལས་མི་གཉིས་མ་གཏོགས་གཞན་པ་ཚང་མའི་དུས་ཚོད་གཅིག་པ་རེད། ཁྲི་ཁར་བཀོད་ནས་ལོ་བརྒྱ་རེའི་བར་དུ་ཤམྦྷ་ལའི་གྲོང་འབུམ་ཕྲག་དགུ་བརྒྱ་དྲུག་ཅུའི་མི་ཚང་མ་ལ་དཔལ་དུས་ཀྱི་འཁོར་ལོའི་ཆོས་གསུངས་པ་ཡིན། དེའི་ནང་ནས་རྒྱལ་དཀའ་དང་། རྣམ་རྒྱལ་གཉིས་ལ་དམིགས་བསལ་ཡོད་དེ། ཁོང་གཉིས་ཀྱི་ལོ་ལྷན་དུ་བསྡོམས་ན་མེ་མཁའ་རྒྱ་མཚོའམ་ལོ་བཞི་བརྒྱ་དང་གསུམ་གྱི་ཡུན་ལ་ཁྲི་ཁར་བཀོད་ནས་ཆོས་འཁོར་སྐོར་བ་ཡིན་པས། རྣམ་རྒྱལ་གྱིས་ལོ་བརྒྱ་དང་གྱ་གཉིས་དང་། རྒྱལ་དཀས་ལོ་ཉིས་བརྒྱ་ཉེར་གཅིག་གི་རིང་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡིན།

ད་སྐབས་རིགས་ལྡན་སུ་ཁྲི་ལ་བཀོད་ཡོད་ཅེ་ན། རིགས་ལྡན་ཉི་ཤུ་རྩ་གཅིག་པ་མ་འགགས་པ་བྱ་བ་བཀོད་ཡོད། ཁོང་ཁྲི་ལ་བཀོད་ནས་ད་ལོར་ལོ་དྲུག་ཅུ་རེ་བདུན་ཡིན། རིགས་ལྡན་ཉེར་གཉིས་པ་དང་། ཉེར་གསུམ་པ། ཉེར་བཞི་པ་རྣམས་རིམ་བཞིན་དུ་འབྱོན་ཅིང་། དེ་རྗེས་རིགས་ལྡན་ཉེར་ལྔ་པ་ནི་རིགས་ལྡན་དྲག་པོ་ལྕགས་ཀྱི་འཁོར་ལོ་ཅན་ཡིན། སྐབས་དེ་ནི་འཛམ་བུ་གླིང་གི་སངས་རྒྱས་ཀྱི་བསྟན་པ་ཡོངས་རྫོགས་བརླགས་ཟིན་པས་བསྟན་པའི་མིང་ཙམ་ཡང་མེད་པའི་དུས་ཤིག་ཡིན། དེ་ནས་ཀླ་ཀློའི་དམག་གིས་འཛམ་བུ་གླིང་གི་ཡུལ་གཞན་པ་ཐམས་ཅད་དབང་དུ་བསྡུས་པར་མ་ཟད། ཤམྦྷ་ལའི་གྲོང་ཁྱེར་ལ་ཕྱི་ནང་གཉིས་ཡོད་པ་ལས་གྲོང་ཕྱི་ནང་གཉིས་ཀ་གངས་རིས་བསྐོར་ཡོད་ཀྱང་། གྲོང་ཁྱེར་གྱི་ཕྱི་རོལ་ཡོངས་སུ་རྫོགས་པ་ཀླ་ཀློས་བཀང་ཞིང་། གྲོང་ནང་མ་ལ་དམག་ཐོན་ཡོང་དུས་དྲག་པོ་འཁོར་ལོ་ཅན་གཟོད་ཐུགས་ཁྲོ་བཞེས་ནས་དམག་གི་ཆས་བསྒྲིགས་ཏེ། དེ་མ་ཐག་ཏུ་རྫུ་འཕྲུལ་གྱི་རྡོ་ཡི་རྟ་མཆོག་ལ་ཞོན། ནམ་མཁའ་ལ་ལྕགས་ཀྱི་འཁོར་ལོ་རང་འཁོར་དུ་གྱུར་བའི་མཚོན་ཆ་སྣ་ཚོགས་ཐོགས་ནས་རྫུ་འཕྲུལ་གྱིས་ལྷོ་འཛམ་བུ་གླིང་དང་། ཤར་ལུས་འཕགས་པོ། ནུབ་བ་ལང་སྤྱོད་ཚང་མ་ལ་ལོ་གཅིག་གིས་གཡས་སྐོར་ལན་གཅིག་བྱ་རྒྱུ་རེད། སྐབས་དེར། ཁོང་གིས་ཀླ་ཀློའི་བསྟན་པ་ཐམས་ཅད་མིང་མེད་དུ་བྱས་ནས། གླིང་བཞི་ཡོངས་སུ་རྫོགས་པ་ལ་སངས་རྒྱས་ཀྱི་བསྟན་པ་དར་བར་བྱེད་ཅིང་། ཁོང་གིས་ལོ་བརྒྱ་ལ་དབང་སྒྱུར་མཛད་རྗེས། ཁོང་ལ་སྲས་ཚངས་པ་དང་ལྷ་དབང་ཞེས་པ་གཉིས་འཁྲུངས་ནས། དེ་གཉིས་ཀྱིས་ཀྱང་དུས་ཀྱི་འཁོར་ལོའི་བསྟན་པ་དེ་ལོ་སྟོང་ཕྲག་མང་པོའི་བར་དུ་མི་ནུབ་པར་དར་བར་བྱེད་པ་ཡིན།

སྐད་ཆ་དེ་དག་ནི་ཤམྦྷ་ལའི་གྲོང་ཁྱེར་གྱི་ལོ་རྒྱུས་དང་གནས་ཚུལ། བྱུང་ཚུལ་མདོར་བསྡུས་པ་ཙམ་ཞིག་བཤད་པ་ཡིན་ཞིང་། ཁྱེད་ཚོའི་བླ་མ་རིན་པོ་ཆེ་ཁོང་ནི་དེ་དུས་ཀྱི་ཤམྦྷ་ལའི་རིགས་ལྡན་དྲག་པོ་ལྕགས་ཀྱི་འཁོར་ལོ་ཅན་གྱི་སྐྱེ་བ་ཡིན་ཟེར་སྲོལ་ཡོད། ཁོང་གིས་ད་ལྟ་ནས་རྟེན་འབྲེལ་ལུས་ལ་བསྒྲིགས་ནས་དམག་ཆས་མཛད་ཅིང་། དམག་དཔོན་ལྟར་སྐུ་སྲུང་མང་པོ་བཞག་པའི་པར་ཡང་བསྒྲོན་ཡོད་པ་ངས་མཐོང་སོང་། དེས་ན་ད་ལྟ་ཁྱེད་རྣམ་པས་ཁོང་གི་ཞལ་མཇལ་བ་དང་ཆོས་བརྒྱུད་འཛིན་པ་སྟེ། སྤྱིར་དཔལ་ལྡན་བཀའ་བརྒྱུད་པ་ལ་སོགས་པའི་ནང་པ་སངས་རྒྱས་པའི་བསྟན་པ་ལ་བྱ་བ་བྱེད་མཁན་ཐམས་ཅད་ཁོང་གི་དམག་དཔོན་གྱི་འཁོར་དུ་སྐྱེ་རྒྱུ་རེད།

ཁྱད་པར་དུ་ཁོང་གི་ཐུགས་ཉམས་སུ་བཞེས་པའི་ཆོས་ཉམས་སུ་བླངས་ན། ཁོང་གི་སྐུ་དངོས་ཀྱི་དམག་དཔོན་ཆེན་པོའི་སྐྱེ་བའང་ལེན་རྒྱུ་རེད།

ཁོང་གི་ཐུགས་ཉམས་ལ་བསྟར་བའི་ཆོས་དེ་ཅི་ཡིན་ཞེ་ན། ཁ་སང་བཤད་པ་བཞིན་རྗེ་བཙུན་མི་ལ་རས་པས་ཉམས་བཞེས་མཛད་པའི་ཆོས་ཚང་མ་ཡིན། དེའི་ནང་ནས་ཀྱང་གཙོ་བོ་ནང་པ་སངས་རྒྱས་པ་སྤྱིའི་འགྲོ་ལུགས་ཀྱི་འཚེ་མེད་ཞི་བའི་ལམ་བཟང་བྱམས་སྙིང་རྗེ་ཁོ་ན་རྩལ་འདོན་མཛད་ནས་ཐུགས་ཉམས་སུ་བསྟར་བ་དེ་ཡིན། ཡང་ཁྱེད་རྣམ་པས་ང་ཚོའི་བླ་མ་ནི་བསམ་གྱིས་མི་ཁྱབ་པ། གང་དང་ཡང་མི་འདྲ་བའི་བླ་མ་བཟང་པོ་ཞིག་ཡིན་མོད། ཁོང་གི་ཉམས་བཞེས་བྱམས་སྙིང་རྗེ་ཡིན་པའི་རྟགས་ཅི་འདྲ་བ་ཞིག་ཡོད་དམ་སྙམ་ན། ངོ་མ་བཤད་ན་ཁོང་གི་མཛད་སྤྱོད་ནི་བྱམས་སྙིང་རྗེའི་མཛད་སྤྱོད་འབའ་ཞིག་ཡིན་རྒྱུ་རེད། ཁོང་གིས་འབྱོར་པ་དང་སྐད་གྲགས་དོན་དུ་གཉེར་བ་ཡིན་ན། ཁོང་རྒྱ་གར་འཕགས་པའི་ཡུལ་དང་བོད་གངས་རིའི་ལྗོངས་སུ་བཞུགས་ན་ཨ་རིའི་ལུང་པ་ལས་ཀྱང་རྙེད་བདེ་གྲགས་བསྟོད་རྒྱ་ཆེན་པོ་འཐོབ་རྒྱུ་རེད།

གཞན་ཡང་བོད་དང་རྒྱ་གར་འཕགས་པའི་ཡུལ་སོགས་ན་བསྟན་འཛིན་གྱི་སྐྱེས་བུ་མང་པོ་བཞུགས་ཡོད། ཨ་རིའི་ལུང་པར་མཚོན་ན་སྔོན་ཆད་མི་རེ་རེ་གཉིས་རེ་ཙམ་ལ་མ་གཏོགས་སངས་རྒྱས་ཀྱི་སྒྲ་ཡང་མི་གྲགས། ཆོས་ཀྱི་སྒྲ་ཡང་མི་གྲགས། དགེ་འདུན་གྱི་སྒྲ་ཡང་མི་གྲགས་པའི་ཡུལ་ཁམས་ཤིག་ཡིན་པས། ཁོང་འདི་ལ་བྱོན་ནས་རྩ་བའི་ཆོས་ཚོགས་དང་ཡན་ལག་གི་ཆོས་ཚོགས་མང་པོ་བཙུགས་པ་ནི་སྔོན་ཆད་བྱོན་པའི་བླ་མ་སུས་ཀྱང་འགྲུབ་མ་ཐུབ་པའི་མཛད་པ་རྒྱ་ཆེན་པོ་ཞིག་རེད། དེས་ན་ཁོང་གི་ཐུགས་རྒྱུད་ཀྱི་བྱམས་སྙིང་རྗེའང་དེ་ཁོ་ནས་མཚོན་ཐུབ་པ་ཡིན།

སྤྱིར་ངས་ཁྱེད་རྣམ་པ་ལ་དེ་ལྟར་གསལ་བཤད་ཅིག་བྱེད་པ་ནི། དཔེར་ན། རང་ཁྱིམ་དུ་རང་མི་ངོ་སྤྲོད་བྱས་པ་ལྟ་བུའི་མི་འོས་པ་ཞིག་ཡིན་ཡང་སྲིད་མོད། གང་ལྟར་ངས་ས་ཐག་རིང་པོ་དང་ཡུན་རིང་པོའི་དུས་ནས་ཁོང་གི་རྣམ་ཐར་དང་མཛད་པ་ཅུང་ཟད་གོ་མྱོང་། ད་ལན་ས་ཆ་འདི་ལ་ཐོན་ཡོང་དུས་ཁོང་གི་རྣམ་ཐར་ལ་ཧ་ཅང་ངོ་མཚར་ཞིང་དགའ་དད་སྐྱེས་ནས་ཚིག་དེ་དག་དབང་མེད་དུ་ཁ་ནས་ཤོར་སོང་བ་ཡིན། སྐད་ཆ་དེ་དག་ནི། ང་ཚོ་བོད་ཀྱི་ཚིག་དཔེ་ལ། ཁབ་མགར་གྱི་ཁྱིམ་དུ་ཁབ་བཙོང་བ་ལྟ་བུ་ཟེར་བ་སྟེ། ཁབ་མགར་ལ་ཁབ་བཙོང་ན་ཚོང་འོང་རྒྱུ་མ་རེད་ཨང་། དེ་བཞིན་དུ། ངས་བཤད་པའི་སྐད་ཆ་ལ་ནོར་འཁྲུལ་ཡོད་ན་ཁྱེད་ཚོ་སློབ་མ་ནང་མ་དག་གི་གཙོས་འདིར་བཞུགས་ཚང་མས་བརྩེ་གཟིགས་བྱམས་སྐྱོང་གི་སྒོ་ནས་ཐུགས་ཁྲོ་མི་བཞེས་པར་ཞུ།

མཚམས་འདི་ནས་ཆོས་རྗེ་ཉིད་ཀྱིས་རྒྱལ་སྲས་ལག་ལེན་གྱི་ལུང་ཞིག་གནང་བའི་སྐབས་སུ་འདི་སྐད་གསུང་།

ནང་པ་སངས་རྒྱས་པའི་ཆོས་མཐའ་དག་གི་གནད་གཅིག་ཏུ་དྲིལ་བ་རྒྱལ་བའི་སྲས་ཀྱི་ལག་ལེན་སུམ་ཅུ་སོ་བདུན་མའི་ཡི་གེ་འདི་མཐོང་བ་དང་། ཐོས་པ། ཀློག་པ། དོན་ཉམས་སུ་ལེན་མཁན་ཚང་མ་ཡང་ཚེ་འདིར་ཚེ་རིང་བ་དང་། ནད་མེད་པ། ལོངས་སྤྱོད་ཆེ་བ། སྙན་གྲགས་རྒྱས་པ། བསམ་པ་འགྲུབ་པ་སོགས་དང་། ཕྱི་མར་ཡང་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ཞེས་བྱ་བ་ལུས་དང་སེམས་ལ་སྡུག་བསྔལ་ཅུང་ཟད་ཀྱང་མེད་པ། བདེ་བ་བསམ་གྱིས་མི་ཁྱབ་པ་ཡོད་པའི་ཞིང་ཁམས་ལ་དཀའ་ཚེགས་མེད་པར་སླེབས་འགྲོ་རྒྱུ་རེད།

དེས་ན། ཁྱེད་རྣམ་པའི་རེ་འདོད་ཀྱི་མཐར་ཐུག་ཀྱང་འདི་ཕྱི་ཀུན་ཏུ་བདེ་བ་འབྱུང་བ་དང་། སྡུག་བསྔལ་མི་འབྱུང་བ་ཡིན་རྒྱུ་རེད་སྙམ། ཐེངས་འདིར་ང་རང་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ལ་ཡོང་རྒྱུའི་དམིགས་ཡུལ་གྱི་སྙིང་པོ་དེ་ཡང་སེམས་ཅན་མང་པོ་ཞིག་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ་བའི་ཐབས་ཤིག་ཨེ་ཡོང་བསམ་ནས་ཐོན་ཡོང་བ་ཡིན། ངེད་ཅག་ཚང་མའི་རེ་འདོད་གཅིག་པ་ཡིན་པས། དེ་ཉིད་འགྲུབ་པར་བྱ་བའི་ཕྱིར་དུ་ངས་བོད་སྐད་ཀྱི་སྟེང་ནས་ལུང་འདི་ལན་གཅིག་འདོན་རྒྱུ་ཡིན། ཁྱེད་རྣམ་པས་དད་པ་བསྐྱེད་ནས་ཉོན་དང་དོན་མ་གོ་ཡང་ཚིག་རྐྱང་བ་ཐོས་པ་ལའང་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད།

ཆོས་འདི་བོད་ཡུལ་དུ་དར་བ་ནས་བཟུང་སྟེ། རྙིང་མ་དང་བཀའ་བརྒྱུད། བཀའ་གདམས། ཇོ་ནང་། ས་སྐྱ་ལ་སོགས་པ་ཐམས་ཅད་ཀྱིས་ཁྱད་པར་མེད་པར་ཉམས་སུ་ལེན་རྒྱུའི་ཆོས་ཤིག་ཡིན། ཆོས་དེའི་གནད་གང་རེད་ཅེ་ན། སངས་རྒྱས་བཅོམ་ལྡན་འདས་དང་། དེའི་རྗེས་སུ་འཇུག་པའི་བོད་དང་རྒྱ་གར་སོགས་ཡུལ་ཐ་དད་པ་རྣམས་ལ་བྱོན་པའི་བསྟན་འཛིན་གྱི་སྐྱེས་བུ་ཡོད་དོ་ཅོག་གིས་གསུངས་པའི་ཉམས་ལེན་གྱི་གནད་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པ་ཞིག་ཡིན། དེ་ཡང་སྙིང་པོའི་སྙིང་པོ་མཐར་ཐུག་པའི་གནད་དེ་གང་ཡིན་ན། སེམས་ཅན་ཐམས་ཅད་ལ་གནོད་པ་མེད་པར་བྱམས་སྙིང་རྗེ་བསྒོམ་རྒྱུ་དེ་ཡིན། ཁྱེད་རྣམ་པས་ཀྱང་ཆོས་འདི་ཤེས་ན་དེ་གས་ཆོག་གི གལ་སྲིད་མ་ཤེས་ན་བླ་མ་གཞན་པ་རེ་གདན་འདྲེན་ཞུས་ནས་ཆོས་འདིའི་ཚིག་དོན་ཤེས་སུ་ཆུགས་ལ། ཉམས་ལེན་རེ་མཛད་རྒྱུ་ལ་ངས་ཐལ་མོ་སྙིང་ཁར་སྦྱར་ཏེ་གསོལ་བ་འདེབས་པ་ཡིན།

སྟོད་གོས་ཤིག་བཟོས།

ནམ་རྒྱུན་ཆོས་རྗེ་ཉིད་དང་མཉམ་དུ་ཕྱི་ལོགས་སུ་འགྲོ་བ་ནི། རང་ཉིད་གཅིག་པུར་འགྲོ་བ་དང་གཏན་ནས་མི་འདྲ་བར། ང་རང་སྒེར་གྱི་གོས་དང་ཅ་ལག་རྣམས་ཤིན་ཏུ་ཉུང་ངུར་བྱས་ཏེ་འགྲོ་དགོས། སྐབས་དེར་ཨ་རིར་ཐོན་དུས། སྔ་དགོང་ལ་ཅུང་ཟད་གྲང་ཞིང་ཉིན་གུང་ཉི་འོད་ཧ་ཅང་ཚ་བས། བདག་ལ་སྟོད་གོས་ཤིག་མེད་ཐབས་མེད་པར་གྱུར།

ཡིན་ཡང་ཨ་རི་ནི་རྒྱ་གར་དང་བལ་ཡུལ་སོགས་དང་མི་འདྲ་བར། རབ་བྱུང་པའི་གྱོན་གོས་ཉོ་རྒྱུ་ཤིན་ཏུ་དཀོན་མོ་ཡིན། ཉིན་དེའི་ཕྱི་དྲོའི་དུས་ཚོད་ཀྱི་ཁོམ་ལོང་དང་བསྟུན་ནས། ང་རང་བྷོལ་དྷེར་གྲོང་གི་ཉེ་ཟུར་དུ་སོང་ནས། དུས་ཡུན་རིང་པོར་སྟོད་གོས་ཤིག་ཉོ་རྒྱུ་ཨེ་ལོན་བལྟས་ཀྱང་། མཐར་ཅི་ཡང་མ་རྙེད་པར་རས་ཡུག་ཅིག་ཉོ་བ་ལས་ཐབས་མི་འདུག་སྙམ་བཞིན་ཚོང་ཁང་མང་པོ་བརྒྱུད་མཐར། ད་གཟོད་རས་དམར་པོ་ཞིག་ཉོ་རྒྱུ་རྙེད་པས་འཚེམ་བཟོ་པ་འཚོལ་དུ་སོང་བ་ན། ཁོ་ཚོས་ནི་རབ་བྱུང་པའི་གོས་བཟོ་མ་མྱོང་བས་བོད་སྟོད་ཅིག་བཙེམ་གཏན་ནས་མི་ཤེས།

བདག་གིས་སྔོན་ཆད་ནས་གྱོན་གོས་དག་འཚེམ་དྲུབ་བྱས་མྱོང་བས། སྟོད་གོས་ཀྱི་དྲུབ་སྟངས་ལྟར་རས་ལེགས་པར་དྲས་ཤིང་། འཚེམ་བཟོ་པ་ལ་འཚེམ་སྟངས་རྣམས་གསལ་བཤད་ཞིབ་ཚགས་བྱས་རྗེས། འཚེམ་བཟོ་བས་ཡུད་ཙམ་གྱིས་ངའི་འདོད་པ་ལྟར་འགྲུབ་པར་བྱས། སྟོད་གོས་དེ་ལུས་ལ་འཚམ་ཞིང་ཆེ་ཆུང་ཡང་རན་པས། སྐབས་དེའི་ས་ཚིགས་ཕྱི་མ་ཐམས་ཅད་དུ་བེད་སྤྱོད་ལེགས་པོ་ཐུབ་སོང་།

ཕྱིས་ནང་ལོགས་སུ་ཐོན་རྗེས་ཀྱང་། གཞན་ལ་མ་བྱིན་པར་ད་ལྟའི་བར་དུ་ཉར་ཚགས་བྱས་ཡོད་ལ། ད་ལྟ་ཡང་ས་ཆ་གཞན་དུ་འགྲོ་སྐབས་ནམ་རྒྱུན་གྱོན་བཞིན་ཡོད། སྟོད་གོས་དེ་མི་ལོ་སུམ་ཅུའི་རིང་ལ་གོན་ཡང་རས་རྒྱུ་ཤིན་ཏུ་ལེགས་པས་ཚོན་མདངས་ཡལ་མི་འདུག་མོད། འོན་ཀྱང་། ད་ལྟ་ང་སྔོན་ཆད་དང་མི་འདྲ་བར་ཤ་ཅུང་ཟད་རྒྱགས་པོ་ཡོད་པས་སྟོད་གོས་དེའང་ཏོག་ཙམ་ཆུང་འདུག་ཀྱང་། ད་དུང་གྱོན་ཆོག་ཆོག་རེད།

སྤྱིར་དེ་ལྟ་བུའི་སྒེར་དང་འབྲེལ་བའི་བྱ་བ་ཆུང་ངུ་དག བླ་མ་དང་ནང་ཆོས་ཀྱི་རིན་ཐང་ལ་བསྡུར་ན་གླེང་རིན་ཅི་ཡང་མེད་ཀྱང་། དེབ་འདི་སུག་རིས་སུ་བགྱིས་ནས་སྐབས་འདིར་སླེབས་དུས། གནས་ཚུལ་དེ་དག་ཀྱང་སེམས་ལ་གསལ་པོར་དྲན་ཡོང་བས། སྤང་བླང་མ་བྱས་པར་ཉམས་མཚར་དུ་བཀོད་པ་ཡིན།

བཛྲ་དྷ་དྷི་དང་ཞལ་གྱེས་པ།

ཕྱི་ཟླ་༦པའི་ཚེས་༢༨ཉིན། ཆོས་རྗེ་མཆོག་གིས་བཛྲ་དྷ་དྷི་ཡི་བདག་གཉེར་པ་དང་ཆོས་ཚོགས་སོ་སོའི་མཐོ་རིམ་མི་སྣ་དང་། སྐྱེས་ཆེན་དམ་པ། དད་ལྡན་མང་པོ་སོགས་ལ་མཇལ་ཁ་གནང་ཞིང་། ཁོང་རྣམས་ལ་བཀའ་སློབ་དང་བྱིན་རླབས་ཀྱང་མཛད།

ཕྱི་ཟླ་༦པའི་ཚེས་༢༩ནི། བྷོལ་དྷེར་དུ་ཆོས་གསུངས་པའི་ཉིན་ཐ་མ་ཡིན་ལ། ཆོས་རྗེ་ཉིད་ཀྱིས་ཆོས་ཚོགས་དང་ཞལ་གྱེས་པའི་སྐབས་སུ་འདི་སྐད་གསུང་།

དེ་ཡང་གྲོང་ཁྱེར་འདི་གྲོང་ཁྱེར་གཞན་དང་མི་འདྲ་བར་ཤམྦྷ་ལ་གཉིས་པ་ལྟ་བུ་རེད། བདག་ཤམྦྷ་ལའི་གྲོང་ཁྱེར་འདི་ལ་ཐོན་ནས། ཁྱེད་སྐལ་བ་དང་ལྡན་པའི་དད་ལྡན་གྱི་སྐྱེས་བོ་རྣམས་ལ་ཆོས་ཀྱི་གཏམ་གླེང་ཁ་ཤས་བྱས་པས་ང་ཡང་སྐལ་བ་བཟང་པོར་གྱུར་སོང་སྙམ་ནས་དགའ་སྤྲོ་ཚད་མེད་སྐྱེས་བྱུང་། ང་བོད་ལུང་པ་ན་བསྡད་ཡོད་པའི་གནས་སྐབས་ན་ཡང་ཨ་རིའི་ལུང་པ་འདི་ལ་ཡོང་འདོད་ཀྱི་བསམ་པ་ཞིག་ཡོད་པ་ཡིན། རྗེས་སུ་རྒྱ་གར་དང་ཨ་རིར་བཞུགས་པའི་བསྟན་འཛིན་རྣམས་ཀྱི་ཐུགས་ཁུར་ཚད་མེད་དང་ཆོས་ཚོགས་འདི་དག་གིས་མཐུན་རྐྱེན་བསྐྲུན་པས་ཨ་མེ་རི་ཀར་སླེབས་ཐུབ་སོང་། བདག་གིས་དེ་སྔོན་བཛྲ་དྷ་དྷི་ཟེར་བའི་ཆོས་ཚོགས་ཀྱི་མིང་གོ་ཡོང་དུས་ངའི་སེམས་ལ་དགའ་སྤྲོ་ཆེན་པོ་ཞིག་སྐྱེས་སོང་། དེ་རྫུན་མིན། དེའི་ཕྱིར་ངེད་ཅག་ལའང་ལས་དང་སྨོན་ལམ་གྱི་འབྲེལ་བ་བཟང་པོ་ཞིག་ཡོད་རྒྱུ་རེད་སྙམ། ཁྱེད་རྣམ་པས་དེ་སྔོན་ཡན་ཆད་ཀྱང་ཀྲུང་གོའི་ཕྱི་འབྲེལ་དང་། ཨ་རིའི་གཞུང་ཚབ་ལ་སོགས་བརྒྱུད་ནས་ང་རང་གདན་ཞུ་བྱེད་པའི་བྱ་བ་གང་མང་བསྒྲུབས་པ་དང་། དེར་མ་ཟད་གནམ་གྲུའི་འགྲོ་སོང་དང་འདི་རུ་སྡོད་པའི་གནས་སྐབས་ན་ཡང་ཞབས་ཞུ་གཅིག་པུ་སྒྲུབ་སྟངས་ཀྱང་ཧ་ཅང་ལེགས་ཤིང་དཀའ་ཚེགས་འོ་བརྒྱལ་རྒྱ་ཆེན་པོ་མཛད་ཐལ། དེ་ལ་ནི་ཁ་ཞེ་གཉིས་མེད་ཀྱིས་ཐུགས་རྗེ་ཆེ་ཞུ་བ་ཡིན། རྗེས་སུ་ཡང་ངེད་ཅག་རབ་ན་ཚེ་འདི་དང་། དེ་མིན་ན་ཡང་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སམ་བྱང་ཤམྦྷ་ལའི་གྲོང་ཁྱེར་དུ་ཚང་མ་མཉམ་དུ་ཞལ་འཛོམས་ཡོང་བའི་སྨོན་འདུན་བཟང་པོ་ཞུ་རྒྱུ་ཡིན།

ཆོས་རྗེ་ཉིད་ཀྱིས་དེ་ལྟར་གསུངས་རྗེས། མཁན་པོ་རྣམ་གྲོལ་མཆོག་གིས་མཛད་རིམ་ཕྱོགས་སྡོམ་གྱི་སྐད་ཆ་གསུངས་པ་འདི་ལྟར།

ཉིན་འདི་དག་གི་རིང་ལ། རྗེ་ཉིད་ཀྱིས་ཟབ་ཆོས་ཁྱད་པར་ཅན་མང་དུ་གནང་བས་ཐམས་ཅད་ལ་ཕན་པ་རྒྱ་ཆེན་པོ་བྱུང་། བདག་ལ་མཚོན་ན། རྒྱ་གར་ལྷོ་ཕྱོགས་རྣམ་གྲོལ་མཐོ་རིམ་སློབ་གླིང་གི་དགེ་རྒན་ཞིག་ཡིན། སློབ་མ་རྣམས་ཀྱི་ནང་ཆོས་ཀྱི་ཆུ་ཚད་མཐོར་འདེགས་གཏོང་ཆེད། བདག་སྔ་ཕྱིར་བོད་ཡུལ་དུ་ལན་གསུམ་སོང་ནས། ཆོས་རྗེ་འཇིགས་མེད་ཕུན་ཚོགས་བླ་མར་བསྟེན་ཅིང་མདོ་སྔགས་ཀྱི་ཆོས་ལ་སློབ་སྦྱོང་བྱས། ད་ལན་སྐྱབས་རྗེ་པད་ནོར་རིན་པོ་ཆེས་ཆོས་རྗེ་ཉིད་ཀྱི་ཞབས་ཞུ་ལ་ཆེད་དུ་མངགས་པ་ཡིན།

ཁྱེད་ཅག་ཆོས་ཚོགས་འདིའི་སློབ་མ་རྣམས་ལ་དད་པ་དང་གུས་པ་ལྡན་ལ། ནང་ཆོས་ལ་ཧ་ཅང་མོས་པ་ཡོད་པ་སོགས་ཕྱོགས་གང་ཅིའི་ཐད་ནས་ཀྱང་ཤིན་ཏུ་ལེགས་པོར་མཐོང་སོང་བ་མ་ཟད། མང་པོ་ཞིག་གི་སློབ་སྦྱོང་དང་ཉམས་ལེན་སོགས་ཀྱང་ཚད་མཐོན་པོར་སླེབས་ཡོད་ཚོད་འདུག ཡིན་ནའང་། བོད་ཡུལ་གྱི་ནང་བསྟན་སློབ་གླིང་གི་སློབ་མ་རྣམས་ཀྱི་ཆུ་ཚད་དང་བསྡུར་ན། ད་དུང་ཡར་ཐོན་འབྱུང་སའི་སྟོང་ཆ་ངེས་ཅན་ཞིག་ཡོད་ཤས་ཆེ།

བོད་ཡུལ་ནས་བླ་མ་བསྟེན་རྗེས་གཙོ་བོ་མདོ་དང་བསྟན་བཅོས་ལས་གསུངས་པ་ལྟར་ཉམས་ལེན་བྱེད་ཀྱང་། ནུབ་ཕྱོགས་ཀྱི་མང་པོ་ཞིག་གིས་བླ་མས་ཅི་གསུངས་ལྟར་བྱེད་ཀྱིན་འདུག བླ་མར་ཡང་མདོ་སྔགས་ཀྱི་ཆོས་ལ་གོ་རྟོགས་ཟབ་མོ་མེད་ན་བསྟེན་མི་རིགས་ཤིང་། དེང་སྐབས་བླ་མའང་འདྲ་མིན་སྣ་ཚོགས་ཡོད་པས། བསྟེན་ཚུལ་ཐད་ཉེན་ཁ་མེད་པའང་མིན།

ཁྱེད་རྣམ་པས་ལོ་མང་པོའི་རིང་ལ་བཀའ་རྙིང་ཆུ་བོ་གཅིག་འདྲེས་སུ་ཉམས་བཞེས་ཚུལ་བཞིན་དུ་གནང་བ་རེད། ཕྱིས་སུ། རྫོགས་ཆེན་དང་ཕྱག་ཆེན་གཉིས་ཀའང་སྔོན་དང་འདྲ་བའི་སྒོ་ནས་ཉམས་ལེན་ཡག་པོ་ཞིག་མཛད་པའི་རེ་བ་དང་ཡིད་ཆེས་ཡོད་པར་གསུངས།

དེ་རྗེས་སུ་བཛྲ་དྷ་དྷིའི་ཆོས་ཚོགས་ཀྱི་སྐུ་ཚབ་པས། ཆོས་རྗེ་ཉིད་ལ་བཀའ་དྲིན་གཏང་རག་གི་ཚུལ་དུ་འདི་ལྟར་ཞུས།

སྐྱབས་རྗེ་རིན་པོ་ཆེ་ཁྱེད་ཀྱིས། ང་ཚོ་བཛྲ་དྷ་དྷིའི་གདན་ཞུ་ཡི་གེ་འབྱོར་སྐབས་ཐུགས་ཤིན་ཏུ་མཉེས་སོང་ཞེས་གསུངས་སོང་། ང་ཚོས་ཀྱང་ཁྱེད་ཀྱི་མཚན་ཐོས་པ་དང་སྐུ་པར་མཇལ་བ་ན། སེམས་སུ་དགའ་སྤྲོ་ཚད་མེད་པ་སྐྱེས་བྱུང་། ད་ལན་ཁྱེད་སྐུ་དངོས་སུ་གནས་འདིར་འབྱོན་ཐུབ་པ་ནི། ཆེས་ངོ་མཚར་ཞིང་བློ་ཡུལ་ལས་འདས་པའི་དོན་བཟང་ཞིག་རེད།

ང་ཚོས་དགའ་སྤྲོ་དང་ཐེ་ཚོམ་གྱི་སྒོ་ནས་ཁྱེད་ཀྱི་ཐུགས་ལ་མངའ་བའི་མངོན་རྟོགས་ལ་རྒྱུས་ལོན་བྱེད་སྐབས། ལར་འཇིག་རྟེན་འདི་ན་ཆེས་ཟབ་པ་དང་བྱ་དཀའ་བའི་ཆོས་ནི། གཞན་ལ་བྱམས་བརྩེ་འཆང་བ་འདི་ཡིན་པ་གཞི་ནས་ཤེས་སོང་། ཁྱེད་ཉིད་མ་འོངས་པར་ཤམྦྷ་ལའི་ཞིང་དུ་རིགས་ལྡན་དྲག་པོ་ལྕགས་འཁོར་ཅན་གྱི་མངའ་འོག་གི་དམག་དཔོན་གྱི་སྐུར་བཞེང་སྐབས། ངེད་ཅག་ཚང་མ་ཁྱེད་ཀྱི་འཁོར་དཔའ་བོ་ཉིད་དུ་འགྱུར་བའི་སྨོན་འདུན་ཞུ། བཀའ་དྲིན་ཤིན་ཏུ་ཆེ།

མཇུག་ཏུ་བླ་མ་མུ་མཚོ་མཆོག་གིས་ཐམས་ཅད་ལ་འཇམ་དཔལ་གྱི་དབང་ཞིག་ཀྱང་གནང་སོང་།

དྲན་ངོགས་ཀྱི་ནུབ་བསྐྱོད་ལས་ཡུལ་བྷོལ་དྷེར་གྱི་མཛད་རིམ་ལེགས་པར་གྲུབ་པའི་སྐབས་ཏེ་གཉིས་པའོ། །

འབབ་ཚུགས་གསུམ་པ། ཨ་རིའི་རི་བོ་རཱོ་ཁཱེས།

༼ ༦·༣༠~༧·༦ ༽

མཛད་རིམ།

ཕྱི་ཟླ་༦པའི་ཚེས་༣༠ཉིན། རི་བོ་རཱོ་ཁཱེས་ཀྱི་ནང་པའི་ཆོས་ཚོགས་སུ་འབྱོར།

ཕྱི་ཟླ་༧པའི་ཚེས་༡ཉིན། འཇམ་དཔལ་ཞི་སྒྲུབ་ཀྱི་དབང་དང་གསུང་གླེང་མཛད།

ཕྱི་ཟླ་༧པའི་ཚེས་༢ཉིན། སྔ་དྲོར་མཁའ་ལྡིང་གཤོག་རླབས་ཀྱི་ཁྲིད་ཐུན་དང་པོ་དང་། ཕྱི་དྲོར་མཁའ་ལྡིང་གཤོག་རླབས་ཀྱི་ཁྲིད་ཐུན་གཉིས་པ་གསུངས།

ཕྱི་ཟླ་༧པའི་ཚེས་༣ཉིན། སྔ་དྲོར་མཁའ་ལྡིང་གཤོག་རླབས་ཀྱི་ཁྲིད་ཐུན་གསུམ་པ་དང་།ཕྱི་དྲོར་མཁའ་ལྡིང་གཤོག་རླབས་ཀྱི་ཁྲིད་ཐུན་བཞི་པ་གསུངས།

ཕྱི་ཟླ་༧པའི་ཚེས་༤ཉིན། སྔ་དྲོར་མཁའ་ལྡིང་གཤོག་རླབས་ཀྱི་ཁྲིད་ཐུན་ལྔ་པ་དང་། ཕྱི་དྲོར་མཆོད་རྟེན་ཆེན་མོའི་མདུན་ནས་གསུང་མཛད་གནང་།

ཕྱི་ཟླ་༧པའི་ཚེས་༥ཉིན། སྔ་དྲོར་ཕུར་པ་མགུལ་ཁུག་མའི་དབང་དང་ཆོས་ཁྲིད་གསུངས་ཤིང་། ཕྱི་དྲོར་ཁྲོམ་བསྒྲགས་གསུང་བཤད་གནང་།

ཕྱི་ཟླ་༧པའི་ཚེས་༦ཉིན། སྔ་དྲོར་ཆོས་ཚོགས་ཀྱི་བདག་གཉེར་བ་དང་རྡོ་རྗེ་ཆོས་སྲུང་གི་དམག་དཔུང་ལ་མཇལ་ཁ་ཞུས། ཕྱི་དྲོར་འཇམ་དཔལ་ཞི་སྒྲུབ་ཀྱི་བསྡུས་དོན་དང་ཞལ་གྱེས་ཁའི་གསུང་བཤད་གནང་།

རཱོ་ཁཱེས་ཀྱི་རི་འདབས།

ཕྱི་ཟླ་༦པའི་ཚེས་༣༠ཉིན། ང་ཚོ་མཛེས་སྡུག་ལྡན་པའི་ཡུལ་བྷོལ་དྷེར་དང་ཁ་བྲལ་ནས། ཀྱག་ཀྱོག་གི་རི་ལམ་བརྒྱུད་ཅིང་རི་བརྒལ་ལ་བརྒྱབ་ནས་བྱང་ཕྱོགས་སུ་བསྐྱོད། དུས་ཚོད་གསུམ་ཙམ་སོང་བ་ན་རི་བོ་རཱོ་ཁཱེས་འདབས་ཀྱི་ནང་བསྟན་ཆོས་ཚོགས་སུ་སླེབས།

རི་བོ་རཱོ་ཁཱེས་ནི་རང་རེ་བོད་ཀྱི་ཧི་མ་ལ་ཡའི་རི་རྒྱུད་ཇི་བཞིན། མེ་གླིང་བྱང་མའི་ཕྱོགས་ཀྱི་སྤྱི་ལེ་སྟོང་ཕྲག་མང་པོར་སྒང་གཤོངས་ཀྱིས་ཁེངས་བའི་རི་རྒྱུད་ཤིན་ཏུ་ཆེ་ཤོས་དེ་ཡིན། རི་རྩེ་ནས་བཞུར་བའི་གངས་ཆུ་རྣམས་ནུབ་ཕྱོགས་ཞི་བདེ་རྒྱ་མཚོ་དང་། ཤར་ཕྱོགས་འཁྱགས་རོམ་རྒྱ་མཚོ་རྣམས་སུ་བཞུར་གྱིན་ཡོད།

ཟླ་༧པའི་རི་བོ་རཱོ་ཁཱེས་ནི། གནམ་གཤིས་ཀྱི་དྲོ་འཁྱག་སྙོམས་ཤིང་ཡིད་སིམ་པའི་མཛེས་ལྗོངས་ཤིག་སྟེ། ནགས་ཚལ་དང་མཚེའུ། རྩྭ་ཐང་། འཁྱགས་ཀླུང་སོགས་ཀྱིས་ཡོངས་སུ་བརྒྱན་ཅིང་། གཡུ་ཡི་མེ་ལོང་ལྟ་བུའི་ནམ་མཁའ་དང་། རེག་བྱ་ཤིན་ཏུ་འཇམ་པའི་བསིལ་རླུང་། དྭངས་གསལ་ཤེལ་དང་འདྲ་བའི་གཙང་ཆུ་ལ་སོགས་པ་ཡུལ་གྱི་ཡོན་ཏན་ཐམས་ཅད་མ་ཚང་བ་མེད་པའི་གནས་མཆོག་ཉམས་དགའ་བ་འདིར་སླེབས་པ་ན། ནང་སེམས་ཀྱི་སྣང་བ་གནས་སུ་གྱུར་ནས་བོད་ཡུལ་གྱི་སྔོན་བྱོན་དམ་པ་རྣམས་ཀྱིས་སྒོམ་སྒྲུབ་མཛད་སའི་དབེན་གནས་ངོ་མཚར་བ་ཞིག་ཏུ་འབྱོར་སོང་བ་ལྟ་བུར་གྱུར།

སྒྲུབ་སྡེ་འདི་ནི་བོད་བརྒྱུད་ནང་བསྟན་གྱི་དཔལ་ལྡན་བཀའ་བརྒྱུད་པའི་བརྒྱུད་པ་འཛིན་པའི་ཆོས་ཚོགས་ཤིག་ཡིན་ཞིང་། ཉམས་ལེན་པ་ཕལ་ཆེ་བ་ནི་ཨ་རིའི་མི་རེད། ཁོ་ཚོའི་རི་སུལ་དང་ནགས་གསེང་རྣམས་སུ། ལ་ལས་ཤིང་ཁང་དང་ལ་ལས་སྦྲ་གུར་ཕུབ་སྟེ། འཇིག་རྟེན་ཟང་ཟིང་གི་རྣམ་གཡེང་དང་བྲལ་བར། ལོ་ལྔ་ནས་དྲུག་གི་རིང་ལ་ཞི་གནས་སྒོམ་པ་གཙོ་བོར་བྱས་ནས་དུས་རྟག་ཏུ་ཆོས་ཉམས་བཞེས་ཁོ་ན་མཛད་བཞིན་དུ་གནས་ཡོད།

ཆོས་རྗེ་ཉིད་གནས་འདིར་འབྱོན་པ་ན་ཁོང་ཚོར་དགའ་སྤྲོ་དཔག་ཏུ་མེད་པ་སྐྱེས་ཤིང་། གསང་སྔགས་ཀྱི་དབང་དང་མན་ངག་ཟབ་མོ་འཐོབ་པའི་འདུན་པ་སེམས་སུ་བཅངས་ནས་རེ་སྒུག་བྱས་འདུག

གསུང་མོལ་ལྷོད་པོ།

ངེད་ཅག་རི་བོ་རཱོ་ཁཱེས་ལ་འབྱོར་བའི་ཕྱི་དྲོར། ཆོས་རྗེ་ཉིད་ཀྱིས་ཚང་མ་ལ་ཆོས་ཁྲིད་བསྡུས་པ་ཞིག་གསུངས་ཏེ་ཕྱག་དབང་དང་བྱིན་རླབས་མཛད། དེ་ནས་ངལ་གསོ་ཕྲན་ཙམ་གནང་རྗེས། ཁོང་བཞུགས་གནས་ཀྱི་ཤིང་ཁང་དེའི་ཕྱི་ཁྱམས་སུ་བྱོན་ནས། རྒྱང་རིང་གི་ནགས་ཚལ་དང་རི་ཚོགས་སོགས་ཉམས་དགའ་བའི་མཛེས་ལྗོངས་ལ་གཟིགས་བཞིན། བག་ཕེབས་ངང་རྒྱ་སྤྲུལ་རིན་པོ་ཆེ་སོགས་དང་མཉམ་དུ་གསུང་མོལ་མཛད།

རྒྱ་སྤྲུལ་རིན་པོ་ཆེ་ནི་སྐུ་ན་ཆུང་ངུའི་དུས་ནས་མདོ་མང་དགོན་པའི་སྤྲུལ་སྐུ་རུ་ངོས་འཛིན་གནང་མྱོང་ཞིང་། རྗེས་སུ་ཨ་རིར་བྱོན་ནས་བསྟན་འགྲོའི་དོན་མཛད་པ་ཡིན། དེ་བས་ཁོང་གིས་མདོ་མང་དགོན་པའི་སྐོར་ནས་གླེང་མོལ་འདི་ལྟར་མཛད།

ང་རང་རྗེས་སོར་གསེར་རྟ་དང་མདོ་མང་དགོན་དུ་ལན་གཅིག་འགྲོ་འདོད་ཡོད། དེ་སྔོན་གཡང་ཐང་རིན་པོ་ཆེས་བཀའ་བསྒོས་པ་ལྟར་མདོ་མང་དགོན་དུ་ཐེངས་གཅིག་སོང་མྱོང་། སྐབས་དེར་ང་རང་བྲག་མགོར་ཐོན་དུས་ཐད་ཀར་དགོན་ནང་དུ་སོང་བ་ཡིན་ལ། སྤྲུལ་ཏིཥྛ་དང་མཇལ་བ་ན། ཁོང་གིས་ང་ལ། ཁྱོད་ཀྱིས་སྔོན་བརྡ་ཙམ་ཡང་མི་གཏོང་བར་འདི་ལྟར་གློ་བུར་དུ་ཕེབས་ཡོང་བ་ཅི་ཡིན་གསུངས། ང་རང་སྔོན་དུ་བརྡ་བཏང་ནས་བསུ་མ་བྱེད་པ་སོགས་ལ་མོས་པ་མེད་ཅིང་། ང་རང་ནི་སྔོན་ཆད་ཀྱི་ང་སྟེ། སྔོན་ཆད་ཀྱི་ང་རང་ལས་ཀྱང་ཅུང་ཞན་པར་གྱུར་ཡོད་པས། ཁྱེད་རྣམས་ལ་འོ་བརྒྱལ་གཏད་དགོས་དོན་མི་འདུག་ཅེས་ཞུས་པ་ཡིན། སྐབས་དེར་མདོ་མང་དགོན་བསྐྱར་བཞེངས་བྱས་ནས་ཡུན་རིང་པོ་ལོན་མེད་ཅིང་། གྲྭ་ཤག་ཉི་ཤུ་ལྷག་དང་གྲྭ་པ་ལྔ་བཅུ་དྲུག་ཅུ་ཙམ་ལས་མི་འདུག དགོན་དེར་ངས་བཤད་གྲྭ་ཞིག་གཟུག་པར་རོགས་རམ་ཨེ་ཐུབ་བལྟ་བའི་མོས་པ་ཆེ་ཡང་རྒྱུ་རྐྱེན་མང་པོ་ཞིག་གིས་ལེགས་འགྲུབ་མ་བྱུང་། ཡིན་ནའང་། བླ་མ་དཀོན་མཆོག་གསུམ་གྱི་བྱིན་རླབས་ཀྱིས་རྗེས་མར་ཡག་པོ་ཡོང་རྒྱུ་རེད་ཅེས་གསུངས།

ཆོས་རྗེ་ཉིད་ཀྱིས། ལི་ཁོག་མའི་མི་གྲངས་ལ་གཞལ་ན་མདོ་མང་དགོན་པ་དེ་ཙམ་རྒྱ་ཆེན་པོ་མིན་ཡང་། སྤྱི་ཁྱབ་ནས་དགོན་པ་ཧ་ཅང་དར་ཞིང་རྒྱས་བཞིན་པའི་སྒང་རེད། དེར་མ་ཟད། ད་ལྟ་ལི་ཁོག་སྟོད་སྨད་གཉིས་ལ་ཁྱིམ་ཚང་སྟོང་རུ་ལྷག་ཅིག་ཡོད་ཅིང་། ཕལ་ཆེ་བ་ཁ་ཁོག་འགྲིག་ཅིང་ནང་མཐུན་མོ་ཡོད་པ་དང་། བླ་མ་རྣམས་ཀྱིས་ཅི་གསུངས་ཀྱི་བཀའ་རྣམས་མཐའ་གཅིག་ཏུ་དང་དུ་ལེན་པ་ལས་དེ་ལ་ཚིག་གཅིག་གིས་ཡར་ཟློག་བྱེད་མཁན་མེད་པས། གལ་ཏེ་འབྲེལ་ཡོད་སྡེ་ཁག་གིས་ཆོག་མཆན་ལེགས་པོ་ཐོབ་ན། མདོ་མང་དགོན་པའི་འཛུགས་སྐྲུན་ལའང་གནད་དོན་ཡོད་རྒྱུ་མ་རེད་ཅེས་གསུངས།

ཆོས་རྗེ་ཉིད་ཀྱིས་ད་དུང་ཨ་རིའི་ནང་ཆོས་ཀྱི་གནས་སྟངས་སྐོར་གྱི་དྲི་བ་མཛད་པ་སོགས་གསུང་གླེང་གང་མང་གནང་།

ནུབ་ཕྱོགས་པའི་དུས་ཚོད་འདུ་ཤེས།

ཨ་རིའི་ཆོས་ཚོགས་གང་ལ་ཐོན་ཡང་། ཁོ་ཚོས་དུས་ཚོད་ལ་དམ་འཛིན་ཧ་ཅང་ལེགས་པོ་བྱེད་པ་སྟེ། ཆེ་ས་ནས་ལོ་དང་ཟླ་བའི་འཆར་གཞི་དང་། ཆུང་ས་ནས་ཉིན་རེའི་ཆུ་ཚོད་ཁ་གྲངས་དང་ཐ་ན་སྐར་མ་ཚུན་ཆད་ཚགས་དམ་ཞིང་གོ་རིམ་ལྡན་པར་བཀོད་སྒྲིག་བྱས་ཡོད། ང་ཚོ་ས་ཆ་གང་ལ་སླེབས་ཀྱང་། ཡུལ་དེ་གའི་ཆོས་ཚོགས་ཀྱིས་ཁང་མིག་རེ་རེར་ཉིན་རེའི་མཛད་རིམ་གྱི་དུས་ཚོད་བཀོད་ཁྲ་འཇོག་ཡོང་ཞིང་། གལ་ཏེ་དུས་ཚོད་ལ་དམིགས་བསལ་གྱི་འགྱུར་བ་བྱུང་ན་སྔོན་ནས་བརྡ་གཏོང་བ་ཡིན།

ཁོ་ཚོའི་དུས་ཚོད་དམ་འཛིན་གྱི་འདུ་ཤེས་ཤིན་ཏུ་བཟང་ཞིང་། བྱ་བ་ཚང་མ་དུས་ལྟར་གཏན་ཁེལ་ཡོང་བར་མཐོང་ཆེན་ཞེ་དྲག་བྱེད་པས། ཆོས་རྗེ་ཉིད་ཀྱིས་ཆོས་ཁྲིད་འཆད་པའི་སྐབས་སུ། གསུང་དངོས་དང་སྐད་བསྒྱུར། འདོན་ཆ་བཅས་ཀྱི་ཆོས་ཐུན་རེ་ལ་བསྡོམས་པས་ཆུ་ཚོད་གཉིས་རེ་བཀོད་སྒྲིག་བྱས་འདུག གལ་ཏེ་ཆོས་ཁྲིད་གསུང་ཡུན་གཏན་ཁེལ་གྱི་དུས་ཚོད་ལས་བརྒལ་བར་གྱུར་ན། ཆོས་ཞུ་མཁན་འགའ་རེས་རྗེ་ཉིད་ལ་དུས་ཚོད་ཐོན་སོང་བའི་དྲན་སྐུལ་དུ་ལག་པ་སྒྲེང་ནས། དུས་ཚོད་ཐོན་སོང་། ང་ཚོ་འགྲོ་རན་སོང་། རླངས་འཁོར་འཇོག་གླ་ལྷག་མ་འཚབ་དགོས་སོགས་ཟེར། གལ་ཏེ་ཆོས་ཁྲིད་ཆུ་ཚོད་གཉིས་ལ་མ་ཐོན་པར་སྐར་མ་བཞི་ལྔ་ཙམ་གྱི་སྔོན་ནས་གྲོལ་སོང་ན། ཡང་ཁོང་ཚོས་ད་དུང་མུ་མཐུད་དུ་གསུང་རོགས་ཀྱིས། ང་ཚོས་ཆུ་ཚོད་གཉིས་རིང་གི་རིན་སྤྲད་ཚར་ཡོད་ཟེར་བ་སོགས་བྱེད། ནུབ་ཕྱོགས་དང་ཤར་ཕྱོགས་པས་ཆོས་ཞུ་སྟངས་ཐད་ཀྱི་ཅུང་མི་འདྲ་ས་ནི། ཁོ་ཚོས་ཆོས་གང་ཞུས་ཀྱང་རིན་དངུལ་སྤྲད་དགོས་པ་དེ་རེད།

ཐེངས་ཤིག་ཆོས་རྗེ་ཉིད་ཀྱིས་ལྕེ་བཙུན་སྙིང་ཐིག་གི་དབང་གསུང་སྐབས། དབང་ཆོག་ཅུང་ཙམ་མང་བས་ཆུ་ཚོད་གཉིས་ཀྱི་རིང་རྫོགས་མ་ཐུབ་པར་སྐར་མ་སུམ་ཅུར་འགྱངས་དགོས་བྱུང་བ་ན། ཆོས་རྗེ་ཉིད་ཀྱིས་དུས་ཚོད་ཀྱིས་མི་འདང་ཡང་དབང་གནང་བ་ལ་བར་དུ་གཅོད་མི་རུང་བས། ང་ལ་ཆུ་ཚོད་ཕྱེད་ཀྱི་གོ་སྐབས་གནང་རོགས་ཞེས་བླ་མས་སློབ་མ་རྣམས་ལ་དགོངས་ཞུ་བྱས་པའང་ཡོད།

དང་ཐོག་ང་ཚོ་ཚགས་དམ་པའི་དུས་ཚོད་བཀོད་སྒྲིག་དེ་དག་ལ་ཅུང་ཟད་མི་ལོབས་པ་ལྟ་བུ་སྟེ། བོད་ཡུལ་ནས་ཆོས་ཁྲིད་ཅི་གསུང་ཡང་དུས་ཚོད་ལ་བཀག་རྒྱ་ནན་མོ་དེ་འདྲ་གང་ཡང་མེད་པར། གལ་ཏེ་ཅུང་ཟད་རྒྱས་པར་འདོད་ན་གང་འདོད་རང་དབང་གིས་ཆུ་ཚོད་ཁ་ཤས་ལ་གསུང་ཆོག་ཅིང་། དེ་ཙམ་རྒྱས་སྤྲོས་མ་འདོད་ན་སྐར་མ་བཅུ་ཕྲག་འགའ་ཡིས་རྫོགས་པར་བྱས་ཀྱང་འཐུས་མོད། འོན་ཀྱང་ནུབ་ཕྱོགས་པ་རྣམས་ལ་ཐོག་མའི་དུས་ཚོད་བཀོད་སྒྲིག་གི་སྒྲོམ་གཞི་ལས་རིང་བ་དང་ཐུང་བ་གཉིས་ཀ་མི་འགྲིག་པར་ཏག་ཏག་དུས་ཐོག་ཏུ་ཁེལ་དགོས་པ་ཡིན།

ངས་རྒྱུས་ལོན་བྱས་པ་ལྟར་ནུབ་ཕྱོགས་པ་རྣམས་ལ་མཚོན་ན། དུས་ཚོད་ལ་བརྩི་སྲུང་བྱེད་པ་ནི་ཕ་རོལ་པོར་བརྩི་བཀུར་བྱེད་པའི་མཚོན་རྟགས་ཤིག་ཡིན་ལ། གལ་ཏེ་ནམ་རྒྱུན་གཏན་ཁེལ་གྱི་དུས་ཚོད་དང་འགལ་བར་གྱུར་ན། མི་གང་དེའི་མི་གཞི་ལ་གནད་དོན་ཡོད་པའི་རྟགས་སུ་འཛིན། ལྷག་པར་གཟབ་རྒྱས་ཀྱི་མཛད་སྒོ་སོགས་བྱ་བ་གལ་ཆེན་གྱི་སྐབས་སུ། དུས་ཚོད་ལ་དེ་ལས་ཀྱང་དམ་འཛིན་བྱ་དགོས་པ་རེད་མ་གཏོགས། དེས་མི་མང་པོར་སྟབས་མི་བདེ་བ་བསྐྲུན་ཏེ། ཁོ་ཚོས་ཉི་མ་རེ་རེའི་བྱ་བ་ཞིབ་ཕྲའི་སྒོ་ནས་བཀོད་སྒྲིག་བྱས་པའི་བྱ་བ་གཅིག་ལ་འགོར་འགྱང་བྱུང་ན། གཞུག་གི་བྱ་བ་གང་མང་ལ་ཤུགས་རྐྱེན་ཐེབས་པར་འགྱུར་བས། དུས་ཚོད་བཀོད་ཁྲ་འདིའང་ངེས་པར་བརྩི་སྲུང་བྱ་དགོས་པའི་རྩ་དོན་ཞིག་ཡིན་པ་གཞི་ནས་ཤེས།

རྗེས་སུ་ཆོས་རྗེ་ཉིད་ཀྱིས་ཆོས་བཀའ་དང་དབང་ལུང་གང་གནང་ཡང་། ཡུལ་དུས་ཀྱི་སྲོལ་ལུགས་དང་མཐུན་པར་ནམ་རྒྱུན་ལག་དུས་ལ་གཟིགས་ནས། ཆོས་ཁྲིད་ཕལ་མོ་ཆེ་དུས་ཐོག་ཏུ་མཇུག་རྫོགས་པར་བྱེད་ཀྱིན་ཡོད།

སྐབས་དེ་ནས་བཟུང་། བདག་ཀྱང་དུས་ཚོད་དམ་འཛིན་གྱི་འདུ་ཤེས་ཅན་ཞིག་ཏུ་གྱུར་ནས། ཆོས་ཁྲིད་དང་ཚོགས་འདུ། མི་གཞན་དང་བཟའ་བཏུང་རོལ་བ་སོགས་བྱ་བ་ཆེ་འབྲིང་ཆུང་གསུམ་གང་ཡིན་ཡང་བཀོད་སྒྲིག་བྱས་པའི་དུས་ཚོད་ལས་མི་འདའ་བ་ལྟ་བུར་གྱུར་ཡོད།

ཆོས་སྒོ་དབྱེ་བའི་རྒྱུ་མཚན་གསུམ།

རི་བོ་རཱོ་ཁཱེས་ཀྱི་དབེན་ཁྲོད་ནས་སྒོམ་སྒྲུབ་པ་རྣམས་ལ་ཉིན་བདུན་རིང་གསང་སྔགས་ཀྱི་ཆོས་གསུངས།

ཕྱི་ཟླ་༧པའི་ཚེས་༡ཉིན། འཇམ་དཔལ་ཞི་སྒྲུབ་ཀྱི་དབང་བསྐུར་བའི་སྔོན་དུ་རྒྱ་སྤྲུལ་རིན་པོ་ཆེས་(Gyatrul Rinpoche)གསུང་བཤད་འདི་ལྟར་གནང་།

ཐོག་མར་ངས་ཕྱོགས་སོ་སོ་ནས་ཆེད་དུ་ཆོས་ཚོགས་འདིར་ཕེབས་མཁན་ཚང་མ་ལ་དགའ་བསུ་ཞུ། འདི་ལྟར་སྤྲོ་སྐྱིད་ཀྱི་ངང་དུ་ལྷན་འཛོམས་བྱུང་བ་ནི། བསྐལ་པ་གྲངས་མེད་ཀྱི་གོང་རོལ་ནས་ཚོགས་བསགས་སྒྲིབ་པ་སྦྱངས་པའི་ལག་རྗེས་ཡིན་པས། ང་ཚོས་འདི་ལྟ་བུའི་ཆོས་ཀྱི་མཛད་སྒོ་ལ་མཐོང་ཆེན་བྱེད་རིགས། ཁྱད་པར་དུ་ད་ལན་གྲུབ་པ་བརྙེས་པའི་སྐྱེས་ཆེན་ཆོས་རྗེ་ཡིད་བཞིན་ནོར་བུ་ལགས་དངོས་སུ་ཞལ་མཇལ་བྱུང་བ་ནི་ཆེས་སྐལ་བ་བཟང་པོ་ཡིན། ཁོང་ནི་ཨོ་རྒྱན་རིན་པོ་ཆེ་དངོས་ཀྱི་སྤྲུལ་བ་ཡིན་ལ། དངོས་གནས་དྲང་གནས་ཀྱི་ཐོས་གྲོལ་དང་མཐོང་གྲོལ། རེག་གྲོལ་ཡང་ཡིན། ང་ཚོས་མཛད་སྒོ་འདི་ལ་བརྟེན་ནས་རང་རྒྱུད་ལ་གནས་པའི་སངས་རྒྱས་ཀྱི་རང་བཞིན་མཐོང་ཞིང་། ཚེ་རབས་ཐམས་ཅད་དུ་ཕན་པ་དང་བདེ་བ་འབྱུང་ངེས་ཡིན།

ཚང་མས་ཆོས་རྗེ་ཉིད་མཇལ་བ་འདི་ནི། རང་རང་གི་བསོད་ནམས་ཀྱི་སྟོབས་ཀྱིས་སེམས་ཀྱི་མེ་ལོང་གི་དྲི་མ་དག་པས་ད་གཟོད་འདི་འདྲའི་བྱམས་བརྩེ་ཡི་གཟུགས་བརྙན་ཤར་བ་ཡིན་ལ། གཟུགས་བརྙན་དེ་ཁྱེད་རང་ཚོའི་མདུན་དུ་ཡོད་ཀྱང་སུ་ཡིན་མི་ཤེས་ནའང་ཐང་བས། ངས་ཁྱེད་རྣམས་ལ་ངོ་སྤྲོད་བྱས་པ་ཡིན། གཅིག་བྱས་ན་དེའང་ལོང་ཁྲིད་ལྟ་བུ་ཡིན་སྲིད།

ང་ཚོ་ཚང་མས་བསོད་ནམས་ཀྱི་བགོ་སྐལ་འདི་དམ་འཛིན་བྱས་ཏེ་ཆོས་རྗེ་ཉིད་ལ་སྐུ་ཚེགས་ཆེན་པོ་གཏད་མི་རུང་། ཁོང་དགུང་ལོ་མཐོ་ཞིང་ལམ་ཐག་རིང་པོ་ནས་ཡོང་བས་འོ་བརྒྱལ་ཆེ་བ་དང་། བྱིན་རླབས་སྣ་ཚོགས་ཀྱིས་འགྲོ་བའི་དོན་མཛད་དགོས་པས། ང་ཚོས་ཁོང་གི་ཞལ་གྱི་རྣམ་འགྱུར་དང་གསུང་སྐད་ལ་དཔག་ནས་སྐུ་ངལ་གསོ་རུ་འཇུག་དགོས། རང་རང་གི་ལག་མགོའི་དུས་ཚོད་ལ་བལྟ་བ་ལས་རང་རང་གི་ཚེ་ཕྱི་མ་ལ་དོ་སྣང་བྱས་ན་ལེགས། ཆོས་རྗེ་ཉིད་ཀྱི་སྐུ་གཟུགས་ཀྱི་བདེ་ཐང་དེ་ཧ་ཅང་གཙོ་བོ་ཡིན། སྤྱིར་སྒོ་འཛིན་བཙོངས་ནས་ཆོས་ཁྲིད་ཉན་པ་ནི་ཨ་རིའི་ཆོས་ཚོགས་རྣམས་ཀྱི་འགྲོ་ལུགས་སུ་ཆགས་ཡོད་ཀྱང་། བླ་མ་ཚོང་རྫས་དང་གདམས་ངག་འཐོབ་འོས་ཀྱི་ཞབས་ཞུ་རུ་གྱུར་ནས། ཆོས་འཆད་ཉན་གྱི་བྱ་བ་ཚོང་ལས་སུ་སོང་ན་ཆེས་མི་ལེགས་པས། ཚེ་འདིར་འཕྲད་པར་དཀའ་བའི་བསོད་ནམས་གསོག་པའི་གོ་སྐབས་རིན་ཐང་གསེར་ལས་ཆེ་བ་ཞིག་ཏུ་ངོས་འཛིན་གནང་རོགས།

ད་མང་པོ་ལབ་རྒྱུ་མིན། གུ་རུ་རིན་པོ་ཆེས་བསྒུགས་ནས་འདུག ང་ཅུང་ཟད་སྐྲག་བྱུང་། དེ་ཙམ་གྱིས་ཆོག་པར་བྱ།

ཆོས་རྗེ་ཉིད་ཀྱིས་སྐབས་འདིའི་ཆོས་སྒོ་དབྱེ་བའི་གསུང་མཛད་འདི་ལྟར་གནང་།

དེ་རིང་འུ་ཅག་གིས་དུས་ཚེས་ཕུན་སུམ་ཚོགས་པ་འདི་ལ་གསང་སྔགས་ཟབ་མོའི་ཆོས་ཀྱི་སྒོ་ཕྱེ་བའི་དུས་ལ་བབས་པ་ཡིན། སྤྱིར་གསང་སྔགས་ཀྱི་ཆོས་ཟབ་མོ་འདི་ཉིད་གང་ཟག་སུ་ཡིན་ཡིན་ལ་བཤད་པ་དང་། དབང་བསྐུར་དུ་མི་རུང་བའི་ཆོས་བཀའ་རྒྱ་ཅན་ཞིག་ཡིན་ཞིང་། གསང་སྔགས་ཀྱི་ཆོས་འཆད་ཉན་བྱེད་ན་ཡང་ལོ་མང་པོའི་བར་དུ་བླ་མས་སློབ་མ་བརྟགས། སློབ་མས་བླ་མ་བརྟགས་ནས་ཡུན་རིང་སོང་རྗེས་ད་གཟོད་བླ་མའི་གདམས་ངག་ཉན་དགོས་པར་གསུངས། འོན་ཀྱང་ད་རེས་ཀྱི་སྐབས་སུ་དབང་ཟབ་མོ་བསྐུར་བ་དང་། གདམས་ངག་ཟབ་མོ་སྟོན་པའི་ཆོས་ཀྱི་སྒོ་ཞིག་དབྱེ་རྒྱུ་ཡིན། འདི་ལྟ་བུའི་ཆོས་ཀྱི་སྒོ་ཕྱེ་བ་ལ་རྒྱུ་མཚན་རྣམ་པ་གསུམ་ཡོད། དེ་དག་གང་ཡིན་ཞེ་ན།

རྒྱུ་མཚན་དང་པོ་ནི། ཁྱེད་རྣམ་པ་ཚང་མས་བླ་མ་རྣམས་ཀྱི་ཕྱག་བཞེས་བཞིན། དང་པོ་ཞི་གནས་ནས་བཟུང་སྟེ་ལམ་ཆ་ཚང་བ་ཞིག་རིམ་པ་བཞིན་དུ་བགྲོད་ནས་འགྲོ་རྒྱུ་མ་གཏོགས། དང་པོ་ཉིད་ནས་ལམ་ལ་མཐོ་སྙེག་བྱེད་མི་རུང་། དེས་ན་ད་ལྟ་ཁྱེད་རྣམ་པ་ཚང་མ་ཡང་ཐུན་མོང་བའི་ལམ་ཆ་ཚང་རྫོགས་ནས་ཐུན་མོང་མ་ཡིན་པའི་ལམ་ཉམས་སུ་ལེན་པའི་དུས་ཚོད་དེར་ཐུག་འདུག ཕྱག་བཞེས་གཙོ་བོ་དེ་ནི་ཡིད་ཆེས་པ་དང་དགའ་འོས་སུ་གྱུར་པ་ཞིག་ཡིན་པས་ཁྱེད་རྣམ་པ་ལ་སྨིན་བྱེད་ཀྱི་དབང་དང་། གྲོལ་བྱེད་ཀྱི་གདམས་པ་སྟོན་རྒྱུ་ཡིན།

རྒྱུ་མཚན་གཉིས་པ་ནི། ཁྱེད་ཅག་དང་ང་རང་ལ་སྐྱེ་བ་སྔོན་གྱི་སྨོན་ལམ་དང་། ལས་ཀྱི་འབྲེལ་བ་བཟང་པོ་ཞིག་ཡོད་ཚོད་འདུག དེ་བསམ་ནས་ཀྱང་ཆོས་ཀྱི་སྒོ་འདི་དབྱེ་བ་ཡིན། དེ་ལ་ངེད་ཅག་དཔོན་སློབ་རྣམས་ལ་སྔོན་གྱི་ལས་སྨོན་བཟང་བོ་ཞིག་ཡོད་པའི་རྟགས་གང་གིས་དཔོག་ཐུབ་ཅེ་ན། ང་རང་གིས་བོད་དུ་དགེ་འདུན་པ་སྟོང་ཕྲག་མང་པོ་ལ་ཆོས་བཤད། མི་སེར་འབུམ་ཕྲག་མང་པོ་ལ་ཆོས་ཀྱི་འབྲེལ་བ་འཇོག་བཞིན་པའི་སྐབས་སུ་ཡང་། ང་རང་དང་ཕ་ཡུལ་གཅིག་པ་དང་ཆོས་བརྒྱུད་གཅིག་པ་རྣམས་ཀྱིས་གདན་ཞུས་ལས་ཀྱང་ཁྱེད་རང་རྣམས་ཀྱིས་གདན་ཞུའི་ཡི་གེ་འབྱོར་བ་ན། ངའི་སེམས་ལ་དགའ་སྤྲོའི་སྣང་བ་ཁྱད་པར་བ་ཞིག་སྐྱེས་བྱུང་། དེ་ངའི་ངོས་ནས་བསམ་བློ་བཏང་ན། ཁྱེད་རྣམ་པ་ལ་འབྲེལ་བ་ཡོད་པའི་རྟགས་རེད་སེམས་ཀྱིན་ཡོད། ཁྱེད་རྣམ་པའི་ངོས་ནས་ཀྱང་ང་ལ་ལས་འབྲེལ་ཞིག་ཡོད་ཚོད་འདུག་སྙམ། དེ་ཡང་ཅི་ཡིན་ཞེ་ན། ཁྱེད་རྣམ་པ་ཡང་གང་ཡིན་ཡིན་གྱི་བླ་མ་གདན་འདྲེན་བྱེད་མཁན་ཞིག་མ་རེད་ཀྱང་། ངའི་མིང་དང་ལོ་རྒྱུས་ཕྱོགས་ཙམ་ཞིག་གོ་བ་དང་མཉམ་དུ་དགའ་ཚོར་ཆེན་པོ་སྐྱེས་ནས་ཤར་ཕྱོགས་ཡ་གླིང་གི་རྒྱལ་ཁབ་ལ་གདན་ཞུའི་ཡི་གེ་ལན་མང་པོ་བཏང་བ་སོགས་ཁྱེད་རྣམ་པའི་ངོས་ནས་བསམ་བློ་བཏང་ན་ཡང་། རང་རེ་དཔོན་སློབ་རྣམས་ལ་ལས་ཀྱི་འབྲེལ་བ་བཟང་པོ་ཞིག་ཡོད་ཚོད་འདུག་བསམ་ནས་ད་ལན་ཆོས་སྒོ་དབྱེ་རྒྱུ་ཡིན།

རྒྱུ་མཚན་གསུམ་པ་ནི། ཁྱེད་ཅག་གི་བླ་མ་རིན་པོ་ཆེ་ཨ་རིའི་ལུང་པ་འདི་ལ་བྱོན་ནས་ལོ་བཅུ་ཕྲག་གི་བར་དུ་ཁྱེད་རྣམ་པ་ལ་ལམ་གྱི་གཞི་རྟེན་ཆ་ཚང་བ་ཞིག་བཞག དེ་ནས་ཁོང་གི་མཛད་པ་རེ་ཞིག་དབྱིངས་སུ་བསྡུས་ཀྱང་མཛད་པའི་ལྷག་མ་སྐྱོང་མཁན་དེ་ང་ལྟ་བུ་ལའང་སྐལ་བ་ཞིག་བཞག་པ་ཨེ་ཡིན་བསམ་ནས། ངས་ད་རེས་གསང་སྔགས་ཀྱི་དབང་གི་ཆོས་སྒོ་དབྱེ་རྒྱུ་ཡིན།

དེ་ལྟ་བུའི་རྒྱུ་མཚན་རྣམ་པ་གསུམ་ལ་བརྟེན་ནས། ཐོག་མར་སྨིན་བྱེད་ཀྱི་དབང་བསྐུར་བར་བྱ་བ་ལ། ཁྱེད་རྣམ་པས་ནམ་མཁས་གར་ཁྱབ་ཀྱི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ་བའི་ཕྱིར་དུ། གསང་སྔགས་ཀྱི་དབང་ཟབ་མོ་ཞུས་ནས་གདམས་ངག་རྣམས་ཉམས་སུ་བླང་བར་བགྱིའོ་སྙམ་པའི་ཀུན་སློང་སྔོན་དུ་བཏང་ནས་གསན་འཚལ།

དེ་ལ་གང་གསན་པར་བྱ་བའི་ཆོས་ནི། སྤྱི་ལོ་༡༩༨༧ལོར་ང་རང་གིས་གཙོ་འགན་ཁུར་ནས་བོད་མི་ཁྲི་ཕྲག་གཅིག་དང་། གཞན་ཡང་རྒྱ་རིགས་དང་། སོག་རིགས་སོགས་མི་ཆེས་མང་པོ་ཞིག་དང་མཉམ་དུ་ཤར་ཕྱོགས་རི་བོ་རྩེ་ལྔ་རུ་སོང་ནས། མགོན་པོ་འཇམ་པའི་དབྱངས་ཀྱི་དྲུང་དུ་བཟང་སྤྱོད་སྨོན་ལམ་ཅི་མང་བཏབ་པའི་མཐར། འཇམ་དཔལ་དབྱངས་ཀྱི་ཐུགས་ཀྱི་བྱིན་རླབས་ཀྱི་སྟོབས་ལས་ཤར་བའི་འཇམ་དཔལ་ཞི་སྒྲུབ་ཀྱི་དབང་འདི་ཉིད་སྐུར་བ་ཡིན།

ལྟ་བ་མཁའ་ལྡིང་གཤོག་རླབས་ཀྱི་ཁྲིད་ཐུན་དང་པོ།

ཕྱི་ཟླ་༧པའི་ཚེས་༢ནས་ཚེས་༤བར། ཞབས་དཀར་བའི་ལྟ་བ་མཁའ་ལྡིང་གཤོག་རླབས་ཀྱི་ཆོས་ཁྲིད་ཐུན་ལྔར་གསུངས་ཤིང་། ཁྲིད་ཐུན་རེ་རེ་བཞིན་འབྲུ་འགྲེལ་བསྡུས་པ་ཙམ་ལས་རྒྱ་ཆེར་མ་གསུངས་ལ། རྩ་བ་ཞལ་གསལ་བས་ཚིག་འགྲེལ་རྣམས་འདིར་བཀོད་མེད་པར། འཕྲོས་དོན་དུ་གསུངས་པ་རྣམས་ཀྱི་ཆ་ཤས་འདིར་བཀོད་ཡོད།

ཕྱི་ཟླ་༧པའི་ཚེས་༢ཉིན་གྱི་ཆོས་ཁྲིད་ཀྱི་སྔོན་དུ་ཆོས་རྗེ་ཉིད་ཀྱིས་དྲན་བསྐུལ་གྱི་ཚུལ་དུ་འདི་ལྟར་གསུང་།

འདིར་སློབ་མ་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་བའི་ཆོས་འཆད་རྒྱུ་ཡིན་པས། ཁྱེད་རང་རྣམས་ཀྱིས་དུས་རྒྱུན་དུ་ཆོས་ཉན་པ་དང་སྒོམ་པ། ཕྱག་སྐོར་སྒྲིབ་སྦྱང་ལ་སོགས་པའི་དགེ་བ་གང་བྱས་ཀྱང་ཐོག་མར་བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདི་ཉིད་མེད་དུ་མི་རུང་བ་ཡིན།

བསམ་པ་བྱང་ཆུབ་མཆོག་ཏུ་སེམས་ཇི་ལྟར་བསྐྱེད་པར་བྱ་ཞེ་ན། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་གཏན་བདེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་བསྒྲུབ་པར་བྱ་བསམ་པ་སྔོན་དུ་སོང་ཞིང་། སངས་རྒྱས་ཀྱི་གོ་འཕང་བདེ་མྱུར་དུ་བསྒྲུབ་པར་བྱ་བའི་ཕྱིར་དུ་ཆོས་ཟབ་མོ་འདི་ཉིད་ཉམས་སུ་བླང་བར་བགྱིའོ་སྙམ་པ་ནི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཡིན།

ད་རེས་ཀྱི་སྐབས་སུ་བབས་པའི་ཆོས་འདི་འཆད་པའི་གོང་དུ། ངས་ཁྱེད་རྣམ་པ་ལ་རེ་བཅོལ་གྱི་ཚིག་གཉིས་ཞུ་རྒྱུ་ཡོད་དེ། ཁྱེད་རྣམས་ཀྱིས་དུས་རྒྱུན་དུ་ལམ་ཉམས་སུ་ལེན་སྟངས་ཀྱི་གོ་རིམ་ནི་དམའ་རིམ་ནས་མཐོ་རིམ་བར་རིམ་པ་བཞིན་དུ་བགྲོད་ནས་བསྒྲུབ་རྒྱུ་མ་གཏོགས་ལམ་འཆོལ་ཉོག་ཏུ་སྤྱོད་མི་རུང་། དེ་ཡང་ལས་དང་པོ་པས་ཀྱང་ལམ་གོང་མ་རྣལ་འབྱོར་པའི་བྱ་བ་ལྟ་བུ་མི་བྱ་སྟེ། འགྲེལ་ཆེན་དྲི་མེད་འོད་ལས། ལས་དང་པོ་པས་རྣལ་འབྱོར་པའི་བྱ་བ་མི་བྱའོ། །རྣལ་འབྱོར་པས་གྲུབ་པའི་བྱ་བ་མི་བྱའོ། །གྲུབ་པས་ཐམས་ཅད་མཁྱེན་པའི་བྱ་བ་མི་བྱའོ། །ཞེས་པ་བཞིན་དུ་དུས་རྒྱུན་དུ་ཉམས་སུ་ལེན་རྒྱུ་ནི་ངའི་རེ་བ་དང་པོ་ཡིན།

དེ་ནས་ཁྱེད་རྣམ་པས་སྔར་བཞིན་ད་རུང་ཡང་མུ་མཐུད་དུ་ཕྱག་རྒྱ་ཆེན་པོ་དང་རྫོགས་པ་ཆེན་པོ་འདི་གཉིས་ལ་ཁྱད་པར་མེད་པར་ཉམས་སུ་ལེན་རྒྱུ་དེ་ངའི་རེ་བ་གཉིས་པ་ཡིན་ཏེ། དེ་གཉིས་ནི་རྐང་པ་དང་མིག་ལྟ་བུ་ཡིན། ཕྱག་རྒྱ་ཆེན་པོ་ནི་རྐང་པ་ལྟ་བུ་དང་། རྫོགས་པ་ཆེན་པོ་ནི་མིག་ལྟ་བུ་ཡིན། དེ་གཉིས་ཀྱི་ལམ་ཁ་བྲལ་སོང་ན་སངས་རྒྱས་ཀྱི་ས་ལ་འགྲོ་རྒྱུ་མ་རེད། དཔེར་ན་མིག་དང་རྐང་པ་གང་རུང་མེད་ན་ས་ཆ་གཞན་དུ་འགྲོ་མི་ནུས་པ་ལྟ་བུ་ཡིན། དེས་ན་ཕྱག་རྒྱ་ཆེན་པོ་ནི་ལམ་གྱི་གཞི་རྟེན་འགྲོ་བར་བྱེད་པའི་རྐང་པ་ལྟ་བུ་དང་། རྫོགས་པ་ཆེན་པོ་ནི་ལམ་ཡང་དག་པ་མཐོང་བར་བྱེད་པའི་མིག་བཟང་པོ་ལྟ་བུ་ཡིན། དེ་ཇི་ལྟར་ཡིན་ཞེ་ན། ཕྱག་རྒྱ་ཆེན་པོ་ནི་རྩེ་གཅིག་ཏུ་འཇོག་པར་བྱེད་པའི་ཐབས་དང་། རྫོགས་པ་ཆེན་པོ་ནི་བཞག་པའི་དོན་འབྲས་མཐོང་བར་བྱེད་པའི་ཐབས་ཡིན། དེ་ཡང་དཔེར་ན། རྫོགས་པ་ཆེན་པོའི་ལམ་དང་མི་ལྡན་པའི་ཕྱག་ཆེན་གྱི་བཞག་ཐབས་རྐྱང་བ་སྒོམ་པའི་དབང་དུ་བྱས་ན། དེས་ཀྱང་སྲིད་པའི་རྩ་བ་གཅད་མི་ཐུབ་ཅིང་། རྫོགས་ཆེན་ལའང་ཕྱག་རྒྱ་ཆེན་པོའི་བཞག་ཐབས་ཀྱི་མན་ངག་གི་གནད་དང་མི་ལྡན་པར་རང་གར་རིགས་པས་དཔྱད་པ་ཙམ་ཞིག་གིས་སངས་རྒྱས་ཀྱི་ས་གང་ལ་ཡང་བགྲོད་ཐུབ་པ་མིན།

དེས་ན་སྔོན་གྱི་རྒྱ་བོད་མཁས་གྲུབ་རྣམས་ཀྱི་ཞལ་རྒྱུན་ལ་འདི་ལྟར་གསུང་སྲོལ་ཡོད་དེ། འཇམ་མགོན་ས་པཎ་གྱིས། བླུན་པོས་ཕྱག་རྒྱ་ཆེ་བསྒོམ་པ། །ཕལ་ཆེར་དུད་འགྲོའི་རྒྱུ་རུ་གསུངས། །མིན་ན་གཟུགས་མེད་ཁམས་སུ་སྐྱེ། །ཡང་ན་ཉན་ཐོས་འགོག་པར་ལྟུང་། །ཞེས་ལྷག་མཐོང་མེད་པའི་ཞི་གནས་ནི་ལུང་མ་བསྟན་ཡིན་པས་འཁོར་བར་སྐྱེ་བྱེད་མ་གཏོགས་ཕན་པ་གང་ཡང་མེད་གསུངས། དེ་བཞིན་དུ་རིག་འཛིན་འཇིགས་མེད་གླིང་པས། སེམས་སྟོང་གསལ་ཞི་གནས་འཛིན་པ་ཅན། །ཡིད་དཔྱོད་ཀྱི་ལྷག་མཐོང་གཡོ་འཁྲུལ་པོ། །དབྱིངས་ལུང་མ་བསྟན་གྱི་བྱར་མེད་གསུམ། །འདི་གསུམ་པོ་རྫོགས་ཆེན་ཁྱུ་ནས་བུད། །ཅེས་ཞི་གནས་མེད་པའི་ལྷག་མཐོང་ནི་ཡུལ་ལ་གཡེང་བྱེད་མ་གཏོགས་དེས་ཀྱང་ལམ་མཆོག་རྙེད་པ་མ་ཡིན་པར་གསུངས་ཡོད། དེས་ན་ཁྱེད་རྣམས་ཀྱིས་ད་རེས་དང་ཕྱིས་འབྱུང་གི་གནས་སྐབས་གང་ལ་ཡང་ཕྱག་རྫོགས་ཡ་མི་བྲལ་བར་ཉམས་སུ་ལེན་རྒྱུ་དེ་གོང་དུ་ཞུས་པ་ལྟར་རྩ་བའི་རེ་བཅོལ་གཉིས་པ་ཡིན།

དེ་ལྟ་བུའི་ཆོས་ཉམས་སུ་ལེན་པར་བྱེད་པ་ལ། ཁྱེད་རྣམ་པས་རང་སྟོབས་ཀྱིས་ཤེས་ཐུབ་རྒྱུ་མ་རེད། དེས་ན་མཚན་ཉིད་ལྡན་པའི་བླ་མ་བཟང་པོ་ཞིག་ལ་བསྟེན་ནས་ཆོས་དེ་ཉམས་སུ་ལེན་དགོས། བླ་མ་བཟང་པོ་ཞིག་བསྟེན་དགོས་ན། བཀའ་བརྒྱུད་པའི་བླ་མ་རྣམས་ལ་ཁྱེད་རང་ཚོར་ཆ་རྒྱུས་ཡོད། རྙིང་མའི་བླ་མ་ཡིན་ན་ཁྱེད་ཚོའི་ཉེ་སར་བཞུགས་པའི་ཁོང་རྣམ་པ་གང་ཅིའི་ཐད་ནས་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཡོད་པས། ཁོང་རྣམ་པ་གདན་ཞུ་གྱིས་ལ་གུས་པས་གདམས་ངག་ལ་ཉོན་དང་ཕན་པ་རྒྱ་ཆེན་པོ་འབྱུང་རྒྱུ་རེད།

དེ་མིན་བོད་ཡུལ་ན་བཞུགས་པ་སོགས་ཐག་རིང་ནས་གདན་ཞུ་དགོས་ན། མཐུན་རྐྱེན་འབྱོར་དཀའ་མོ་ཡིན་ཏེ། དཔེར་ན་ང་ལྟ་བུར་མཚོན་ན་ལོ་ན་མཐོ་བ་དང་། ནད་ཚབས་ཆེ་བ། རང་ཡུལ་ན་འཁོར་ཚོགས་མང་བ་སོགས་ཕྱི་ནང་གི་རྐྱེན་གང་ལ་བསམ་བློ་བཏང་ན་ཡང་། ཨ་རིའི་ལུང་པ་འདིར་ཐེངས་འདི་མ་གཏོགས་སླེབས་ཐུབ་རྒྱུ་མ་རེད་སྙམ། ཡིན་ན་ཡང་རང་རེའི་འབྲེལ་བ་སྔར་ལས་ཀྱང་ལྷག་པའི་དམ་ཟབ་ཏུ་གཏང་རྒྱུ་ནི་ང་རང་ཉིད་ཀྱི་འདོད་བློ་ཡིན། དེ་ཡང་ནང་ཆོས་ཀྱི་ཕྱོགས་ནས་འུ་ཅག་གིས་ཕན་ཚུན་ཉམས་མྱོང་བརྗེ་རེས་དང་དྲི་བ་གཏོང་རེས་སོགས་བྱེད་པར་དགའ་སྤྲོ་ཡོད་ཅིང་། དེས་ཕན་ཚུན་ལ་ཕན་པ་ཆེན་པོ་འབྱུང་བས་འཇིག་རྟེན་པའི་ཆབ་སྲིད་སོགས་དང་ཡེ་ནས་མི་འདྲ། རྗེས་མ་ང་རང་གི་སློབ་མ་ཚང་མའི་རིང་ལའང་ཁྱེད་རྣམ་པ་ལ་འབྲེལ་བ་ཡག་པོ་ཡོང་ཤས་ཆེ། ངས་ཁྱེད་རྣམ་པ་ཕན་ཚུན་འབྲེལ་བ་ཡག་པོ་ཡོང་བའི་སྨོན་འདུན་བཟང་པོ་ཞུ་རྒྱུ་ཡིན།

དེ་ནི་བསམ་པ་བཟང་པོའི་སྐད་ཆ་ཡིན་པ་ལས་ང་ལ་དཔལ་འབྱོར་དང་ཆབ་སྲིད་སོགས་ཀྱི་དམིགས་ཡུལ་རྩ་བ་ནས་མེད། བསམ་པ་རྣམ་དག་གིས་ཀུན་ནས་བསླངས་ཏེ་ཆོས་དང་བླ་མར་འབྲེལ་བ་འཇོག་སྟངས་སྐོར་ནས་མདོར་བསྡུས་ཤིག་ཞུས་པ་ཡིན།

དེ་ནས་འཆད་པར་བྱ་བའི་ཆོས་དངོས་ནི་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས་གསུངས་པའི་ལྟ་བའི་ཉམས་མགུར་འདི་ཡིན། འོ་ཡ། ཧ་ཧ་ཧ། ང་ལ་མིག་མེད་པས་རྣ་བ་ཡིས་མིག་དང་རྣ་བ་གཉིས་ཀྱི་སྐུ་ཚབ་བྱས་ཏེ་ཆོས་འཆད་དགོས་པ་རེད།

ཅེས་ཕྱག་ཏུ་སྒྲ་ཕབ་ནག་པོ་དེ་བཞེས་ནས་སླར་ཆོས་ཁྲིད་གནང་།

སྔ་དྲོར་ཆོས་རྗེ་ཉིད་ཀྱིས། ན་མོ་གུ་རུ་བྷྱཿ ཀུན་གསལ་མཁྱེན་བརྩེའི་རྟ་བདུན་དཀྱིལ་འཁོར་ལས། །ཚད་མེད་ཐུགས་རྗེའི་འོད་ཟེར་རབ་སྤྲོས་ནས། །ཁམས་གསུམ་འགྲོ་བའི་མ་རིག་མུན་པ་ཀུན། །དུས་གཅིག་སེལ་མཛད་ཆོས་ཀྱི་རྒྱལ་པོར་འདུད། །ཅེས་པ་ནས། འདི་ནི་གཞི་ཡི་སེམས་ཉིད་གནས་ལུགས་ཀྱི། །རང་བཞིན་གཏན་ལ་ཕབ་པའི་ངོ་སྤྲོད་དོ། །ཞེས་པའི་བར་དུ་གསུངས་ཤིང་ཆོས་ཁྲིད་ཀྱི་མཇུག་རྫོགས་ཁར་འཕྲོས་དོན་གྱི་ཚུལ་དུ་གསུང་བཤད་གནང་བ་འདི་ལྟར།

ཁྱེད་རྣམ་པས་ཞི་གནས་སྒོམ་པའི་སྐབས་སུ། གནས་པ་རྐྱང་པའི་ངང་དུ་བསྡད་པ་ཙམ་མིན་པར། རྩེ་གཅིག་ཏུ་གནས་པའི་ངོ་བོ་དེ་ཅི་འདྲ་ཞིག་ཡིན་པ་ལ་སེམས་ཐག་ཆོད་དུ་ཆུགས། དེ་ཕྱག་རྒྱ་ཆེན་པོའི་ལམ་ཡིན། དེ་ནས་སེམས་ཁོ་རང་གི་ངོ་བོར་བལྟས་ནས་སེམས་ཀྱི་ཡིན་ལུགས་ཇི་བཞིན་དུ་གོ་བར་གྱིས་དང་། དེ་ནི་རྫོགས་པ་ཆེན་པོའི་ལམ་ཡིན། དེས་ན་ཁྱེད་རྣམ་པས་ཕྱག་ཆེན་དང་རྫོགས་ཆེན་གྱི་ལམ་གང་ཉམས་སུ་བླངས་ཀྱང་གནད་གཅིག་པ་ཡིན། རང་གི་སེམས་དེ་ཡོད་ན་ཡོད་ཐག་ཆོད་པ་ཞིག་དང་མེད་ན་མེད་ཐག་ཆོད་པ་ཞིག་ལ་རྩད་བརྡར་ཆོད་པར་གྱིས་དང་དེས་ཆོག་པ་རེད།

ལྟ་བ་མཁའ་ལྡིང་གཤོག་རླབས་ཀྱི་ཁྲིད་ཐུན་གཉིས་པ།

ཕྱི་དྲོར་ཆོས་རྗེ་ཉིད་ཀྱིས་མུ་མཐུད་དུ། ཨེ་མ་ཧོ། ད་ཡང་སྐལ་ལྡན་སེམས་ཀྱི་བུ་རྣམས་ཉོན། །དང་པོ་ཆོས་སྐུ་ཀུན་ཏུ་བཟང་པོ་ཡིས། །སྒོམ་པ་རྡུལ་ཙམ་མ་བྱས་གྲོལ་ཚུལ་དང་། །འགྲོ་བ་དྲུག་གིས་མི་དགེ་སྡིག་པའི་ལས། །སྤུ་ཙམ་མ་བྱས་འཁོར་བར་འཁྱམས་ཚུལ་ནི། །ཞེས་པ་ནས། ཐམས་ཅད་རང་གི་སེམས་ཀྱི་ཆོ་འཕྲུལ་གྱིས། །མེད་སྣང་སྟོང་པ་ཉིད་ཀྱི་རང་གཟུགས་སུ། །བློ་ཐག་རྦད་ཀྱིས་ཆོད་ལ་ཕྱམ་གྱིས་ཞོག །ཅེས་པའི་བར་དུ་གསུངས་ཤིང་། ཆོས་ཁྲིད་ཀྱི་མགོར་འཕྲོས་དོན་གསུང་པ་འདི་ལྟར།

ད་རེས་འུ་ཅག་གིས་འོད་གསལ་རྫོགས་པ་ཆེན་པོའི་ཆོས་འདི་འཆད་ཉན་བྱེད་པ་ཡིན་ལ། འདི་ཁྱེད་རྣམ་པ་ཕལ་ཆེར་གྱིས་ཡང་དག་པ་ཞིག་གོ་ཐུབ་རྒྱུ་རེད། དོན་ཇི་བཞིན་དུ་གོ་མི་ཐུབ་པ་རྣམས་ཀྱིས་ཀྱང་འདི་ལ་དད་པ་དང་གུས་པ་གྱིས་དང་། ནམ་ཞིག་ན་ངེས་པར་དུ་ཆོས་ཀྱི་དོན་རྟོགས་པའི་དུས་ཚོད་ཅིག་ཡོང་ངེས་ཡིན།

ཁྱད་པར་དུ་ཁྱེད་རྣམ་པས་འཇམ་དཔལ་ཞི་སྒྲུབ་དང་དེའི་ཆ་ལག་ཁྲིད་ཡིག་སངས་རྒྱས་ལག་སྟེར་ཉམས་སུ་ལོངས་དང་ཕན་པ་རྒྱ་ཆེན་པོ་འབྱུང་བ་ཡིན། འདིས་ནུབ་ཕྱོགས་ལུང་པའི་མི་རྣམས་ལ་ཕན་ཐོགས་རྒྱ་ཆེན་པོ་ཞིག་འབྱུང་བའི་ཡིད་ཆེས་སྔར་ནས་ཡོད་ཅིང་། ཁྱད་པར་དུ་ཁྱེད་རྣམ་པའི་ནང་ནས་མང་ཆེ་བ་ཞིག་འདིའི་གདུལ་བྱ་ཡིན་རྒྱུ་རེད་བསམ་ཡོད་ཀྱང་། ད་སྐབས་ང་རང་ཨ་རིའི་ལུང་པར་ཐོན་རྒྱུ་དེ་ཧ་ཅང་འཕྱིས་སོང་། ང་རང་ན་ཚོད་མཐོ་བའི་དུས་ཚོད་ལ་ཐུག་སོང་བས། ཁྱེད་རྣམས་ལ་ངས་ཆོས་དངོས་སུ་བཤད་ནས་ཕན་རྒྱ་ཆེན་པོ་ཞིག་ཐོགས་རྒྱུ་དཀའ་མོ་རེད། འོན་ཀྱང་ངས་ཁྱེད་རྣམས་ལ་ཕན་པའི་སྨོན་ལམ་བཟང་པོ་གདབ་རྒྱུ་ཡིན། རྗེས་སུ་ཁྱེད་རྣམ་པས་ཆོས་འདི་ཉམས་སུ་ལེན་པའི་རེ་བ་ཡོད།

དེས་ན་ཆོས་འདི་ཁོ་རང་གི་ངོས་ནས་བསམ་བློ་བཏང་ན། ཁྱེད་རྣམ་པ་ལ་ཕན་ཐོགས་རྒྱ་ཆེན་པོ་ཞིག་འབྱུང་བའི་རྒྱུ་མཚན་ཞིག་ཡོད། གང་ཡིན་ཟེར་ན། འདིའི་བརྗོད་བྱ་ལ་བལྟས་ན། དེའང་གནད་འདུས་ཤིང་ཉམས་སུ་ལེན་བདེ་མོ། ཁྱེད་ཚོ་སྟོབས་ལྡན་རྒྱལ་ཁབ་བྱ་བ་མང་པོ་བསྒྲུབ་དགོས་མཁན་གྱིས་ཀྱང་། ཆོས་འདི་ལས་ཀ་དང་སྦྲགས་ནའང་ལས་སླ་མོ་ཞིག་གིས་ཉམས་སུ་ལེན་ཐབས་ཡོད་པས། དེའི་ཕྱིར་ངས་འདི་ནི་གཙོ་བོ་ཁྱེད་ནུབ་ཕྱོགས་ལུང་པའི་དཔལ་འབྱོར་སྟོབས་དང་ལྡན་པའི་རྒྱལ་ཁབ་རྣམས་ཀྱིས་ཉམས་སུ་བླང་བྱའི་ཆོས་ཤིག་ཡིན་སྙམ་པའི་ཡིད་ཆེས་ཡོད།

ཁྱད་པར་དུ་སྔོན་ཆད་ང་རང་ཉིད་ཀྱིས་བྲིས་པའི་ལུང་བསྟན་ཞིག་གི་ནང་དུ་ཡང་། ཁྱེད་རྣམ་པ་ལ་ལྷག་པར་དུ་ཕན་ཐོགས་ཆེ་ཚུལ་གྱི་ཚིག་ཅིག་ཡོད། ངས་དེ་ཉིད་ཚར་གཅིག་བཀླག་རྒྱུ་ཡིན། ཀུན་ཕན་ཉི་མའི་དཀྱིལ་འཁོར། །ཤར་རིའི་རྩེ་ནས་ཤར་ཡང་། །འོད་སྟོང་ནུབ་ཏུ་འཕྲོས་བྱུང་། །ཤེས་མེད་རི་ཕྲན་ཕལ་ཆེར། །ང་མཐོ་སྙམ་ནས་མ་འགྱིང་། །རང་དྲུང་གྲིབ་མས་གཡོགས་ལ། །རེ་ཞིག་ཁྱོད་ཉིད་དབང་ཡང་། །ནམ་ཞིག་སྣང་བས་ཁྱབ་ཡོང་། །ཞེས་པའི་དོན་གང་ཡིན་སྙམ་ན། ངས་ཆོས་འདི་རྒྱ་གར་རྡོ་རྗེ་གདན་གྱི་ཤར་ཕྱོགས་རྒྱ་ནག་རི་བོའི་རྩེ་ལྔའི་གནས་སུ་བྲིས་པ་ཡིན་ཡང་། གདུལ་བྱ་ནི་ནུབ་ཕྱོགས་པའི་རྒྱལ་ཁབ་ཕལ་ཆེར་ཡིན་པས། ཁྱེད་རྣམས་ལ་ཕན་པ་འབྱུང་རྒྱུ་རེད་ཟེར་དོན་དེས་ཡིན། དེ་ཡང་དཔེར་ན་ཉི་མ་ཤར་ནས་འཆར་ཡང་འོད་སྟོང་ནུབ་ཏུ་འཕྲོ་བ་བཞིན་དུ་ཡུན་མི་རིང་བར་ནུབ་ཕྱོགས་ཀྱི་མི་རྣམས་ལ་ཕན་པ་རྒྱ་ཆེན་པོ་འབྱུང་ངེས་ཞེས་བསྟན་པ་ཡིན། ལུང་བྱང་ཡང་ད་རེས་དུས་ཐོག་ཏུ་ཁེལ་བ་རེད་སྙམ་པའི་ང་ལ་ཡིད་ཆེས་ཡོད།

ལྟ་བ་མཁའ་ལྡིང་གཤོག་རླབས་ཀྱི་ཁྲིད་ཐུན་གསུམ་པ།

ཕྱི་ཟླ་༧པའི་ཚེས་༣ཉིན་གྱི་སྔ་དྲོར་ཆོས་རྗེ་ཉིད་ཀྱིས། དེ་ཡང་ཐུབ་པ་གང་ཆེན་མཚོ་ཡི་ནི། །ཕྱག་གི་པདྨའི་རྡུལ་གཅིག་སྟེང་ཉིད་ན། །སྟོང་གསུམ་མི་མཇེད་འཇིག་རྟེན་ཡོད་པར་གསུངས། །ཞེས་པ་ནས། གནས་འགྱུ་རིག་གསུམ་གཅིག་ཏུ་ཉམས་སུ་ལོངས། །འཕྲོ་གནས་གཉིས་སུ་མེད་པར་ངོ་སྤྲོད་དོ། །ཞེས་པའི་བར་དུ་གསུངས་ཤིང་། ཆོས་ཁྲིད་ཀྱི་མགོར་འཕྲོས་དོན་གསུང་པ་འདི་ལྟར།

ཐམས་ཅད་ཀུན་ཀྱང་སེམས་ཀྱི་ཆོ་འཕྲུལ་ཡིན་པར་ཤེས་ནས། སེམས་ཟེར་བ་དེའི་ངོ་བོ་ཅི་འདྲ་ཞིག་ཡིན་ཚུལ་གོ་རྒྱུ་ནི་རྩ་བ་ཡིན། དེ་གོ་དགོས་ན་ཐོག་མར་ཞི་གནས་ཀྱི་སྟེང་ནས་གོ་དགོས། ཁྱེད་རྣམ་པས་ཞི་གནས་བསྒོམ་དགོས་པ་རེད་མ་གཏོགས་སེམས་ཅི་འདྲ་ཡིན་ཚུལ་ཤེས་མི་སྲིད། སེམས་རྩེ་གཅིག་གི་ངང་ནས་ཡུན་རིང་པོའི་བར་དུ་སྒོམས། དེ་ཡང་སེམས་ལ་ཅིའང་མི་བསམ་པ་རྐྱང་པ་ཙམ་ཞིག་གིས་ཅི་ཡང་གོ་རྒྱུ་མེད་དེ་གཉིད་མཐུག་དང་བརྒྱལ་བའི་གནས་སྐབས་ལྟ་བུ་ཡིན། དེ་ཙམ་གྱིས་གར་ཡང་མི་ཕྱིན་པས་ཞི་གནས་གཞིར་བྱས་ཏེ་དེའི་སྟེང་ནས་ཡར་འགྲོ་དགོས། དེ་ནི་སེམས་རྩེ་གཅིག་ཏུ་གནས་པའི་ངང་མ་ཤོར་བར་སེམས་ཀྱི་གཤིས་ལ་རང་བཞིན་ཤུགས་ཀྱིས་བལྟ་དགོས། སེམས་ཀྱི་གཤིས་ལ་ལྟ་བའི་གནས་སྐབས་ན། སེམས་ལ་དབྱིབས་དང་ཁ་དོག་མེད་ཅིང་གང་དུ་ཡང་མ་གྲུབ་པའི་སྟོང་ཉིད་ཡིན་པར་ཧ་གོ་ཡོང་རྒྱུ་ཡོད་ཅིང་། དེ་ལ་ལྷག་མཐོང་ཟེར། དེ་གོ་སོང་དུས་འགྲིག་པ་རེད།

ཞི་གནས་ཀྱིས་གཞི་བྱས་པའི་སྟེང་ནས་ལྷག་མཐོང་འཚོལ་དགོས་ཤིང་། ཞི་ལྷག་ཟུང་འབྲེལ་དུ་བསྒོམ་ན་ནམ་ཞིག་དེའི་འབྲས་བུ་མངོན་དུ་འགྱུར་ཡོང་བས། དེ་ནི་གོང་ན་མེད་པའི་ལམ་གྱི་མཐར་ཐུག་རེད། དེས་ན་ཁྱེད་རྣམས་ཀྱིས་ཀྱང་ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག་པའི་ལམ་དེ་དུས་རྒྱུན་དུ་ཅི་ནུས་སུ་བསྒོམ་པར་ཞུ།

ལྟ་བ་མཁའ་ལྡིང་གཤོག་རླབས་ཀྱི་ཁྲིད་ཐུན་བཞི་པ།

ཕྱི་དྲོར་ཆོས་རྗེ་ཉིད་ཀྱིས། ཨེ་མ་ཧོ། སྐལ་བར་ལྡན་པའི་སེམས་ཀྱི་བུ་གཅིག་པོ། །ཁྱེད་རྣམས་མ་ཡེངས་དལ་ལེ་རྣ་བས་ཉོན། །གླུ་བ་བྱ་བཏང་ཚོགས་དྲུག་རང་གྲོལ་ངའི། །གླུ་དབྱངས་སྙན་མོ་གངས་དཀར་སེམས་ལ་ཞོག །ཅེས་པ་ནས། བླང་དོར་རེ་དོགས་དབང་དུ་མ་སོང་བར། །ད་ལྟའི་ཤེས་རིག་རང་གསལ་ལྷུན་གྲུབ་ཉིད། །མངོན་གྱུར་སྐུ་གསུམ་རང་གསལ་སྟོང་པ་ཉིད། །ཡེ་སངས་རྒྱས་པའི་འབྲས་བུ་དེ་ཉིད་དོ། །ཞེས་པའི་བར་དུ་གསུངས་ཤིང་ཆོས་ཁྲིད་མཇུག་རྫོགས་ཁར་འདི་ལྟར་གསུང་།

ད་རེས་ཀྱི་ཆོས་ཁྲིད་འདིར་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས་ཇི་ལྟར་གསུངས་ཡོད་པ་དེ། ངས་ཚིག་གཅིག་ཀྱང་མ་ལྷག་པར་ཁྱེད་རྣམ་པའི་སྙན་ལམ་དུ་ཚང་མ་བསྒྲགས་པ་ཡིན། དེས་ན་དད་པ་རྩེ་གཅིག་ཏུ་ཞོག་ལ་དུས་རྒྱུན་དུ་འདི་ཨེ་ཤེས་བལྟས་ནས་བརྩོན་འགྲུས་གྱིས་དང་། ཞབས་དཀར་ཚོགས་དྲུག་རང་གྲོལ་དང་ཆོས་འདིའི་བྱིན་རླབས་ཀྱིས་རིང་པོར་མི་ཐོགས་པར་དོན་རྟོགས་ཡོང་བ་ཡིན། སྐབས་འདིར་ངས་གཞུང་འདིའི་གནད་ཡོངས་རྫོགས་ཁྱེད་རྣམ་པའི་བློ་རིམ་དང་བསྟུན་ཏེ་དོན་ཚན་གསུམ་གྱི་ནང་དུ་བསྡུས་ནས་ཞུ།

ཁྱེད་རྣམ་པས་དུས་རྒྱུན་དུ་རྣམ་རྟོག་གང་ཡང་སྐྱེ་རུ་མ་བཅུག་པར་སེམས་རང་བབས་སུ་འཇོག་པ་ནི་དོན་གནད་དང་པོ་ཡིན། དེ་ལྟར་མི་རྟོག་པར་བཞག་པའི་ཤེས་པ་དེའི་ངང་ལ་ལྷོད་ཀྱིས་ཀློད་ལ་ལྟོས་དང་། དེའི་རང་བཞིན་སྟོང་པ་ཉིད་དུ་གོ་ཡོང་རྒྱུ་ཡོད་པ་ནི་དོན་གནད་གཉིས་པ་ཡིན། དེ་ནས་དུས་རྒྱུན་པར་དེའི་ངང་དུ་འཇོག་པའམ་རྒྱུན་སྐྱོང་རྒྱུ་ནི་དོན་གནད་གསུམ་པ་ཡིན།

ངས་ཡང་བསྐྱར་ཐེངས་གཅིག་བཤད། སེམས་རང་བབས་སུ་འཇོག་པ་དང་། སེམས་ཀྱི་རང་བཞིན་ཤེས་པ། དེའི་ངང་དུ་རྒྱུན་སྐྱོང་རྒྱུ་ནི་ཕྱག་རྒྱ་ཆེན་པོ་དང་རྫོགས་པ་ཆེན་པོའི་རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་གནད་ཚིག་གསུམ་དུ་བསྡུས་པ་ཡིན་པས་དེ་ལ་རྒྱུན་དུ་ནན་ཏན་གྱིས།

ལྟ་བ་མཁའ་ལྡིང་གཤོག་རླབས་ཀྱི་ཁྲིད་ཐུན་ལྔ་པ།

ཕྱི་ཟླ་༧པའི་ཚེས་༤ཉིན་གྱི་སྔ་དྲོར་ཆོས་རྗེ་ཉིད་ཀྱིས། ཨེ་མ་ཧོ། ད་ཡང་རིགས་ཀྱི་བུ་རྣམས་ལེགས་པར་ཉོན། །དེ་ལྟར་དང་པོ་ཡེངས་མེད་བསྐྱངས་པ་ན། །བར་དུ་ཡན་པར་བཏང་ཡང་དོན་ཐོག་ནས། །ཐ་མལ་བཏང་ཡང་འགྲོ་འོང་མེད་པའོ། །ཞེས་པ་ནས། དགེ་འདིས་སྐལ་ལྡན་གདུལ་བྱ་མང་པོ་ཡིས། །མ་རིག་ཉོན་མོངས་རྟོག་པའི་དྲི་མ་ཀུན། །ཀ་དག་གདོད་མའི་དབྱིངས་སུ་མྱུར་དག་ནས། །འབྲས་བུ་ཚེ་འདི་ཉིད་ལ་ཐོབ་པར་ཤོག །ཅེས་པའི་བར་གསུངས་ཏེ་ཆོས་ཁྲིད་ཡོངས་སུ་མཇུག་རྫོགས་ཁར་འདི་ལྟར་གསུང་།

རང་རེ་དཔོན་སློབ་རྣམས་ཀྱིས་ལྟ་བ་མཁའ་ལྡིང་གཤོག་རླབས་ཀྱི་འཆད་ཉན་དེ་ཆོས་ཁྲིད་ཐུན་ལྔ་དང་། དུས་ཚོད་ཧ་ལམ་བཅུ་ལྷག་གི་ཡུན་ལ་འཆད་ཉན་ལེགས་པར་གྲུབ་པ་ཡིན། འཆད་ཚུལ་དེའང་ཁྱེད་རྣམ་པའི་ཉམས་རྟོགས་གོང་འཕེལ་དུ་འགྲོ་བའི་ཆེད་དང་། ང་རང་ཉིད་ཀྱི་ངག་གི་སྒྲིབ་པ་དག་པའི་ཆེད་དུ་ཚིག་རྣམས་ལྷག་ཆད་མེད་པར་ལན་གཅིག་བསྒྲགས། དོན་གྱི་གནད་ཐམས་ཅད་ཀྱང་མདོར་བསྡུས་ཙམ་ཞིག་བཀྲལ་ནས་མཇུག་རྫོགས་པ་ཡིན།

ཆོས་འདིའི་བརྗོད་བྱའི་གཙོ་བོ་ནི་འོད་གསལ་རྫོགས་པ་ཆེན་པོ་ཡིན་ཡང་གཞན་ཕྱག་ཆེན་དང་དབུ་མ་ལ་སོགས་པའི་ལམ་གནད་ཐམས་ཅད་ཀྱང་ཚང་ཡོད་པ་ཡིན། སྤྱིར་སངས་རྒྱས་ཀྱིས་ཆོས་ཚུལ་དཔག་ཏུ་མེད་པ་ཞིག་གསུངས་ཀྱང་། དེ་ཐམས་ཅད་ཀྱི་སྙིང་པོའི་གནད་མཐར་ཐུག་པ་ནི་ཕྱག་རྒྱ་ཆེན་པོ་དང་། དབུ་མ་ཆེན་པོ། རྫོགས་པ་ཆེན་པོ་འདི་གསུམ་ཁོ་ན་ཡིན། དབུ་མ་ཆེན་པོའི་ལམ་ཆ་ཚང་རྣམ་པར་དག་པ་ཞིག་ཉམས་སུ་བླངས་ན་ཡང་། གཞན་གཉིས་ཀྱི་གནད་འདུས་ཡོད་པ་དང་། དེ་བཞིན་དུ་ཕྱག་རྒྱ་ཆེན་པོ་དང་རྫོགས་པ་ཆེན་པོའི་ལམ་གནད་ཡང་དག་པ་ཞིག་ཉམས་སུ་བླངས་ནའང་གཞན་གཉིས་ཀྱང་སོ་སོར་འདུས་ཡོད་པ་ཡིན།

ཕྱག་རྫོགས་དབུ་གསུམ་པོ་སྟབས་གཅིག་ཏུ་ཉམས་སུ་ལེན་རྒྱུ་ནི་ཟབ་གནད་མཐར་ཐུག་པ་ཡིན་ཏེ། དེའི་སྲོལ་ནི་ཀརྨ་པ་རང་བྱུང་རྡོ་རྗེ་དང་། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ལ་སོགས་པའི་བཀའ་བརྒྱུད་དང་རྙིང་མའི་ཕྱོགས་ཀྱི་མཁས་གྲུབ་མང་པོ་ཞིག་གིས་འདི་ལྟར་ཉམས་ལེན་མཛད་པ་ཡིན། རང་རེ་དཔོན་སློབ་ཚང་མས་ཀྱང་དུས་རྒྱུན་དུ་ཕྱག་རྫོགས་དབུ་གསུམ་འགལ་མེད་གནད་གཅིག་ཏུ་ཉམས་སུ་ལེན་པ་ནི་ཅི་ནས་ཀྱང་གལ་ཆེ་བ་ཡིན།

དེ་ཇི་ལྟར་ཉམས་སུ་ལེན་པའི་ཐབས་ནི། ཁྱེད་རྣམ་པས་རང་སེམས་རྩེ་གཅིག་ཏུ་ཞི་གནས་ཀྱི་ངང་ལ་མཉམ་པར་བཞག་པའི་སེམས་མི་གཡོ་བའི་ཆ་ལ་ཕྱག་ཆེན་དང་། སེམས་ཉིད་ཕྱི་ནང་བར་གསུམ་གང་དུའང་མ་གྲུབ་པའི་སྟོང་པ་ཉིད་དེ་ལ་དབུ་མ་ཆེན་པོ་ཟེར། དེ་ལྟ་བུའི་རྩེ་གཅིག་ཏུ་གནས་བཞིན་དུ་སྟོང་པ་ཉིད་ཀྱི་རང་བཞིན་ཅན་ལ་ངེས་ཤེས་སྐྱེས་འདུག་པའི་ལྟ་བ་གསལ་གསལ་རིག་རིག་ཅིག་ཡོད་པ་ལ་རྫོགས་པ་ཆེན་པོ་ཟེར། དེ་ནི་ཀརྨ་པ་རང་བྱུང་རྡོ་རྗེའི་ངེས་དོན་ཕྱག་རྒྱ་ཆེན་པོའི་སྨོན་ལམ་ལས། ཡིད་བྱེད་བྲལ་བ་འདི་ནི་ཕྱག་རྒྱ་ཆེ། །མཐའ་དང་བྲལ་བ་དབུ་མ་ཆེན་པོ་ཡིན། །འདི་ནི་ཀུན་འདུས་རྫོགས་ཆེན་ཞེས་ཀྱང་བྱ། །གཅིག་ཤེས་ཀུན་དོན་རྟོགས་པའི་གདེང་ཐོབ་ཤོག །ཅེས་ཡིད་བྱེད་ཐམས་ཅད་དང་བྲལ་བ་དེ་ནི་ཕྱག་རྒྱ་ཆེན་པོ་ཡིན་ལ། མཐའ་དང་བྲལ་བའི་སྟོང་ཉིད་དེ་ནི་དབུ་མ་ཡིན། དེ་ལ་ལམ་གྱི་གནད་ཐམས་ཅད་ཡོངས་སུ་རྫོགས་ཡོད་པ་དེ་ནི་རྫོགས་པ་ཆེན་པོ་ཡིན་པས། རང་གཞན་སེམས་ཅན་ཐམས་ཅད་ཀྱིས་དེའི་དོན་ཡོངས་སུ་རྟོགས་པར་གྱུར་ཅིག་ཅེས་ཁོང་གིས་སྨོན་འདུན་གནང་པ་ཡིན།

དེས་ན། ང་རང་ཆོས་ཚོགས་འདིར་ཐོན་པ་ནས་བཟུང་ད་ལྟའི་བར་ཁྱེད་རྣམ་པས་དུས་རྒྱུན་དུ་རྙིང་མ་དང་བཀའ་བརྒྱུད་གཉིས་ལ་ཁྱད་པར་མེད་པ་དང་། ཕྱག་ཆེན་དང་རྫོགས་ཆེན་གཉིས་ལ་སྤང་བླང་མེད་པར་ཉམས་སུ་ལོངས་ཞེས་ཞུ་སྐུལ་ལན་མང་དུ་བྱས་པ་ཡིན།

ཁྱེད་རྣམ་པ་ཚང་མས་ཀྱང་དེ་ལྟར་སྨོན་འདུན་མཛད་པ་དང་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞེས་ཞུ་བ་ཡིན།

གཟི་བྱིན་གྱི་འོད་སྣང་།

ཆོས་རྗེ་ཉིད་ཀྱི་མདུན་ནས་ཆོས་ཐོབ་པའི་ཨ་རིའི་སློབ་མ་མང་པོ་ཞིག་གིས། སྔོན་ཆད་ཀྱང་དམ་པའི་སྐྱེས་བུ་མང་པོའི་གདམས་ངག་སྣ་ཚོགས་ཉན་མྱོང་ཡང་། ཆོས་རྗེ་ཉིད་ཀྱི་སྐུའི་གཟི་བརྗིད་དང་བྱིན་རླབས་ཁྱད་པར་ཅན་ལ་བརྟེན་ནས་བྱུང་བའི་ཚོར་སྣང་དམིགས་བསལ་བ་དག་ནི། ཁོང་ཚོས་ནམ་ཡང་བརྗེད་ཐབས་མེད་པའི་ཚོད་དུ་འདུག ངས་ངོ་ཤེས་པའི་ཨ་རི་བ་ལྗོབ་ཤཱ་མའོ་ཏིར་(Joshua Mulder)གྱིས་ཕྱིར་དྲན་བྱས་པ་འདི་ལྟར།

བླ་མ་ཁོང་ཉིད་མཇལ་བས་ང་ཚོ་སློབ་མ་རེ་རེའི་སེམས་གཏིང་ལ་གཡོ་འགུལ་ཚད་མེད་ཐེབས་བྱུང་། ལོ་དེར་ངེད་ཅག་གི་བླ་མ་རིན་པོ་ཆེ་དགོངས་པ་རྫོགས་ནས་ལོ་དྲུག་ཙམ་སོང་ཟིན་པས། སློབ་མ་ཚང་མར་སྤོབས་སེམས་དང་སྒུལ་ཤུགས་ཉམས་ཤིང་ཡི་ཆད་པའི་གནས་སུ་ཚུད་ཡོད་སྐབས། ཆོས་རྗེ་ཉིད་གནས་འདིར་བྱོན་པ་ནི། མཐུ་དང་སྟོབས་ཀྱི་ཚན་ཁ་འབར་བའི་བསྒྲགས་གཏམ་བཏང་བ་བཞིན། ཆོས་ཉམས་སུ་བླངས་བའི་མངོན་རྟགས་ར་འཕྲོད་པར་མཛད།

དེ་ལས་ཀྱང་ཁོང་གི་དབང་ཐང་དང་གཟི་བྱིན་གྱི་ཉམས་རྫོགས་པའི་སྐུ་ལས། འཇིག་རྟེན་ལས་འདས་པའི་གནའ་བོའི་བྱིན་རླབས་ཤིག་འཕྲོ་བཞིན་པ་དེ་ནི་ནང་གི་ཉམས་རྟོགས་ཀྱི་རྣམ་པ་ཕྱི་རུ་སྣང་བ་དང་། ནང་པའི་ཆོས་ཀྱིས་རྒྱུད་ཡོངས་སུ་བརླན་པ་ལྟ་བུའི་རྣམ་པ་ངོ་མཚར་བ་ཞིག་རེད། དེ་ཡིས་ང་ཚོ་ཚང་མ་ཁོད་ཡངས་བའི་ཧི་མ་ལ་ཡའི་མཐོ་སྒང་གི་ཞིང་ཁམས་སུ་ཐོན་པ་དང་། ཡང་ན་དག་པའི་འཇིག་རྟེན་གཞན་ཞིག་ཏུ་སླེབས་པ་ལྟ་བུའི་སྣང་བ་ཤར། ཁོང་གི་སྐུ་གཟུགས་ཀྱང་རི་རྒྱལ་ལྷུན་པོ་བཞིན་བརྟན་ཞིང་བརླིང་ལ། སྒམ་ཚུགས་དང་ཟོལ་མེད་རྣམ་དག་གི་ཉམས་དང་ལྡན་པས། ཁྱད་འཕགས་བླ་མེད་ཀྱི་གཟི་བྱིན་ངང་གིས་འཁོར་འདུག

ཁོང་མཇལ་བས་ང་ཚོ་ཚང་མ་ལ་ཕན་ཐོགས་པ་གཙོ་བོ་ཞིག་ལ། ཆོས་ཉམས་ལེན་བྱས་ན་གྲུབ་འབྲས་མངོན་སུམ་དུ་འཐོབ་པ་ནི་བསླུ་མེད་བསྙོན་མེད་ཡིན་པའི་ངེས་ཤེས་བསྩལ་བ་དེ་ཡིན། ངས་རང་ལོ་ཉེར་བདུན་ནས་བཟུང་གཙོ་བོ་རྡོ་རྗེ་རྣལ་འབྱོར་མ་བསྒོམས་ཤིང་། བླ་མ་རིན་པོ་ཆེ་དང་མཇལ་སྐབས་ང་རང་ལོ་ཞེ་གཅིག་དང་རྡོ་རྗེ་རྣལ་འབྱོར་མ་བསྒོམས་ནས་ལོ་བཅུ་བཞི་ཏག་ཏག་ལོན་ཡོད། བདག་གིས་བླ་མ་ཁོང་མཇལ་བའི་སྐད་ཅིག་མ་དེར། དེ་སྔོན་བསྒོམས་བསྒོམས་ཐམས་ཅད་དངོས་ཡོད་ཀྱི་རྣམ་པར་གྱུར་སོང་བ་སྟེ། བླ་མ་རིན་པོ་ཆེ་ཁོང་ནི་རྡོ་རྗེ་རྣལ་འབྱོར་མ་དངོས་གློ་བུར་མིའི་རྣམ་པར་སྤྲུལ་ཏེ་བདག་གི་མིག་མདུན་དུ་སྣང་བ་ཡིན་པ་གདོད་ནས་ཤེས་སོང་།

རྗེས་སུ་དབང་བསྐུར་བའི་སྐབས་ཤིག་ལ། བླ་མས་ཕཊ་སྒྲ་དྲག་པོ་གསུངས་མ་ཐག ཁོང་ཆོས་ཁྲིའི་སྟེང་ནས་ཡར་འཕུར་བའང་མཇལ་བྱུང་། ང་ཚོ་ལ་མངོན་སུམ་བརྗོད་འདས་ཀྱི་གདམས་ངག་ཐེངས་གཅིག་གནང་བ་འདིས་རྣམ་རྟོག་ཐམས་ཅད་ཐད་ཀར་བཅད་ནས། མི་ཐམས་ཅད་ལ་གངས་ལྗོངས་ཀྱི་གནའ་བོའི་སྲོལ་རྒྱུན་གྱི་ནུས་པ་ཁྱད་པར་ཅན་ཞིག་གསོན་ཉམས་དོད་པོར་བསྟན་སོང་བས། ཨ་རིའི་ས་ཆེན་པོ་འདིར་མཚོན་ན། དེ་ནི་བསམ་ཡུལ་ལས་འདས་ཤིང་རིན་ཐང་ཆེ་བའི་དོན་བཟང་ཞིག་ཅི་ལ་མིན།

ང་རང་ཧ་ཅང་སྐལ་བ་བཟང་།

ལྕམ་ལྗོའུ་དྷི་སཱི་(Judith Simmer-Brown)ནི་སྔོན་ན་རོ་པ་སློབ་ཆེན་གྱི་ཆོས་ལུགས་སྡེ་ཁག་གི་གཙོ་འགན་པ་དང་། བོད་བརྒྱུད་ནང་བསྟན་གྱི་བུད་མེད་ཀྱི་རང་བཞིན་ཏེ་མཁའ་འགྲོའི་དྲོད་རླངས་ཐལ་ལེ་བ་ཞེས་པ་སོགས་བརྩམས་ཆོས་མང་དུ་སྤེལ་བའི་རྩོམ་པ་པོ་གྲགས་ཅན་ཞིག་ཀྱང་ཡིན། ཁོང་གིས་ཆོས་རྗེ་མཆོག་སྐུ་དངོས་ཀྱི་མདུན་ནས་ཆོས་ཐོབ་མྱོང་བའི་སྐོར་ལ་ཕྱིར་དྲན་བྱས་པ་འདི་ལྟར།

ཕྱི་ལོ་༡༩༩༣ལོའི་དབྱར་མཇུག་ལ། ང་ཁྱོ་ག་དང་སྒྱུག་མོ། ལོ་གསུམ་དང་དྲུག་ལ་སོན་པའི་བྱིས་པ་གཉིས་དང་བཅས་མཉམ་དུ། རི་བོ་རཱོ་ཁཱེས་ཆོས་ཚོགས་ཀྱིས་སྤེལ་བའི་གཟའ་མཇུག་མཚམས་སྒྲུབ་ཀྱི་མཛད་སྒོ་ལ་ཞུགས། ཐེངས་འདིར་སློབ་ཁྲིད་བྱེད་མཁན་གྱི་བླ་མ་ནི། བོད་ཤར་ཕྱོགས་ནས་ཕེབས་པའི་གཞན་དང་མི་འདྲ་བའི་ཁྱད་འཕགས་ཀྱི་སྐྱེས་བུ་དམ་པ་ཞིག་ཡིན་པར་ཐོས་པ་ལས། དེ་སྔོན་ཁོང་གི་སྐོར་ལ་ཤེས་རྟོགས་ཅིའང་མེད།

ཉིན་དེར་བདག་གིས་མཁན་ཆེན་དམ་པ་ཆོས་རྗེ་འཇིགས་མེད་ཕུན་ཚོགས་འཁོར་སློབ་དང་བཅས་པ་ཚོགས་ཁང་དུ་བྱོན་པ་མཇལ་བ་ན། ངའི་ཚེ་སྲོག་གི་དབུགས་རྒྱུན་ལ་ཧང་སང་བའི་ཚོར་སྣང་ཞིག་སྐྱེས་སོང་། ཁོང་གིས་སྟོབས་ཉམས་རྒྱས་པའི་སྐུ་ལུས་ལ་སྟབས་བདེའི་སེར་གོས་ཐེབས་ཆག་ཙམ་ལས་གོས་ཆེན་རྒྱ་གསེར་སོགས་ཅིའང་མནབས་མི་འདུག་ལ། བཞིན་རས་ཤིན་ཏུ་ཆེ་ཞིང་དཀའ་སྡུག་མང་དུ་མྱོང་བའི་ཉམས་དོད་པ། གུ་ཡངས་བློ་བདེ་དང་ཉམས་རྟོགས་ཀྱི་ནུས་པ་ཁྱད་པར་ཅན་ཞིག་ངོམས་འདུག ཁོང་སྤུས་ལེགས་མཛེས་རྒྱན་བཏོད་པའི་ཆོས་ཁྲིར་བཞུགས་ཏེ་ཆོས་གསུང་བ་ན། བབ་ཆགས་ཤིང་ལྷག་བསམ་ཟོལ་མེད་ཀྱི་བདེན་གཏམ་གྱིས་ངའི་རྣམ་རྟོག་རྣམས་རྦད་ཀྱིས་བཅད་སོང་།

སྐབས་དེར་ཁོང་གིས་གསུངས་པའི་དོན་ཞིབ་ཕྲ་རྣམས་དྲན་སོས་ཀྱིན་མི་འདུག་ཀྱང་། ཕལ་ཆེར་དཔལ་ལྡན་དུས་ཀྱི་འཁོར་ལོས་མ་འོངས་མུན་པའི་དུས་རབས་སུ་ཕན་པ་འབྱུང་ཚུལ་གྱི་ལུང་བསྟན་དང་། ནང་ཆོས་དར་སྤེལ་གྱི་བྱ་བ་མཁོ་གལ་ཆེ་ཚུལ། ཕྱོགས་ཡོངས་ནས་ནང་ཆོས་ལ་སྲུང་སྐྱོབ་དགོས་ཚུལ་སོགས་གསུངས་པ་དྲན། དེ་མིན་ཆོས་སྒྲུབ་སྐབས་འགལ་རྐྱེན་རྣམས་ལ་འཇིགས་པ་མེད་པར་གདོང་ལེན་བྱེད་དགོས་པའི་དྲན་སྐུལ་གནང་བར་མ་ཟད། ང་ཚོའི་བླ་མས་བསམ་ཡུལ་འདས་པའི་ཐབས་མཁས་དང་མཐོང་རྒྱ་ཡངས་པོར་བརྟེན་ནས། རིན་ཐང་གཞལ་བར་དཀའ་བའི་ནང་ཆོས་ཨ་རི་དང་ཁེ་ན་ཏ་སོགས་སུ་སྤེལ་བར་བསྟོད་བསྔགས་ཀྱང་མཛད།

ཁོང་གི་འཇིག་རྟེན་ལས་འདས་པའི་ནུས་ཤུགས་ཁྱད་པར་ཅན་གྱིས་ངེད་ཅག་རྡོ་རྗེའི་མཆེད་ལྕམ་བརྒྱ་ཕྲག་མང་པོའི་ཡིད་དབང་འཕྲོག་པར་བྱས། མ་གཞི་ངེད་ཚོའི་བླ་མ་ཞིང་ལ་གཤེགས་ནས་ལོ་དྲུག་སོང་བས། རྡོ་རྗེའི་མཆེད་གྲོགས་ཚང་མ་ལ་མཛུབ་སྟོན་གནང་མཁན་མེད་པར་ཁ་ཐོར་ལྟ་བུར་གྱུར་བའི་སྐབས། ཁོང་གི་དྲང་བདེན་དང་བྱམས་བརྩེ། མཚར་ཉམས་ལྡན་པའི་གསུང་གླེང་དེ་དག་གིས་དུས་ཐོག་ཆར་བ་བཞིན་ང་ཚོར་ཕན་ཐོགས་ཆེན་པོ་བྱུང་།

སྤྱིར་ངེད་ཚོའི་བླ་མས་ཀྱང་རྙིང་མ་དང་བཀའ་བརྒྱུད་གཙོར་བྱས་པའི་རླབས་ཆེ་བའི་བསྟན་འཛིན་གྱི་སྐྱེས་བུ་མང་པོ་གདན་ཞུས་མཛད་མྱོང་བས། ང་ཚོར་མཇལ་ཁ་ཞུ་བ་དང་སྣེ་ལེན་བྱེད་པའི་གོ་སྐབས་བཟང་པོ་ཐོབ་མྱོང་། ཁོང་ཚོ་རང་རང་ལ་ཐུན་མོང་མ་ཡིན་པའི་མཛད་སྤྱོད་དང་གདམས་ངག་ཁྱད་པར་ཅན་འདུག་ཅིང་། ང་ཚོ་ཨ་རིའི་རབས་དང་པོའི་རྡོ་རྗེ་ཐེག་པའི་ཆོས་པ་རྣམས་ལ་ཐུན་མོང་མ་ཡིན་པའི་བྱིན་རླབས་ཀྱང་བསྩལ་མོད། འོན་ཀྱང་ཆོས་རྗེ་ཉིད་ཀྱི་ཐུན་མིན་ཁྱད་ཆོས་ལྡན་པའི་མཁྱེན་རྒྱ་ཡངས་པོ་དང་མིག་རྒྱང་རིང་པོ། མཐོང་བ་ཙམ་གྱིས་ཡིད་དབང་རབ་ཏུ་འཕྲོག་པའི་ཟིལ་ཤུགས་ནི་གཞན་སུ་ལའང་མི་འདུག

དེ་རྗེས་ཀྱི་ལོ་ཤས་རིང་ལ། བདག་གིས་ཐར་ཐོར་གྱི་ཆ་འཕྲིན་སྣ་ཚོགས་བརྒྱུད་ནས་ཆོས་རྗེ་ཁོང་ལ་རྒྱུས་ལོན་མང་དུ་བྱས་ཤིང་། བླ་རུང་ནང་བསྟན་སློབ་གླིང་གི་ཐུན་མོང་མ་ཡིན་པའི་མངོན་གསལ་གྱི་གྲུབ་འབྲས་ལ་ལྷག་པར་དོ་སྣང་བྱས་པ་ཡིན། ཁྱད་པར་དུ་ཁོང་ཞིང་དུ་གཤེགས་རྗེས་སུ་ཡང་། ད་དུང་བོད་ཀྱི་ཆོས་པ་མང་པོར་གསོན་ཤུགས་གསར་བ་སྟེར་བའི་ནུས་མཐུ་སྔར་ལས་ལྷག་པ་མངའ་བ་ནི་ཆེས་ངོ་མཚར་བའི་གནས་སུ་འདུག

ངས་སྔོན་ཆད་ཆོས་རྗེ་ཁོང་སྐུ་དངོས་སུ་མཇལ་མྱོང་བར་མ་ཟད། ཁོང་གི་མདུན་ནས་གདམས་ངག་ཀྱང་ཐོབ་པས་ང་རང་ནི་ཆེས་སྐལ་བ་བཟང་སོང་སྙམ་གྱིན་ཡོད། ཆོས་རྗེ་མཆོག་ལ་དེ་འདྲའི་འཇིག་རྟེན་ལས་འདས་ཤིང་ཡིད་དབང་འགུག་པའི་ནུས་པ་ལྡན་ན། དེང་རབས་བོད་བརྒྱུད་ནང་བསྟན་ལ་གཏིང་ཟབ་ཅིང་ཡུན་རིང་བའི་ཤུགས་རྐྱེན་ཐེབས་པ་ནི་སྨོས་མ་དགོས་པ་ཡིན་པར་བཤད།

མཆོད་རྟེན་ཆེན་མོའི་མདུན་གྱི་གསུང་མཛད།

ཉིན་དེའི་ཕྱི་དྲོར་ཆོས་རྗེ་ཉིད་ཀྱིས་གྲུབ་ལ་ཉེ་བའི་མཆོད་རྟེན་ལ་རབ་གནས་བྱིན་རླབས་དང་། ཨ་རིའི་རྒྱལ་སྟོན་མཛད་སྒོར་ཞུགས་སྐབས་འདི་ལྟར་གསུང་།

སྤྱིར་དེ་རིང་ང་ལ་མང་པོ་ཞིག་བཤད་རྒྱུ་མེད་ལ། སེམས་སྟེང་ནས་གྲ་སྒྲིག་ཀྱང་རྒྱ་ཆེན་པོ་བྱས་མེད། འོན་ཀྱང་ཁྱེད་རྣམ་པའི་རེ་ཞུས་ལྟར་དུ་ཚིག་མདོར་བསྡུས་ཙམ་ཞིག་ཞུ།

དོན་དང་པོ་ནི། དེ་རིང་འདི་ན་འཚོགས་པའི་མི་ཚང་མ་ནང་པ་སངས་རྒྱས་པ་ཤ་སྟག་ཡིན་པར་མ་ཟད་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ལ་སྤྱོད་མཁན་ཡིན་རྒྱུ་རེད་བསམ་གྱིན་ཡོད། ངས་ཚོད་དཔག་ཅིག་བྱས་ན། འདིར་འཁོད་ཚང་མ་ཕལ་ཆེར་དྲུང་པ་རིན་པོ་ཆེ་ལ་དད་པ་དང་དགའ་བ་ཡོད་ཅིང་། དེའི་རྗེས་སུ་སློབ་མཁན་ཁོ་ན་ཡིན་ན། དྲུང་པ་རིན་པོ་ཆེའི་སྐུ་ཚེ་གཅིག་གི་མཛད་སྤྱོད་ནི། དྲག་པོའི་སྤྱོད་པ་ལ་བརྟེན་ནས་རིང་པོར་མི་ཐོགས་པར་ཤམ་བྷ་ལའི་དམག་གྲལ་དུ་སྐྱེས་ནས། གདུལ་བྱ་མ་རུང་བ་རྣམས་འདུལ་བར་བྱེད་པའི་མཛད་པ་དང་། དམ་ཆོས་ཕྱག་རྒྱ་ཆེན་པོ་སོགས་ཉམས་སུ་བླངས་ནས་ཚེ་འདི་ལ་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པར་བྱེད་པའི་ཐབས་རྣམ་པ་གཉིས་བསྟན་ཡོད་ན། ཁྱེད་རྣམ་པ་ཚང་མ་ཡང་དེ་ལྟར་ཉམས་བཞེས་མཛད་མཁན་གྱི་ཆོས་པ་ཤ་སྟག་ཡིན་རྒྱུ་རེད།

དེ་ལྟ་བུའི་ཐེག་པ་ཆེན་པོའི་ཆོས་ཉམས་སུ་ལེན་པའི་གང་ཟག་ཅིག་ཡིན་ན། དེ་ལ་རེ་འདོད་གཙོ་བོ་རྣམ་པ་གཉིས་ཡོད། དང་པོ་ནི་གནས་སྐབས་ལྷ་དང་མིའི་གནས་སུ་བདེ་བ་རྒྱ་ཆེན་པོ་མྱོང་བ་དང་། གཉིས་པ་ནི་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱེད་པ་དེ་ཡིན།

དེ་ལ་མངོན་མཐོའི་བདེ་བ་དང་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པར་བྱེད་པའི་ཐབས་མང་པོ་ཞིག་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་ཡོད་ལ། ཐབས་དེ་འགྲུབ་པར་བྱེད་པའི་རྒྱུ་གཙོ་བོ་ཚོགས་བསགས་སྒྲིབ་སྦྱང་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་རྣམ་པ་བཞི་གསུངས་ཡོད།

བཞི་པོ་དེ་གང་ཡིན་ཞེ་ན། དང་པོ་སྔར་མེད་པའི་ས་ཕྱོགས་སུ་མཆོད་རྟེན་བཞེངས་པ་དང་། གཉིས་པ་དགེ་འདུན་གྱི་སྡེ་ལ་གཙུག་ལག་ཁང་འབུལ་བ། གསུམ་པ་དགེ་འདུན་གྱི་དབྱེ་བ་བསྡུམ་པ། བཞི་པ་བྱམས་པ་སྒོམ་པ་ཡིན། དེ་བཞི་པོ་ལས་ལྷག་པའི་ཐབས་ཁྱད་པར་ཅན་ཞིག་སངས་རྒྱས་ཀྱི་བསྟན་པ་འདི་ལ་རྩ་བ་ནས་ཡོད་པ་མིན།

དེ་ཐམས་ཅད་ཀྱི་ནང་ནས་ཀྱང་མཆོག་ཏུ་གྱུར་བ་ནི། སྔོན་མེད་པའི་ས་ཕྱོགས་སུ་མཆོད་རྟེན་བཞེངས་བ་འདི་ཉིད་ཡིན། བཅོམ་ལྡན་འདས་ཀྱིས་མདོ་སྡེ་རྣམས་ལས། དཔེར་ན་དངོས་སུ་མཆོད་རྟེན་བཞེངས་པ་ལ་ཕན་ཡོན་ཡོད་པ་སྨོས་ཅི་དགོས། བྱིས་པ་ཆུང་ཆུང་རྣམས་ཀྱིས་རྩེད་མོའི་ཆེད་དུ་བྱེ་མས་མཆོད་རྟེན་གྱི་གཟུགས་འདྲ་བ་བྱས་ན་ཡང་། དེ་དག་ལ་ཚོགས་བསགས་སྒྲིབ་སྦྱང་གཞན་མེད་ཀྱང་རིམ་གྱིས་སངས་རྒྱས་ཀྱི་གོ་འཕང་འཐོབ་པ་ལ་བསླུ་བ་མེད་པར་གསུངས་ཡོད།

དེ་བཞིན་མཆོད་རྟེན་གྱི་ཚད་ནི། རྒྱ་ཆེན་པོ་དང་རྒྱུ་རྩ་ཅན་བཞེང་ན་ཕན་ཡོན་ཡོད་པ་སྨོས་མ་དགོས་ཀྱང་། ཐ་ན་སྐྱུ་རུ་རའི་འབྲས་བུ་ཙམ་གྱི་མཆོད་རྟེན་ཞིག་བཞེངས་ནའང་། དེས་གནས་སྐབས་སུ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལ་སོགས་པའི་བདེ་འབྱོར་བསམ་གྱིས་མི་ཁྱབ་པ་ཐོབ་ཅིང་། རིང་པོར་མི་ཐོགས་པར་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་འགྱུར་ཞེས་གསུངས་ཡོད། དེ་ནས་མཆོད་རྟེན་གྱི་ཕྱོགས་སུ་རྒྱུ་རྫས་མང་པོ་ཕུལ་ན་སྨོས་མ་དགོས་ཀྱང་། ཐ་ན་ཉི་མ་གཅིག་གི་ཟ་མའི་བརྒྱ་ཆ་གཅིག་ཙམ་ཞིག་མཆོད་རྟེན་བཞེང་པར་ཕུལ་ནའང་། སྐྱེ་བ་ཚེ་རབས་ཀུན་ཏུ་ལོངས་སྤྱོད་ཀྱིས་དབུལ་བ་དང་གཟུགས་ངན་པ་སོགས་ཀྱི་སྐྱེ་བ་མི་ལེན་པར། གཟུགས་བཟང་པོ་དང་ལོངས་སྤྱོད་ཆེན་པོ་ཉིད་དུ་སྐྱེས་ནས་རིང་པོར་མི་ཐོགས་པར་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་འགྱུར་བར་གསུངས།

མཆོད་རྟེན་བཞེང་པར་ངལ་རྩོལ་བྱེད་ཚད་ལ་བསམ་ན། ཡུན་རིང་པོའི་བར་དུ་དཀའ་ཚེགས་རྒྱ་ཆེན་པོ་བྱས་ན། དེ་ལ་བསོད་ནམས་ཚད་མེད་པ་ཡོད་པ་སྨོས་མ་དགོས་མོད། ཐ་ན་ཇ་བར་གཅིག་ཙམ་ལ་མཆོད་རྟེན་བཞེང་པར་བྱ་བ་བྱེད་པའི་ཕན་ཡོན་དེ་ཡང་། དཔེར་ན་གང་ཟག་གང་གིས་རྡོ་གཅིག་སྐྱེལ་ཡོང་བ་ན། རྡོ་དེ་ལ་ཡུངས་འབྲུ་ལས་ཆུང་བའི་རྡུལ་ཕྲན་ཇི་སྙེད་ཅིག་ཡོད་པ་དེ་སྙེད་ཀྱི་གྲངས་ཀྱིས་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་གོ་འཕང་ཐོབ་ནས། མཐར་ཐུག་ཞི་བ་མཆོག་སྡུག་བསྔལ་ཐམས་ཅད་དང་བྲལ་བའི་བདེ་དགེ་ཕུན་སུམ་ཚོགས་པ་འཐོབ་པར་འགྱུར་བར་གསུངས།

དེ་ནི་སྤྱིར་མཆོད་རྟེན་བཞེངས་པའི་ཕན་ཡོན་རེད། བྱེ་བྲག་ཏུ་བླ་མ་དང་འབྲེལ་བའི་མཆོད་རྟེན་གྱི་ཕན་ཡོན་ནི་དེ་ལས་ཀྱང་བརྒྱ་འགྱུར་སྟོང་འགྱུར་གྱིས་ཆེ་བ་ཡིན། དེ་ཡང་རང་གི་རྩ་བའི་བླ་མ་ཞེས་པ་ནི། སྐུ་དགེ་འདུན་དང་། གསུང་དམ་ཆོས། ཐུགས་སངས་རྒྱས་ཏེ་དཀོན་མཆོག་གསུམ་གཅིག་ཏུ་འདུས་པའི་བདག་ཉིད་ཅན་ཡིན་པས། རང་གི་རྩ་བའི་བླ་མའི་སྐུ་གདུང་བཞེངས་ན། ཕྱོགས་བཅུའི་ཞིང་རབ་འབྱམས་ནས་རྒྱལ་བ་ཐམས་ཅད་ཀྱི་སྐུ་གདུང་བཞེངས་པའི་ཕན་ཡོན་གྱི་གོ་ཆོད་པ་དང་། དེ་བཞིན་དུ་རང་གི་རྩ་བའི་བླ་མའི་སྐུ་གདུང་ནི་ས་རྡོ་ཕལ་བ་ཞིག་གིས་བཞེངས་ནའང་། རྒྱལ་བ་སྲས་བཅས་རྣམས་ཀྱི་སྐུ་གདུང་རིན་པོ་ཆེ་སྣ་བདུན་གྱིས་བཞེངས་པ་ལྟ་བུའི་བསོད་ནམས་ཚད་མེད་པ་འཐོབ་པ་ཡིན།

ཁྱེད་རྣམས་ཀྱིས་ད་ལྟ་མཆོད་རྟེན་འདི་བཞེངས་པ་ལ་ནི། གོང་དུ་བཤད་པའི་བསོད་ནམས་དང་དགེ་འབྲས་དཔག་ཏུ་མེད་པ་འཐོབ་རྒྱུ་རེད། བརྒྱུད་ནས་ཨོ་རྒྱན་རིན་པོ་ཆེ་དང་འཛམ་གླིང་སེང་ཆེན་རྒྱལ་པོ། རིགས་ལྡན་དྲག་པོ་ལྕགས་ཀྱི་འཁོར་ལོ་ཅན་རྣམས་ལ་འབྲེལ་བ་ཁྱད་པར་ཅན་བཞག་པ་ཡིན་པས་བསོད་ནམས་རྒྱ་ཆེན་པོ་འཐོབ་པར་འགྱུར་བ་ཡིན། ཁྱེད་རྣམ་པ་ལ་རྒྱུ་རྫས་ཕྲན་བུ་རེ་ཡོད་ནའང་དེ་དག་མཆོད་རྟེན་འདི་ལ་མཆོད་པ་འབུལ་བ་དང་། ལུས་ངག་གིས་ཞབས་ཞུ་བསྒྲུབས་པ་ཐམས་ཅད་ཀུན་ཀྱང་བསོད་ནམས་དཔག་མེད་ལྡན་པ་ཡིན་ལ། མཆོད་རྟེན་བཞེང་པའི་ལས་འདི་ལ་མགོ་འདྲེན་དང་བློ་ཕུད་བྱེད་མཁན་ཚང་མ་ཡང་། ཚེ་འདིར་ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས་པ་དང་ལྡན་ཞིང་། ཕྱི་མར་བདེ་བ་ཅན་ལ་སོགས་པའི་ཞིང་ཁམས་སུ་སྐྱེ་བའམ། བྱང་ཤམ་བྷ་ལའི་ཞིང་ཁམས་སུ་རིགས་ལྡན་དྲག་པོ་ལྕགས་འཁོར་ཅན་གྱི་འཁོར་གྱི་ཐོག་མ་ཉིད་དུ་སྐྱེ་བར་འགྱུར་བ་ལ་ཐེ་ཚོམ་མེད་པ་ཡིན།

དེས་ན་དེ་རིང་གི་ཨ་རིའི་རང་བཙན་ཆེན་མོ་(Independence Day)ཞེས་པའི་དུས་ཚོད་བཟང་པོ་འདི་ལ། རྒྱ་སྤྲུལ་རིན་པོ་ཆེས་ཁྱེད་རྣམས་མྱུར་དུ་འཆི་རན་པ་ཡིན་ཞེས་མི་རྟག་པར་སྐུལ་མའི་གཏམ་ཞིག་སྔོན་དུ་གནང་བ་རེད། ༼དགོད་སྒྲ།༽ ངས་ནི་དེ་རིང་ཨ་རིའི་རང་བཙན་ཐོབ་པའི་དུས་ཚོད་བཟང་པོ་འདི་ལ། ཁྱེད་རྣམ་པར་གནས་སྐབས་དང་མཐར་ཐུག་གི་བདེ་དགེ་ཕུན་སུམ་ཚོགས་པ་ཞིག་འབྱུང་རྒྱུ་རེད་ཅེས་བཀྲ་ཤིས་པའི་གཏམ་བཟང་པོ་ཞིག་འཆད་རྒྱུ་ཡིན།

དེ་ཡང་ལུང་བསྟན་པ་མང་པོ་ཞིག་གིས་ཕལ་ཆེར་༡༩༩༩ལོར་འཛམ་བུ་གླིང་ལ་མི་འདོད་པ་ཆེན་པོ་ཡོང་རྒྱུ་རེད་ཅེས་བཤད་ཡོད་པ་ཡང་། འཛམ་བུ་གླིང་འདིར་ཡུན་མི་རིང་བར་ནད་མུག་འཁྲུག་རྩོད་སོགས་འབྱུང་ཤས་ཆེ་ཡང་། བཤགས་པས་མི་འདག་པའི་སྡིག་པ་དང་། སྨན་གྱིས་མི་སེལ་བའི་ནད། ཚོགས་བསགས་ཀྱིས་མི་འཇོམས་པའི་རྐྱེན་ངན་ཞིག་ཡོད་མི་སྲིད་པས། ཁྱེད་རྣམས་ཀྱིས་སྐུ་གདུང་མཆོད་རྟེན་འདི་དབྱིབས་ལེགས་པ་དང་རྒྱུ་རྩ་ཆེ་བ། ཆ་ཚད་ཆེས་ཤིན་ཏུ་ཆེན་པོ་འདི་ལྟ་བུ་ཞིག་བཞེངས་པར་གྱུར་ན། ཁྱེད་ཅག་ཚང་མ་ཙམ་དུ་མ་ཟད་ཨ་རིའི་རྒྱལ་ཁབ་ལ་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པ་འབྱུང་བ་དང། ཁྱད་པར་འཛམ་གླིང་སྤྱི་ལ་ཡང་རྫོགས་ལྡན་དང་པོའི་དུས་སྟོན་ཞིག་འཆར་སྲིད་པས། མཆོད་རྟེན་འདིའི་ཕན་ཡོན་དེ་ནི་བསམ་གྱིས་མི་ཁྱབ་པ་ཞིག་རེད་བསམ།

རྗེས་མ་མཆོད་རྟེན་འདི་ཉིད་གྲུབ་ཚར་བའི་རྗེས་སུའང་ཕྱག་འཚལ་བ་དང་སྐོར་བ་བྱེད་པ། བསྟོད་བསྔགས་མཛད་པ་སོགས་ལ་འབད་པར་བྱས་ན། རང་གཞན་གྱི་དོན་ཐམས་ཅད་འགྲུབ་པར་འགྱུར་བ་ཡིན། བཀྲ་ཤིས་བདེ་ལེགས།

བླ་མའི་ཁ་སྤུ་བཏོག་པ།

ཆོས་རྗེ་མཆོག་ལོ་དེའི་ལོ་འགོ་ནས་བཟུང་སྟེ་དུས་ཡུན་རིང་པོ་ཞིག་ལ། དབང་བསྐུར་ཆོས་བཤད་དམ་ཡང་ན་ལམ་རིང་བརྒྱུད་ནས་ཕེབས་པ་སོགས་ལས་སྐུ་ངལ་ཡེ་གསོ་ལོང་མ་བྱུང་། ཁྱད་པར་དུ་རི་བོ་རཱོ་ཁཱེས་ཀྱི་འདབས་སུ་སླེབས་པ་ནས་བཟུང་། སྔ་དྲོ་དང་ཕྱི་དྲོར་ཆོས་ཁྲིད་གསུངས་བར་མ་ཟད། ཉིན་གུང་སྐུ་མགྲོན་སྣ་ཚོགས་སྣེ་ལེན་མཛད་པས་རྗེ་ཉིད་ཀྱི་སྐུ་མཉེལ་དྲགས་ཤིང་། ལྷག་པར་དུ་ཞབས་རྐང་མི་བདེ་བར་གྱུར་ནས་བྱོན་བཞུགས་ལ་ཕྱག་གཡས་གཡོན་ནས་སྐྱོར་བའམ་ཁྲེའུ་འཁོར་དུ་བཞུགས་དགོས་པར་གྱུར། ད་དུང་གཟེར་གཅོད་ཀྱི་སྨན་ཡང་རྒྱུན་དུ་བསྟེན་དགོས་བྱུང་།

ཉིན་ཞིག་ཆོས་ཚོགས་ཀྱིས་འཕུར་མཉེད་ལ་མཁས་པའི་སྨན་པ་ཞིག་མངགས་བྱུང་། ཆོས་རྗེ་ཉིད་དེ་སྔོན་བོད་ཡུལ་ན་བཞུགས་སྐབས་འཕུར་མཉེད་གནང་མ་མྱོང་བས། ཐོག་མར་དེ་འདྲ་མ་ལོབས་ཀྱང་རྗེས་སུ་རིམ་བཞིན་གོམས་འདྲིས་སུ་སོང་བ་ན། དེ་སྐྱིད་པོ་འདུག་གསུངས་ནས་འཕུར་མཉེད་བྱེད་སྐབས་ཐེངས་རེར་གཟིམས་འགྲོ་བཞིན་འདུག སྐབས་དེར་སྨན་པས་ཀྱང་འཕུར་མཉེད་བྱེད་ཤུགས་ཇེ་ཆུང་དུ་བཏང་ནས་ཅུང་ཟད་གཟིམས་ཐུབ་པའི་ཐབས་ལ་བརྩོན་པར་བྱེད།

ཁོང་ལ་འཕུར་མཉེད་བྱེད་སྐབས། ང་ལ་ཁོང་གི་ཁ་སྤུ་ཐོགས་གསུངས། དེ་སྔོན་བོད་དུ་བཞུགས་སྐབས་སྨར་བཞར་མེད་པར་རག་གི་འཇབ་ཙེས་བཏོག་དགོས་པ་ཡིན། ང་རང་དང་ཐོག་ཤིན་ཏུ་འཚབ་ནས་ཁོང་གི་བཞིན་ལ་རེག་པ་དང་ཤེད་ཀྱིས་འཐོག་མི་ཕོད་པར། ཁ་སྤུ་ཉག་མ་འགའ་ལས་མ་བཏོགས་ཀྱང་ལག་པ་འདར་ཞིང་རྔུལ་ཆུའི་ཐིགས་པའང་མང་དུ་འཐོར། ཁྱད་པར་ཁོང་གཟིམས་པའི་སྐབས་སུ་ཉིད་ལ་ན་ཟུག་བསྐྱེད་དོགས་ཀྱིས་འཇབ་ཙེ་ཡིས་ཞལ་ལ་ཉུག་ཉུག་ཙམ་ལས་ཤུགས་ཀྱིས་འཐོག་མི་ཕོད། ཐེངས་ཤིག ངས་ཁོང་གི་ཁ་སྤུ་ཅུང་རིང་པོ་དག་འཚོལ་ཆེད་ལག་པས་ཞལ་ལ་རེག་རེག་བྱས་པ་ན། གློ་བུར་དུ་སྤྱན་ཁྲ་ཀོ་རེར་བགྲད་ནས་སྐད་གདངས་དམའ་མོས་ཨ་་་ལེ་ཞེས་གསུངས་བས་ང་ཤིན་ཏུ་སྐྲག་ནས་ཅི་བྱ་གཏོལ་མེད་དུ་གྱུར། ཁ་སྤུ་བཏོགས་པ་རྣམས་ཕྱིར་ཉིད་ཀྱི་ཕྱག་ཏུ་ཚང་མ་སྤྲད་དགོས་པ་ལས་ང་ཚོར་གནང་བའི་སྲོལ་མེད།

དུས་ཚོད་ངེས་ཅན་སོང་རྗེས་ང་རང་རིམ་གྱིས་ལྷོད་ལ་བབས་ཤིང་། ཉིན་རེའི་ཁོམ་ལོང་དང་བསྟུན་ནས་སྨན་པས་ཞབས་རྐང་ལ་འཕུར་མཉེད་བྱེད་ཅིང་། ངས་ཁོང་གི་ཁ་སྤུ་བཏོགས་པ་ཡིན། སྐབས་དེར་ཁོང་གི་ཁ་སྤུ་མང་པོ་ཞིག་དཀར་པོར་གྱུར་པ་མཐོང་བས་སེམས་ལའང་ཤིན་ཏུ་གཟན་པར་གྱུར།

སྨན་པས་རྗེ་ཉིད་ལ་འགུལ་སྐྱོད་རྒྱུན་འཁྱོངས་དང་སྐུ་ཤ་ཆད་པར་འབད་པ་གནང་འཚལ་ཞེས་རེ་བསྐུལ་ཞུས་རྗེས། ཇ་འདི་ཁྱེད་ཀྱི་ཡུལ་ཕྱོགས་ནའང་ཡོད་ཅིང་། ཟས་འཇུ་བ་དང་ཚིལ་ཞུ་བར་ཤིན་ཏུ་ཕན་པས་རྗེས་སུ་འདི་བསྟེན་ན་ཡག་པོ་ཡོད་ཟེར་བཞིན་ཇ་ཞིག་ཀྱང་ཕུལ། ཁོང་བོད་ཀྱི་སྲོལ་ལྟར་ཇ་དེ་ནམ་རྒྱུན་འོ་མ་དང་བསྲེས་ནས་བཞེས་པར་ཤིན་ཏུ་དགྱེས་ལ། རྗེས་སུ་དེ་ནི་ཕོར་ཇ་ཡིན་པར་ཤེས་ཤིང་ཁོང་ནང་ལོགས་སུ་བྱོན་རྗེས་ཀྱང་རྒྱུན་དུ་གསོལ་བས། ང་ལའང་རྒྱུན་དུ་ཆོས་རྗེ་ཉིད་ལ་ཕོར་ཇ་འབུལ་བའི་སྐལ་བ་ཐོབ་བྱུང་།

རི་བོ་རཱོ་ཁཱེས་དང་ཁ་འབྲལ་སྐབས། འཕུར་མཉེད་བྱས་པའི་བདག་རྐྱེན་སོགས་ལ་བརྟེན་ནས་རྗེ་ཉིད་ཀྱི་ཞབས་རྐང་ཡང་དྲག་སྐྱེད་ཡག་པོ་བྱུང་འདུག

ཕུར་པ་མགུལ་ཁུག་མའི་ཁྱད་ཆོས།

ཕྱི་ཟླ་༧པའི་ཚེས་༥ཉིན་སྔ་དྲོར་ཆོས་རྗེ་ཉིད་ཀྱིས་ཕུར་བ་མགུལ་ཁུག་མའི་དབང་གནང་བའི་སྔོན་དུ་འདི་སྐད་གསུང་།

ཁྱེད་རང་རྣམས་ཀྱིས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྨིན་བྱེད་ཀྱི་དབང་བསྐུར་ཟབ་མོ་ཞུས་ནས། གྲོལ་བྱེད་ལམ་གྱི་རིམ་པ་རྣམས་ཚུལ་བཞིན་ཉམས་སུ་བླང་བར་བགྱིའོ་སྙམ་པའི་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་དང་བཅས་ཏེ་གསན་འཚལ།

དེ་ལ་གང་གསན་པར་བྱ་བའི་ཆོས་ཕུར་བ་མགུལ་ཁུག་མ་ཞེས་བྱ་བ་འདི་ཉིད་ནི། ཕྱི་ལོ་༡༩༩༠ལོར་ངེད་ཅག་དཔོན་སློབ་བརྒྱད་ཙམ་རྒྱ་གར་དུ་འགྲོ་བའི་ལམ་ཁར། བལ་བོའི་ས་ཆ་ཨ་སུ་རའི་བྲག་ཕུག་ཅེས་བྱ་བར་གཏན་ལ་ཕབ་པ་ཡིན། ཆོས་འདི་ནི་སྔོན་ཨོ་རྒྱན་སངས་རྒྱས་གཉིས་པ་བོད་ཡུལ་མུན་པའི་གླིང་ལ་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་བྱ་བའི་ཆེད་དུ་ཕེབས་པའི་ལམ་ཁར། ཨ་སུ་རའི་བྲག་ཕུག་ཏུ་བཞུགས་པའི་དུས་སུ། བལ་བོའི་རྒྱལ་པོ་ཛི་ན་མི་ཏྲ་ཞེས་བྱ་བས་ཁོང་གི་སྐུའི་བར་ཆད་བསལ་བ་དང་། མཐུན་རྐྱེན་མ་ལུས་པ་བསྒྲུབས་པར་བྱས་པའི་རྐྱེན་གྱིས། ཨོ་རྒྱན་རིན་པོ་ཆེ་ཐུགས་ཤིན་ཏུ་དགྱེས་ནས་བལ་པོ་ཛི་ན་མི་ཏྲ་ལ་གཅེས་ནོར་དུ་གནང་བ་རེད།

ཆོས་ཚན་འདི་ནི་ཨོ་རྒྱན་རིན་པོ་ཆེས་བོད་དུ་ཆོས་གང་ཡང་མ་གསུངས་བའི་ཐོག་མར་གསུངས་པ་ཡིན་པས། ཨོ་རྒྱན་རིན་པོ་ཆེའི་རྣམ་ཐར་གཞན་གྱི་ནང་དུ། བལ་ཡུལ་ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ། །བར་ཆད་བགེགས་རྣམས་རྡོ་རྗེ་ཕུར་པས་བསྒྲལ། །ཞེས་འབྱུང་བ་ལྟར་བགེགས་བར་ཆད་རྣམས་སེལ་བར་བྱེད་པའི་འཕྲིན་ལས་ཀྱི་སྣ་འདྲེན་པར་བྱེད་པའི་ཆོས་ཀྱང་འདི་ཉིད་ཡིན། འདི་ནི་ཕུར་བའི་བྷི་ཏོ་ཏ་མའི་རྒྱུད་སྡེ་ཆེས་མང་པོ་ཞིག་གི་གནད་མཐར་ཐུག་གཅིག་ཏུ་བཏུས་ནས་བསྡུས་པ་ཡིན་ཏེ། བོད་ཡུལ་དུ་ཕུར་བའི་ཆོས་ཚན་ཐུན་མོང་བ་དྲུག་ཅུ་རྩ་བཞི་དང་། ཐུན་མོང་མ་ཡིན་པ་སུམ་ཅུ་སོ་གཉིས་གསུངས་པ་ཐམས་ཅད་ཀྱི་འཕྲོ་གཞིའི་ཨ་མ་ལྟ་བུ་ཡང་ཆོས་འདི་ཉིད་ཡིན། བོད་སྐྱོང་བརྟན་མ་བཅུ་གཉིས་ལ་སོགས་པ་བོད་ཀྱི་ལྷ་སྲིན་དྲེགས་པ་ཅན་དམ་ལ་འདོགས་པར་བྱེད་པའི་བསྙེན་སྒྲུབ་ཀྱི་མཐར་ཐུག་པ་ཡང་གཞུང་འདི་ལ་བརྟེན་པ་ཡིན།

ཆོས་འདི་ནི་སྔོན་གནས་རྗེས་དྲན་གྱི་ཚུལ་གྱིས་གཏན་ལ་ཕབ་ཅིང་། ཨོ་རྒྱན་རིན་པོ་ཆེས་ཀྱང་གཞན་སུ་ལ་ཡང་སྤེལ་མི་བྲ་བའི་མན་ངག་སྟེ། ཁོང་གི་མགུལ་ན་ཁུག་མ་ཞིག་ཡོད་པ་དེའི་ནང་ན་རྟག་ཏུ་འཆང་ཡོད་པའི་ཟབ་ཆོས་ཁྱད་པར་ཅན་ཡིན་པས་ཕུར་བ་མགུལ་ཁུག་མ་ཞེས་ཡོངས་སུ་གྲགས་པ་ཡིན། ཆོས་འདི་གཏན་ལ་ཕབ་པའི་རྗེས་སུ་རང་གཞུང་དུ་བཤད་པ་ལྟར་རྟེན་འབྲེལ་མ་ཚང་བ་མེད་པར་ཡོངས་རྫོགས་ལེགས་ཕྱོགས་སུ་འགྲིག་པར་གྱུར།

འདི་ཉིད་རྩ་བའི་ཆོས་བདག་དག་གི་ཕྱག་ཏུ་འཕྲོད་ཚུལ་ནི། འདིའི་བརྒྱུད་འདེབས་ཀྱི་མཇུག་ན་བསྟན་རྒྱམ་རིན་པོ་ཆེ་ཁོང་གི་ཞལ་སྔ་ནས། ལས་སྨོན་འབྲེལ་བའི་ཤཱཀྱའི་དགེ་སློང་བསྟན་འཛིན་རྒྱ་མཚོས་བྲིས་ཞེས་གསུངས་པ་བཞིན་དུ། ཁོང་ནི་ཆོས་བདག་ཐམས་ཅད་ཀྱི་རྩ་བ་ཡིན་ཞིང་། ཁོང་གི་ཕྱག་ཏུ་ཡང་གང་ཟག་གཞན་ལ་མ་སྤེལ་བའི་སྔོན་དུ་ངེད་ཅག་གིས་གཏེར་སྒྲུབ་བྱས་པ་དང་མཉམ་དུ་འབྱོར་བ་རེད། དེ་ནས་བསྟན་རྒྱམ་རིན་པོ་ཆེའི་ཕྱག་ཏུ་ཆོས་འདི་འཕྲོད་པ་དང་མཉམ་དུ། ཁོང་གིས་ཀྱང་ཡིད་བཞིན་གྱི་ནོར་བུ་ལྟ་བུའི་ཐུགས་རྩིས་ཚད་མེད་པ་མཛད་པས། ཉིན་དེར་ཁོང་གིས་དེ་མ་ཐག་ཏུ་ཁོ་བོ་ལ་ནན་ཟབ་ཀྱིས་བསྐུལ་བས། དབང་ཁྲིད་མན་ངག་དང་བཅས་པ་ཡོངས་རྫོགས་ཕུལ་བ་ཡིན།

དེ་ནས་ཆོས་སྐྱོང་གི་ལག་ཏུ་འཕྲོད་ཚུལ་ནི། སྔོན་རྒྱལ་དབང་ཐུབ་བསྟན་རྒྱ་མཚོ་དང་། གཏེར་ཆེན་ལས་རབ་གླིང་པ་གཉིས་ཀྱི་བར་དུ་འཕྲིན་རྡེབ་པ་པོ་དང་། སྔ་ཕྱིའི་ལུང་བསྟན་ཐམས་ཅད་ཀྱང་གནས་ཆུང་རྡོ་རྗེ་གྲགས་ལྡན་ཉིད་ཀྱིས་བསྩལ་ལ། ཆོས་ཀྱང་མང་པོ་ཞིག་ཞུས་པའི་རྟེན་འབྲེལ་གྱི་དབང་གིས་ཆོས་འདི་བྱུང་མ་ཐག་ཏུ། གནས་ཆུང་རྡོ་རྗེ་གྲགས་ལྡན་ཡང་དྲག་འབབ་ཀྱི་ཚུལ་དུ་གློ་བུར་དུ་བབས་ནས། ཁོང་ལྷ་མ་གཤེགས་བཞིན་དུ་ཆོས་འདིའི་དབང་ཞུས་ཤིང་ཁྲིད་ཀྱང་ཉན།

དེར་མ་ཟད་བསྟན་རྒྱམ་རིན་པོ་ཆེ་མཆོག་དང་། གནས་ཆུང་རྡོ་རྗེ་གྲགས་ལྡན་གྱིས་དངོས་སུ་བསྐུལ་བ་ལ་བརྟེན་ནས་རྗེས་སུ་བསྒྲལ་ལས་ཀྱང་བརྩམས་པ་ཡིན། དཔེར་ན། འདིའི་སྦྱིན་སྲེག་གི་ཆོ་ག་རྩོམ་པའི་གནས་སྐབས་སུ་བསྟན་རྒྱམ་རིན་པོ་ཆེའི་སྐུ་མདུན་ན་ཡོད་ཅིང་། གློ་བུར་དུ་ངའི་ཡིད་ངོར་ཤར་བ་དེ། ཁོང་གིས་ཡི་གེ་བ་མཛད་ནས་ཡིག་ཐོག་ཏུ་ཕབ། དེའི་རྗེས་ཐོག་དེ་མ་ཐག་ཏུ་སྔོན་ཆད་གཏེར་ཆེན་ལས་རབ་གླིང་པའི་དུས་བཞིན་དུ། ས་སྐྱ་དང་། བཀའ་བརྒྱུད། རྙིང་མའི་ཆོས་བདག་ཆེན་པོ་གསུམ་གྱི་ཕྱག་ཏུའང་འཕྲོད་པར་གྱུར།

རྙིང་མའི་ཕྱོགས་ལ་བསམ་བློ་བཏང་ན། སྔོན་གྱི་དུས་སུ་ཁོང་གི་སྐུ་ཕྲེང་རིམ་བྱོན་རྣམས་ཕུར་བའི་ཆོས་བདག་ཡིན་པའི་གནད་ཀྱིས། ད་ལྟ་གྲུབ་དབང་པདྨ་ནོར་བུའི་ཕྱག་ལའང་འཕྲོད་ནས། ཁོང་ལ་དབང་བསྐུར་བ་དང་། ཁྲིད་ཆ་ཚང་ཡང་བཤད་པ་ཡིན།

དེ་ནས་ས་སྐྱའི་ཕྱོགས་ལ་བསམ་བློ་བཏང་ན། འཇམ་དབྱངས་མཁྱེན་བརྩེ་དབང་པོ་ཞེས་བྱ་བ་ནི། སྔོན་གཏེར་ཆེན་ལས་རབ་གླིང་པའི་གསང་མི་དགོས་པའི་ཆོས་བདག་རྣམ་གཉིས་ཞེས་རྒྱལ་བ་ཐུབ་བསྟན་རྒྱ་མཚོ་དང་། འཇམ་དབྱངས་མཁྱེན་རྩེ་དབང་པོ་གཉིས་ཡིན་ཞིང་། དེའི་ཡང་སྲིད་དིལ་མགོ་མཁྱེན་རྩེ་རིན་པོ་ཆེའི་སྐུ་མདུན་དུ་ཡང་ཆོས་འདི་ཉིད་འཕྲོད་ནས། ཁོང་ལ་ཡང་དབང་དང་ལུང་། ཁྲིད་ཀྱི་རིམ་པ་ཐམས་ཅད་ཕུལ་བ་ཡིན།

བཀའ་བརྒྱུད་པའི་དབང་དུ་བྱས་ན། སྔོན་གཏེར་ཆེན་ལས་རབ་གླིང་པའི་དུས་སུ་ཆོས་བདག་གི་རྩ་བ་ཀརྨ་པ་སྐུ་ཕྲེང་བཅོ་ལྔ་པ་མཁའ་ཁྱབ་རྡོ་རྗེ་རེད། སྐུ་ཕྲེང་བཅུ་དྲུག་པ་རིག་པའི་རྡོ་རྗེ་ཞིང་ལ་གཤེགས་ཟིན་པས། ཆོས་འདི་ཉིད་ཕབ་པའི་རྗེས་དེ་མ་ཐག་ཏུ་ཁོང་གི་ཕྱག་ཏུ་མ་འབྱོར་ཡང་། ད་རིང་པོར་མི་ཐོགས་པར་ཀརྨ་པ་རིག་པའི་རྡོ་རྗེའི་སྤྲུལ་པའི་སྐུ་འཁྲུལ་བ་མེད་པ་དེ་གང་ན་ཡོད་ན། དེའི་ཕྱག་ཏུ་ཡང་དཀའ་ཚེགས་མེད་པར་ངེས་པར་དུ་འཕྲོད་རྒྱུ་རེད་སྙམ་པའི་ང་ལ་ཡིད་ཆེས་ཡོད།

ཆོས་འདི་ནི་ཕྱི་ནང་གསང་གསུམ་གང་ནས་བསམ་ན་ཡང་། རྟེན་འབྲེལ་མ་འགྲིག་པ་སྣ་གཅིག་ཀྱང་མེད་པར་ཐམས་ཅད་ལེགས་པའི་ཕྱོགས་སུ་འགྲིག་པ་ཞིག་ཡིན་པས། ཆོས་འདི་སུ་ཞིག་གིས་ཉམས་སུ་བླངས་ན་ཡང་། ཁ་དགེ་ཞིང་བཀྲ་ཤིས། འགལ་རྐྱེན་བར་ཆད་ཐམས་ཅད་ཡོངས་སུ་ཞི་བར་འགྱུར་བའི་ཟབ་ཆོས་ཁྱད་པར་ཅན། སྔ་ན་མེད་པ། བླ་ན་མེད་པ། མཆོག་ཏུ་གྱུར་པ་ཞིག་ཡིན་པར་ཡིད་ཆེས་ཡོད།

མང་པོ་བཤད་མི་དགོས་ཏེ། ཟབ་ཆོས་འདི་ཉིད་ཀྱི་སྒོ་ཕྱེས་ནས་བཟུང་། བོད་གངས་རིའི་ལྗོངས་སུའང་སེམས་ཅན་ལ་བདེ་སྐྱིད་བླ་ན་མེད་པ་བྱུང་ཞིང་། སངས་རྒྱས་ཀྱི་བསྟན་པ་ཡང་དར་ཞིང་རྒྱས་པར་གྱུར་པ་ཡིན། མ་ཟད་ཕྱི་ཕྱོགས་ན་ཡོད་པའི་མི་རྣམས་ཐུགས་ནང་མཐུན་ལ་ཁ་དགེ་ཞིང་བཀྲ་ཤིས་པར་གྱུར་པ་ནི་དངོས་ཡོད་གནས་ཚུལ་ཡིན།

ཁྱད་པར་དུ། ཆོས་འདི་ཉིད་དང་འཕྲད་པའི་བསྟན་འཛིན་རྣམས་ཀྱི་མཛད་འཕྲིན་ཐམས་ཅད་ཡར་ངོའི་ཟླ་བ་བཞིན་དུ་ལེགས་ཕྱོགས་སུ་འཕེལ་བཞིན་ཡོད་པ་ཁོ་ན་ལ་བསམ་བློ་བཏང་ན་ཡང་། ཆོས་འདི་ཐམས་ཅད་ལ་ཁ་དགེ་བ་དང་། བཀྲ་ཤིས་པ་ཞིག་ཡིན་པར་ཚང་མས་དཔོག་ཐུབ་རྒྱུ་རེད། དེ་དག་ནི་ཁྱེད་རྣམས་ལ་ཕུར་བ་མགུལ་ཁུག་མའི་ལོ་རྒྱུས་དང་ཆེ་བ་མདོ་ཙམ་ཞིག་བཤད་པ་ཡིན།

ད་ནི་ཆོས་ཚན་འདིའི་དབང་བསྐུར་བའི་སྐབས་སུ་བབས་པ་ལགས།

སངས་རྒྱས་དང་ཆོས་ཀྱི་སྐོར་གླེང་བ།

ཉིན་དེའི་ཕྱི་དྲོར། ཆོས་རྗེ་མཆོག་གིས་དེར་འདུས་ཀུན་ལ་ཁྲོམ་བསྒྲགས་གསུང་བཤད་གནང་བ་འདི་ལྟར།

དེ་རིང་གི་དུས་ཚེས་ཕུན་སུམ་ཚོགས་པ་འདི་ལ་རང་གི་ཡིད་ལ་གང་ཤར་གྱི་གཏམ་གླེང་མདོར་བསྡུས་ཙམ་ཞིག་ཞུ་རྒྱུ་ཡོད། ད་ལྟ་འདི་ན་འཚོགས་ཡོད་པའི་རང་རེ་ཚང་མར་ཡང་ཕུན་སུམ་ཚོགས་པ་མིའི་ལུས་རྟེན་ཞིག་ཐོབ་ཡོད་པ་དེ་ཚང་མས་ཐོག་མར་གོ་དགོས་པ་ཞིག་ཡིན། མིའི་ལུས་རྟེན་ཞིག་ཐོབ་ཡོད་ན་རང་ལ་ཕན་པ་བསྒྲུབ་པའི་ཐབས་དང་། གནོད་པ་ལས་བསྲུང་བའི་ཐབས་དེ་གཞན་དུད་འགྲོ་སོགས་དང་མི་འདྲ་བའི་ནུས་མཐུ་དང་བློ་རྩལ་ཞིག་ཡོད་པ་དེ་ཡང་ཐོག་མར་ངོས་ཟིན་དགོས། དེས་ན་རང་ལ་ལུས་རྟེན་དང་བློ་ནུས་ཁྱད་པར་ཅན་ཞིག་ཐོབ་ཡོད་པའི་གནས་སྐབས་འདིར་དུད་འགྲོ་ལ་སོགས་པ་དང་ཁྱད་མེད་པར་གང་བྱུང་གང་དགར་བྱས་ནས་འདུག་རྒྱུ་མེད་པར། རང་ལ་ཕན་པའི་ཐབས་དང་། གནོད་པ་མི་འབྱུང་བའི་ཐབས་ལ་ཅི་ནུས་སུ་བརྩོན་དགོས། ཕན་པ་སྒྲུབ་པ་དེ་ཡང་མི་སུ་དང་སུ་འདྲ་ཞིག་ཡིན་ཡང་བདེ་བ་འབྱུང་ན་དགའ་ཞིང་སྡུག་བསྔལ་འབྱུང་ན་མི་དགའ་བ་ཞིག་མ་གཏོགས། སྡུག་བསྔལ་ལ་དགའ་ཞིང་བདེ་བ་ལ་མི་དགའ་བ་སུ་གཅིག་ཀྱང་ཡོད་སྲིད་རྒྱུ་མ་རེད་བསམ། བདེ་བ་སྒྲུབ་པའི་ཐབས་དེ་ལ་མི་བརྩོན་པའི་མི་རེ་རེ་གཉིས་རེ་མ་གཏོགས་སུ་ཡང་ཡོད་མི་སྲིད། རང་གི་བློ་ཁ་ཆོས་ལུགས་གང་གིས་ཀྱང་མ་བསྒྱུར་བའི་མི་སྐྱ་ཕོ་མོ་རང་ག་བ་རྣམས་ཀྱི་ནང་ན་བདེ་བ་སྒྲུབ་སྟངས་དང་སྡུག་བསྔལ་སྤོང་སྟངས་དེ། ཕལ་ཆེར་དུད་འགྲོ་རྣམས་དང་ཆ་འདྲ་བར་གང་བྱུང་གང་དགར་ཐད་ཀར་བརྩོན་མཁན་ཡང་ཡོད། བདེ་བ་སྒྲུབ་པའི་ཐབས་དེ་མི་སྐྱ་ཕོ་མོ་ཕལ་བ་རྣམས་དང་མི་འདྲ་བའི་ཁྱད་ཆོས་ཅན་ཞིག་ཡོད་པ་དེ་ནི་ཆོས་ལུགས་ཀྱིས་བློ་ཁ་བསྒྱུར་བའི་གང་ཟག་ཡིན། ཆོས་ལུགས་དེ་ལ་ཡང་འཛམ་གླིང་འདིར་ཆ་མཚོན་ན། ཡེ་ཤུའི་ཆོས་ལུགས་དང་། ཁ་ཆེའི་ཆོས་ལུགས་དང་། སངས་རྒྱས་ཀྱི་ཆོས་ལུགས་ཏེ་ཆོས་ལུགས་ཆེན་པོ་གསུམ་གྱིས་དབུ་བྱས་ནས་ཆོས་ལུགས་ཆེས་ཤིན་ཏུ་མང་པོ་ཡོད། ཆོས་ལུགས་འགའ་ཞིག་གིས་ཚེ་འདི་ཁོ་ནའི་བདེ་བ་འབྱུང་ཐབས་དང་། སྡུག་བསྔལ་མི་འབྱུང་བའི་ཐབས་ལ་བརྩོན་པ་ཡིན། ཆོས་ལུགས་ཁ་ཅིག་གིས་ཚེ་འདི་དང་ཕྱི་མ་གཉིས་ཆར་ལ་ཕན་པ་དང་བདེ་བ་འབྱུང་བའི་ཐབས་ལ་བརྩོན་པ་ཡིན། ཆོས་ལུགས་ཁ་ཅིག་གིས་ཚེ་འདི་བས་ཀྱང་ཕྱི་མ་གཙོ་ཆེ་བར་བྱས་ནས་ཕན་བདེ་འབྱུང་བའི་ཐབས་ལ་བརྩོན་པ་ཡིན། དེ་ལ་ཆོས་ལུགས་རྣམས་ལས་གང་གིས་དགའ་དང་གང་གིས་ངན་ཐམས་ཅད་ཀྱིས་འདམ་ག་ལེགས་པོ་ཞིག་བྱ་དགོས་མ་གཏོགས། གང་བྱུང་ཅི་དགར་ཅི་འབྱུང་ཅི་སྣང་བྱས་ན་ཕན་པ་གང་ཡང་འབྱུང་མི་སྲིད། དེས་ན་གཙོ་བོ་ཚེ་འདིའི་བདེ་བ་འབྱུང་ཐབས། སྡུག་བསྔལ་མི་འབྱུང་བའི་ཐབས་ནི་ཆོས་ལུགས་ཆེན་པོ་གསུམ་དང་། ཆོས་ལུགས་གཞན་མང་པོ་ལའང་ཡོད་རྒྱུ་རེད།

དེ་ཡང་འགའ་ཞིག་གིས་འཇིག་རྟེན་བྱེད་པོ་ལ་གསོལ་བ་བཏབ་ནས་ཚེ་འདི་དང་ཕྱི་མའི་བདེ་བ་འབྱུང་ཐབས་ལ་བརྩོན་པ་དང་། འགའ་ཞིག་གིས་ཉི་མ་དང་ཟླ་བ། དབང་ཕྱུག་དང་ཚོགས་བདག་ལ་སོགས་པ་ལ་གསོལ་བ་བཏབ་ནས་ཚེ་འདིའི་བདེ་བ་སྒྲུབ་ཐབས་ཀྱང་ཡོད། འགའ་ཞིག་གིས་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ནས་བདེ་བ་སྒྲུབ་པའི་ཐབས་འཚོལ་བ་ཞིག་ཀྱང་ཡོད། རང་གི་ལྷ་ལ་དད་པ་བཞག་ཅིང་གསོལ་བ་གདབ་རྒྱུ་དང་། རང་གི་ཆོས་ལུགས་ལ་ཡིད་ཆེས་སྐྱེ་ལུགས་ལ་ནི་ཐམས་ཅད་ཀྱང་ཧ་ལམ་ཕྱོགས་འདྲ་བ་ཡིན། དེ་རྣམས་ཀྱི་སྟོན་པ་དེ་ཡང་ཚད་མ་བསླུ་བ་མེད་པ་དེ་གང་ཡིན། ལམ་དེ་ཡང་ནོར་བ་མེད་པ་དེ་གང་རེད་བསམས་ནས་ཞིབ་ཕྲ་བྱས་ནས་དཔྱད་པ་ཞིག་རྒྱག་དགོས། དེས་ན་སྟོན་པ་དེ་ཡང་ཅི་ལྟ་བུ་རེད་ཅེ་ན། ལ་ལའི་སྟོན་པ་དེ་ནི་རང་འབའ་ཞིག་ལ་ཕན་པ་སྒྲུབ་པ་དང་། རང་གི་འཁོར་དུ་གྱུར་པ་ལ་ཕན་པ་དང་། རང་གི་རྗེས་སུ་འཇུག་པ་འབའ་ཞིག་ལ་ཕན་པ་སྒྲུབ་པ་མ་གཏོགས་གཞན་སེམས་ཅན་མང་ཆེ་བ་ལ་གནོད་པ་སྐྱེལ་བའི་ལུགས་རེད། འགའ་ཞིག་གིས་རང་དང་གཞན་གྱི་འགྲོ་བ་མིའི་རིགས་མཐའ་དག་ལ་ཕན་པ་སྒྲུབ་པ་དང་། མི་མ་ཡིན་པའི་འགྲོ་བ་ཐམས་ཅད་ལ་ཕན་པ་མི་བསྒྲུབ་པའི་ཆོས་ལུགས་ཀྱང་ཡོད། འགའ་ཞིག་གིས་མིའི་རིགས་མ་ཚད་པར་སེམས་ཅན་ཐམས་ཅད་ལ་ཕན་པ་བསྒྲུབས། གནོད་པ་ལས་བསྐྱབས། ཁྱད་པར་དུ་རང་ལས་ཀྱང་གཞན་གཅེས་པར་བཟུང་ནས་སེམས་ཅན་གྱི་དོན་ལ་བརྩོན་པའི་ལུགས་སྲོལ་ཡང་ཡོད། སྟོན་པ་དེ་རྣམས་ལས་རང་དོན་འབའ་ཞིག་སྒྲུབ་མཁན་དེས་བཟང་ངམ། གཙོ་བོ་རང་དོན་སྒྲུབ་མཁན་དེས་བཟང་ངམ། རང་གཞན་གཉིས་ཀའི་དོན་སྒྲུབ་མཁན་དེས་བཟང་། དེ་ལ་ཡང་བསམ་བློ་ཡག་པོ་ཞིག་གཏང་དགོས། ཆོས་ལུགས་དེ་ལ་བསམ་བློ་བཏང་ན་འགའ་ཞིག་གི་ཆོས་ལུགས་དེ་རང་དང་འཁོར་ཉུང་ངུ་ཙམ་ཞིག་མ་གཏོགས་གཞན་ཚང་མ་ལ་གནོད་པ་སྐྱེལ་བའི་ལུགས་སྲོལ་ཞིག་ཀྱང་ཡོད། འགའ་ཞིག་གིས་གོང་དུ་ཞུས་པ་ལྟར་འགྲོ་བ་མིའི་རིགས་ལ་ཕན་པ་སྒྲུབ་པ་མ་གཏོགས་གཞན་ཐམས་ཅད་ལ་གནོད་པ་སྐྱེལ་བའི་ལུགས་སྲོལ་ཞིག་ཀྱང་ཡོད། འགའ་ཞིག་གི་ལུགས་དེ་ལ་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ་ཕན་པ་བསྒྲུབས་པ་དང་གནོད་པ་ལས་བསྐྱབས་པའི་ལུགས་ཀྱང་ཡོད། དེ་གསུམ་ལས་གང་ཞིག་འཐད་པ་དང་། རང་གི་ཡིད་ལ་གང་མཛའ་བ་ཡིན་བསམ་བློ་གཏང་དགོས། འགའ་ཞིག་གི་ལུགས་སྲོལ་དེ་ནི་ལོ་རྒྱུས་རྙིང་པ་རྣམས་ཀྱི་ནང་དུ་མེད་ཅིང་ལུང་དང་མི་ལྡན་པར། རང་གིས་གསར་དུ་དཔྱད་པས་བཞག་པ་ལྟ་བུ་ཡང་ཡོད། དེར་ཚན་རིག་དང་མཐུན་པར་རིགས་པ་རྣམ་དག་གིས་དཔྱད་པ་བརྒྱབ་ན། དཔྱད་མི་བཟོད་པར་མ་ཟད། མི་བདེན་པའི་རྐུབ་མང་པོ་འབུད་ཡོང་བ་ཡང་ཡོད། འགའ་ཞིག་གི་ལུགས་དེ་ནི་སྔོན་ལོ་སྟོང་ཕྲག་ཁྲི་ཕྲག་མང་པོའི་གོང་རོལ་ནས་ཁུངས་ལུང་ཡང་ཡོད་པ། དེ་ལ་དཔྱད་ན་དཔྱད་བཟོད་པའི་ལུགས་སྲོལ་ཡང་ཡོད་པས། དེ་ལ་ཡང་ཅི་དགའ་གང་དགའ་བརྟག་དཔྱད་ཞིབ་མོ་གཏང་དགོས། ཆོས་ལུགས་ཆེན་པོ་དེ་དག་ཐམས་ཅད་ལ་མ་ཞུགས་པའི་སྔོན་རོལ་དུ་རང་གིས་དཔྱད་པ་ཡག་པོ་ཞིག་བརྒྱབ་ནས་འཇུག་དགོས་མ་གཏོགས། ཅི་འབྱུང་གང་ཤར་དང་། སྟོབས་ཤུགས་ལ་གང་ཆེ། འཇོན་ཐང་ལ་གང་བཟང་བལྟས་ནས་ཞུགས་ན་དེ་ལ་ཕན་པ་ཡོད་པ་མིན། དཔེར་ན་བོད་ཀྱི་ཚིག་དཔེ་ལ་ཁྱི་ལྟོགས་དང་གློ་བ་འཕྲད་པ་ལྟ་བུ་ཟེར། ཁྱི་ལྟོགས་ཤིག་སེམས་ཅན་གྱི་ཁོག་པའི་ནང་གི་གློ་བ་དང་འཕྲད་ན་ཞིམ་མི་ཞིམ་ལྟ་ལོང་མེད་པར་ཐམས་ཅད་ཟ་བ་བཞིན། ཆོས་ལུགས་གང་དང་འཕྲད་ཀྱང་བསམ་བློ་མི་གཏང་བར་ཐད་ཀར་འཇུག་པ་དེ་ཤིན་ཏུ་བླུན་པོའི་ལུགས་སྲོལ་ཡིན། དེས་ན་ཁྱེད་རྣམ་པ་ཚང་མས་ཀྱང་འཛམ་བུ་གླིང་དུ་དར་བའི་ཆོས་ལུགས་གཞན་ཐམས་ཅད་ནི། བླ་མ་གཞན་དང་གང་ཟག་གཞན་གྱི་ངག་རྒྱུན་ལས་ཞིབ་ཕྲའི་སྒོས་ཤེས་པར་གྱིས།

ད་རེས་ཀྱི་སྐབས་སུ་བབས་པ་ནི། ང་རང་གི་དབང་དུ་བྱས་ན་ནང་པ་སངས་རྒྱས་པ་དང་དེའི་ཆོས་སྨྲ་བའི་གང་ཟག་ཅིག་ཡིན་པས། ཁྱེད་ཅག་རྣམས་ལ་ནང་པ་སངས་རྒྱས་པའི་སྟོན་པ་དང་བསྟན་པའི་ངོ་སྤྲོད་མདོར་བསྡུས་ཙམ་ཞིག་ཞུ་བ་ཡིན།

ང་རང་གི་སྟོན་པ་དེ་ཇི་ལྟ་བུ་ཞིག་ཡིན་ཟེར་ན། མཁྱེན་པ་དང་བརྩེ་བ་དང་ནུས་པའི་ཡོན་ཕུན་སུམ་ཚོགས་པ་དང་ལྡན་པ་ཞིག་ཡིན། མཁྱེན་པའི་ཡོན་ཏན་ལ་བསམ་བློ་བཏང་ན། སྤྱིར་ཤེས་བྱའི་ཆོས་མ་ལུས་པ་ཐམས་ཅད་མཁྱེན་པ་དང་། ཁྱད་པར་དུ་འབྱུང་འགྱུར་གྱི་བྱ་བ་ཚང་མ་གསལ་བར་མཁྱེན་པ་ཡིན། རྒྱལ་བའི་བཀའ་ཆོས་ནང་དུ་ད་ལྟ་འུ་ཅག་གི་བྱ་བཞག་དང་ཕྱི་མའི་དུས་ཀྱི་བདེ་སྡུག་ཇི་ལྟར་འབྱུང་ཚུལ་སོགས་ནོར་འཁྲུལ་མེད་པར་རགས་རིམ་ཙམ་གསལ་བར་གསུངས་ཡོད། སྟོན་པ་སངས་རྒྱས་མ་ཟད་དེའི་རྗེས་སུ་འཇུག་པའི་གང་ཟག་རྣམས་ལ་བསམ་བློ་བཏང་ན། ཁྱད་པར་དུ་ང་ཚོ་བོད་ཡུལ་གྱི་ལུང་པ་ལ་ཨོ་རྒྱན་རིན་པོ་ཆེ་དང་མི་ལ་རས་པ་ལྟ་བུའི་བླ་མ་མང་པོ་ཞིག་བྱོན་མྱོང་ཡོད། དེ་དག་ཐམས་ཅད་ཀྱིས་ཅི་ཞིག་གསུངས་ཡོད་ཅེ་ན། འཛམ་བུ་གླིང་འདིའི་ཕྱི་སྣོད་ཀྱི་འཕོ་འགྱུར་དང་། ནང་བཅུད་ཀྱི་བདེ་སྡུག་མི་འདྲ་བ་སྣ་ཚོགས་པ་ཞིག་ཡོད་པ་ཀུན་སེམས་ཅན་རང་གི་ལས་སྣང་ལ་བརྟེན་ནས་འབྱུང་བཞིན་ཡོད་པར་གསུངས་ཡོད། དེས་ན་སྔར་སངས་རྒྱས་དང་བླ་མ་དགེ་བའི་བཤེས་གཉེན་རྣམས་ཀྱིས་ཇི་ལྟར་གསུངས་པ་བཞིན། ད་ལྟ་འཛམ་བུ་གླིང་ཀུན་ཏུ་ཉུལ་ནས་སོང་ཡང་དན་དན་ཏིག་ཏིག་གིས་དེའི་སྟེང་དུ་ཁེལ་ཡོད།

དེ་ཡང་རགས་བསྡུས་ཙམ་ཞིག་ངོ་སྤྲོད་བྱས་ན། ཚན་རིག་པ་རྣམས་ཀྱིས་འཛམ་བུ་གླིང་དུ་ལས་སྣང་འདྲ་མི་འདྲ་ཡོད་པ་དེ་ལ་དཔྱད་པ་ཐིག་པོ་ཡོང་གི་མེད། སངས་རྒྱས་དང་དེའི་རྗེས་འཇུག་རྣམས་ཀྱིས་དེ་ཐམས་ཅད་ལས་དང་སེམས་ཀྱི་དབང་གིས་སྣང་བ་ཡིན་པར་འདོད། དཔེར་ན་མེ་ལྟ་བུ་གཅིག་ལ་ཡང་ལ་ལར་ཚ་བར་སྣང་ཡང་ལ་ལར་གྲང་བར་སྣང་། ལ་ལར་ཟས་སུ་སྣང་ཡང་ལ་ལར་གནས་ཁང་དུ་སྣང་། འཛམ་བུ་གླིང་གཅིག་དེ་ཡང་ལ་ལར་གྲུ་བཞི། ལ་ལར་ཟླུམ་པོ། ལ་ལར་ཉི་མས་ས་གཞི་བསྐོར་བ། ལ་ལར་ས་གཞིས་ཉི་མ་བསྐོར་བ་སོགས་ལས་སྣང་བསམ་གྱིས་མི་ཁྱབ་པ་དེ་ལྟ་བུ་ཡོད་པར་གསུངས་ཡོད། ད་ལྟ་འཛམ་བུ་གླིང་གི་སེམས་ཅན་ཐམས་ཅད་ཀྱི་ལས་སྣང་དེ་ལ་གཞལ་ན་སངས་རྒྱས་ཀྱི་གསུང་ཁོ་ན་ཚད་མ་བྱས་ནས་ཁས་བླངས་ན་ལེན་ཐུབ། གཞན་གང་གི་ལུགས་སྲོལ་བྱས་ཀྱང་ཁས་ལེན་ཐུབ་དཀའ་བ་ཡིན། སྟོན་པ་སངས་རྒྱས་དང་། དེའི་རྗེས་སུ་འཇུག་པའི་བོད་ཀྱི་བླ་མ་ཐམས་ཅད་ཀྱི་དབང་དུ་བྱས་ན། ད་ལྟ་བོད་ཀྱི་གནས་སྟངས། རྗེས་ཀྱི་འབྱུང་འགྱུར། མི་སྒེར་གྱི་བདེ་སྡུག་འབྱུང་ཚུལ་སོགས་གསལ་བར་བསྟན་ཡོད་པ་མ་ཟད། ད་ལྟ་བོད་ཀྱི་བླ་མ་མང་པོ་ཕྱི་ཕྱོགས་སུ་བྱོན། ཕྱི་རྒྱལ་རྣམས་སུ་ཆོས་ཚོགས་མང་པོ་བཙུགས་པ་འདི་ཡན་ཆོད་ཀྱང་གསལ་བར་གསུངས་ཡོད། དེ་ལྟར་གསུངས་པ་རྣམས་ད་ལྟ་ཐོག་ཏུ་མ་ཁེལ་བ་སྣ་གཅིག་ཀྱང་མེད། འདི་ཁོ་ན་ལ་བསམ་བློ་བཏང་ན་ཡང་སྟོན་པ་སངས་རྒྱས་ཀྱི་མཁྱེན་པ་དང་། དེའི་རྗེས་སུ་འཇུག་པའི་བླ་མ་རྣམས་ཀྱིས་མ་འོངས་པ་མཁྱེན་ཚུལ་དེ་འཛམ་བུ་གླིང་གི་ཆོས་ལུགས་གཞན་ཐམས་ཅད་ལ་ཡོད་ཟེར་ན་ཧ་ཅང་གི་དཀའ་མོ་ཡིན་རྒྱུ་རེད་བསམ།

བརྩེ་བ་ལ་བསམ་བློ་བཏང་ན་ཡང་། རང་རེའི་སྟོན་པ་དེ་ནི་རང་བས་ཀྱང་གཞན་གཅེས་པར་བཟུང་ནས་གཞན་གྱི་དོན་དུ་རང་གི་རྒྱུ་རྫས་ལོངས་སྤྱོད་ལ་སོགས་པ་གཏོང་དགོས་ན་སེར་སྣ་ག་ལ་སྲིད། མ་ཟད་རང་གི་དབུ་དང་ཕྱག་དང་རྐང་པ་ལ་སོགས་པ་གཞན་ལ་གཏང་དགོས་ན་ཡང་དགའ་བ་བསྒོམས། དེ་ལྟར་ཚེ་རབས་སྔ་མ་རྣམས་སུ་ལན་གྲངས་སྟོང་ཕྲག་མང་པོའི་བར་དུ་སེམས་ཅན་རྣམས་ལ་སྦྱིན་པ་བྱས་པ་ཡིན། དེས་ན་ཐུགས་རྗེ་ཅན་གྱི་སྟོན་པ་དེས་ཐོག་མཐའ་བར་གསུམ་ཀུན་ཏུ་རང་དོན་ལས་ཀྱང་གཞན་དོན་གཙོ་བོར་བསྒྲུབས། གཞན་སེམས་ཅན་ལ་ཕན་པ་འབའ་ཞིག་མ་གཏོགས་གནོད་པའི་ལས་སྣ་གཅིག་ཀྱང་མི་བྱེད་པ་ཡིན་ན། དེ་ནི་ཐམས་ཅད་དགའ་བའི་འོས་སུ་གྱུར་པ་ཞིག་ཡིན་མིན་བསམ་བློ་ཞིབ་ཏུ་གཏང་དགོས།

ཁོང་གི་ནུས་མཐུ་ལ་བསམ་བློ་བཏང་ན་ཡང་། སེ་གོལ་གཅིག་གཏོགས་པའི་ཡུན་ལ་སྟོན་པ་སངས་རྒྱས་ཁོང་དང་ཁོང་གི་རྗེས་འཇུག་འཕགས་པ་རྣམས་ཀྱིས་འཛམ་གླིང་མཐའ་དབུས་མེད་པར་ཡོངས་སུ་ཉུལ་ཐུབ་པ་དང་། ཁོང་གི་གདུལ་བྱ་རྣམས་ལ་དགོས་པ་ཡོད་ན་ཡུང་འབྲུ་གཅིག་གི་ཁྱོན་དུ་འཛམ་བུ་གླིང་གི་གནས་དང་སེམས་ཅན་གྱི་བཀོད་པ་ཚང་མ་བསྡུ་ཐུབ་པ་ལ་སོགས་པའི་རྫུ་འཕྲུལ་ཡང་བསམ་གྱིས་མི་ཁྱབ་པ་ཡོད། ཁྱད་པར་དུ་ནུས་པའི་གཙོ་བོ་ནི་གདུལ་བྱ་རྣམས་ལ་ཆོས་འཆད་པ་དེ་ཡིན། ཆོས་བཤད་པའི་ནང་དུ་ནད་ཞི་བ་དང་། ཚེ་རིང་བ། ལོངས་སྤྱོད་རྒྱས་པ། གཟུགས་བཟང་བ་ལ་སོགས་པའི་ཐབས་ཀྱང་བསྟན་ཡོད། དེ་ཚང་མ་ལག་ལེན་བྱས་ན་ཐམས་ཅད་དུས་ཐོག་ཏུ་སྨིན་ཐུབ་པ་ད་ལྟ་མངོན་སུམ་ར་འཕྲོད་ཡོད།

དེ་ལྟར་སྟོན་པ་སངས་རྒྱས་ལ་ཡོན་ཏན་གྱི་རྣམ་གྲངས་ཚད་མེད་པ་ཡོད་ཀྱང་།ནང་པ་སངས་རྒྱས་པ་རྣམས་ཀྱིས་དགའ་སྤྲོ་བྱེད་ས་དེ་མཁྱེན་པ་དང་བརྩེ་བ་དང་ནུས་པའི་ཡོན་ཏན་གསུམ་ཡིན། གཞན་པའི་སྟོན་པ་སུ་དང་སུ་ཡིན་ཡང་ཁོང་རྣམ་པ་ལ་ཡོན་ཏན་ཡོད་དམ་མེད་ཀྱང་རུང་། དེས་འུ་ཅག་ལ་ཕན་གནོད་གང་ཡང་མི་བྱེད། རང་རེ་རྣམས་ལ་ཕན་པ་དང་བདེ་བའི་ཐབས་སུ་ཞིག་གིས་སྟེར་ནུས་ན་དེ་ནི་ཐམས་ཅད་ཀྱིས་དགའ་སྤྲོ་བྱེད་ས་གཙོ་བོ་ཡིན།

དེས་ན་གདུལ་བྱ་རྣམས་ལ་ཕན་པའི་ཐབས་སྟོན་པར་བྱེད་པ་ལ་མཁྱེན་པ་སྟེ་ཤེས་རྒྱ་ཞིག་ཡོད་དགོས་མ་གཏོགས། ཤེས་རྒྱ་ཅི་ཡང་མེད་པའི་རང་བཞིན་གྱི་མི་གླེན་པ་ཞིག་གིས། འཛམ་བུ་གླིང་གི་སེམས་ཅན་ཐམས་ཅད་ལ་ཕན་བདེ་འབྱུང་བར་བརྩོན་དགོས་ན་དེའི་ཐབས་མི་ཤེས་པས། ཐོག་མར་ཁོ་ལ་མཁྱེན་པ་ཞིག་ཡོད་དགོས། དེའི་ཕྱིར་ན་མཁྱེན་པའི་ཡོན་ཏན་སྔོན་དུ་བཤད་པ་ཡིན། དེ་ནས་ཁོ་ལ་མཁྱེན་པ་ཡོད་དུ་ཆུག་ཀྱང་གདུལ་བྱ་རྣམས་ལ་བསམ་ངན་སྦྱོར་རྩུབ་བྱས་ནས། སེམས་ཅན་ཐམས་ཅད་མི་བདེ་བའི་ཐབས་ལ་བརྩོན་པ་ཞིག་ཡིན་ན། ཕན་པ་མེད་པར་མ་ཟད་དེ་བས་ཀྱང་སྐྲག་ས་སྡར་ས་ཞིག་ཡིན། ང་ཚོའི་སྟོན་པ་ནི་དེ་ལྟ་བུ་མ་ཡིན་པར་མཁྱེན་པ་དང་ལྡན་པར་མ་ཟད་བརྩེ་བ་དང་ལྡན་པ་ཡིན་ལ། བརྩེ་བ་དེ་ཡང་། དཔེར་ན་བུ་གཅིག་པུའི་མ་ཡི་བརྩེ་བ་ལས་ཀྱང་བརྒྱ་འགྱུར་སྟོང་འགྱུར་དུ་ལྷག་པའི་ཐུགས་བརྩེ་བ་ཆེན་པོས་སེམས་ཅན་རྣམས་ལ་རིས་མེད་དུ་གཟིགས་ཡོད།

ཁོང་ལ་མཁྱེན་པ་དང་བརྩེ་བ་ཡོད་དུ་ཟིན་ཀྱང་ནུས་པ་ཞིག་ཡོད་དགོས་མ་གཏོགས་ནུས་པ་མེད་ན་ཕན་པ་མེད་ཚུལ་ནི། དཔེར་ན་རྒན་མོ་མཁས་པ་ལག་པ་དང་རྐང་པ་མེད་པ་ཞིག་གི་བུ་དེ་ཆུས་ཁྱེར་ན། མོ་རང་གིས་དེ་སྒྲོལ་བའི་ཐབས་ཤེས་པ་ཡིན། ལག་པ་ཡོད་ན་ལག་པ་དང་ཐག་པ་ལ་སོགས་པས་དྲུད་ན་ཐར་རྒྱུ་རེད། མོ་རང་གི་བུ་ལ་བརྩེ་བ་ཡང་ཡོད་ཀྱང་། རང་ངོས་ནས་ལག་པ་དང་རྐང་པ་སོགས་མེད་ཅིང་ནུས་པ་མེད་པས་དོན་གང་ཡང་མི་འགྲུབ་པ་ཡིན། དེས་ན་མཁྱེན་བརྩེ་ནུས་པ་དང་ལྡན་པ་ནི་སྟོན་པ་སངས་རྒྱས་ཁོ་ན་རེད་མ་གཏོགས། གཞན་གང་ལ་ཡང་དེ་དང་ཆ་འདྲ་བ་ཙམ་ལས་ཡོད་པ་མིན།

ང་ཚོའི་སྟོན་པ་དེ་འཛམ་བུ་གླིང་ལ་སོགས་པ་ཡུལ་ཀུན་ཏུ་བྱོན་པའི་སྟོན་པ་གཞན་དང་མི་འདྲ་བའི་ཁྱད་ཆོས་ཤིག་ཡོད་ཟེར་ནས་ངས་ངག་ནས་བཤད་པ་རྐྱང་པ་ཙམ་ཁྱེད་རྣམས་ཀྱིས་ཚད་མ་རུ་འཛིན་མི་འོས་པ་ཡིན། དེ་ཡང་འཛམ་བུ་གླིང་ན་སྟོན་པ་མང་པོ་ཡོད་པས་ཁོང་རྣམས་ཀྱི་རྣམ་ཐར་ལ་ལྟོས། ཁོང་རྣམ་པས་གསུངས་ཡོད་པའི་ཡིག་ཆ་དེ་དག་ལ་ལྟོས་དང་། འཐད་ཕྱོགས་གང་ཡིན་དང་མི་འཐད་ཕྱོགས་གང་ཡིན་ཞིབ་ཏུ་རྟོགས་ཡོང་བ་མ་གཏོགས། རང་བཞིན་གྱི་མི་གཅིག་གིས་བཤད་པ་ལ་ངེས་པ་མེད། དེ་ནི་སྟོན་པ་སངས་རྒྱས་ཀྱི་ངོ་སྤྲོད་མདོར་བསྡུས་ཙམ་ཞིག་ཡིན།

དེའི་ཆོས་ཀྱི་ངོ་སྤྲོད་ནི། སངས་རྒྱས་ཆོས་ལུགས་ཀྱིས་ཚེ་འདི་དང་ཕྱི་མ་གཉིས་ཆར་ཡོད་ཟེར། དཔེར་ན་ཚེ་སྔ་ཕྱི་ཡོད་པའི་སྒྲུབ་བྱེད་དེ་ཡང་རྟེའུ་དང་བེའུ་ལ་སོགས་པ་ལ་བསམ་བློ་ཐོང་དང་། སྐྱེས་མ་ཐག་ཏུ་ནུ་མ་ནུ་ཤེས་པ་དང་མའི་རྗེས་སུ་སྙེག་ཤེས་པ། རང་གི་མ་ལ་དགའ་བོ་བྱེད་ཤེས་པ། གཞན་རྣམས་ལ་འབྲོ་ཤེས་པ་དེ་དག་ཐམས་ཅད་ཚེ་རབས་སྔ་མ་དེའི་གོམས་གཤིས་ཤིག་ཡོད་པས་ཡིན། དེའི་གོམས་གཤིས་སྔོན་དུ་མ་སོང་ན་སྐྱེས་མ་ཐག་ཏུ་དེ་དག་ཤེས་དོན་མེད་པས་ཚེ་སྔ་ཕྱི་ཡོད་པའི་རྟགས་ཡིན། ད་ལྟ་རང་རེ་རྣམས་ལ་བདེ་བ་དང་སྡུག་བསྔལ་གྱི་རྣམ་གྲངས་མི་རེ་རེ་བཞིན་དུ་མི་འདྲ་བ་རེ་ཡོད་པ་དེ་ཡང་ཚེ་རབས་སྔ་མའི་ལས་ཀྱི་དབང་གིས་དེ་ལྟར་གྲུབ་པ་ཡིན། ལས་དབང་གིས་དེ་ལྟར་གྲུབ་པ་མིན་པར་གང་ཟག་གཞན་ཞིག་གིས་མི་རེ་རེ་བཞིན་དུ་ཕན་པ་དང་བདེ་བ། གནོད་པ་སྐྱེལ་དགོས་ན་དེ་ལྟ་བུ་འགྲུབ་ཐུབ་པ་རྩ་བ་ནས་མིན།

ཚེ་སྔ་ཕྱི་དེ་མེད་ཟེར་མཁན་ཡོད་ལ་ཡོད་ཟེར་མཁན་ཡང་ཡོད་ཀྱང་། འདི་ན་སངས་རྒྱས་ཀྱི་བཀའ་བཞིན་དུ་ཡུན་རིང་པོའི་བར་དཔྱད་པ་བརྒྱབ་ན་དངོས་གནས་ཚེ་སྔ་ཕྱི་ཡོད་བསམ་པའི་ངེས་པ་འདྲོང་ཡོང་བ་ཡིན། རང་རེ་རྣམས་ཀྱི་ཐོག་ནས་བསམ་ན་ཚེ་ཕྱི་མ་ཡོད་པའི་དབང་དུ་བྱས་ནས་བདེ་བ་བསྒྲུབས་ན་དགའ་དང་། མེད་པའི་དབང་དུ་བྱས་ནས་བདེ་བ་བསྒྲུབས་ན་དགའ་སྙམ་དུ་བསམ་བློ་ཞིག་ཐོང་། ད་འུ་ཅག་གིས་ཚེ་ཕྱི་མ་ཡོད་པའི་དབང་དུ་བྱས་ནས་ཚེ་འདི་སྣང་གི་ལས་དོན་དང་ཕྱི་མའི་ལས་དོན་ཡང་བསྒྲུབས་ན། གལ་ཏེ་མེད་དུ་ཟིན་ཀྱང་དེ་ལ་ནོར་འཁྲུལ་ཆེན་པོ་ཞིག་མེད་པ་ཡིན། ཚེ་ཕྱི་མ་མེད་པའི་དབང་དུ་བྱས་ནས་འདི་སྣང་འབའ་ཞིག་བསྒྲུབས་ན། གཟོད་ཤི་བའི་ཚེ་གལ་ཏེ་ཚེ་ཕྱི་མ་ཡོད་ན་ནོར་ན་ནོར་ཚབས་ཆེ་བ། རང་གིས་རང་ལ་མགོ་སྐོར་ཆེན་པོ། དམྱལ་བའི་སྡུག་བསྔལ་རེ་རེ་ཡང་བཟོད་པར་དཀའ་བ་དང་། ཚེ་ཚད་ཀྱང་གྲངས་མེད་པ་ཞིག་ཡིན་པས། ཅི་དགའ་དེ་ལ་ཡང་བསམ་བློ་ཞིག་ཐོང་། དེས་ན་ང་ཚོ་ནང་པ་སངས་རྒྱས་པའི་རྗེས་འཇུག་གཙང་མ་ཞིག་ཡིན་ན། ཚེ་སྔ་ཕྱི་ཡོད་པ་དེ་ལ་ཡིད་ཆེས་པའི་ལུང་དང་རིགས་པ་མང་པོ་ཡོད་ཅིང་དེ་ལ་མང་པོ་ཞིག་བསླབ་ཀྱང་མི་དགོས། ཁོ་ལ་ཡིད་ཆེས་ཡོད་པས་འཇིག་རྟེན་གྱི་ལྷ་དང་བཅས་པ་བྱོན་ཏེ་ཚེ་སྔ་ཕྱི་མེད་ཅེས་བཤད་ཀྱང་དེའི་བསམ་པ་ལྡོག་མི་ཐུབ། གཞན་ནང་པ་སངས་རྒྱས་པ་དངོས་སུ་མིན་ཞིང་སངས་རྒྱས་པའི་ལམ་ལ་ཡིད་དེ་ཙམ་མི་ཆེས་པར་ཚེ་སྔ་མ་དེ་ཨེ་ཡོད་བསམ་པ་མ་གཏོགས། ཚེ་ཕྱི་མ་དེ་མེད་ངེས་ཅན་རེད་བསམ་པ་ཤེས་བྱེད་ཀྱི་རིགས་པ་ཞིག་གཏན་ནས་ཡོད་དོན་མེད་ཀྱང་། ཚེ་ཕྱི་མ་ཡོད་དམ་མེད་བསམ་མཁན་མང་པོ་ཡོད། དེ་ཡིན་ན་ཚེ་ཕྱི་མ་ཡོད་པ་གཞིར་བཞག་གི་སྟེང་ནས་བསྒྲུབས་ན་དགའ་ངེས་ཡིན། ང་ཚོ་བོད་པའི་ཚིག་དཔེ་ལ། ཡོབ་ཁ་ཡ་ཆད་ཀྱང་ཁ་ཡ་མི་ཆད་ཟེར་བ་ལྟར་ཚེ་ཕྱི་མ་ཡོད་པའི་དབང་དུ་བྱས་ན་དེ་ལ་གོལ་ས་ནོར་ས་ཞིག་མེད། མེད་པའི་དབང་དུ་བྱས་ན་རང་མགོ་རང་གིས་བསྐོར་ནས་ངན་པ་ཞིག་འོང་ངེས་ཅན་ཡིན། དེས་ན་ཚང་མས་ཚེ་ཕྱི་མ་ཡོད་པར་འདོད་པའི་ལས་ལ་བརྩོན་རྒྱུ་དེ་ལེགས་ཤོས་རེད་བསམ།

ཚེ་ཕྱི་མ་ཡོད་པ་གཞིར་བཞག་གི་སྟེང་ནས། སངས་རྒྱས་པའི་ལུགས་སྲོལ་དེ་ལ་ཚེ་འདི་གཙོ་བོར་བྱས་ནས་སྒྲུབ་པ་ཡིན་ནམ་ཚེ་ཕྱི་མ་གཙོ་བོར་བྱས་ནས་སྒྲུབ་པ་ཡིན་ཟེར་ན། ཚེ་ཕྱི་མའི་བྱ་བ་དེ་གཙོ་བོར་བྱས་ནས་བསྒྲུབས་པ་ཡིན། དེ་བསྒྲུབ་དགོས་པའི་རྒྱུ་མཚན་ཅི་རེད་ཟེར་ན། ཚེ་འདིའི་བདེ་བ་རྒྱ་ཆེན་པོ་ཞིག་འགྲུབ་ཀྱང་ཡུན་ཐུང་ཐུང་རེད། སྦྱོར་བ་རྒྱ་ཆེན་པོ་ཞིག་གིས་བསྒྲུབས་ཀྱང་ཡུན་ཐུང་ཐུང་རེད། ད་རེས་ངེད་ཅག་རྣམས་འཛམ་བུ་གླིང་གི་རྒྱལ་པོ་ཉིད་དུ་འགྱུར་ཐུབ་ཏུ་ཆུག་ཀྱང་། དེས་འཛམ་བུ་གླིང་གི་རྒྱལ་ས་སྒྲུབ་པར་བྱེད་པ་ལ་ལོ་བཅུ་ཕྲག་གཅིག་དང་གཉིས་ཙམ་མེད་ན་ལས་དབང་ཇི་ལྟར་ཆེ་ཡང་འགྲུབ་མི་ཐུབ། དེ་ནས་འཛམ་བུ་གླིང་གི་བདེ་སྐྱིད་ལ་ལོངས་སྤྱད་ནས་ལོ་བཅུ་ཉི་ཤུ་ཙམ་ལས་མེད་པས་བདེ་བ་ཐོབ་ན་ཡང་ཡུན་ཐུང་ཡིན། སྡུག་བསྔལ་མྱོང་ཡང་ཡུན་ཐུང་ཐུང་ཡིན་ཏེ། ད་སྐབས་འདིར་ཡོད་པ་ཚང་མ་ལོ་ཉི་ཤུ་སུམ་ཅུ་ལ་བརྒལ་ཟིན་པས་ད་ནས་ལོ་ལྔ་བཅུ་དྲུག་ཅུ་ཕན་ལ་འདུག་མཁན་དཀོན་མོ་ཡིན། དེའི་ཕྱིར་ན་ཚེ་འདིའི་བདེ་བ་དང་སྡུག་བསྔལ་གང་ཡིན་ཡང་ཡུན་ཐུང་ཡིན་པས་དེ་གཙོ་བོ་བྱས་ནས་སྒྲུབ་པ་མིན། ཚེ་ཕྱི་མའི་སྡུག་བསྔལ་དང་བདེ་བ་ནི་ཡུན་རིང་པོ་དང་རྒྱ་ཆེན་པོ་ཡིན། སྡུག་བསྔལ་ལ་དཔེར་མཚོན་ན། དམྱལ་བའི་གནས་སུ་སྐྱེས་ན་ལྕགས་སྲེག་གི་ས་གཞིའི་སྟེང་དུ་ལུས་པོ་བསྒྱེལ་ནས་མདའ་དང་མདུང་། སོག་ལེ་ལ་སོགས་པས་དྲས་ཏེ་སྟོད་བཅད་ཚར་བའི་གནས་སྐབས་ན་སྨད་ཚུར་སོས། ཁོག་སྨད་བཅད་པའི་གནས་སྐབས་ན་ཁོག་སྟོད་སོས། དེ་འདྲ་ལོ་འབུམ་ཕྲག་མང་པོའི་བར་དུ་སྡུག་བསྔལ་དེ་མྱོང་ན་ཡང་ཟད་མཐའ་མེད། བདེ་བ་ལ་བསམ་བློ་བཏང་ན། བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེས་ན་བདེ་སྐྱིད་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་མི་ལོ་འབུམ་ཕྲག་མང་པོའི་བར་དུ་མྱོང་ནའང་ད་དུང་བདེ་བ་ཅན་གྱི་ཉི་མ་གཅིག་གི་དུས་ཚོད་ཀྱང་བརྒལ་ཡོད་པ་མིན་ལ། བདེ་སྐྱིད་དེ་ཡང་འཛམ་བུ་གླིང་གི་བདེ་བ་གང་གིས་ཀྱང་མཚོན་དུ་མེད་པའི་བདེ་བ་ཡོད། གལ་ཏེ་ཚེ་ཕྱི་མ་རྒྱང་རིང་དུ་འཕངས་ནས་ཚེ་འདི་བསྒྲུབས་པ་དེ་དཔེ་ཅི་འདྲ་ཞིག་ཡིན་ཞེ་ན། ཉི་མ་གཅིག་ཁོ་ན་ལ་ཟ་རྒྱུ་འཐུང་རྒྱུ་ཡོད་ཅིང་བདེ་བ་འབྱུང་བ་ལ་བརྩོན་པ་དང་། མི་ཚེ་གང་པོར་ཟ་རྒྱུ་འཐུང་རྒྱུ་ཡོད་ཅིང་བདེ་བ་མྱོང་བ་ལ་བརྩོན་པ་གཉིས་ལས་སྔ་མ་དེ་འདམ་ག་བྱེད་མཁན་གཅིག་ཀྱང་མེད། ཉི་མ་གཅིག་པོ་ལ་བདེ་སྡུག་ཅི་བྱུང་ཡང་ཡུན་ཐུང་ཐུང་ཡིན། མི་ཚེ་གང་པོ་དེ་ཡུན་རིང་པོ་ཡིན་པས་དེའི་བདེ་ཐབས་ལ་བརྩོན་དགོས་པ་བཞིན་དུ། ཚེ་འདི་ཡུན་ཐུང་ཐུང་དང་ཕྱི་མ་ཡུན་རིང་པོ་ཡིན། ཕྱི་མའི་བདེ་ཐབས་ལ་མི་བརྩོན་པ་དེ་གླེན་པ་ལས་ཀྱང་གླེན་པ་སྟེ། དེ་ལ་ང་ཚོ་བོད་པས་ཡ་སོ་ཅན་གྱི་བ་ལང་ཟེར།

ཚེ་ཕྱི་མ་གཙོ་བོར་བྱས་ནས་བསྒྲུབས་ན་ཚེ་འདི་ལ་ཡང་གཞན་དང་མི་འདྲ་བའི་ཕན་པ་ལྷག་པོ་ཞིག་འབྱུང་བ་སྟེ། ཚེ་རིང་བ་དང་། ནད་མེད་པ། ལོངས་སྤྱོད་ཆེ་བ། གཟུགས་བཟང་བ་ལ་སོགས་པ་རང་ཤུགས་ཀྱིས་འབྱུང་འོང་། དཔེར་ན་ཤིང་ལ་མེ་བུས་ན་སོལ་བ་རང་ཤུགས་ཀྱིས་འབྱུང་བ་བཞིན་ཡིན། འུ་ཅག་ད་ལྟའི་ཁྱིམ་གང་པོ་ལ་བསམ་བློ་བཏང་ན། ཕྱི་མ་གཙོ་བོར་མ་བསྒྲུབས་ན་རྒས་ཀྱིན་རྒས་ཀྱིན་སེམས་པ་ཇེ་སྡུག་དང་ལུས་པོ་ཇེ་རྒུད་ཡིན། ད་འཇིག་རྟེན་མི་ཡུལ་ནས་འགྲོ་རན་པ་ཡིན་བསམས་ནས་སེམས་ཀྱང་སྡུག་ཡོང་། ཕྱི་མའི་ཆོས་རྒྱ་ཆེན་པོ་འགྲུབ་ན་ཇེ་དགའ་ཇེ་སྐྱིད་ཡིན། དེ་ཡང་ནང་པ་སངས་རྒྱས་པའི་ཆོས་སྒྲུབ་པའི་བླ་མ་རྣམས་ནི། ལུང་རྣམ་འབྱེད་ལས། ཚེ་ཟད་པ་ལ་དགའ་འགྱུར་ཏེ། །དཔེར་ན་ནད་དང་བྲལ་བ་བཞིན། །ཞེས་ཚེ་ཟད་ཀྱིན་ཟད་ཀྱིན་ནད་མེད་པ་དང་འདྲ་བར་བདེ་བ་བསམ་གྱིས་མི་ཁྱབ་པ་འབྱུང་བ་ཡིན། དེའི་ཕྱིར་ན་ཕར་ལྟོས་དང་ཆོས་མི་སྒྲུབ་པ་རྣམས་ནི་མང་པོ་ཞིག་རྒས་ཀྱིན་རྒས་ཀྱིན་འཛུམ་རྒྱུ་མེད་པར་ངོ་ནག་ལོང་ལོང་དུ་གྱུར་ནས་ཡོད། ང་ཚོ་ནང་པ་སངས་རྒྱས་པའི་ཆོས་པ་རྣམ་དག་རྣམས། ང་འདྲ་བའི་སྙིང་ནད་གློ་བུར་བ་ཡོད་མཁན་ཡིན་ན་མ་གཏོགས། ངམ་ཇེ་དཀར་དང་། སྣང་བ་ཇེ་སྤྲོ། སེམས་ཇེ་སྐྱིད་འབྱུང་བ་དེ་ཚེ་འདིའི་ཕན་པ་ཡིན། ཁྱེད་རྣམ་པས་དེ་ལ་ཚད་ཤིང་བཞག་ནས་ལྟོས་དང་། དཔེར་ན་རྒྱ་སྤྲུལ་རིན་པོ་ཆེ་ལྟ་བུ་ཡིན་ན་ཁོང་ལོ་མཐོ་བཞིན་མཐོ་བཞིན་སྣང་བ་སྤྲོ་ཡོང་བ་རེད། ཁོང་དང་ན་ཟླའི་སྡིག་པ་སྤྱོད་མཁན་གྱི་མི་ཕལ་བ་ཞིག་ལ་དཔེ་ལོངས་དང་ཁོ་ཇེ་སྡུག་ཇེ་སྡུག་ཡིན། དེས་ཁྱེད་རྣམ་པ་ལ་ངོ་སྤྲོད་ལེགས་པོ་ཞིག་ཡོང་རྒྱུ་ཡིན། ང་བདེན་དང་མི་བདེན་ཁྱེད་རྣམ་པས་ད་སྐབས་ཁོང་གི་ངོ་ལ་ལྟོས་དང་ཁོང་དགོད་ཀྱིན་ཡོད། གཞན་ཆོས་མི་སྒྲུབ་པ་རྣམས་ཀྱི་ངོ་ལ་ལྟོས་དང་སྡུག་ལོང་ངེ་ཡོད། ༼དགོད་སྒྲ་དང་ཐལ་སྒྲ།༽

ནང་པ་སངས་རྒྱས་པས་ཚེ་འདི་དང་ཕྱི་མའི་དོན་བྱེད་པ་ལ་ཐབས་ཅི་ལྟ་བུ་ཞིག་གིས་སྒྲུབ་བསམས་ན། ཕྱི་མ་བདེ་བའི་ཐབས་དེ་ཡང་འཚེ་མེད་ཞི་བའི་ལམ་བཟང་ཁོ་ན་ལ་བརྟེན་ནས་རང་གཞན་ཐམས་ཅད་ལ་ཕན་པ་སྒྲུབ་པ་ཡིན། འཚེ་མེད་ཞི་བའི་ལམ་དེ་ཡང་སེམས་ཅན་ཐམས་ཅད་ལ་སྒྲུབ་པ་རེད་མ་གཏོགས། སངས་རྒྱས་པའི་ཆོས་ལུགས་འདི་ནི་སངས་རྒྱས་པའི་ཆོས་ལ་དགའ་བ་ཐམས་ཅད་ལ་ཕན་པ་སྒྲུབ། མི་དགའ་བ་ཐམས་ཅད་ལ་གནོད་པ་སྐྱེལ་བའི་ལུགས་སྲོལ་དེ་ཡང་མ་ཡིན། ཕྱོགས་རིས་མེད་པའི་ཕན་པ་བསྒྲུབ་པ་ཡིན། སངས་རྒྱས་ཀྱི་བསྟན་པ་ལ་མཚོན་ན། རང་ལ་ཕན་པ་སྒྲུབ་མཁན་དེ་ལ་ཕན་པ་བསྒྲུབས། རང་ལ་གནོད་པ་སྐྱེལ་མཁན་དེ་ལ་གནོད་པ་སྐྱེལ་རྒྱུ་དེ་འདྲ་ཡང་མ་ཡིན། ཕན་པ་སྒྲུབ་པ་ལས་ཀྱང་གནོད་པ་སྐྱེལ་བ་དེ་གཅེས་པར་བཟུང་ནས་གཙོ་བོ་གཞན་དོན་སྒྲུབ་པ་ཡིན། སངས་རྒྱས་ཀྱི་ལམ་གྱིས་ཕན་པ་བསྒྲུབ་ཡུལ་དེ་ཡང་མཐོན་པོ་གྲགས་ཅན་རྒྱལ་རིགས་བྲམ་ཟེའི་རིགས་ལྟ་བུ་ལ་ཕན་པ་བསྒྲུབས། གཞན་གདོལ་བ་དང་དམངས་རིགས་ལྟ་བུ་ལ་ཕན་མི་བསྒྲུབ་པ་ཡང་མ་ཡིན་པར། མཐོ་བ་ལས་ཀྱང་དམའ་བ་ལ་བརྩེ་སེམས་ལྷག་པར་བཟུང་ནས་ཕན་པ་སྒྲུབ་པ་ཡིན། འགྲོ་བ་མིའི་རིགས་ལ་ཕན་པ་སྒྲུབ་པ་དང་སེམས་ཅན་གཞན་ལ་གནོད་པ་སྐྱེལ་བ་ལྟ་བུ་ཡང་མིན། སེམས་ཅན་གཞན་ལ་ཡང་དཔེར་ན་ལུས་ལ་ན་ཚ་དང་སེམས་ལ་སྡུག་བསྔལ་འདྲ་འདྲར་ཡོད་རྒྱུ་དེ། ད་ལྟ་མི་ཡུལ་ན་ཡོད་པའི་དུད་འགྲོ་རྟ་དང་བ་ལང་ལ་སོགས་པར་བརྟེན་ནའང་དཔག་ཤེས་པ་ཡིན། དེ་ཐམས་ཅད་ཀྱང་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ལ་འདྲ་འདྲ་ཡིན། དེའི་ཕྱིར་ན་དེ་དག་ཐམས་ཅད་ནི་ཕན་བདེ་སྒྲུབ་པའི་ཐབས་ལ་རྨོངས་པ་ཡིན་པས། མི་ལས་ཀྱང་སེམས་ཅན་ཕལ་བ་རྣམས་སྙིང་བརྩེ་བས་རྗེས་སུ་བཟུང་ནས་ཕན་པ་བསྒྲུབ་དགོས་པ་ཡིན།

ང་ཚོའི་ལུགས་ཀྱི་བླ་མ་བཟང་ངན་ཟེར་རྒྱུ་དེ་ཡང་གཞན་ལ་ཕན་སེམས་ཅན་དང་། གཞན་ལ་ཕན་པའི་སྤྱོད་པ་བྱེད་མཁན་དེ་བླ་མ་བཟང་པོ་དང་། དེ་ལྟ་བུ་སྤྱོད་མི་ཐུབ་པ་དེ་བླ་མ་དམན་པ་ཡིན། རང་གཞན་གཉིས་ཀ་ལ་ཕན་པ་འབྲིང་ཙམ་བྱེད་པ་དེ་བླ་མ་འབྲིང་པོ་ཡིན། མདོར་ན་བླ་མ་བཟང་ངན་གྱི་ཚད་ཀྱང་འཚེ་མེད་ཞི་བའི་ལམ་དེ་སུ་ཞིག་གིས་ལག་བསྟར་ཡང་དག་པ་ཐུབ་ན་དེ་བླ་མ་བཟང་པོའི་ཚད་དུ་འཇོག་པ་ཡིན། ང་ཚོ་བོད་ན་ཡོད་པའི་བླ་མ་རྣམས་ཀྱི་དབང་དུ་བྱས་ན། བོད་རང་གི་ས་ཆ་ནས་འགྲོ་དོན་བསྒྲུབ་རྒྱུ་དེ་ནི་འགྲོ་དོན་ཆུང་ཆུང་ཡིན། ཕྱི་ཕྱོགས་ཀྱི་ལུང་པ་འདི་ལྟ་བུ་ལ་ཡོང་ནས་འགྲོ་དོན་མཛད་རྒྱུ་དེ་ཧ་ཅང་གི་འགྲོ་དོན་བཟང་པོ་ཡིན། དེ་ཡིན་པའི་རྒྱུ་མཚན་ཅི་རེད་ཟེར་ན། ང་ཚོའི་ཡུལ་གྲུ་ནས་མི་ཚང་མ་དགེ་བ་ལ་དགའ་བ་དང་ཐམས་ཅད་འཁོར་དུ་བསྡུ་དགོས་ཀྱང་དཀའ་ངལ་མེད། ཚང་མ་ལ་ཆོས་བཤད་ན་གོ་བརྡ་འཕྲོད་སླ་མོ་ཡིན། དེ་ལ་དཀའ་ངལ་ཆུང་ངུ་ལས་མེད་པས་ན་འགྲོ་དོན་ཡང་ཆུང་ངུ་ཟེར། ཕྱི་ཕྱོགས་ཀྱི་ལུང་པའི་ཆོས་མི་དར་བའི་ས་ལ་སོང་ནས་མི་མང་པོར་ཆོས་བཤད་དགོས་ན། དང་པོ་འཁོར་དུ་འདུ་ཐབས་དཀའ། འཁོར་དུ་འདུས་ན་ཡང་ཆོས་ཀྱི་གོ་བརྡ་མི་འཕྲོད། ཆོས་ཀྱི་གོ་བརྡ་འཕྲོད་ཀྱང་ཐམས་ཅད་ལམ་ཡང་དག་པ་ལ་འཇོག་དཀའ་བས། ཕྱི་ཕྱོགས་ན་བཞུགས་པའི་བླ་མ་ཁོང་རྣམ་པའི་འགྲོ་དོན་བསམ་གྱིས་མི་ཁྱབ་པ་རེད། ང་ཚོ་ནི་བོད་ཡུལ་ཆོས་ཀྱི་ས་ཆ་ནས་ཡིན། དེར་སེམས་ཅན་གྱི་དོན་བསྒྲུབས། ཆོས་བཤད་པ་དེ་འགྲོ་དོན་ཐ་མ་ལ་བརྩི་བ་ཡིན།

དེའི་ཕྱིར་ན་གཞན་དོན་དེ་ཡང་རྒྱ་ཆེ་བ་དང་། དཀའ་ལས་ཆེན་པོ་ཞིག་གིས་བསྒྲུབས་ན་གཞན་དོན་བཟང་པོ་ལ་འཇོག་རྒྱུ་ཡིན། དེ་དག་ཐམས་ཅད་ནི་ནང་པ་སངས་རྒྱས་པའི་ཆོས་སྒོར་ཞུགས་ཟིན་པ་ཐམས་ཅད་སྟོན་པ་དང་བསྟན་པ་ལ་ཡིད་ཆེས་སྐྱེད་པའི་ཆེད་དུ་དང་། ད་སྔོན་ནང་པ་སངས་རྒྱས་པའི་གྲལ་དུ་ཞུགས་མ་ཚར་བ་རྣམས་ཀྱིས་ཀྱང་། ད་རེས་ངས་ཚིག་ཁ་ཤས་བཤད་པ་དེ་དཔྱད་གཞིར་བྱས་ཏེ་ཞིབ་ཕྲ་བྱས་ནས་ཁྱེད་རྣམས་ཀྱང་རིམ་གྱིས་ནང་པ་སངས་རྒྱས་པའི་བསྟན་པ་ལ་ཞུགས་པའི་ཆེད་དུ་ངས་གཏམ་བཤད་བགྱིས་པ་ཡིན། སྟོན་པ་དང་བསྟན་པའི་ཡོན་ཏན་དེ་ནི་མཁས་པ་ཞིག་གིས་བཤད་ན་ཟད་པ་ག་ལ་ཡོད། དཔེར་ན་གང་ཟག་ང་འདྲ་བ་ཐ་ཆད་པ་ཞིག་གིས་བཤད་ནའང་ཟླ་བ་ཁ་ཤས་ལ་ཟད་མི་ཐུབ་ཀྱང་གཏམ་འཕྲོ་བྱས་ནས་བཞག་པ་ཡིན།

སྐྱབས་འགྲོའི་སྡོམ་པ།

དེ་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཚུལ་ཇི་ལྟ་བུ་ཞིག་ཡིན་ཞེ་ན། སྟོན་པ་ནི་སངས་རྒྱས་ཁོ་ན་མ་གཏོགས་གཞན་གང་ཡང་མེད་སྙམ་པ་དེ་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་ཡིན། ཆོས་དེ་ནི་སྟོན་པ་སངས་རྒྱས་ཀྱིས་གསུངས་པ་ཁོ་ན་མ་གཏོགས་སངས་རྒྱས་ཀྱི་གསུང་དང་འགལ་བའི་ཆོས་དེ་ཉམས་སུ་མི་ལེན་སྙམ་པ་དེ་ཆོས་ལ་སྐྱབས་སུ་འགྲོ་བ་ཡིན། རང་གི་ལམ་ཡང་དག་པ་སྒྲུབ་པར་བྱེད་པའི་གྲོགས་དེ་ནི་སངས་རྒྱས་ཀྱི་རྗེས་སུ་འཇུག་པ་ཁོ་ན་མ་གཏོགས་སངས་རྒྱས་ལ་ལོག་པར་ལྟ་བ་དང་སྐུར་བ་འདེབས་པ་ཐམས་ཅད་དང་འགྲོགས་པར་མི་བྱ་སྙམ་པ་དེ་དགེ་འདུན་ལ་སྐྱབས་སུ་འགྲོ་བ་ཡིན། ཁྱད་པར་དུ་དཀོན་མཆོག་གསུམ་པོ་གཅིག་ཏུ་འདུས་པ་ནི་རྩ་བའི་བླ་མ་ཡིན། རྩ་བའི་བླ་མ་དེ་ལ་གསོལ་བ་བཏབ། རྩ་བའི་བླ་མའི་གསུང་ལ་ཉན། རྩ་བའི་བླ་མའི་ཐུགས་བརྒྱུད་དེ་རང་གི་རྒྱུད་ལ་བསླབ་སྙམ་པ་དེ་ནི་བླ་མ་ལ་སྐྱབས་སུ་འགྲོ་བ་ཡིན། དེ་ལྟ་བུའི་དམིགས་འདུན་དང་ལྡན་པའི་སྒོ་ནས་འདིའི་རྗེས་ཟློས་གྱིས།

བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །༼ལན་གསུམ་གསུངས་ནས་སྐྱབས་འགྲོའི་སྡོམ་པ་གནང་འདུག༽

དེས་སྐྱབས་འགྲོའི་སྡོམ་པ་ཐོབ་པ་ཡིན། ད་ནས་བཟུང་སྟེ་ཁྱེད་ཅག་རྣམས་ཀྱི་མིང་ལ་ནང་པ་སངས་རྒྱས་པ་ཞེས་མིང་གནས་གྱུར་ཏེ་ནང་པ་སངས་རྒྱས་པར་གྱུར་པ་ཡིན། ད་ཕྱིན་ཆད་ཆོས་གང་དང་གང་བསྒྲུབ་དགོས་ན་ཡང་སྔར་དང་མི་འདྲ་བའི་ཕན་ཡོན་རྒྱ་ཆེན་པོ་དང་ནུས་པ་རྒྱ་ཆེན་པོ་ཐོབ་པ་ཡིན། ཁྱེད་རྣམ་པའི་སྐྱབས་འགྲོའི་སྡོམ་པ་དེ་ཉམས་པར་མ་གྱུར་ན། ཚེ་འདིར་ཚེ་རིང་བ་དང་། ནད་མེད་པ། འདྲེ་བགེགས་འབྱུང་པོ་ལ་སོགས་པས་གནོད་པའི་འཚེ་བ་ཐམས་ཅད་རྩ་བ་ནས་ཞི་བར་འགྱུར་བ་དང་། ཚེ་ཕྱི་མ་ཡང་ངན་སོང་ལ་སོགས་པའི་སྡུག་བསྔལ་མྱོང་མི་དགོས། ད་ནས་བཟུང་སྟེ་སྐྱེ་བ་ཚེ་རབས་ཀུན་ཏུ་མིའི་ལུས་སུ་སྐྱེས་ནའང་རིགས་མཐོ་བ་དང་། གཟུགས་བཟང་བ། ལོངས་སྤྱོད་དང་ལྡན་པ། སྙན་གྲགས་ཕུན་སུམ་ཚོགས་པ་ཅན་དང་། བདེ་བ་ཅན་ལ་སོགས་པའི་དག་པའི་ཞིང་ཁམས་སུའང་སྐྱེ་བར་འགྱུར་བ་ཡིན། མཐར་ཐུག་ན་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐུགས་རྒྱུད་ན་ཡོན་ཏན་ཇི་སྙེད་ཅིག་ཡོད་པ་ཐམས་ཅད་ཁྱེད་ཅག་གི་རྒྱུད་ལ་ཡོངས་སུ་སྐྱེ་བར་འགྱུར་བ་ཡིན། དེ་ནི་སྐྱབས་སུ་སོང་བའི་ཕན་ཡོན་ཡིན།

སྐྱབས་འགྲོ་འདི་ལ་བསླབ་བྱ་ཞིག་ཡོད་པ་ཡིན། ཁྱེད་ཅག་རྣམས་སངས་རྒྱས་ལ་སྐྱབས་སུ་སོང་ཟིན་པས་དུས་རྒྱུན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་གསོལ་བ་འདེབས་རྒྱུ་དེ་སྐྱུར་མི་ཉན། ཆོས་ལ་སྐྱབས་སུ་སོང་ཟིན་པ་ཡིན་པའི་ཕྱིར་ན་སེམས་ཅན་མཆོག་དམན་རབ་འབྲིང་ལ་བསམ་པ་ངན་པ་དང་སྦྱོར་བ་ལོག་པ་རྩ་བ་ནས་འཆང་མི་ཉན། དགེ་འདུན་ལ་སྐྱབས་སུ་སོང་ཟིན་པ་ཡིན་ཕྱིར་སངས་རྒྱས་ཀྱི་རྗེས་འཇུག་རྣམས་དང་མཐུན་པར་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་བྱང་ཆུབ་ཀྱི་ལམ་ལ་བསླབ་དགོས། ཁྱད་པར་དུ་བླ་མ་ལ་སྐྱབས་སུ་སོང་ཟིན་པ་ཡིན་པའི་ཕྱིར་ན་བླ་མ་ལ་གུས་པས་བཀུར་བ་དང་། བླ་མའི་གསུང་ལ་ཉན་པ་དང་། བླ་མའི་ཐུགས་ལ་ལོག་པར་མི་སྒྲུབ་པའི་བྱ་བ་ལ་རྟག་ཏུ་བརྩོན་དགོས།

ཁྱེད་རྣམས་ལ་ད་ནས་བྱང་ཆུབ་སྙིང་པོ་མ་ཐོབ་ཀྱི་བར་དུས་རྒྱུན་དུ་ལས་འགན་ཆེན་པོ་གཉིས་ཡོད། སེམས་ཅན་ཐམས་ཅད་ཕན་པ་དང་བདེ་བའི་ཐབས་འབའ་ཞིག་ལ་དུས་རྟག་ཏུ་བརྩོན་རྒྱུ་དེ་ལས་འགན་གཅིག་ཡིན། སངས་རྒྱས་ཀྱི་བསྟན་པ་དེ་མེད་ན་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་འབྱུང་བའི་ཐབས་མེད་པས། སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པའི་བྱ་བ་འདི་ལ་བརྩོན་དགོས་པ་དེ་ལས་འགན་གཉིས་པ་ཡིན། དཔེར་ན་ཆོས་ཚོགས་ལྟ་བུ་གཅིག་ལ་མཚོན་ནའང་། སྔར་མེད་པའི་ས་ཕྱོགས་སུ་ཆོས་ཚོགས་གསར་བ་བཙུགས། སྔར་ཡོད་པ་ཐམས་ཅད་ཀྱང་དར་རྒྱས་ཕུན་སུམ་ཚོགས་པ་འབྱུང་བའི་ཐབས་ལ་བརྩོན་པར་བྱ་དགོས། ད་སྐབས་ཁྱེད་རྣམ་པ་ལ་སངས་རྒྱས་དང་ཆོས་དང་དགེ་འདུན་གྱི་མཚན་ནས་དྲངས་པའི་མིང་བཏགས་ཡོད་པས། དུས་རྒྱུན་དུ་མིང་དེ་མ་བརྗེད། དཀོན་མཆོག་གསུམ་ཡང་མ་བརྗེད། ༼དགོད་སྒྲ།༽

ཁྲིད་ཡིག་སངས་རྒྱས་ལག་སྟེར་གྱི་བསྡུས་དོན།

ཕྱི་ཟླ་༧པའི་ཚེས་༦ཉིན་གྱི་སྔ་དྲོར། ཆོས་རྗེ་ཉིད་ཀྱིས་ཆོས་ཚོགས་ཀྱི་བདག་གཉེར་བ་རྣམས་ལ་མཇལ་ཁ་དང་གསུང་བཤད་གནང་རྗེས། རྡོ་རྗེ་ཆོས་སྲུང་དམག་དཔུང་གི་སློབ་མ་རྣམས་ཀྱིས་དམག་གོས་གཅིག་གྱུར་བྱས་ཏེ་བླ་མ་མཇལ་ཞིང་། དུས་འཁོར་གྱི་རྒྱལ་གླུ་བླངས། ཤམྦྷ་ལའི་དྲག་པོའི་སྤྱོད་པ་ལ་བརྟེན་ནས་བདུད་དགྲ་བར་ཆད་བཏུལ་བའི་རྟེན་འབྲེལ་ཡང་བསྒྲིགས།

ཕྱི་དྲོར་ཆོས་རྗེ་ཉིད་ཀྱིས་འཇམ་དཔལ་ཞི་སྒྲུབ་ཀྱི་ཁྲིད་ཡིག་སངས་རྒྱས་ལག་སྟེར་གྱི་ལུང་གནང་རྗེས་བསྡུས་དོན་ཞིག་གསུངས།

སྤྱིར་ཁྲིད་ཡིག་འདི་ནི་རྫོགས་པ་ཆེན་པོའི་རྒྱུད་ལུང་མན་ངག་གི་སྙིང་བཅུད་གཅིག་ཏུ་བསྡུས་པ་ཡིན་པས་ཀུན་དང་མི་འདྲ་བའི་ཁྱད་ཆོས་མང་དུ་མཆིས་ཀྱང་། ད་ལན་དེ་ལས་ཀྱང་ཚིག་ཉུང་ལ་དོན་འདུས་ཤིང་། མན་ངག་གི་ཟབ་ཁྱད་དང་བྱིན་རླབས་ཀྱི་ཚན་ཁ་ཆེ་བའི་སྙིང་བཅུད་ལྟར་གྱུར་པའི་རྡོ་རྗེའི་ཚིག་འདི་ནི་རྗེ་ཉིད་ཀྱི་རྩོལ་མེད་རིག་ཀློང་ནས་བརྡོལ་བ་ཡིན་པས། གཞན་གྱིས་ལོ་མང་པོའི་བར་དུ་སྡུག་བཙུར་བྱས་ཀྱང་རྩོམ་པར་མི་ནུས་པ་ཞིག་ཡིན་པ་མཁས་པ་རྣམས་ཀྱིས་བལྟས་པ་ཙམ་གྱིས་ཤེས་སོ། །

སྐབས་དེར་ཆོས་རྗེ་ཉིད་ཀྱི་ཞལ་ནས་འདི་ལྟར་གསུང་།

སྤྱིར་ཁྲིད་ཡིག་འདི་ནི་སྒོམ་རིམ་འབའ་ཞིག་ཡིན་པས། མཐའ་གཅིག་ཏུ་བོད་སྐད་ཀྱི་སྟེང་ཡིན་དགོས་པའི་ངེས་པ་མེད་པར། དབྱིན་སྐད་ཀྱི་སྟེང་ནས་དོན་གསལ་བོར་རྟོགས་པར་བྱས་ནས་བསྒོམ་ན། བོད་སྐད་ཟུར་དུ་མ་སྦྱར་ནའང་འགྲིག

དེ་ཡང་འདོན་ཆོག་དང་སྨོན་ལམ་གྱི་སྐོར་ནི། མཛད་པ་པོས་སྐད་རིགས་གང་གི་ཐོག་ནས་བྱིན་གྱིས་བརླབས་ཡོད་ན་དེ་ཁོ་ན་ལྟར་འདོན་དགོས་པ་ཡིན། དེས་ན། འཇམ་དཔལ་ཞི་སྒྲུབ་འདི་ལྟ་བུ་ལ་མཚོན་ན། བོད་སྐད་ཀྱི་སྟེང་ནས་བརྩམས་པའི་ཆོས་ཡིན་ཞིང་། བྱིན་གྱིས་བརླབས་ཚུལ་ཡང་བོད་སྐད་ལ་བྱིན་གྱིས་བརླབས་ཡོད་པས། གཙོ་བོ་བོད་སྐད་ཀྱི་སྟེང་ནས་ཀློག་དགོས། འདིའི་རིགས་ཚང་མའང་བདེན་ཚིག་གྲུབ་པས་བྱིན་གྱིས་བརླབས་ན། དབྱིན་སྐད་དང་ལེགས་སྦྱར་གྱི་སྐད་ལ་སོགས་པ་གང་གི་སྟེང་ནས་བཏོན་ནའང་འགྲིག་རྒྱུ་རེད། དཔེར་ན་སངས་རྒྱས་ཀྱི་བཀའ་དང་རྒྱ་གར་འཕགས་པའི་ཡུལ་གྱི་མཁས་པ་རྣམས་ཀྱི་བསྟན་བཅོས་རྣམས་ལེགས་སྦྱར་སཾ་སྐྲྀ་ཏའི་སྐད་དུ་གསུངས་ཡོད་ཀྱང་། རྗེས་སུ་བོད་སྐད་དུ་སྒྱུར་བའི་སྐབས་སུ། བེེ་རོ་ཙ་ན་ལ་སོགས་པ་བདེན་ཚིག་གྲུབ་པ་རྣམས་ཀྱིས་འདོན་ཆོག་ཕལ་ཆེར་བོད་སྐད་ཀྱི་སྟེང་དུའང་བྱིན་གྱིས་བརླབས་ཡོད་པས། དེ་ལྟར་བདེན་ཚིག་གྲུབ་པས་བྱིན་གྱིས་བརླབས་ཡོད་ན་གང་ལྟར་བྱས་ཀྱང་འགལ་བ་ཡོད་པ་མིན།

བདེན་ཚིག་གྲུབ་པ་དེ་ནམ་ཞིག་ལ་འབྱུང་ཞེ་ན། དབང་རྣོན་ལ་སྦྱོར་ལམ་དང་། དབང་པོ་འབྲིང་ལ་ས་དང་པོ། དབང་པོ་ཐ་མ་ཡིན་ཡང་ས་བརྒྱད་པའི་གནས་སྐབས་སུ་བདེན་ཚིག་གྲུབ་ངེས་ཅན་ཡིན།

བདེན་ཚིག་གྲུབ་པའི་ཚད་ནི། དཔེར་ན་གྲོང་ཁྱེར་མེས་ཚིག་པའི་ཚེ། བདེན་ཚིག་གྲུབ་པའི་གང་ཟག་གིས་མེ་ཞི་བར་གྱུར་ཅིག་ཅེས་བརྗོད་མ་ཐག་ཏུ་མེ་ཞི་བར་འགྱུར་བ་དང་། མི་སུ་ཞིག་ལ་ནད་ཆེན་པོས་བཏབ་ཚེ། དགོས་པ་ཁྱད་པར་ཅན་དང་ལྡན་ན་ནད་ཞི་བར་གྱུར་ཅིག་ཅེས་བརྗོད་མ་ཐག་ཏུ་ནད་ཞི་བར་འགྱུར་བ་ལྟ་བུ་ཞིག་ཡིན། འཇམ་དཔལ་ཞི་སྒྲུབ་འདི་ཉིད་མགོན་པོ་འཇམ་པའི་དབྱངས་ཀྱིས་བྱིན་གྱིས་བརླབས་པའི་ཚིག་ཡིན་པར་རློམ་པ་ཡིན་ལ། ཕུར་བ་མགུལ་ཁུག་མ་སོགས་འདོན་ཆོག་རྣམས་ནི་ཨོ་རྒྱན་རིན་པོ་ཆེས་བྱིན་གྱིས་བརླབས་པའི་ཚིག་ཡིན་པར་རློམ་པ་ཡིན། དེས་ན་དེ་ལྟར་དུ་བཀླགས་ན་ཧ་ཅང་བཟང་པོ་རེད།

ཁྲིད་ཡིག་སངས་རྒྱས་ལག་སྟེར་གྱི་བརྗོད་དོན།

དེ་ལ་ཁྲིད་ཡིག་སངས་རྒྱས་ལག་སྟེར་གྱི་ནང་དུ་ཅི་ཞིག་བཤད་ཡོད་ཅེ་ན། ལས་དང་པོ་པ་འཇུག་པའི་སྔོན་འགྲོ་ནས་བཟུང་སྟེ་ལམ་མཐར་ཕྱིན་པའི་བར་གྱི་ལམ་གནད་ཡོངས་སུ་རྫོགས་པ་ཆ་ཚང་བར་བསྟན་ཡོད་ཅིང་། ལམ་ལ་འཇུག་པའི་ཐོག་མར་བློ་ལྡོག་རྣམ་བཞི་བསྒོམ་རྒྱུ་འདི་ཅི་ནས་ཀྱང་གལ་ཆེ་བ་ཡིན།

དེ་ལྟར་དང་པོ་ཐུན་མོང་ཕྱིའི་སྔོན་འགྲོ་ལ། དལ་འབྱོར་རྙེད་དཀའ་ཚུལ་དང་། ཚེ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བ་སྡུག་བསྔལ་གྱི་རང་བཞིན་ཡིན་ཚུལ་དང་བཞི་ཡོད་པ་ལས།

དང་པོ་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་འདི་རྒྱུ་དཔེ་གྲངས་གསུམ་གྱི་སྒོ་ནས་ཤིན་ཏུ་རྙེད་དཀའ་བས་རྙེད་ན་ཧ་ཅང་དགའ་འོས་པའི་གནས་ཡིན་པས། འདི་ནམ་ཡང་ཆུད་ཟོས་སུ་མི་གཏོང་བར། དགེ་བ་རྣམ་དག་ཅིག་བསྒྲུབ་བསམ་པ་ནི་དལ་འབྱོར་རྙེད་པར་དཀའ་བའི་ཚུལ་ལ་བསམ་པའི་ཁྲིད་ཡིན།

གཉིས་པ་དལ་འབྱོར་གྱི་ལུས་རྟེན་འདི་ཉིད་ཐོབ་ཏུ་ཟིན་ཡང་། ངེས་པར་འཆི་བ་དང་། ནམ་འཆི་ཆ་མེད། འཆི་ཚེ་ཆོས་མིན་པ་གང་གིས་ཀྱང་ཕན་པ་མེད་པའི་ཚུལ་ལ་བསམ་ནས་དགེ་བ་བསྒྲུབ་པར་ཐག་གཅད་དགོས། དེ་ནི་ཚེ་མི་རྟག་པར་བསམ་པའི་ཁྲིད་ཡིན།

གསུམ་པ་འཆི་བའི་གནས་སྐབས་སུ་མེ་ཤི་བ་དང་ཆུ་ཆད་པ་ལྟར་མེད་པར་འགྱུར་འགྲོ་བ་ཞིག་མིན་པར། ལས་དགེ་བ་བསྒྲུབས་ན་བདེ་བ་རྒྱ་ཆེན་པོ་འབྱུང་བ་དང་། མི་དགེ་བ་བསགས་ན་སྡུག་བསྔལ་མུ་མེད་པར་འབྱུང་བ་ཡིན། དེའི་ཕྱིར་ན་དགེ་སྡིག་བླང་དོར་ཡང་དག་པ་ཞིག་བྱ་རྒྱུ་ནི་ལས་རྒྱུ་འབྲས་ཀྱི་ཚུལ་ལ་བསམ་པའི་ཁྲིད་ཡིན།

བཞི་པ་གལ་ཏེ་མི་དགེ་བ་བསགས་ནས་ངན་སོང་གསུམ་གང་རུང་དུ་སྐྱེས་པའི་དབང་དུ་བྱས་ན། ངན་སོང་གསུམ་གྱི་སྡུག་བསྔལ་ནི་རྒྱ་ཆེ་ལ་རྒྱུན་རིང་བ། བཟོད་པར་དཀའ་བ་ཞིག་ཡིན་པའི་ཕྱིར་ན། དུས་ད་ལྟ་ཉིད་དུ་དེ་འདྲའི་སྡུག་བསྔལ་ཞིག་རང་ཐོག་ལ་མ་ཡོང་བའི་གོང་ནས། དགེ་སྒྲུབ་སྡིག་སྤོང་ལ་རྒྱ་ཆེར་བརྩོན་པར་བྱ་རྒྱུ་ནི་འཁོར་བ་སྡུག་བསྔལ་གྱི་རང་བཞིན་ལ་བསམ་པའི་ཁྲིད་ཡིན།

དེ་ལྟར་བློ་ལྡོག་རྣམ་པ་བཞི་པོ་ནི། སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་པའི་ཐེག་ཆེན་དང་ཐེག་དམན་པ་རྣམས་ཀྱིས་ཀྱང་འདི་ཁོ་ན་བཞིན་དུ་ཉམས་སུ་ལེན་དགོས་པའི་ཕྱིར་ན། ཐུན་མོང་ཕྱིའི་སྔོན་འགྲོ་ཞེས་པ་ཡིན།

གཉིས་པ་ཐུན་མིན་ནང་གི་སྔོན་འགྲོ་བཤད་པ་ལ་གཉིས་ཡོད་པ་ལས། དང་པོ་སྐྱབས་སུ་འགྲོ་བ་ནི། བདག་གིས་སྟོན་པ་ནི་སངས་རྒྱས་ཁོ་ན་བཟུང་། ལམ་ནི་སངས་རྒྱས་ཀྱིས་གསུངས་པའི་ཆོས་ཁོ་ན་ཉམས་སུ་བླངས། གྲོགས་ནི་འཕགས་པའི་དགེ་འདུན་པ་དང་འགྲོགས་ནས་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་པར་འདོད་པ་ནི། མདོའི་ལམ་ནས་བཤད་པའི་སྐྱབས་འགྲོ་ཡིན། དེ་ནས་རང་ཉིད་ཡེ་ནས་སངས་རྒྱས་ཡིན་པ་ལ་ཡིན་པར་ཤེས་པའི་ལྟ་བའི་ངང་དུ་རྩེ་གཅིག་ཏུ་མཉམ་པར་གཞག་པ་ལ་བརྩོན་རྒྱུ་ནི། ཐུན་མིན་སྔགས་ཀྱི་སྐྱབས་སུ་འགྲོ་བའི་ཚུལ་ཡིན།

གཉིས་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི། སྡུག་བསྔལ་མུ་མཐའ་མེད་པ་ལ་སྤྱོད་པའི་སེམས་ཅན་ཐམས་ཅད་སྙིང་རེ་རྗེ་སྙམ་པ་དང་། དེ་དག་ལ་སྙིང་རྗེ་བ་ཙམ་གྱིས་མི་འཇོག་པར་སངས་རྒྱས་ཀྱི་ས་ལ་དགོད་པར་བྱ་སྙམ་པ་ལ་སྨོན་པ་སེམས་བསྐྱེད་ཟེར། སངས་རྒྱས་ཀྱི་གོ་འཕང་དེ་ཡང་ཡུན་རིང་པོའི་ཚེགས་ལ་མི་ལྟོས་པར་བདེ་མྱུར་དུ་འགྲུབ་པར་བྱེད་པའི་ཐབས་ནི་འོད་གསལ་རྫོགས་པ་ཆེན་པོ་ཡིན། དེའི་ཕྱིར་ན་འོད་གསལ་རྫོགས་པ་ཆེན་པོའི་ལམ་འདི་ཉིད་ཉམས་སུ་བླང་བར་བྱ་སྙམ་དུ་རྫོགས་ཆེན་གྱི་ལྟ་བའི་ངང་སྐྱོང་བ་ནི་འཇུག་པ་སེམས་བསྐྱེད་ཡིན། དེ་འདྲའི་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་གཉིས་ནི། ཐུན་མིན་ཐེག་ཆེན་གྱི་མདོ་སྡེ་དང་མཐུན་པའི་ལམ་ཡིན་པའི་ཕྱིར་ན་ཐུན་མིན་ནང་གི་སྔོན་འགྲོ་ཞེས་པ་ཡིན།

དེ་ནས་བླ་མའི་རྣལ་འབྱོར་ནི། རང་གི་མདུན་གྱི་ནམ་མཁར་འཇའ་འོད་སྤྲིན་དཀར་གྱི་བཀོད་པ་ཤིན་ཏུ་མཛེས་པའི་དབུས་སུ། འཇམ་དཔལ་ཡེ་ཤེས་སེམས་དཔའ་དང་རྩ་བའི་བླ་མ་དབྱེར་མེད་པའི་བདག་ཉིད། རྒྱན་ཆ་ལུགས་ཀྱི་བཀོད་པ་ཐམས་ཅད་ཀུན་ཀྱང་འཇམ་དཔལ་ཞི་སྒྲུབ་ཀྱི་གཞུང་ནས་བཤད་པ་བཞིན་དུ་མངོན་སུམ་དུ་གསལ་དགོས། དེ་ནི་ཚོགས་ཞིང་གསལ་གདབ་པ་ཡིན། དེ་ལྟ་བུའི་དྲིན་ཆེན་རྩ་བའི་བླ་མ་ལ་རང་གི་ལུས་དང་ལོངས་སྤྱོད་དུས་གསུམ་གྱི་དགེ་བ་ཐམས་ཅད་ཀྱང་ཕངས་པ་མེད་པར་ཡོངས་སུ་དབུལ་བར་བགྱིའོ་སྙམ་པ་ནི་མཎྜལ་གྱི་ཁྲིད་ཡིན།

དེ་བཞིན་དུ་མདུན་གྱི་ནམ་མཁར་བླ་མ་དང་འཇམ་པའི་དབྱངས་དབྱེར་མེད་དུ་སྒོམ་པ་ནི་རྟེན་གྱི་སྟོབས་ཡིན། སྔར་བྱས་ཀྱི་སྡིག་པ་ཐམས་ཅད་ལ་འགྱོད་པ་དྲག་པོ་སྐྱེས་པ་ནི་སུན་འབྱིན་པའི་སྟོབས་ཡིན། ཕྱིན་ཆད་སྡིག་པ་དེ་ལྟ་བུ་སྲོག་ལ་བབས་ཀྱང་མི་བགྱིད་སྙམ་པའི་དམ་བཅའ་བ་ནི་སོར་ཆུད་པའི་སྟོབས་ཡིན། སྡིག་ལྟུང་ཐམས་ཅད་དག་པར་བྱ་བའི་ཕྱིར་དུ་བླ་མ་ལ་གསོལ་བ་དྲག་པོ་འདེབས་རྒྱུ་དེ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཡིན་ལ། སྟོབས་བཞི་ཚང་བའི་སྒོ་ནས་སྡིག་ལྟུང་སྦྱང་བ་ལ་ནན་ཏན་དུ་བྱ་བ་ནི་སྒྲིབ་སྦྱང་གི་ཁྲིད་ཡིན།

དེ་ལྟར་མཎྜལ་འབུལ་བ་དང་སྒྲིབ་པ་སྦྱང་བའི་དམིགས་རིམ་རྣམས་སྔོན་དུ་སོང་བའི་སྒོ་ནས་བླ་མའི་རྣལ་འབྱོར་དངོས་ནི། སྐྱབས་གནས་ཀུན་འདུས་དྲིན་ཆེན་རྩ་བའི་བླ་མ་ཁྱེད་མཁྱེན། བདག་གི་རྒྱུད་བྱིན་གྱིས་བརླབ་པར་མཛད་དུ་གསོལ། ཁྱད་པར་དུ་སྨིན་བྱེད་ཀྱི་དབང་གིས་སྨིན་པར་མཛད་དུ་གསོལ། གྲོལ་བྱེད་ཀྱི་གདམས་པས་གྲོལ་བར་མཛད་དུ་གསོལ། ཟབ་ལམ་རྫོགས་པ་ཆེན་པོའི་ལམ་ཁྱད་པར་ཅན་རྒྱུད་ལ་སྐྱེས་ནས་སྣང་བཞི་མཐར་ཕྱིན་པར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པ་ནི་གསོལ་འདེབས་ཡིན།

མཐར་བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ་པའི་སྟོབས་ཀྱིས། རང་གི་ལུས་ངག་ཡིད་གསུམ་དང་བླ་མའི་སྐུ་གསུང་ཐུགས་གསུམ་དབྱེར་མེད་རོ་གཅིག་ཏུ་གྱུར་པའི་ངང་ལ་རྩེ་གཅིག་ཏུ་འཇོག་པར་བྱེད་པ་ནི་བླ་མའི་རྣལ་འབྱོར་གྱི་ཁྲིད་ཡིན།

དེ་ནས་ཐོག་མར་རང་ལུས་ཐ་མལ་དུ་སྒོམ་པའི་དབུས་སུ་རྩ་དང་རླུང་གི་བྱེད་ལས་ཀྱིས་མེ་སྦར་ནས། རང་ལུས་ཀྱི་མ་དག་པའི་ཆ་ཐམས་ཅད་དབྱིངས་སུ་དག་པར་བསམ་པ་ནི་མ་དག་པ་སྦྱོང་བའི་རྫོགས་རིམ་ཡིན། རང་ལུས་འཇམ་དཔལ་གཞོན་ནུའི་སྐུར་གསལ་བའི་ལུས་དབུས་སུ་རྩ་རླུང་ཐིག་ལེའི་བཀོད་པ་རྣམས་ཚུལ་བཞིན་གསལ་བར་བྱེད་པ་ནི། དང་པོར་རྩ་རླུང་ཐིག་ལེར་དམིགས་པའི་རིམ་པ་ཡིན། རྩའི་ལམ་ནས་རླུང་དྲངས་པའི་བྱེད་ལས་ཀྱིས་ལྟེ་བར་མེ་སྦར། སྤྱི་བོའི་ཧཾ་ལས་བདུད་རྩི་བབས། རང་ལུས་ཐམས་ཅད་བདུད་རྩིས་གང་ནས་བདེ་སྟོང་གཉིས་སུ་མེད་པའི་ངང་ལ་མཉམ་པར་འཇོག་པ་ནི་རྫོགས་རིམ་དངོས་ཀྱི་ཁྲིད་ཡིན།

བླ་མའི་རྣལ་འབྱོར་དང་རྫོགས་རིམ་གྱི་ཁྲིད་འདི་གཉིས་ནི་སྔགས་ཀྱི་རྒྱུད་སྡེ་སྤྱི་ཁྱབ་དང་མཐུན་པའི་སྔོན་འགྲོའི་ཁྲིད་ཡིན་ལ། ཞི་གནས་དང་ལྷག་མཐོང་ལ་སོགས་པའི་ཐབས་རྣམ་པ་མང་པོ་ཞིག་ལ་བརྟེན་ནས་རང་གི་སེམས་ཀྱི་ཆོས་ཉིད་གཏན་ལ་འབེབས་པར་བྱེད་པ་ནི། རྫོགས་པ་ཆེན་པོ་རང་རྐང་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ཡིན།

ནམ་ཞིག་ན་སེམས་ཀྱི་ཆོས་ཉིད་དེ་ཡིད་དཔྱོད་དང་གཏན་ཚིགས་ཀྱི་གོ་བ་ཙམ་མིན་པར་རང་བཞིན་མངོན་སུམ་དུ་མཐོང་བར་བྱེད་པ་ཁྲེགས་ཆོད་ཀྱི་ཁྲིད་ཡིན་ལ། རང་གི་ལུས་སྐུ་རུ་དག ངག་གསུང་དུ་རྫོགས། ཐིག་ལེ་ཡེ་ཤེས་ཆེན་པོར་སྨིན་པར་བྱེད་པའི་ཐབས་ཁྱད་པར་ཅན་དེ་ཐོད་རྒལ་གྱི་ཁྲིད་ཡིན། ལམ་དེ་བསྒོམས་པའི་སྟོབས་ཀྱིས་སྣང་བཞི་རིམ་གྱིས་རྫོགས་ཏེ། སྐུ་བཞི་དང་ཡེ་ཤེས་ལྔ་ལྡན་གྱི་རང་བཞིན་མངོན་དུ་གྱུར་པ་ནི་རྫོགས་པ་ཆེན་པོ་སྤྱིའི་འབྲས་བུ་ཡིན། དེ་དག་ནི་ཚེ་འདིར་གྲོལ་བའི་ཁྲིད་ཡིན།

འཆི་ཁར་གྲོལ་བའི་གདམས་པ་ནི། རང་ཉིད་འཆི་བ་ལ་ཉེ་བའི་དུས་སུ་རང་ལུས་འཇམ་དཔལ་གཞོན་ནུའི་སྐུར་གསལ་ལ། སྙིང་དབུས་ཀྱི་ཐིག་ལེའི་དབུས་སུ་རང་གི་རིག་པ་དེ་ཉིད་ཨ་དཀར་པོ་ཞིག་ཏུ་སྒོམ། ཨའི་དབྱངས་སྙན་པོར་བརྗོད། ཨ་དེ་ཇེ་མཐོ་ནས་ཇེ་མཐོར་སྤྱི་གཙུག་ནས་ཡར་ཐོན། སྤྱི་གཙུག་ན་བཞུགས་པའི་བླ་མ་འཇམ་པའི་རྡོ་རྗེའི་ཐུགས་ཀར་ཐིམ། བླ་མ་དེ་ཡང་ཇེ་མཐོ་ནས་ཇེ་མཐོར་བདེ་བ་ཅན་གྱི་ཞིང་ཁམས་སུ་གཤེགས་པར་ཡང་ཡང་སྒོམ་པ་ནི་འཆི་ཁར་འཕོ་བའི་ཁྲིད་ཡིན།

ཤི་ཟིན་པའི་རྗེས་སུ་ཆོས་ཉིད་བར་དོ་ཞེས་སྒྲ་འོད་ཟེར་སྐུའི་སྣང་བ་བསམ་གྱིས་མི་ཁྱབ་པ་ཞིག་འཆར་རྒྱུ་ཡོད། དེའི་སྐབས་སུ་སྣང་བ་ཐམས་ཅད་ལ་བདེན་པར་མི་འཛིན་པར་རང་སར་བཞག་པ་དེ་ཉིད་དུ་སངས་རྒྱས་ཀྱི་ས་ལ་གྲོལ་བར་བྱེད་པ་ནི་ཆོས་ཉིད་བར་དོའི་ཁྲིད་ཡིན།

རང་སྣང་དུ་འགྲོ་དྲུག་གི་སྣང་བ་རྨི་ལམ་ལྟ་བུར་ཤར་བའི་གནས་སྐབས་ན། བླ་མ་ལ་གསོལ་བ་བཏབ་ཅིང་། སྔར་སྦྱངས་བའི་འཆི་ཁའི་མན་ངག་རྣམས་དྲན་པར་བྱས་ནས་རང་བཞིན་སྤྲུལ་སྐུའི་ཞིང་དུ་གྲོལ་བར་འགྱུར་བ་ནི་སྲིད་པ་བར་དོའི་ཁྲིད་ཡིན། དེ་དག་གིས་དབང་པོ་རབ་ཚེ་འདིར་གྲོལ་བ་དང་འབྲིང་ཆོས་ཉིད་བར་དོ་རུ་གྲོལ་བ་དང་། ཐ་མ་ཡང་རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་དབྱུང་བར་བྱེད་པའི་ཁྲིད་རྣམ་པ་གསུམ་ཆར་ཡང་གསལ་བོར་བསྟན་པ་ཡིན།

དེ་དག་གིས་ཁྲིད་ཡིག་སངས་རྒྱས་ལག་སྟེར་གྱི་བརྗོད་བྱ་ཆ་ཚང་བ་རྫོགས་པ་ཡིན།

ཁྲིད་ཡིག་སངས་རྒྱས་ལག་སྟེར་གྱི་ཁྱད་ཆོས།

ཁྲིད་ཡིག་འདི་ལ་གཞན་དང་མི་འདྲ་བའི་ཁྱད་ཆོས་རྣམ་པ་གསུམ་ཡོད་པ་ནི། ཚིག་ཉུང་ལ། དོན་འདུས་པ། བྱིན་རླབས་ཀྱི་ཟབ་ཁྱད་དང་ལྡན་པ་བཅས་ཡིན།

དེ་ལ་ཚིག་ཉུང་བ་ནི། རྗོད་བྱེད་ཀྱི་ཚིག་ཧ་ཅང་ཉུང་ཉུང་ཞལ་གསལ་བའི་ཆོས་ཚུལ་འདི་འདྲ་བ་འཕགས་བོད་གཉིས་ཆར་དུ་བྱུང་མ་མྱོང་བ་ལྟ་བུ་ཡིན།

དོན་འདུས་པ་ནི། སྤྱིར་སངས་རྒྱས་ཀྱི་གསུང་རབ་མཐའ་དག་གི་གནད་ཉམས་སུ་ལེན་པའི་སྐབས་སུ་འདི་ལས་ལྷག་པ་ཞིག་ཡོད་པ་མིན། ཁྱད་པར་དུ་སྔོན་འགྲོ་བློ་ལྡོག་རྣམ་བཞི་ནས་བཟུང་དངོས་གཞིའི་ཉམས་ལེན་གྱི་ལམ་ཆ་ཚང་བ་སྟེ། གང་ཟག་གཅིག་འཚང་རྒྱ་བའི་ཐབས་ཚང་ལ་ནོར་བ་མེད་པ་ཞིག་བསྟན་ཡོད་པ་ཡིན།

བྱིན་རླབས་ཀྱི་ཟབ་ཁྱད་ཆེ་ཚུལ་ནི། སྤྱིར་རྫོགས་པ་ཆེན་པོའི་ཆོས་ཚུལ་གང་ཡིན་ཡང་། མཐོང་གྲོལ་དང་། ཐོས་གྲོལ། རེག་གྲོལ། དྲན་གྲོལ་སོགས་བསམ་གྱིས་མི་ཁྱབ་པ་ཡིན་པ་བཞིན། ཆོས་འདི་ལ་ཡང་ཡོན་ཏན་དེ་དག་ཆ་ཚང་བར་ལྡན་ཡོད།

ཁྱད་པར་དུ་ཆོས་ཚུལ་འདི་ལ་ཁྱད་ཆོས་ཆེན་པོ་རྣམ་པ་གསུམ་ཡོད་དེ། བརྒྱུད་པ་ཉེ་བ་དང་དམ་སེལ་གྱི་གཡའ་ཡིས་མ་གོས་པ། དུས་བབས་ཀྱི་ཆོས་ཡིན་པའི་ཆེ་བ་བཅས་ཡིན།

དེ་ལས་བརྒྱུད་པ་ཉེ་བའི་ཆེ་བ་ནི། ཁྱེད་རང་རྣམས་དང་མགོན་པོ་འཇམ་པའི་དབྱངས་གཉིས་ཀྱི་བར་ན། ང་རང་ཁོ་ན་མ་གཏོགས་གང་ཟག་གཞན་སུས་ཀྱང་ཆོད་མེད་པས་བརྒྱུད་པ་ཉེ་བའི་ཁྱད་ཆོས་ཡོད། ༼དགོད་སྒྲ།༽

དམ་སེལ་གྱི་གཡའ་ཡིས་མ་གོས་པའི་ཆེ་བ་ནི། ཆོས་དེ་བརྒྱུད་པ་མང་པོར་བརྒྱུད་ཡོང་ན། བར་ལམ་ནས་བླ་མ་དང་སློབ་མའི་བར་ལ་འགལ་བ་བྱུང་། གྲོགས་མཆེད་དང་གྲོགས་མཆེད་ཀྱི་བར་ལ་འགལ་བ་བྱུང་ན་ཆོས་ཀྱི་བྱིན་རླབས་ཉམས་པར་འགྱུར་བ་ཡིན་ཡང་། ཆོས་འདི་སྤེལ་བ་ནས་བཟུང་སྟེ་ད་ལྟའི་བར་དུ་དམ་སེལ་ཞིག་གཏན་ནས་བྱུང་མྱོང་མེད་པའི་ཆེ་བ་དང་ལྡན་པ་ཡིན།

དུས་བབ་ཀྱི་ཆོས་ཡིན་པ་ནི། སྤྱིར་ན་ཆོས་རང་རང་སོ་སོ་དུས་ཚོད་ལ་དགོངས་ནས་སོ་སོར་གསུངས་ཡོད་དེ། དཔེར་ན། ཆོས་འགའ་རེ་ནི་བསྐལ་པ་བཟང་པོའི་མི་རྣམས་ཀྱི་ཚེ་རིང་བ་དང་ཉོན་མོངས་མེད་པའི་དུས་ལ་དགོངས་ནས་གསུངས་པ་དང་། ལ་ལ་ནི་སྐྱེ་རྒུ་རྣམས་ཚེ་ཐུང་བ་དང་ནད་མང་བ། ཉོན་མོངས་པ་མང་བའི་དུས་ལ་དགོངས་ནས་གསུངས་པའང་ཡོད། དེའི་ཕྱིར་ཆོས་འདི་ནི་ད་ལྟའི་དུས་ཚོད་ཁོ་ན་ལ་དགོངས་ནས་གསུངས་པ་ཡིན་པས། ནད་ལ་སྨན་བཏང་པ་བཞིན་དུ་དུས་བབས་ཀྱི་ཆོས་འཁྲུལ་མེད་ཡིན།

སྤྱི་དང་བྱེ་བྲག་གི་ཡུལ་སོ་སོ་ལ་དགོངས་པའི་ཆོས་མང་པོ་ཡོད། ཆོས་འདི་ལ་བསམ་བློ་བཏང་ན། ཁ་སང་ཁ་ཉིན་ངས་ཁྱེད་རྣམས་ལ་བསྒྲགས་པ་བཞིན་དུ་འཛམ་གླིང་སྤྱི་དང་བྱེ་བྲག་ནུབ་ཕྱོགས་རྒྱལ་ཁམས་རྣམས་ལ་དགོངས་པའི་ཆོས་ཤིག་ཡིན། རྒྱ་གར་རྡོ་རྗེ་གདན་གྱི་ཤར་ལྷོ་ནུབ་བྱང་གིས་དབྱེ་བའི་ཕྱོགས་བཞིའི་རྒྱལ་ཁམས་ཆེན་པོ་བཞི་ལས། ནུབ་ཕྱོགས་རྒྱལ་ཁམས་ཀྱི་མི་རྣམས་ཀྱི་དོན་དུ་གསུངས་པ་ཞིག་ཡིན་ཏེ། ཆོས་འདིའི་ལུང་བསྟན་གྱི་ནང་དུ། ཉི་མ་འཆར་ས་དེ་ཤར་ཕྱོགས་ཀྱི་རྒྱལ་ཁམས་ཡིན་ཡང་། འོད་སྟོང་གི་བྱིན་རླབས་འཕྲོ་ས་ནི་ནུབ་ཕྱོགས་རྒྱལ་ཁམས་ཡིན་པར་གསལ་བོར་བསྟན་ཡོད།

དེས་ན་ཆོས་འདི་ཉིད་ཤར་ཕྱོགས་ཀྱི་མི་རྣམས་ཀྱིས་ཉམས་སུ་བླངས་པ་ལས། ནུབ་ཕྱོགས་ཀྱི་མི་རྣམས་ཀྱིས་ཉམས་སུ་བླངས་ན་བྱིན་རླབས་དང་དངོས་གྲུབ་འབྱུང་བ་ལ་ཧ་ཅང་མྱུར་བ་ཡིན་རྒྱུ་རེད་བསམ། ལུང་བསྟན་གྱི་ཚིག་དེ་ལ་རྗེས་སུ་དཔག་ན། ནུབ་ཕྱོགས་དང་ཉེ་བའི་རྒྱ་གར་ལ་སོགས་པའི་མི་རྣམས་ཀྱིས་ཉམས་སུ་བླངས་པ་ལས་ཀྱང་། ནུབ་ཕྱོགས་མཐར་ཐུག་པ་ཨ་རི་ལྟ་བུའི་མི་རྣམས་ཀྱིས་ཉམས་སུ་བླངས་ན་ཕན་ཡོན་ཆེ་རྒྱུ་རེད་བསམ། དེ་ནི་ང་རང་ཉིད་ཀྱིས་ལྟ་ཚུལ་ཡིན་པ་ལས་ལུང་བྱང་ནང་དུ་ཡོད་པ་མིན། དེས་ན་ཆོས་འདི་ནི་ངོ་མ་ཁྱེད་རང་རྣམས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་སྐལ་ཡིན་རྒྱུ་རེད་སྙམ་ཡོད།

སྤྱིར་བཏང་ཁྱེད་ཚོ་སྟོབས་ལྡན་གྱི་རྒྱལ་ཁབ་འདི་ལ་མཚོན་ན། བྱ་བ་མང་བས་ཆོས་ལ་སློབ་སྦྱོང་བྱེད་པའི་ཁོམ་ལོང་མེད་ཀྱང་། གོང་ནས་ཞུས་པ་བཞིན་ཁྲིད་ཡིག་འདི་ནི། ཚིག་ཉུང་དོན་འདུས་གོ་སླ་བ་དང་ཉམས་སུ་ལེན་བདེ་བ་ཡིན་པས་ཁྱེད་རྣམས་ལ་ཕན་ཐོགས་འབྱུང་རྒྱུ་རེད། ༼དགོད་སྒྲ།༽ ཕྱིན་ཆད་ཉམས་ལེན་བྱེད་སྐབས་ཁྲིད་ཡིག་འདིའི་ཚིག་དང་དོན་གྱི་ཆ་ཐམས་ཅད་ཐད་ཀར་ཤེས་ནུས་ན། དེ་ལྟར་ཉམས་སུ་ལོངས་དང་། འདི་ན་བཞུགས་པ་ཚང་མ་ང་རང་གི་དངོས་སློབ་ཡིན་པས། ངས་ཀྱང་ཆོས་འདི་ཁྱེད་རྣམས་ལ་དངོས་སུ་བཀས་གཏད་པ་ཡིན་པས་དེ་ཁོ་ནས་ཆོག གལ་ཏེ་ཁྲིད་ཡིག་འདིར་མི་ཤེས་ས་རེ་ཡོད་ན། ཆོས་འདིའི་བརྒྱུད་པ་ཡོད་མཁན་གྱི་བླ་མ་གཞན་གྱི་དྲུང་ནས་སློབ་སྦྱོང་ལེགས་པོ་གྱིས་དང་། རྟོགས་དཀའ་མོ་མིན་པས་ཡུན་རིང་བོར་སྦྱང་དགོས་རྒྱུ་མ་རེད། དེ་ལྟར་ཚིག་དོན་གྱི་ཆ་ལ་བརྡར་ཤ་ཆོད་ལ་ཉམས་སུ་ལོངས་དང་ཕན་པ་རྒྱ་ཆེན་པོ་འབྱུང་རྒྱུ་རེད།

ཆོས་འདིའི་བརྒྱུད་པ་ཡོད་མཁན་ད་སྐབས་ཤིན་ཏུ་མང་སྟེ། དཔེར་ན་ད་ལྟ་འདི་རུ་དངོས་སུ་བཞུགས་པའི་བླ་མ་རྣམས་དང་། གཞན་རྒྱ་གར་དང་བོད་དུ་བཞུགས་པའི་བླ་མ་ཆེས་ཤིན་ཏུ་མང་པོ་ལ་ཆོས་འདིའི་བརྒྱུད་པ་ཡོད། དེ་མིན་རྒྱ་ནག་ལའང་ཆོས་འདིའི་བརྒྱུད་པ་ཤིན་ཏུ་མང་། མདོར་ན་བླ་མ་ཡོན་ཏན་ཅན་ཆོས་འདིའི་བརྒྱུད་པ་འཁྲུལ་མེད་ཅིག་སུ་ལ་ཡོད་ན། དེའི་མདུན་ནས་སློབ་སྦྱོང་གྱིས་དང་མི་འགྲིག་རྒྱུ་མི་འདུག དེ་དག་ནི་ཁྲིད་ཡིག་སངས་རྒྱས་ལག་སྟེར་དང་འབྲེལ་བའི་གཏམ་བཤད་མདོར་བསྡུས་ཙམ་ཞིག་ཡིན།

ཕུར་པ་མགུལ་ཁུག་མའི་སྒོམ་ཐབས་བསྡུས་པ།

དེ་ལྟར་གསུངས་རྗེས་ཐམས་ཅད་ཀྱི་རེ་བ་ལྟར་ཆོས་རྗེ་ཉིད་ཀྱིས་སླར་ཡང་མན་ངག་གི་སྒོ་ནས་ཕུར་པ་མགུལ་ཁུག་མའི་སྒོམ་ཐབས་སྟབས་བདེ་ཞིག་གསུང་།

ཁྱེད་རྣམས་ཀྱིས་ཕུར་པ་མགུལ་ཁུག་མའི་བསྐྱེད་རིམ་སྒོམ་སྟངས་མདོར་བསྡུས་པ་ཞིག་འཆད་དགོས་པའི་ཞུ་བ་བྱས་འདུག་པས་ན། ད་སྐབས་ཁྱེད་རྣམ་པས་བཟུང་བའི་ཡིག་ཐོག་ཏུ་ཡོད་པའི་གནད་རྣམས་མདོར་བསྡུས་ཏེ་ཞུ་བར་བྱ།

དང་པོ་ནི་བསྟན་རྒྱམ་རིན་པོ་ཆེའི་ཞལ་སྔ་ནས་བསྩལ་བའི་བརྒྱུད་འདེབས་ཀྱི་དོན་ཡིན། དེ་ནི་ཆོས་སྐུ་ཀུན་ཏུ་བཟང་པོ་དང་ལོངས་སྐུ་རྡོ་རྗེ་ཆོས། སྤྲུལ་སྐུ་པདྨ་འབྱུང་གནས་ནས་སྣ་ནམ་རྡོ་རྗེ་བདུད་འཇོམས་ཡན་ཆད་ནི་བླ་མ་རིམ་བཞིན་དུ་བརྒྱུད་པའི་ལོ་རྒྱུས་དང་སྦྲགས་ནས་གསོལ་བ་བཏབ་པ་ཡིན། རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ནས་བཟུང་སྟེ་པདྨ་དབང་ཆེན་ལ་ཞེས་པའི་བར་ང་རང་གི་སྐྱེ་ཕྲེང་དང་སྦྲགས་ནས་གསོལ་བ་བཏབ་ཅིང་། དེའི་རྗེས་སུ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་གསོལ་བ་བཏབ་པ་ཡིན། དེ་ལྟར་གསོལ་བ་བཏབ་པའི་སྨོན་འབྲས་ནི་ཕྱི་ནང་བར་ཆད་སོལ་ཞེས་ཕྱིའི་བར་ཆད་ནད་གདོན་བགེགས་དང་འབྱུང་པོ་ལ་སོགས་པའི་ཉེར་འཚེ་མི་འབྱུང་བ་དང་། ནང་གི་བར་ཆད་འོད་གསལ་རྫོགས་པ་ཆེན་པོའི་དོན་སྒོམ་པར་བྱེད་པ་ལ་བར་དུ་གཅོད་པའི་རྣམ་རྟོག་ངན་པ་ཐམས་ཅད་མི་འབྱུང་བར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་གསོལ་བ་བཏབ་པ་ཡིན། ཁྱད་པར་དུ་བསྐྱེད་རིམ་དང་རྫོགས་རིམ། རྫོགས་ཆེན་གྱི་དོན་མངོན་སུམ་དུ་རྟོགས་པར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་གསོལ་བ་བཏབ་པ་ཡིན།

དེ་ནས་གཞུང་གི་སྐྱབས་འགྲོ་དང་། སེམས་བསྐྱེད། དམ་ཚིག་བཟུང་བ་རྣམས་ཀྱི་དོན་བསྟན་པ་ནི། ཐོག་མར་རང་གི་རིག་པ་དོན་གྱི་ཡེ་ཤེས་ལྷར་ཤར་བ་དཔལ་རྡོ་རྗེ་གཞོན་ནུ་ལ་སྙིང་ཐག་པ་ནས་སྐྱབས་སུ་མཆི་སྙམ་པའི་སྒོ་ནས་སྐྱབས་སུ་འགྲོ་བ་དང་། མཐའ་ཡས་པའི་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་བར་བྱའོ་སྙམ་པ་སེམས་བསྐྱེད་པ། དཔལ་ཆེན་པོ་སྒྲུབ་པའི་དམ་ཚིག་ལ་བླང་བྱ་དང་དོར་བྱ་སོགས་གང་ཡོད་ཐམས་ཅད་ཀྱང་ཚུལ་བཞིན་དུ་བསྒྲུབ་པར་བྱའོ་སྙམ་པ་དམ་ཚིག་བཟུང་བ་ཡིན།

བསྐྱེད་རིམ་དངོས་ནི། དང་པོ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར་སོང་བར་སྙམ་པའི་ལྟ་བའི་ངང་ལ་འཇོག་པ་དང་། དེ་ནས་སྟོང་པའི་ངང་ལས་རང་ཉིད་སྐད་ཅིག་གིས་དཔལ་རྡོ་རྗེ་གཞོན་ནུ་ཤིན་ཏུ་ཁྲོས་པའི་ཉམས་ཅན་ཁྲོ་བོ་ཐམས་ཅད་ཀྱི་རྒྱལ་པོར་གྱུར་སོང་བར་བསྒོམ་དགོས།

དཔལ་རྡོ་རྗེ་གཞོན་ནུ་དེ་ཅི་འདྲ་ཞིག་བསྒོམ་དགོས་ཞེ་ན། སྐུ་མདོག་མཐིང་ནག ཞལ་གཅིག་ཕྱག་གཉིས། ཕྱག་གཉིས་ཀྱིས་ཐལ་མོ་སྦྱར་ཏེ་ཕུར་བ་འདྲིལ་གྱིན་ཡོད་པ་ཞིག་སྒོམས། དེ་ལ་དཔལ་གྱི་ཆས་བཅུ་དང་དུར་ཁྲོད་ཀྱི་ཆས་བརྒྱད་ཅེས་གཙོ་བོ་མི་ལྤགས་དང་། གླང་ཆེན་གྱི་པགས་པ། སྟག་གི་པགས་པ་སོགས་སྐུ་ལ་བགོས་པ་དང་། ཐོད་པའི་ཕྲེང་བ་སྐམ་རློན་རྙིད་པ་ལ་སོགས་པས་སྐུ་བརྒྱན་པ། དེ་ལྟ་བུའི་འཇིགས་སུ་རུང་བའི་སྐུ་ཞིག་བསྒོམ་དགོས། པདྨ་དང་ཉི་ཟླ། རུ་ཏྲ་ཕོ་མོ་བསྣོལ་བའི་སྟེང་དུ་ཞབས་གཉིས་གྱད་ཀྱིས་འདོར་སྟབས་ཀྱི་ཚུལ་དུ་བགྲད་དེ་བཞུགས་ཤིང་། ཡེ་ཤེས་ཀྱི་མེ་རི་མེ་དཔུང་རབ་ཏུ་འཁྲིགས་པའི་ཀློང་ན་ཡོངས་སུ་གསལ་བར་བསྒོམ་དགོས། སྔགས་བཟླ་བའི་དུས་སུ་སྣང་བ་ཐམས་ཅད་ལྷ་དང་། སྒྲ་གྲགས་ཚད་ཐམས་ཅད་སྔགས། དྲན་རྟོག་ཐམས་ཅད་ཐུགས་ཀྱི་རོལ་བ་ཡིན་སྙམ་དུ་ལྟ་བའི་ངང་ལ་བཞག་སྟེ་བསྒོམ་དགོས།

མཇུག་ཏུ་དགེ་བ་འདིས་མཚོན་པའི་དགེ་བ་ཡོད་ཚད་དཔལ་ཆེན་རྡོ་རྗེ་གཞོན་ནུའི་གོ་འཕང་འཐོབ་པའི་རྒྱུར་གྱུར་ཅིག་སྙམ་དུ་བསྔོ་དགོས། དེ་ལྟར་བསྐྱེད་རྫོགས་ཟབ་མོའི་ཉམས་ལེན་ལ་བརྩོན་པའི་དགེ་རྩ་འདིའི་མཐུས་ཕྱོགས་དུས་གནས་སྐབས་ཀུན་ཏུ་མི་ཤིས་པའི་རྒུད་པ་ཐམས་ཅད་ཞི། དགེ་ལེགས་སྣང་བ་ཆེན་པོས་ས་གསུམ་ཡོངས་སུ་ཁྱབ་པར་གྱུར་ཅིག་སྙམ་པ་ནི་བཀྲ་ཤིས་བརྗོད་པ་ཡིན། དེ་ལྟར་ཁྱེད་རྣམས་ཀྱིས་ཡིག་ཐོག་ཏུ་བཀོད་ཡོད་པའི་ཕུར་བ་མགུལ་ཁུག་མའི་ཁྲིད་ཆ་ཚང་བ་མཐར་ཆགས་སུ་བཤད་གྲུབ་པ་ཡིན།

མཇུག་མཐའི་ཤིས་བརྗོད།

ཆོས་རྗེ་ཉིད་ཀྱིས་སྐབས་འདིར་དབང་ཁྲིད་དང་བཀའ་ཆོས་རྣམས་ལེགས་པར་གྲུབ་ནས་ཞལ་གྱེས་སྐབས་ཐམས་ཅད་ལ་འདི་སྐད་གསུང་།

ད་ལྟ་འུ་ཅག་གི་ཐེངས་འདིའི་ཆོས་འཆད་ཉན་གྱི་བྱ་བ་ཚང་མའི་མཇུག་གྲུབ་པ་ཡིན་པས། ཁྱེད་རི་བོ་རཱོ་ཁཱེས་ཀྱི་ཆོས་ཚོགས་ང་ལ་བཀའ་དྲིན་ཤིན་ཏུ་ཆེ་བྱུང་། ངེད་ཅག་ཐོག་མར་གདན་ཞུ་དང་བར་དུ་འགྲོ་གྲོན་རྒྱ་ཆེར་བཏང་བ། མཐར་ཆོས་ཚོགས་འདིར་ཐོན་པའི་སྐབས་སུའང་བཀའ་དྲིན་ཆེན་པོས་བསྐྱངས་སོང་། དཔེར་ན། ཁོང་ལྟ་བུ་ལ་མཚོན་ན་མི་རྒྱ་བོ་འཇིགས་སུ་རུང་བར་ཡོད་པ་དེ་ང་རང་གནམ་གྲུ་ལས་བབས་མ་ཐག་ཏུ་བསུ་མར་འབྱོར་བ་ནས། དེ་རིང་གི་ཆོས་ཁྲིད་མཇུག་མ་རྫོགས་ཀྱི་བར་དུ་ཞབས་ཞུ་གང་དགོས་ཐམས་ཅད་བསྒྲུབས་པ་དང་། དེ་བཞིན་དུ་ཁྱེད་རྣམས་ཀྱིས་ཀྱང་དགའ་སྤྲོ་དང་དད་མོས་བསམ་གྱིས་མི་ཁྱབ་པ་མཛད་རྒྱུ་ཡང་བཀའ་དྲིན་ཆེན་པོ་ཡིན། འཚོ་བའི་ཞབས་ཞུ་དང་ཐ་ན་སྨན་བཅོས་ཚུན་ཆད་ཀྱི་ཕྱོགས་ནས་ཁྱེད་རྣམས་ལ་འོ་བརྒྱལ་ཆེན་པོ་གཏད་སོང་། དྲིན་ལན་དེ་ངས་ཐད་ཀར་སོད་རྒྱུ་མ་རེད། འོན་ཀྱང་ངས་སྐྱེ་བ་ཚེ་རབས་ཀུན་ཏུ་ཁྱེད་རྣམས་ལ་བདེ་སྐྱིད་ཕུན་སུམ་ཚོགས་པ་འབྱུང་བའི་བཀྲ་ཤིས་སྨོན་འདུན་ཟབ་མོ་ཞུ་རྒྱུ་ཡིན།

དེ་ཇི་ལྟར་ཞུ་ཞེ་ན། ཁྱེད་ཆོས་ཚོགས་སོ་སོའི་དབུ་ཁྲིད་པ་རྣམས་ཀྱི་དབུ་འཕང་དགུང་དུ་མཐོ་བའི་བཀྲ་ཤིས་དང་པོ་ཞུ། ཆོས་ཚོགས་ཁག་རྣམས་ཀྱང་དར་རྒྱས་ཕུན་སུམ་ཚོགས་པ་ཡོང་བའི་བཀྲ་ཤིས་གཉིས་པ་ཞུ། ཁྱེད་རང་རྣམས་ཀྱི་རྒྱུད་ལ་ཉམས་རྟོགས་ཁྱད་པར་ཅན་སྐྱེ་བའི་བཀྲ་ཤིས་གསུམ་པ་ཞུ། ཁྱེད་རྣམས་ལ་ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས་པ་འབྱུང་བའི་བཀྲ་ཤིས་བཞི་པ་ཞུ། རང་རེ་དཔོན་སློབ་ཚང་མ་ཚེ་འདིར་ཡང་ནས་ཡང་དུ་ཞལ་མཇལ་གསུང་ཐོས་ཡོང་བ་དང་། ཁྱད་པར་དུ་ཕྱི་མ་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་མགོན་པོ་འོད་དཔག་མེད་ཀྱི་ཞབས་དྲུང་དུ་ཞལ་འཛོམས་ནས། ཟབ་རྒྱས་ཀྱི་ཆོས་ལ་ལོངས་སུ་སྤྱོད་པའི་བཀྲ་ཤིས་ལྔ་བ་དེའང་ཞུ་བ་ལགས།

ཞེས་རྟེན་སྙིང་དང་བདེན་ཚིག་གྲུབ་པའི་བཀྲ་ཤིས་པའི་ཚིགས་སུ་བཅད་པ་མང་པོ་གསུངས་ཤིང་བསྔོ་བ་དང་སྨོན་ལམ་གྱིས་མཐའ་བརྒྱན་པ་ཡིན།

དྲན་ངོགས་ཀྱི་ནུབ་བསྐྱོད་ལས་ཡུལ་རི་བོ་རཱོ་ཁཱེས་ཀྱི་མཛད་རིམ་ལེགས་པར་གྲུབ་པའི་སྐབས་ཏེ་གསུམ་པའོ། །

འབབ་ཚུགས་བཞི་པ། ཨ་རིའི་ནཱ་ཕཱ་ལུང་།

༼ ༧·༧~༧·༢༢ ༽

མཛད་རིམ།

ཕྱི་ཟླ་༧པའི་ཚེས་༧ཉིན། ཨ་ཏི་གླིང་དུ་འབྱོར།

ཕྱི་ཟླ་༧པའི་ཚེས་༨ཉིན། སན་ཧྥི་རན་སའེ་སི་ཁོར་གཟིགས་སྐོར་དུ་ཕེབས།

ཕྱི་ཟླ་༧པའི་ཚེས་༩ཉིན། ཕྱི་དྲོར་རྟེན་འབྲེལ་ཉེས་སེལ་གྱི་དབང་གནང་།

ཕྱི་ཟླ་༧པའི་ཚེས་༡༠ཉིན། སྔ་དྲོར་ལྕེ་བཙུན་སྙིང་ཐིག་གི་དབང་དང་། ཕྱི་དྲོར་དེའི་ཁྲིད་ཐུན་དང་པོ་གསུངས།

ཕྱི་ཟླ་༧པའི་ཚེས་༡༡ཉིན། ཕུར་པ་མགུལ་ཁུག་མའི་དབང་དང་ཟབ་ཆོས་རྣམ་གཉིས་ཉམས་སུ་ལེན་ཚུལ་གསུངས།

ཕྱི་ཟླ་༧པའི་ཚེས་༡༢ཉིན། ཕྱི་དྲོར་ལྕེ་བཙུན་སྙིང་ཐིག་གི་ཁྲིད་ཐུན་གཉིས་པ་གསུངས།

ཕྱི་ཟླ་༧པའི་ཚེས་༡༣ཉིན། སྔ་དྲོར་ཧྥ་རན་སིའི་གཞུང་ཚབ་ཁང་དུ་བྱོན་པ་དང་། ཕྱི་དྲོར་ལྕེ་བཙུན་སྙིང་ཐིག་གི་ཁྲིད་ཐུན་གསུམ་པ་གསུངས།

ཕྱི་ཟླ་༧པའི་ཚེས་༡༤ཉིན། སྔ་དྲོར་མཚོ་གླིང་སྐྱེད་ཚལ་དུ་བྱོན་པ་དང་། ཕྱི་དྲོར་ལྕེ་བཙུན་སྙིང་ཐིག་གི་ཁྲིད་ཐུན་བཞི་པ་གསུངས།

ཕྱི་ཟླ་༧པའི་ཚེས་༡༥ཉིན། སྔ་དྲོར་དབྱིངས་སྐྱོད་དབུགས་ལྒང་ལ་ཞུགས་པ་དང་། ཕྱི་དྲོར་འཇམ་དཔལ་ཞི་སྒྲུབ་ཀྱི་དབང་དང་གསང་སྔགས་གསང་དགོས་ཚུལ་གསུངས།

ཕྱི་ཟླ་༧པའི་ཚེས་༡༦ཉིན། སྔ་དྲོར་ཁྲིད་ཡིག་སངས་རྒྱས་ལག་སྟེར་གསུངས་པ་དང་། ཕྱི་དྲོར་མི་སྒེར་གནམ་གྲུར་བཞུགས།

ཕྱི་ཟླ་༧པའི་ཚེས་༡༧ཉིན། ཕྱི་དྲོར་ཕུར་པ་ཡང་ཟབ་སྙིང་པོའི་དབང་དང་འཕྲོས་དོན་གསུངས་ཤིང་། རྒྱལ་སྲས་ལག་ལེན་གྱི་ལུང་གནང་།

ཕྱི་ཟླ་༧པའི་ཚེས་༡༨ཉིན། ཕྱི་དྲོར་ཚེ་དབང་དང་ཚོགས་འཁོར་རྒྱ་ཆེན་བསྐོར།

ཕྱི་ཟླ་༧པའི་ཚེས་༡༩ཉིན། རིག་འཛིན་གླིང་དུ་བྱོན་ནས་དགོང་མོར་རྟེན་འབྲེལ་ཉེས་སེལ་གྱི་དབང་གནང་།

ཕྱི་ཟླ་༧པའི་ཚེས་༢༠ཉིན། བཀྲ་ཤིས་ཆོས་གླིང་དུ་བྱོན་ནས་དད་ལྡན་རྣམས་ལ་ཆོས་ཁྲིད་དང་ཞལ་གདམས་གནང་།

ཕྱི་ཟླ་༧པའི་ཚེས་༢༡ཉིན། ཕྱི་དྲོར་རྡོར་སེམས་ཀྱི་སྐུ་ལ་རབ་གནས་མཛད་པ་དང་། དགོང་མོར་འཕོ་བ་དང་ཚེ་དབང་གནང་།

ཕྱི་ཟླ་༧པའི་ཚེས་༢༢ཉིན། ཡེ་ཤེས་སྙིང་པོའི་ཆོས་ཚོགས་སུ་བྱོན་ནས་འཇམ་དཔལ་ཡེ་ཤེས་སེམས་དཔའི་དབང་གནང་།

ནཱ་ཕཱ་ལུང་(Napa Valley)དུ་འབྱོར་བ།

ཕྱི་ཟླ་༧པའི་ཚེས་༧ཉིན་གྱི་སྔ་མོར། ངེད་ཅག་རི་བོ་རཱོ་ཁཱེས་ཀྱི་ཆོས་ཚོགས་དང་ཁ་གྱེས་ནས། ཆུ་ཚོད་གསུམ་ལ་རླངས་འཁོར་དུ་བསྡད་དེ་ཏེན་ཝིར་(Denver)གྲོང་ཁྱེར་གྱི་སི་ཏཱའེ་ཕོར་ཐིན་(Stapleton)གནམ་ཐང་དུ་ཕྱིན། མཁའ་ལམ་ནས་ཆུ་ཚོད་གསུམ་ཙམ་ལ་འཕུར་རྗེས། ཁཱ་ལི་ཧྥོར་ནེ་ཡ་(California)ཁུལ་གྱི་སན་ཧྥི་རན་སའེ་སི་ཁོའི་(San Francisco)རྒྱལ་སྤྱིའི་གནམ་ཐང་དུ་བབས། དེ་ནས་རླངས་འཁོར་དུ་བསྡད་དེ་ཆུ་ཚོད་གཉིས་དང་ཕྱེད་ཙམ་སོང་བ་ན་སྙན་གྲགས་ཆེ་བའི་ནཱ་ཕཱ་ལུང་དུ་འབྱོར་སོང་།

ནཱ་ཕཱ་ལུང་ནི་ཨ་རིའི་འཛམ་གླིང་རིམ་པའི་རྒུན་ཆང་ཐོན་སྐྱེད་བྱ་ཡུལ་ཐོག་མ་ཡིན་ལ། གནས་འདིར་ཡུལ་ལྗོངས་ཀྱི་རྣམ་པ་ལྟ་ན་སྡུག་ཅིང་གནམ་གཤིས་ཀྱི་དྲོ་གྲང་ལུས་ལ་འཕྲོད། འཇང་འཇོང་འབར་འབུར་གྱི་རྒུན་འབྲུམ་ར་བས་ག་ས་གང་དུ་ཁྱབ་འདུག དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུའི་ནང་། གནས་འདི་གའི་རྒུན་ཆང་གི་མིང་གྲགས་རབ་ཏུ་འབར་བ་དང་བསྟུན་ནས། ཡུལ་སྐོར་སྤྲོ་འཁྱམ་གྱི་ལས་རིགས་ཤིན་ཏུ་དར་ཏེ། ལུང་པ་འདི་ཡང་ཁཱ་ལི་ཧྥོར་ནེ་ཡ་ཁུལ་གྱི་བྲེལ་སྒོ་ཆེ་ཤོས་ཀྱི་ཡུལ་སྐོར་སྤྲོ་འཁྱམ་ས་ཚིགས་སུ་གྱུར་ལ། མི་རྣམས་ཀྱིས་གནས་འདིར་ཟས་རིགས་དང་སྒྱུ་རྩལ་སྣ་ཚོགས་ལ་ཅི་དགར་ལོངས་སུ་སྤྱད་ཆོག

ཕྱི་དྲོར་ཉི་མ་ནུབ་རིར་བཞུད་ལ་ཉེ་བའི་དུས་སུ། ང་ཚོ་ནཱ་ཕཱ་ལུང་གི་ཨ་ཏིའི་གླིང་(Ati Ling)དུ་སླེབས། ཆོས་ཚོགས་འདི་ནི་ཁྲོམ་དགེ་འཇིགས་མེད་རིན་པོ་ཆེས་ཕྱག་བཏབ་གནང་ཞིང་། ཁོར་ཡུག་ཤིན་ཏུ་ཉམས་དགའ་བའི་ནགས་རི་ཞིག་གི་རྐེད་དུ་ཆགས་འདུག ཆོས་ཚོགས་དང་ཉེ་འཁོར་གྱི་ཁང་པ་རྣམས་ཡལ་ག་དང་ལོ་འདབ་རྒྱས་པའི་ཤིང་ཚལ་སྟུག་པོའི་ནང་དུ་ཡིབ་ཅིང་། ནགས་ཚལ་གྱི་ལོ་འདབ་གསེབ་ནས་ཉི་མའི་ཟེར་ཐག་བརྐྱངས་པའང་མིག་འཕྲུལ་བཞིན་དུ་མཐོང་། ཉིན་དེར་སྤྱིར་གནམ་གཤིས་ཧ་ཅང་དྲོ་ཡང་། ནགས་ཚལ་རྒྱས་པའི་གནས་འདིར་སླེབས་པ་ན་ཤིན་ཏུ་བསིལ་བའི་སྣང་བ་སྐྱེས།

ཆོས་རྗེ་ཉིད་གནས་འདི་ནས་ཉིན་བཅུ་གཅིག་རིང་ལ་བཞུགས་དགོས་ཤིང་། ད་ལན་ང་ཚོ་ཕྱི་ཕྱོགས་སུ་ཡོང་ནས་བཞུགས་ཡུན་ཆེས་རིང་ཤོས་ཀྱི་ས་ཚིགས་ཀྱང་ཡིན། འདི་ནས་ཐག་མི་རིང་བའི་མཚམས་ན་ལིན་ཁིན་ཟློས་གར་གླིང་(Abraham Lincoln Recreation Center)ཞེས་པ་ཞིག་འདུག་ཅིང་། དེ་ནི་གཞུག་གི་ཉིན་ཤས་རིང་ཆོས་འཁོར་བསྐོར་སའི་གནས་ཡིན།

སན་ཧྥི་རན་སའེ་སི་ཁོ་རུ་གཟིགས་སྐོར་དུ་ཕེབས་པ།

ཕྱི་ཟླ་༧པའི་ཚེས་༨ཉིན། ངེད་ཅག་གིས་ཉིན་ཧྲིལ་བོ་གཅིག་གི་དུས་ཚོད་སྤྱད་ནས་སྙན་གྲགས་ཆེ་བའི་སན་ཧྥི་རན་སའེ་སི་ཁོ་ཡི་གྲོང་ཁྱེར་ལ་ལྟ་སྐོར་དུ་ཕྱིན། ཡུལ་འདི་ནི་ཨ་རིའི་ཆེས་ཁྱད་ཆོས་ལྡན་ལ་གསར་གཏོད་ཀྱི་རྣམ་པ་སྣ་ཚོགས་འཛོམས་པའི་གྲོང་ཁྱེར་ཞིག་ཡིན། ཨི་ཐ་ལི་དང་། སི་ཕེན། མེག་སི་ཁོ། ཉི་ཧོང་། ཀྲུང་གོ་སོགས་རང་རང་གི་ཁྱད་ཆོས་ལྡན་པའི་སྡོད་དམངས་ཀྱི་གཞིས་ཁང་རྣམས་གྲོང་ཁྱེར་གྱི་གནས་སོ་སོར་ཆགས་ཡོད། གྲོང་ཁྱེར་འདི་གུ་ཡངས་སྒོ་འབྱེད་དང་རིག་གནས་མཉམ་འདྲེས་ཀྱི་ས་ཆ་ཞིག་སྟེ། རི་མོ་མཁན་གྱི་ལག་ནང་གི་ཚོན་སྡེར་ཇི་བཞིན་ཡིད་དུ་འོང་།

ང་ཚོས་གྲོང་ཁྱེར་ཧྲིལ་པོའི་ཡུལ་ལྗོངས་ཀྱི་བཀོད་པར་ལྟ་སྐོར་བྱས་ཤིང་། ཁྱད་པར་དུ་གནས་འདིའི་གུ་ཡངས་རང་བཞིན་གྱི་རིག་གནས་དང་མི་རྣམས་ཀྱི་ཤེས་མང་སྣ་འཛོམས་ལ་མཉམ་རོལ་བྱས་ཤིང་ངོ་མཚར་སྐྱེས། དེ་རྗེས་ཆེད་དུ་གསེར་སྒོ་ཟམ་ཆེན་(Golden Gate Bridge)ཞེས་པར་ལྟ་སྐོར་དུ་སོང་།

ཕྱི་ལོ་༡༩༣༧ལོར་ལེགས་འགྲུབ་བྱུང་བའི་གསེར་སྒོ་ཟམ་ཆེན་ནི་གྲོང་ཁྱེར་འདིའི་མཚོན་རྟགས་སུ་བརྩི་ཞིང་། རིང་ཚད་ལ་སྤྱི་ལེ་༢.༧དང་མཐོ་ཚད་ལ་སྨི་༢༢༧འདུག སྐབས་དེར་འཛམ་གླིང་སྟེང་གི་ཆེས་རིང་ཞིང་མཐོ་བའི་ཟམ་པ་ཡིན་ལ། བཟོ་སྐྲུན་དང་མདོག་དབྱིབས་གང་ནས་ཀྱང་འཛམ་གླིང་ལ་སྙན་གྲགས་ཆོད་པའི་བཀོད་པ་ལེགས་ཤོས་ཀྱི་ཟམ་ཆེན་དུ་གྲགས། ཡིན་ནའང་། མཐོ་ཚད་སྨི་༧༥ཅན་གྱི་ཟམ་ངོས་འདི་ནི་འཛམ་གླིང་གི་རང་གསོད་བྱེད་མཁན་ཆེས་མང་སའི་གནས་ཡིན་ཏེ། ཕྱི་ལོ་༡༩༣༧ལོར་ཟམ་པ་གྲུབ་ནས་ཟླ་གསུམ་མ་ལོན་གོང་། དམག་མི་རྒན་པ་ཞིག་ཟམ་སྟེང་ནས་མཆོངས་ཏེ་རང་གསོད་བྱས་ཤིང་། དེ་ནས་རིམ་བཞིན་ནུབ་ཕྱོགས་རྒྱ་མཚོའི་ངོགས་ཀྱི་རང་གསོད་བྱེད་གྲངས་ཆེས་མཐོ་བའི་གནས་སུ་གྱུར། ངེད་ཅག་འགྲོ་བའི་སྐབས་སུ། མི་སྟོང་ཙམ་གྱིས་ཟམ་པ་འདིའི་སྟེང་ནས་རང་སྲོག་བཅད་མྱོང་ཟེར་བས། ང་ཚོས་ཀྱང་ཤི་བོ་དེ་དག་ལ་མ་ཎིས་བསྔོ་སྨོན་བྱས་ཏེ་དགོང་མོ་ཕྱིར་ཆོས་ཚོགས་སུ་ལོག

རྟེན་འབྲེལ་ཉེས་སེལ།

ཕྱི་ཟླ་༧པའི་ཚེས་༩ཉིན་ནས་བཟུང་། ཆོས་རྗེ་ཉིད་ཀྱིས་ལིན་ཁིན་ཟློས་གར་གླིང་དུ་ཐེངས་དང་པོའི་ཆོས་ཁྲིད་གསུང་བའི་མགོ་བརྩམས།

སྐབས་འདིའི་ཆོས་ཁྲིད་ཀྱི་མཛད་སྒོ་ནི་ཨ་ཏི་གླིང་དང་རིག་འཛིན་དགོན། བཀྲ་ཤིས་ཆོས་གླིང་དགོན། ཡེ་ཤེས་སྙིང་པོའི་ཆོས་ཚོགས་བཅས་ཀྱིས་མཉམ་སྒྲུབ་ཀྱི་སྒོ་ནས་སྤེལ་བ་ཡིན་ལ། ཆོས་ཞུ་མཁན་ཕལ་ཆེ་བ་ནི་རྙིང་མའི་ཆོས་ལ་དད་པ་ཆེ་ཞིང་ལོ་མང་པོར་ཉམས་ལེན་བྱས་པའི་ནང་པ་བ་ཤ་སྟག་ཡིན། མཛད་སྒོ་འདིར་ཞུགས་མཁན་གཙོ་བོའང་གནས་འདི་དང་སན་ཧྥི་རན་སའེ་སི་ཁོའི་མི་ཡིན་ལ། དེ་མིན་སཱེ་ཡ་ཐཱོལ་(Seattle)དང་ལོ་སཱན་ཅི་ལཱེ་སི་(Los angeles)སོགས་ཡུལ་ཁམས་གཞན་གྱི་མི་སྣའང་མང་པོ་འདུས་པས། མི་སྟོང་ཕྲག་མང་པོ་ཤོང་སའི་ཟློས་གར་གླིང་དུ། རྒྱལ་ཁབ་མི་འདྲ་བ་དང་པགས་མདོག་མི་འདྲ་བའི་མི་མང་པོས་འཚང་ཁ་ཤིག་ཤིག་གི་སྒོ་ནས་ཆོས་རྗེ་ཉིད་འབྱོན་པ་ལ་སྤྲོ་སེམས་འཁོལ་བའི་བསུ་བ་གཟབ་རྒྱས་ཞུས། སྐབས་འདིའི་གསུང་སྒྱུར་མཁན་ནི་ཨ་རི་བ་ཆོས་ཀྱི་ཉི་མ་(Chokyi Nyima)ཡིན།

ཕྱི་ཟླ་༧པའི་ཚེས་༩ཉིན་གྱི་ཕྱི་དྲོར། ཆོས་རྗེ་ཉིད་ཀྱིས་གཏེར་ཆེན་ལས་རབ་གླིང་པའི་རྟེན་འབྲེལ་ཉེས་སེལ་གྱི་དབང་གནང་བ་ཡིན། སྤྱིར་རྟེན་འབྲེལ་ཉེས་སེལ་གྱི་དབང་ལ་རྒྱས་འབྲིང་བསྡུས་གསུམ་ཡོད་པ་ལས་ཐེངས་འདིར་དབང་ཆོག་འབྲིང་པོ་ལྟར་དུ་གསུངས།

ལྕེ་བཙུན་སྙིང་ཐིག་གི་ཁྲིད་ཐུན་དང་པོ།

ཕྱི་ཟླ་༧པའི་ཚེས་༡༠ཉིན་གྱི་སྔ་དྲོར། ཆོས་རྗེ་ཉིད་ཀྱིས་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད་པའི་ལྕེ་བཙུན་ཆེན་པོ་བི་མ་ལའི་སྙིང་ཐིག་གི་སྨིན་བྱེད་དབང་གི་ལག་ལེན་གསལ་བར་བཀོད་པ་གསེར་འགྱུར་རྩི་མཆོག་ཅེས་པའི་དབང་གནང་།

ཕྱི་དྲོར། རྗེ་ཉིད་ཀྱིས་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་གཏེར་ཆོས་ལྕེ་བཙུན་སྙིང་ཐིག་དུམ་བུ་གསུམ་པའི་སྟེང་ནས་ཁྲིད་གསུངས་པ་ཡིན། སྐབས་འདིའི་ཆོས་ཁྲིད་ཐུན་བཞིར་བགོས་ཏེ་གསུངས་ཤིང་། ཆོས་ཐུན་དང་པོ་ནི་འདི་ལྟར།

འོད་གསལ་སྣང་བཞི་མཐར་ཕྱིན་ནས༔ རིག་པ་མི་འགྱུར་སྐུ་ལྔར་བཞེངས༔

འཇའ་ལུས་འཕོ་ཆེན་དྭངས་མའི་གཟུགས༔ འཆི་མེད་བི་མ་མི་ཏྲ་ཀྱེ༔

བདག་ལ་ཐུགས་རྗེས་བརྩེར་དགོངས་ནས༔ མངོན་སུམ་བྱིན་རླབས་དེང་སྩོལ་ཅིག༔

དེ་ལ་འདིར་འོ་སྐོལ་རྣམས་ཀྱི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་འདི་ཉིད་ཀྱིས་བསྐལ་པ་གྲངས་མེད་པ་དུ་མའི་སྔོན་རོལ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། བར་དུ་བསྐལ་ཆེན་གྲངས་མེད་གསུམ་ལ་སོགས་པར་ཚོགས་བསགས། ཐ་མ་རྒྱ་གར་རྡོ་རྗེ་གདན་དུ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་བསྟན་པ་ཡིན།

དེ་ནས་ཐེག་དམན་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གདུལ་བྱ་རྣམས་རྗེས་སུ་འཛིན་པར་བྱ་བའི་ཕྱིར་དུ་ཡུལ་ཝཱ་རཱ་ཎ་སཱིའི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་མིའི་འཁོར་ལྔ་སྡེ་བཟང་པོ། ལྷ་བརྒྱད་ཁྲི་དང་བཅས་པ་ལ་བཀའ་དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཐེག་ཆེན་ཐུན་མོང་བའི་གདུལ་བྱ་རྣམས་ལ་སྟོན་པ་དེ་ཉིད་ཀྱིས་གནས་བྱ་རྒོད་ཕུང་པོའི་རི་བོ་རུ། གཟུགས་ནས་རྣམ་མཁྱེན་གྱིས་བསྡུས་པའི་ཆོས་ཐམས་ཅད་རང་གི་ངོ་བོ་ཉིད་མེད་པར་གཏན་ལ་ཕབ་པ་ཡུམ་རྒྱས་འབྲིང་བསྡུས་གསུམ་ལ་སོགས་པའི་ཆོས་ཀྱི་འཁོར་ལོ་བསྐོར། ཐེག་ཆེན་ཐུན་མིན་གྱི་གདུལ་བྱར་གྱུར་པ་རྣམས་ལ་གནས་ངེས་པ་མེད་པ་ཡུལ་པདྨ་ཅན་ལ་སོགས་པ་རུ་བཀའ་ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོ་གསལ་བར་བསྟན། དེ་ནས་དབང་པོ་ཤིན་ཏུ་རྣོན་པོར་གྱུར་པའི་གང་ཟག་རྣམས་ལ་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་གསང་བའི་ཚུལ་དུ་མདོར་བསྡུས་པ་ཙམ་ཞིག་བསྟན། དེ་ཡང་དཔེར་མཚོན་ན་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དུ་གསང་བ་འདུས་པའི་རྒྱུད་ཀྱི་རྒྱལ་པོ་དང་། དེ་བཞིན་དུ་ལྷོ་ཕྱོགས་འབྲས་སྤུངས་ཀྱི་མཆོད་རྟེན་ཆེན་པོ་རུ་དཔལ་དུས་ཀྱི་འཁོར་ལོ་ལ་སོགས་པས་མཚོན་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ནམ་མཁའ་ལྡིང་ལ་སོགས་པའི་ཡུལ་དུ་ཡང་རིགས་ཅན་ཐུན་མོང་མ་ཡིན་པའི་གང་ཟག་རྣམས་ལ་གསང་སྔགས་རྡོ་རྗེ་ཐེག་པ་བསྟན། དགོངས་པ་མྱ་ངན་ལས་འདའ་བ་ལ་ཉེ་བའི་ཁར་བཅོམ་ལྡན་འདས་རང་ཉིད་ཀྱི་ཞལ་ནས། ང་ནི་འདི་ནས་མི་སྣང་བར། །གྱུར་ནས་ལོ་བརྒྱད་ལོན་པ་ན། །ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས། །དྷ་ན་ཀོ་ཤའི་མཚོ་གླིང་དུ། །པདྨ་འབྱུང་གནས་ཞེས་བྱ་བ། །ང་ལས་ལྷག་པའི་སྐྱེས་བུ་ཞིག །ངེས་པར་འབྱུང་བར་འགྱུར་བ་ཡིན། །ཞེས་ལུང་བསྟན་པ་རེད། ད་དུང་རྫོགས་ཆེན་སྟོན་པ་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པ་རྒྱལ་བ་རྡོ་རྗེ་འཆང་གིས་ཚེ་ལོ་དཔག་མེད་ཀྱི་དུས་སུ་སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལ་སོགས་པའི་རྒྱུད་སྡེ་མང་པོ་ཞིག་ཀྱང་གསུངས། སྒྲ་ཐལ་འགྱུར་རྩ་བའི་རྒྱུད་དེ་ཉིད་ལས། རྩོད་ལྡན་སྙིགས་མ་ལྔ་བདོ་བའི་གནས་སྐབས་ན་དགའ་རབ་རྡོ་རྗེ་དང་། འཇམ་དཔལ་བཤེས་གཉེན། ཤྲཱི་སིང་ཧ། ཛྙཱ་ན་སུ་ཏྲ་ལ་སོགས་པས་ཡང་ཟབ་ཀྱི་ཆོས་རྫོགས་པ་ཆེན་པོ་འདི་ཉིད་གསལ་བར་བྱེད་པར་ལུང་བསྟན་ཏེ། སྒྲ་ཐལ་འགྱུར་གྱི་རྩ་བ་ལས། དྷ་ན་ཀོ་ཤའི་ལྷ་ལྕམ་ལ། །ཕ་མེད་བུ་ནི་བཛྲ་ཧེ། །སོགས་ཀྱིས་དགའ་རབ་རྡོ་རྗེ་དང་། མཉྫུ་ཤྲཱི་པ་ཏི་ཞེས། །ཞེས་སོགས་ཀྱིས་འཇམ་དཔལ་བཤེས་གཉེན་དང་། ཁྱིམ་བདག་རིགས་ལ་ཤྲཱི་སིངྷ་། །ཞེས་སོགས་ཀྱིས་ཤྲཱི་སིངྷ་དང་། ཛྙ་ན་སཱུ་ཏྲས་འདི་ཉིད་འཛིན། །ཞེས་སོགས་ཀྱི་ཛྙ་ན་སཱུ་ཏྲ་བསྟན་ལ། གཞན་ཡང་། པདྨ་འབྱུང་གནས་དང་བི་མ་ལ་འདི་གཉིས་ནི་བོད་ཡུལ་མུན་པའི་གླིང་དུ་འོད་གསལ་རྫོགས་པ་ཆེན་པོའི་བསྟན་པ་གསལ་བར་བྱེད་པའི་ཤིང་རྟ་ཆེན་པོ་མཆོག་ཏུ་གྱུར་པ་ཡིན། བི་མ་ལ་མི་ཏྲའི་བཀའ་སྲོལ་དེ་ནི་ཡང་ཟབ་སྙིང་པོའི་རྒྱུད་ཆེན་བཅུ་བདུན་གྱི་རྗེས་སུ་འབྲངས་ཏེ་གསེར་ཡིག་ཅན་དང་། གཡུ་ཡིག་ཅན། དུང་ཡིག་ཅན། ཕྲ་ཡིག་ཅན་ཏེ་ཟབ་པ་པོད་བཞི་རུ་བཀྲལ། དེ་ལྟ་བུའི་ཟབ་པ་པོད་བཞིའི་གནད་དེ་ཡང་ཚུར་བསྡུས་ན་མན་ངག་སྙིང་པོ་བརྒྱ་དང་བཅུ་དགུའི་ནང་དུ་འདུ། བི་མ་སྙིང་ཐིག་ཆེན་པོ་དེ་ལ་སྙིང་ཐིག་རྙིང་མའམ་སྙིང་ཐིག་བཀའ་མ་ཞེས་ཡོངས་སུ་གྲགས་པ་དང་། པདྨ་ཀ་རས་ཀློང་གསལ་འབར་མའི་རྒྱུད་དང་བཏགས་གྲོལ་སྙིང་པོའི་རྒྱུད་དྲུག་ལ་སོགས་པའི་རྗེས་སུ་འབྲངས་ནས། གནས་ཁྱད་པར་ཅན་གཞི་སྟོད་ཏི་སྒྲོའི་བྲག་ཏུ་ལོ་བདུན་གྱི་བར་དུ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གཅེས་ནོར་གྱི་ཚུལ་དུ་གནང་བ་དེ་ལ་མཁའ་འགྲོ་སྙིང་ཐིག་ཅེས་ཡོངས་སུ་གྲགས་ཤིང་། དེ་ལ་སྙིང་ཐིག་གསར་མའམ་སྙིང་ཐིག་གཏེར་མ་ཞེས་ཀྱང་གྲགས། སྙིང་ཐིག་བཀའ་མ་དེ་བསྟན་པའི་གནས་ཚད་ཡུན་ཧ་ཅང་རིང་ལ་བྱིན་རླབས་ཀྱི་ཚན་ཁ་དེ་ཙམ་མི་མྱུར་བ་ཞིག་ཡིན་པར་ཡང་གསུངས། སྙིང་ཐིག་གཏེར་མ་དེ་ནི་བསྟན་པའི་གནས་ཚད་ཡུན་ཅུང་ཐུང་ཡང་བྱིན་རླབས་ཀྱི་ཚན་ཁ་སྙིང་ཐིག་རྙིང་མ་ལས་ཀྱང་ཤིན་ཏུ་མྱུར་བ་ཞིག་ཡིན་པར་གསུངས། དེ་ལྟ་བུའི་བི་མ་ལ་མི་ཏྲས་མཛད་པའི་སྙིང་ཐིག་བཀའ་མ་དང་པདྨ་ཀ་རས་མཛད་པའི་སྙིང་ཐིག་གཏེར་མ་གཉིས་ལ་སྙིང་ཐིག་མ་གཉིས་ཞེས་ཡོངས་སུ་གྲགས་པ་རེད། སྙིང་ཐིག་མ་གཉིས་ཀྱི་དགོངས་པ་འགྲེལ་བར་བྱེད་པ་ལ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་རབ་འབྱམས་ཀྱིས་བི་མ་སྙིང་ཐིག་གི་གནད་མཐའ་དག་ཡོངས་སུ་བཀྲལ་བ་བླ་མ་ཡང་ཏིག་ཅེས་ཆོས་སྡེ་ལྔ་བཅུ་ང་གཅིག་གི་བདག་ཉིད་ཅན་དང་། མཁའ་འགྲོ་སྙིང་ཐིག་ཆེན་པོའི་དགོངས་པའི་གནད་གསལ་བར་བྱེད་པ་མཁའ་འགྲོ་ཡང་ཏིག་ཅེས་བྱ་བ་མཛད་པ་རེད། དེ་ལྟར་བླ་མ་ཡང་ཏིག་དང་མཁའ་འགྲོ་ཡང་ཏིག་གཉིས་ལ་སྙིང་ཐིག་བུ་གཉིས་ཞེས་ཡོངས་སུ་གྲགས་ཤིང་། སྙིང་ཐིག་མ་གཉིས་དང་བུ་གཉིས་ལ་སྙིང་ཐིག་ཡ་བཞི་ཞེས་ཡོངས་སུ་གྲགས་པ་རེད། གཞན་ཡང་ཟབ་མོའི་མན་ངག་ཕལ་ཆེར་ཕྱོགས་གཅིག་ཏུ་བསྒྲིགས་པ་ཟབ་མོ་ཡང་ཏིག་ཅེས་བྱ་བའང་ཀུན་མཁྱེན་བླ་མས་མཛད་པ་རེད། དེ་ནས་གསང་སྔགས་རྙིང་མའི་ཁྲོད་དུ་རྫོགས་པ་ཆེན་པོའི་ཁྲིད་དེ་ལ་ཟབ་པ་ཀུ་སཱ་ལིའི་བཤད་ཚུལ་དང་རྒྱ་ཆེ་བ་པཎྜི་ཏའི་ལུགས་ཀྱི་བཤད་ཚུལ་རྣམ་པ་གཉིས་སུ་ཡོད་པ་ལས། སྙིང་ཐིག་མ་གཉིས་བུ་གཉིས་དེ་ནི་ཟབ་པ་ཀུ་སཱ་ལིའི་ལུགས་ཀྱི་བཤད་སྟངས་དང་། རྒྱ་ཆེ་བ་པཎྜི་ཏའི་ལུགས་ཀྱི་བཤད་སྟངས་ནི་ཡང་ཟབ་སྙིང་པོའི་རྒྱུད་ཆེན་བཅུ་བདུན། བཀའ་སྲུང་ནག་མོ་ཁྲོས་མའི་རྒྱུད་དང་བཅོ་བརྒྱད། ཀློང་གསལ་འབར་མའི་རྒྱུད་དང་བཅུ་དགུ་སྟེ་མ་ཡིག་དང་། རྒྱུད་དེ་དག་རྡོ་རྗེ་འཆང་གི་བཀའ་སོར་བཞག་ཏུ་བཤད་པ་མ་ཡིན་ཀྱང་རིག་འཛིན་སོ་སོའི་མན་ངག་གི་རྗེས་སུ་འབྲངས་ཏེ་བཤད་པ་ལ་བུ་ཡིག་ཅེས་ཡོངས་སུ་གྲགས་པ་སྟེ་གཉིས་ཀྱི་སྟེང་ནས་བཤད་དགོས་པ་རེད། རྒྱ་ཆེ་བ་པཎྜི་ཏའི་ལུགས་ཀྱི་བཤད་ཚུལ་དེ་བླ་མའི་གསུང་རྒྱུན་གྱིས་ཟུར་བརྒྱན་ཏེ་བཤད་ན། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་རབ་འབྱམས་ཀྱི་མཛོད་ཆེན་བདུན་དང་ངལ་གསོ་སྐོར་གསུམ་ལ་སོགས་པས་ཇི་སྐད་བཤད་པ་ལྟ་བུས་བཤད་དགོས། དེ་ལྟར་པདྨ་ཀ་རའི་དགོངས་པ་དེ་གསལ་བར་བཀྲལ་བར་བྱེད་པ་ལ་གཙོ་བོ་ཕྱིས་སུ་གཏེར་སྟོན་བརྒྱ་རྩ་ལ་སོགས་པའི་བཀའ་སྲོལ་ལས་བྱུང་བ་ཚང་མ་རེད། དེ་ནས་རྗེ་འབངས་ཉེར་ལྔའི་ནང་ནས་ཀྱང་ཨོ་རྒྱན་རིན་པོ་ཆེའི་ཐུགས་ལ་ཧ་ཅང་འཕྲོད་པའི་སློབ་མ་གཙོ་བོ་གསུམ་ནི་མཁར་ཆེན་མཚོ་རྒྱལ་དང་། ཆོས་རྒྱལ་ཆེན་པོ་དང་། སྣ་ནམ་རྡོ་རྗེ་བདུད་འཇོམས་གསུམ་རེད། ཁྱད་པར་དུ་ཨོ་རྒྱན་རིན་པོ་ཆེའི་ཐུགས་ཡོངས་སུ་མཉེས་པར་བྱེད་པ་ལ་སྣ་ནམ་རྡོ་རྗེ་བདུད་འཇོམས་དེ་ཆོས་རྒྱལ་ཆེན་པོ་ལས་ཀྱང་ལྷག་པའི་སློབ་མ་མཆོག་ཏུ་གྱུར་པ་ཞིག་རེད། དེའི་དབང་གིས་སྣ་ནམ་གྱི་སྐུ་ཕྲེང་རིམ་བྱོན་རྣམས་ཀྱིས་གཏེར་ནས་བཏོན་པའི་རྫོགས་པ་ཆེན་པོ་ནི་གཞན་ལས་ཀྱང་ཁྱད་པར་འཕགས་པའི་ཟབ་པ་ཁ་ཚང་བ་ཞིག་ཡིན་ཏེ། དཔེར་ན་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱི་ཀུན་བཟང་དགོངས་པ་ཟང་ཐལ་དང་། གཏེར་ཆེན་ལས་རབ་གླིང་པའི་ཡེ་ཤེས་ཐིག་ལེ་ལྟ་བུ་སོགས་རྫོགས་ཆེན་གྱི་ཆོས་དེ་དག་ཧ་ཅང་ཞལ་གསལ་ལ་བྱིན་རླབས་ཆེ་བ་ཤ་སྟག་ཡིན། དེ་ལ་ད་རེས་ཀྱི་སྐབས་སུ་འཆད་པར་བྱ་བའི་ཆོས་ཚུལ་དེ་ནི་གང་ཡིན་ཞེ་ན། དེ་དག་གི་ནང་ནས་པདྨ་ཀ་རའི་མན་ངག་གི་གནད་འདུས་པ་གཞིར་བཞག་གི་སྟེང་ནས་གཙོ་བོ་པཎྜི་ཏ་ཆེན་པོ་བི་མ་ལའི་བཀའ་སྲོལ་གྱི་རྗེས་སུ་འབྲངས་ཏེ་ལྕེ་བཙུན་སྙིང་ཏིག་འཆད་རྒྱུ་ཡིན། པཎྜི་ཏ་ཆེན་པོ་བི་མ་ལ་མི་ཏྲ་འདི་ཉིད་རྒྱ་ནག་རི་བོ་རྩེ་ལྔ་ལ་བྱོན་ནས་ལོ་ཉིས་བརྒྱ་བརྒྱད་ཅུ་གྱ་གཉིས་སོན་པའི་རྗེས་སུ་ལྕེ་བཙུན་ཆེན་པོ་འདི་ཉིད་མངོན་སུམ་དུ་རྗེས་སུ་བཟུང་ནས་དབང་ཁྲིད་མན་ངག་དང་བཅས་པ་ཐམས་ཅད་རྫོགས་པར་གནང་། དགུང་ལོ་བདུན་ཅུ་དོན་ལྔའི་བར་དུ་ལྕེ་བཙུན་སེང་གེ་དབང་ཕྱུག་ཅེས་བྱ་བར་གྲུབ་པ་མཐར་ཕྱིན་པ་མ་ཐོབ་ལ། དེ་རྗེས་གྲུབ་པ་ཐོབ་ཀྱང་སློབ་མ་མ་རྙེད་པར་ཡུན་རིང་ལུས་ཤིང་། ཁྱོན་དགུང་ལོ་བརྒྱ་དང་ཉི་ཤུ་རྩ་ལྔའི་བར་དུ་བཞུགས་པ་རེད། དེ་ནས་ལྕེ་བཙུན་སེང་གེ་དབང་ཕྱུག་ཁོང་ཡོངས་སུ་མྱ་ངན་ལས་འདས་པའི་རྗེས་སུ་འོད་ཀྱི་ཕུང་པོའི་དཀྱིལ་ན་སྐུ་མི་སྣང་བར་འོད་ཀྱི་རང་བཞིན་དུ་གྱུར། དེ་ནས་སླར་ཡང་མཁའ་འགྲོ་མ་དཔལ་གྱི་བློ་གྲོས་མ་ལ་སོགས་པས་གསོལ་བ་བཏབ་པའི་ངོར། འོད་ཕུང་གི་དཀྱིལ་ནས་ཁོང་གི་སྐུ་མངོན་སུམ་དུ་བསྟན་ནས་དེང་སང་གི་མན་ངག་འདི་ཉིད་བསྟན་པ་ཡིན། མན་ངག་འདི་ཉིད་ནི་མཁའ་འགྲོ་མ་རྣམས་ཀྱིས་གནས་སོ་སོ་རུ་ཁྱེར་སོང་ནས་རེ་ཞིག་ལ་མི་ཡུལ་དུ་མི་སྣང་བར་གྱུར། རྗེས་སུ་བཀའ་བབས་བདུན་གྱི་མངའ་བདག་འཇམ་དབྱངས་མཁྱེན་བརྩེ་དབང་པོས་སླར་ཡང་རྗེས་དྲན་གྱི་ཚུལ་གྱིས་ཆོས་འདི་ཉིད་གཏན་ལ་ཕབ་པ་ཡིན། གཞུང་དེ་ལ་མན་ངག་དུམ་བུ་གསུམ་ཡོད་པ་ལས་དུམ་བུ་དང་པོའི་ནང་དོན་གཙོ་བོ་ནི་རྒྱུད་མ་སྨིན་པ་སྨིན་པར་བྱེད་པའི་དབང་དང་། ལམ་དངོས་ཉམས་སུ་ལེན་ཐབས། ལམ་གྱི་ཆ་ལག་བཤད་པ་བཅས་གསུམ་དུ་གནས། དུམ་བུ་གཉིས་པ་ལམ་གྱི་རིམ་པ་ཆ་ཚང་བ་སྟེ་སྐྱབས་འགྲོ་སེམས་བསྐྱེད་ནས་དགེ་བསྔོ་ཤིས་བརྗོད་ཀྱི་བར་གྱི་ཆོ་གའི་ཡན་ལག་ཡོངས་སུ་རྫོགས་པ་ཞིག་བསྟན། དུམ་བུ་གསུམ་པ་ལ་སྔོན་འགྲོ་དང་། དངོས་གཞི་དང་། རྗེས་ཀྱི་རིམ་པ་སྟེ་རྣམ་པ་གསུམ་དུ་བཤད། སྔོན་འགྲོ་ལ་ནང་གསེས་ས་བཅད་གསུམ་དང་། དངོས་གཞི་ཀ་དག་ཁྲེགས་ཆོད་དེ་ལའང་ནང་གསེས་ས་བཅད་གསུམ། རྗེས་ལྷུན་གྲུབ་ཐོད་རྒལ་དེ་ལའང་ནང་གསེས་ས་བཅད་གསུམ་སྟེ་གསུམ་ཚན་གསུམ་གྱི་སྒོ་ནས་གཏན་ལ་ཕབ་ཡོད། དེས་ན་ཆོས་ཚན་འདིའི་མིང་ལ་ཡང་།

ལྕེ་བཙུན་ཆེན་པོ་བི་མ་ལའི་ཟབ་ཐིག་དུམ་བུ་གསུམ་པ་བཞུགས་སོ། །

ཞེས་ད་ལྟ་གཞུང་འདི་ཉིད་མཐར་ཆགས་སུ་འཆད་པར་འདོད་དེ། ཐོག་མར་མཆོད་པར་བརྗོད་པ་ནི།

རང་བྱུང་རིག་པའི་ལྷ་ལ་ཕྱག་འཚལ་ལོ། །

ཞེས་པ་དེའི་ཚིག་གི་དོན་ནི་རང་གི་སེམས་ཀྱི་ཆོས་ཉིད་ནི་རྒྱུ་ལས་མ་བྱུང་བའི་འབྲས་བུ། སེམས་ལས་མ་བྱུང་བའི་སངས་རྒྱས། ལུང་ལས་མ་བྱུང་བའི་མན་ངག་ཁྱད་པར་ཅན་དང་ལྡན་པ་ཡིན་པའི་ཕྱིར་ན་རང་བྱུང་རིག་པའི་ལྷ་ལ་རང་ངོ་ཤེས་པའི་སྒོ་ནས་ཕྱག་འཚལ་ལོ་ཞེས་གསུངས། དེ་ལ་ལེའུ་དང་པོའི་གཞུང་དངོས་ལ་ལོ་རྒྱུས་དང་མན་ངག་དངོས་བསྟན་པ་གཉིས་ལས། ཐོག་མའི་ལོ་རྒྱུས་དེ་ལའང་ལྕེ་བཙུན་ཆེན་པོས་ཆོས་འདི་ཇི་ལྟར་གསུངས་ཚུལ་དང་། རྗེས་སུ་འཇམ་དབྱངས་མཁྱེན་བརྩེ་དབང་པོ་ལ་བཀའ་ཇི་ལྟར་འབབ་ཚུལ་ཏེ་རྣམ་པ་གཉིས་ཡོད། དེ་ནི་དེ་རིང་སྔ་དྲོའི་དབང་གི་ལོ་རྒྱུས་ཀྱི་སྐབས་སུ་རྒྱ་ཆེར་གཏན་ལ་ཕབ་ཟིན་པས་སྐབས་འདིར་སྤྲོ་བར་མི་བྱ། གཉིས་པ་ལམ་ཉམས་སུ་ལེན་ཚུལ་གྱི་མན་ངག་ནི། འདིའི་ཆོས་ཚུལ་གྱི་བཀའ་སྲོལ་དེ་མན་ངག་དབང་གི་ལུགས་སུ་གདམས་པ་ཞེས་བྱ་བ་ཡིན་པའི་ཕྱིར་ན་ད་ནངས་བཤད་པའི་དབང་གི་དོན་དེ་མ་ལུས་པ་མཐར་ཆགས་སུ་མར་དགྲོལ་དགོས། དེ་ནས་དབང་བསྐུར་བའི་དུས་དང་གདམས་པ་ཉམས་སུ་ལེན་པའི་དུས་གང་ཡིན་ནའང་འདྲ་སྟེ། མདོར་ན་འཁོར་བའི་བྱ་བ་ཐམས་ཅད་ལ་ཞེན་ཆགས་མེད་པའི་ངེས་འབྱུང་གི་བློ་རྣམ་པར་དག་པ་ཞིག་ཐོག་མར་བསྐྱེད་དགོས། དེ་ལྟ་བུའི་ངེས་འབྱུང་གི་བློ་བསྐྱེད་པ་ལ་པད་འབྱུང་དང་བི་མ་ལའི་བཀའ་སྲོལ་གཉིས་ཀྱི་དབང་གིས་བཤད་ཚུལ་རྣམ་པ་གཉིས་ཡོད་པས། པདྨ་ཀ་རའི་བཤད་ཚུལ་གྱི་དབང་དུ་བྱས་ན། དལ་འབྱོར་རྙེད་པར་དཀའ་བ་དང་། འཆི་བ་མི་རྟག་པ་གཉིས་ལ་བསམ་སྟེ་ཚེ་འདིའི་སྣང་ཤས་ཀྱི་ཞེན་པ་ལྡོག་པར་བྱ་བ་དང་། ལས་རྒྱུ་འབྲས་དང་འཁོར་བའི་ཉེས་དམིགས་གཉིས་ལ་བསམ་སྟེ་ཕྱི་མའི་སྣང་ཤས་ཀྱི་ཞེན་པ་ལྡོག་པར་བྱེད་པ་སྟེ་བློ་ལྡོག་རྣམ་པ་བཞིས་གཞི་བཏིང་ནས་གཟོད་སྒོམ་པར་བྱེད་པ་ཡིན། བི་མ་ལ་མི་ཏྲའི་བཀའ་སྲོལ་འདི་ལ་ནི་རིན་པོ་ཆེ་ཟངས་ཡིག་ཅན་གྱི་དགོངས་པ་བཞིན་དུ་སེམས་སྦྱོང་བདུན་ལ་བརྟེན་ནས་བློ་སྦྱང་བར་བྱ་བ་ཡིན། དེའི་དགོངས་དོན་འགྲེལ་ཚུལ་ལ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་རབ་འབྱམས་ཀྱིས་བླ་མ་ཡང་ཏིག་ལས་བསྟན་པ་དང་། ད་སྐབས་ལྕེ་བཙུན་ཆེན་པོས་གསུངས་པའི་དུམ་བུ་གསུམ་པ་ལས་བསྟན་པ་གཉིས་ཀྱི་བཤད་སྟངས་ཅུང་མི་འདྲ་བ་ཡོད་ཀྱང་། ད་རེས་ཀྱི་སྐབས་སུ་བབ་པ་ནི་ལྕེ་བཙུན་ཆེན་པོའི་བཀའ་སྲོལ་གྱི་དབང་དུ་བྱས་ཏེ་འཆད་པ་ཡིན། དེ་གང་ཡིན་ན།

༼༡ ༽ཁྲིད་རྐང་དང་པོ་ནི།

འདི་ལྟར་འདུས་བྱས་ཐམས་ཅད་ནི་མི་རྟག་པ་སྟེ་ཆུའི་ལྦུ་བ་ལྟ་བུའོ༔

ཞེས་ཐོག་མར་རྒྱུ་རྐྱེན་ལས་བྱུང་བའི་འདུས་བྱས་ཀྱི་ཆོས་ཤིག་ཡིན་ནས་བཟུང་སྟེ་རྣམ་པ་ཀུན་ཏུ་མི་རྟག་པའི་བདག་ཉིད་ཅན་ཞིག་ཡིན་ཏེ། ཕྱི་སྣོད་ཀྱི་འཇིག་རྟེན་ལ་བསམ་བློ་བཏང་ན། རི་རབ་གླིང་བཞི་གླིང་ཕྲན་ལྕགས་རི་མུ་ཁྱུད་དང་བཅས་པའི་བཀོད་པ་རྒྱ་ཆེ་ལ་སྲ་ཞིང་བརྟན་པ་འདི་ཉིད་ཀྱང་། ནམ་ཞིག་ན་མེ་བདུན་དང་ཆུ་གཅིག་གིས་ཡོངས་སུ་འཐོར་ཏེ་ནམ་མཁའ་སྟོང་པ་འབའ་ཞིག་ཏུ་གྱུར་པའི་དུས་སྐབས་ཀྱང་ཡོད་པའི་ཕྱིར་ན་དེ་ཡང་མི་རྟག་པ་ཡིན། ནང་བཅུད་ཀྱི་སེམས་ཅན་ལ་བསམ་ན་ཡང་མི་རྟག་པ་ཡིན་ཏེ། དཔེར་ན་སྔོན་འཛམ་བུ་གླིང་འདི་ལ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཡང་དུ་མ་བྱོན། དེ་བཞིན་དུ་རྒྱ་གར་འཕགས་པའི་ཡུལ་དུ་ཡང་པཱ་ལ་རྣམ་གསུམ། ཙནྡྲ་སོ་བདུན་ལ་སོགས་པ་ཆེས་ཤིན་ཏུ་མང་པོ་ཞིག་བྱུང་བ་ཡིན་ལ། དེ་ཐམས་ཅད་ཀུན་ཀྱང་ད་ལྟ་མིང་ཙམ་ལས་མེད་པ་ཡིན་པས། སྐྱེ་དགུའི་བདག་པོ་ཡང་མི་རྟག་པའི་རང་བཞིན་ཅན་ཡིན། དམ་པའི་སྐྱེས་བུ་ལ་བསམ་བློ་བཏང་ན། སྔོན་གྱི་དུས་སུ་བྱོན་པའི་སངས་རྒྱས་འཁོར་བ་འཇིག་དང་། གསེར་ཐུབ་དང་། འོད་སྲུང་ལ་སོགས་པ་ཡང་ཡོངས་སུ་མྱ་ངན་ལས་འདས་པ་དང་། མ་ཟད་བདག་ཅག་གི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་འདི་ཉིད་དང་། འཁོར་བྱང་ཆུབ་སེམས་དཔའ་ཉན་ཐོས་རང་རྒྱལ་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་དང་བཅས་པ་ཐམས་ཅད་ཀུན་ཀྱང་ད་ལྟ་རིམ་པ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་ཏེ་བསྟན་པའི་ལྷག་འཕྲོ་ཙམ་དུ་གྱུར་པས། དམ་པའི་སྐྱེས་བུ་ཡང་མི་རྟག་པ་ཡིན། དུས་ཀྱི་འཕོ་འགྱུར་ལ་བསམ་ན་ཡང་མི་རྟག་པ་ཡིན་ཏེ། སྔོན་བསྐལ་པ་དང་པོའི་དུས་སུ་རྫོགས་ལྡན་དང་། དེ་ནས་ཉིས་ལྡན། སུམ་ལྡན། རྩོད་ལྡན་ལ་སོགས་པ་ཡང་རིམ་གྱིས་བྱུང་སྟེ་མི་རྟག་པར་གྱུར་པ་དང་། ད་ལྟའི་གནས་སྐབས་ན་ཡང་དུས་བཞིའི་འཕོ་འགྱུར་དབྱར་རྗེས་སུ་སྟོན་དང་། སྟོན་རྗེས་སུ་དགུན། དགུན་རྗེས་སུ་དཔྱིད་མཐུད་དེ་རིམ་བཞིན་འབྱུང་བས་ཀྱང་མི་རྟག་པ་ཡིན། ཁྱད་པར་དུ་ད་ནངས་དང་ད་ལྟ། དོ་དགོང་། ནམ་གུང་གི་དུས་ཚོད་བཞི་པོ་ཡང་མི་རྟག དེ་ལས་ཀྱང་ཆེས་མྱུར་བ་ནི་ཆོས་ཐམས་ཅད་སྐད་ཅིག་རེ་རེ་བཞིན་དུ་འགྱུར་འགྲོ་བའི་བདག་ཉིད་ཅན་ཡིན་པས་མི་རྟག་པ་ཡིན། དེ་དག་དཔེར་བྱས་ནས་ཕྱི་སྣོད་ནང་བཅུད་ཐམས་ཅད་ཀྱང་མི་རྟག་པ་ཡིན་ན། རང་གི་ལུས་འདི་ལ་རྟག་པ་དང་བརྟན་པ་རྩ་བ་ནས་ཡོད་རྒྱུ་མ་རེད། དེའི་ཕྱིར་ན་མྱུར་དུ་དགེ་བ་བསྒྲུབ་དགོས་རྒྱུ་རེད་སྙམ་པའི་དམ་བཅའ་ནན་མོ་ཞིག་རང་གི་རྒྱུད་ལ་སྐྱེད། ཁྱད་པར་དུ་དཔེ་ཅན་རང་ལུས་ལ་སྦྱར་ཏེ་མི་རྟག་པ་བསྒོམ་དགོས། རང་ཉིད་ལ་སྦྱར་ཏེ་བསྒོམ་ཚུལ་དེ་ལ་ནི་ངེས་པར་འཆི་བ་དང་། ནམ་འཆི་ཆ་མེད། འཆི་ཚེ་ཆོས་མིན་པ་གང་གིས་ཀྱང་མི་ཕན་པའི་ཚུལ་རྣམ་པ་གསུམ་ལ་བསམ་སྟེ་མི་རྟག་པ་བསྒོམ་དགོས། ངེས་པར་འཆི་བ་ཞེས་བྱ་བ་ནི། ད་ལྟ་ས་སྟེང་ལ་འཁོད་པའི་སྐྱེ་བོ་འདི་དག་གཅིག་ཀྱང་མ་ལྷག་པར་ངེས་པར་འཆི་དགོས། དེ་ནི་ཆོས་ལུགས་སྨྲ་བ་དང་ཚན་རིག་སྨྲ་བ་ཐམས་ཅད་ཀྱིས་དེ་ལྟར་དུ་ཤེས་པ་སྨོས་ཅི་དགོས། མི་རང་ག་བའི་ལུས་རྟེན་དུ་གྱུར་བ་ཞིག་གིས་ཐད་ཀར་བལྟས་ན་ཡང་ངེས་པར་འཆི་འགྲོ་རྒྱུ་རེད་སྙམ་པ་ལ་མི་ཤེས་རྒྱུ་ཆེན་པོ་ཞིག་མེད། ཁྱད་པར་དུ་ནམ་འཆི་ཆ་མེད་དེ་བསྒོམ་དགོས། ནམ་འཆི་ཆ་མེད་ཟེར་བ་དེ་ནི། འུ་ཅག་ཁྱིམ་འདི་ན་འཚོགས་པ་ཐམས་ཅད་སུ་ཡིན་ཡང་ངེས་པར་འཆི་རྒྱུ་རེད་སྙམ་པའི་བློ་དེ་རྒྱུད་ལ་སྐྱེ་དགོས། དེ་མ་སྐྱེས་ན་ཆོས་རྣམ་དག་མི་འགྲུབ་ཅིང་། ཚེ་འདིའི་བྱ་བ་འབའ་ཞིག་ལ་གཡེང་འདུག་པའང་དེ་ལ་ཐུག་པ་ཡིན། དེ་བཞིན་སྔ་ཕྱིར་འབྱུང་བའི་སྐྱེ་བོ་ལ་བསམ་ན་ཡང་ནམ་འཆི་ཆ་མེད་ཡིན་ཏེ། སྔོན་ཆད་ལོ་བརྒྱའི་གོང་རོལ་གྱི་སྐྱེ་བོ་རྣམས་ཀྱང་ད་ལྟ་འཛམ་གླིང་གི་ཁྱོན་ན་རེ་རེ་གཉིས་རེ་ཙམ་མ་གཏོགས་ཚང་མ་ཤི་ཚར་བ་ཡིན་པས་རང་ཉིད་ལའང་རྟག་པ་མེད། སྤྱིར་འཛམ་བུ་གླིང་གི་མི་འདི་རྣམས་ད་ལྟ་ནས་ལོ་བརྒྱ་སོང་བའི་རྗེས་སུ་གསོན་པོར་ཡོད་མཁན་གཅིག་གཉིས་ཙམ་ལས་མེད་ཅིང་། འུ་ཅག་ད་ལྟ་ཚོགས་ཁང་ནང་ཡོད་པའི་མི་ཕལ་ཆེར་ཐམས་ཅད་འཆི་ངེས་པ་ཡིན། དེ་བས་རང་གཞོན་པའི་དུས་ཀྱི་ཉེ་འབྲེལ་དང་ངོ་ཤེས་ཐམས་ཅད་ད་ལྟ་ཕལ་ཆེར་འཇིག་རྟེན་ཕྱི་མའི་ཡུལ་དུ་སོང་ཟིན་པ་ལ་བསམ་བློ་བཏང་ན། རང་ཡང་ངེས་པར་དུ་འཆི་ཞིང་མྱུར་བ་ཉིད་དུ་འཆི་བའི་ཆོས་ཅན་ཞིག་ཡིན། མ་ཟད་རང་རེ་ཁྱིམ་གང་བོའི་མི་འདི་ལ་དཔེར་མཚོན་ན་ཡང་སང་ཕོད་ད་ཚོད་ཀྱི་གནས་སྐབས་ན་གསོན་པོར་ཡོད་ཟེར་དགོས་ན་ཆེས་དཀའ་བས་མང་པོ་ཞིག་ཤི་སོང་ཤས་ཆེ། འཆི་རྒྱུ་དེ་ཡང་རྒས་པོ་ཤ་སྟག་འཆི་རྒྱུའི་ངེས་པ་མེད་ཅིང་། དར་མ་དང་གཞོན་པ་སུ་འཆི་བའི་ངེས་པའང་མེད། དེའི་ནང་གི་འདི་འཆི་རྒྱུ་ཡིན་དང་འདི་འཆི་རྒྱུ་མ་ཡིན་ཟེར་ནས་ཁ་ཚོན་གཅད་དཀའ་མོ་ཡིན། དེའི་ཕྱིར་ན་རང་ཡང་སང་ཕོད་ད་ཚོད་འཆི་རྒྱུའི་མི་རྣམས་ཀྱི་གྲལ་ན་ཡོད་རྒྱུ་ཨེ་ཡིན་ཟེར་ན། དེ་ཡོད་རྒྱུ་མ་རེད་ཟེར་ནས་ཁ་ཚོན་གཅད་དཀའ་མོ་རེད། དེས་ན་ཚེ་ཕྱི་མ་ནི་རྒྱང་རིང་པོ་ཞིག་མ་ཡིན། རང་ཉིད་ཀྱང་ངེས་པར་འཆི་བའི་བདག་ཉིད་ཅན་ཞིག་ཡིན། དེར་མ་ཟད་ཟླ་བ་ཕྱི་མའམ་སང་ཉིན་གྱི་གནས་སྐབས་ན་ཤི་ཡོད་རྒྱུ་མ་རེད་ཟེར་ནས་སུས་ཀྱང་ཁ་ཚོན་གཅོད་མི་ཐུབ་པས་འཆི་བ་དེ་ཤིན་ཏུ་ཐག་ཉེ་མོ་ཞིག་ཡིན། འཆི་ཚེ་ཆོས་མིན་པ་གང་གིས་ཀྱང་མི་ཕན་ཞེས་པ་ནི། ཤི་བའི་གནས་སྐབས་ན་རྒྱུ་རྫས་ལོངས་སྤྱོད་དང་། ཐོབ་མངའ་ཐང་། དེ་བཞིན་དུ་རིགས་དང་གཟུགས་ལ་སོགས་པ་གང་གིས་ཀྱང་ཕན་པ་མེད། དེ་ཡང་ཐོབ་མངའ་ཐང་ལ་བསམ་བློ་བཏང་ན། འཛམ་བུ་གླིང་ལ་དབང་བྱེད་པའི་རྒྱལ་པོ་ཆེན་པོ་ཡིན་ཡང་འཆི་བའི་གནས་སྐབས་ན་རང་ཉིད་གཅིག་པུར་ཚེ་ཕྱི་མའི་ཡུལ་དུ་འགྲོ་བ་མ་གཏོགས་མི་གཅིག་ཀྱང་འཁྲིད་དབང་མེད། རྒྱུ་རྫས་ལོངས་སྤྱོད་ལ་བསམ་བློ་བཏང་ན། སའི་སྟེང་གི་དཔལ་འབྱོར་ལོངས་སྤྱོད་ཚང་མ་མི་གཅིག་ལ་དབང་ཡང་འཆི་བའི་གནས་སྐབས་ན་ཟས་ཁམ་གཅིག་ཀྱང་འཁྱེར་དབང་མེད་པར་ཤུལ་དུ་བསྐྱུར་དགོས། དེ་བཞིན་རིགས་མཐོ་བ་དང་གཟུགས་བཟང་བ་ལ་སོགས་པ་ཐམས་ཅད་ཀྱང་འཆི་བའི་གནས་སྐབས་ན་རྗེས་སུ་མི་འབྲང་བར་རང་ཉིད་ལས་དགེ་སྡིག་གི་རྗེས་སུ་འབྲང་ནས་འཇིག་རྟེན་ཕ་རོལ་ཏུ་འགྲོ་དགོས་པས། དེའི་ཚེ་ཕན་ངེས་པ་དགེ་བ་ཡང་དག་དང་གནོད་ངེས་པ་སྡིག་པ་མི་དགེ་བ་ཡིན་ཕྱིན། ད་ལྟ་རང་ཉིད་ལ་རང་དབང་ཡོད་པའི་གནས་སྐབས་ན་དགེ་སྒྲུབ་སྡིག་སྤོང་ལ་ཅི་ནུས་སུ་འབད་པར་བྱེད་རིགས་པས་སེམས་ཀྱིས་དམ་བཅའ་བ་དང་། ལུས་ངག་གིས་ཀྱང་དེ་ལྟར་བསྒྲུབ་དགོས་པ་ཡིན།

༼༢ ༽ཁྲིད་རྐང་གཉིས་པ་ནི།

འཁོར་བའི་བདེ་བ་ཐམས་ཅད་ནི་འཕྲལ་བདེ་བ་ལྟར་སྣང་ཡང་དོན་ལ་སྡུག་བསྔལ་ཏེ་དུག་གི་འབྲས་བུ་སྨིན་པ་ལྟ་བུའོ༔

ཞེས་འཁོར་བའི་གནས་འདི་ན་བདེ་བ་དང་ཡིད་དུ་འོང་བའི་དངོས་པོ་ཅི་ཡོད་ཐམས་ཅད་འཕྲལ་དུ་བདེ་མོ་སྐྱིད་པོ་ཡིན་པ་ལྟར་སྣང་ཡང་། མཐར་གཏུགས་ན་འཁོར་བའི་གནས་སུ་སྡུག་བསྔལ་སྐྱེད་བྱེད་ཅིག་མ་གཏོགས་གཅིག་ཀྱང་མེད་པས། དཔེར་ན་དུག་གི་རོ་དེ་ཟ་བའི་གནས་སྐབས་ན་མངར་བོ་ཡིན་ཡང་། ཟོས་པའི་རྗེས་སུ་སྲོག་འཕྲོག་པར་བྱེད་པ་ལས་ཕན་པ་ཅུང་ཟད་ཀྱང་མེད་པ་བཞིན། འཁོར་བའི་བདེ་བའང་དུག་ཟོས་པ་ལྟ་བུ་ཡིན་པས་ད་ལྟའི་བདེ་དགེ་ལོངས་སྤྱོད་ལ་སོགས་པ་ལ་ཞེན་ཅིང་ཆགས་ནས་མི་དགེ་བའི་ལས་བྱས་ན། ཕྱི་མར་སྡུག་བསྔལ་མུ་མཐའ་མེད་པ་འབྱུང་བར་འགྱུར་བའི་ཕྱིར་ན་དུག་གི་འབྲས་བུ་སྨིན་པ་ལྟ་བུར་གསུངས་པ་ཡིན།

༼༣ ༽ཁྲིད་རྐང་གསུམ་པ་ནི།

རྐྱེན་སྣ་ཚོགས་པ་ཐམས་ཅད་ནི་ཟིན་པའི་དུས་མེད་པ་སྟེ་སྨིག་རྒྱུའི་ཆུ་ལ་སྙེགས་པ་ལྟ་བུའོ༔

ཞེས་རང་རེས་བདེ་བ་འབྱུང་བའི་དོན་དུ་འབད་པ་སྣ་ཚོགས་བྱེད། སྡུག་བསྔལ་མི་འབྱུང་བའི་ཐབས་སུ་ཡང་འབད་པ་རྣམ་པ་སྣ་ཚོགས་བྱས། དེ་བཞིན་དུ་ཁ་ལ་ཟ་རྒྱུ་དང་། རྒྱབ་ལ་གོན་རྒྱུ། རྒྱུ་རྫས་ལོངས་སྤྱོད་རྒྱ་ཆེན་པོ་འཐོབ་པའི་དོན་དུ་འབད་བརྩོན་བྱེད་པ་དེ་དག་ལའང་སྙིང་པོ་མེད་དེ། དཔེར་ན་རི་དྭགས་སྐོམ་ཚད་ཀྱིས་གདུང་ནས་སྨིག་རྒྱུའི་ཆུ་ལ་ཆུ་དངོས་སུ་ཞེན་ནས་དེའི་རྗེས་སུ་བསྙེགས་ཀྱང་ཆུ་ལག་ཏུ་ཐོབ་པ་མེད་པ་དང་འདྲ་བས་འདི་ནི་ཧ་ཅང་གོ་དགོས་པའི་གནད་ཅིག་ཡིན། ཚེ་འདིའི་བདེ་འབྱོར་སྙན་གྲགས་ཐམས་ཅད་ཀུན་ཀྱང་མི་རྟག་པའི་རང་བཞིན་ཅན་ཡིན་པའི་ཕྱིར་ན་སྙིང་པོ་མེད་ཅིང་འདི་ལ་ཞེན་པ་སྤང་དགོས་ཏེ། དཔེར་ན་ན་ནིང་གི་དུས་སུ་རྒྱུ་རྫས་ལོངས་སྤྱོད་ལ་སོགས་པ་ཧ་ཅང་ཕུན་སུམ་ཚོགས་པ་ཡོད་ཀྱང་ད་ལོའི་གནས་སྐབས་ན་སྤྲང་པོར་གྱུར་སོང་བ་ཡང་མང་པོ་ཡོད། ན་ནིང་གི་གནས་སྐབས་སུ་ཤིན་ཏུ་ཉམ་ཐག་པའི་གང་ཟག་རྣམས་ཀྱང་ད་ལོ་དཔལ་འབྱོར་ལ་སོགས་པ་ཕུན་སུམ་ཚོགས་པར་གྱུར་བ་ཡང་ཡོད། དེའི་ཕྱིར་ན་དཔལ་འབྱོར་ལ་སོགས་པ་བཟང་པོ་ཡོད་པས་དགའ་རྒྱུ་དང་། ངན་པ་ཡིན་པས་སྡུག་རྒྱུ་མེད་པར་ཐམས་ཅད་མི་རྟག་པའི་རང་བཞིན་ཅན་དུ་ཤེས་དགོས། ཁྱད་པར་དུ་དཔལ་འབྱོར་ལོངས་སྤྱད་ནུས་མི་ནུས་ལ་བརྟག་ཚེ། དཔེར་ན་ད་སྐབས་རང་རེའི་མི་གཅིག་ལ་ཨ་སྒོར་དུང་ཕྱུར་མང་པོ་ཡོད་པ་དང་། གཅིག་ལ་ཨ་སྒོར་ཁྲི་ཕྲག་གཅིག་ལས་མེད་པ་གཉིས་ཀས་ཀྱང་ཁ་ལ་ཟ་རྒྱུ་དང་རྒྱབ་ལ་གོན་རྒྱུ། སྡོད་གནས་ལ་སོགས་པ་ཙམ་ལས་གཞན་ལོངས་སུ་སྤྱོད་ས་ཆེར་མེད། དེའི་ཕྱིར་ན་དུང་ཕྱུར་མང་པོ་ཡོད་ཀྱང་གྲངས་ཀ་ཙམ་ལས་དགོས་པ་ཆེན་པོ་མི་འགྲུབ་པས་དེར་བསྙེགས་པ་ལ་དོན་སྙིང་དེ་ཙམ་མེད་པ་ཡིན། འཁོར་བའི་བདེ་བ་དེ་དག་ཇི་ལྟར་བསྒྲུབས་ཀྱང་མཐར་འགྲུབ་པར་མི་ནུས་པའི་བདག་ཉིད་ཅན་ཞིག་ཡིན། ས་སྟེང་གི་མི་ཞིག་ཡིན་ནས་བཟུང་སྟེ་ཐམས་ཅད་ཀྱིས་ཟས་གོས་ལོངས་སྤྱོད་ཀྱི་ཆེད་དུ་ཉིན་མཚན་བར་མེད་དུ་འབད་བརྩོན་བྱེད་ཀྱིན་ཡོད་མོད། ཁོ་རང་ལ་སྔོན་བསགས་ཀྱི་བསོད་ནམས་ཤིག་ཡོད་ན་རང་ཤུགས་ཀྱིས་འགྲུབ་ཡོང་ལ། དེ་མེད་ན་ཇི་ལྟར་འབད་ཀྱང་དབུལ་བོའི་གོ་ས་ལས་གཞན་དུ་འཕར་མི་ཐུབ་པས། འབད་པ་ཐམས་ཅད་དོན་མེད་ཡིན་པར་གསུངས།

༼༤ ༽ ཁྲིད་རྐང་བཞི་པ་ནི།

ཚེ་འདིའི་བྱ་བ་ཐམས་ཅད་ནི་རྣམ་པ་ཀུན་ཏུ་དོན་མེད་པ་སྟེ་གཉིད་ཐུན་གཅིག་གི་རྨི་ལམ་བཟང་ངན་ལྟ་བུའོ༔

ཞེས་ཚེ་འདིའི་དགྲ་འདུལ་གཉེན་སྐྱོང་ཚོང་ཁེ་སོ་ནམ་ལ་སོགས་པའི་བྱ་བ་སྣ་ཚོགས་བསྒྲུབ་རྒྱུ་དེ་ནི་དོན་མེད་པ་སྟེ། དཔེར་ན་གཉིད་ཐུན་གཅིག་གི་རྨི་ལམ་གྱི་སྣང་བ་འདྲ་བར་གསུངས་པ་ཡིན། དེ་ཡང་རྨི་ལམ་དང་འདྲ་ཚུལ་ནི། ངེད་ཅག་སྐྱེས་ནས་ད་ལྟའི་བར་དུ། མི་འགའ་ཞིག་ལ་བདེ་མོ་དང་སྐྱིད་པོ་བྱུང་ཡོད། མི་ཁ་ཤས་ལ་ནི་སྡུག་བསྔལ་དང་མི་འདོད་པ་རྣམ་པ་སྣ་ཚོགས་བྱུང་ཡོད། དེ་དག་ཐམས་ཅད་ལ་ད་ལྟ་བསམ་བློ་བཏང་ན། མདང་སུམ་རྨི་ལམ་གྱི་སྐབས་སུ་བདེ་སྡུག་མྱོང་བ་དང་ཁྱད་པར་མེད་དེ། མདང་སུམ་རྨི་ལམ་སྐབས་ཀྱི་སྡུག་བསྔལ་དང་བདེ་བ་དེའང་ད་ལྟ་དྲན་པའི་ཡུལ་ཙམ་ལས་ཅི་ཡང་མེད། སྐྱེས་ནས་ད་ལ་མ་ཐུག་གི་བར་དུ་མྱོང་བའི་མི་ཚེ་ཡི་བདེ་བ་དང་སྡུག་བསྔལ་ཐམས་ཅད་ཅི་ཡང་མ་གྲུབ་པས་ཁྱད་པར་ཅུང་ཟད་ཀྱང་མེད་པ་ཡིན། དེ་བཞིན་དུ་ཕྱིན་ཆད་འབྱུང་བའི་བདེ་བ་དང་སྡུག་བསྔལ་ཐམས་ཅད་ཀྱང་སང་ནུབ་རྨི་རྒྱུའི་རྨི་ལམ་གྱི་སྣང་བ་དེ་དང་ཁྱད་ཡོད་པ་མིན། གཉིས་ཀ་ཡང་ཐད་ཀར་ཡོད་ཡོད་ལྟར་དུ་འདྲ་ཡང་དོན་ལ་རང་རང་འགག་པའི་རྗེས་ཐོག་དེ་མ་ཐག་ཏུ་དྲན་པའི་ཡུལ་ཙམ་མ་གཏོགས་ཅི་ཡང་མེད་པའི་བདག་ཉིད་ཅན་ཞིག་ཡིན་པས་དེ་ལྟར་གསུངས།

༼༥ ༽ ཁྲིད་རྐང་ལྔ་པ་ནི།

ཐར་བ་དམ་པའི་འབྲས་བུ་ནི་ནམ་ཡང་སྡུག་བསྔལ་བར་མི་ལྡོག་སྟེ། འབྲུམ་ནད་བྱང་བའི་སྐྱེས་བུ་ལྟ་བུའོ༔

ཞེས་འཁོར་བའི་བདེ་བ་དང་སྙན་གྲགས་སོགས་གང་ལ་ཡང་སྙིང་པོ་མེད། འོ་ན་སྙིང་པོ་ཅན་གྱི་ཆོས་ཤིག་བསྒྲུབ་རྒྱུ་ཡོད་དམ་ཞེ་ན། ཐར་བའི་འབྲས་བུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་གོ་འཕང་ཐོབ་ན་དེའི་བདེ་བ་དེ་ལ་འགྱུར་བ་མེད་ཅིང་། གཏན་དུ་སྡུག་བསྔལ་དང་བྲལ་བ་ཡིན། དཔེར་ན་འབྲུམ་བུའི་ནད་ཅེས་རིམས་ནད་ཅིག་ཡོད་པ་དེ་ལན་གཅིག་ཕོག་ནས་དྲག་སོང་ན། ཕྱིན་ཆད་ལུས་རྟེན་འདིའི་སྟེང་ལ་ཕོག་མི་སྲིད་པ་བཞིན་དུ། ཐར་བ་ཐོབ་ཚར་ནས་བཟུང་སྟེ་སྡུག་བསྔལ་རྩ་བ་ནས་མེད་པས་དུས་མྱུར་བ་ཉིད་དུ་ཐར་བ་བསྒྲུབ་པའི་ཐབས་ལ་འབད་དགོས་གསུངས།

༼ ༦ ༽ཁྲིད་རྐང་དྲུག་པ་ནི།

བླ་མ་དམ་པའི་གདམས་ངག་ནི་ཐར་པའི་ཁང་བཟང་དུ་འཛེག་པའི་ལམ་སྟེ་ཐེམ་སྐས་བཟང་པོ་ལྟ་བུའོ༔

ཞེས་དེ་ལྟ་བུའི་འཁོར་བ་སྤང་ཚུལ་དང་ཐར་བ་ཐོབ་ཚུལ་དེ་རང་སྟོབས་ཀྱིས་ཤེས་མི་ཐུབ་པས། བླ་མ་དམ་པའི་གདམས་ངག་ལ་བརྟེན་དགོས་པ་ཡིན། དཔེར་ན་མཁར་ཐོག་བརྩེགས་མང་པོའི་ཡང་སྟེང་དུ་འགྲོ་དགོས་དུས། གློག་སྐས་དང་ཐེམ་སྐས་ལ་སོགས་པ་གང་ཡང་མེད་ན་རང་སྟོབས་ཀྱིས་འགྲོ་མི་ནུས་པ་བཞིན་དུ། བླ་མ་དམ་པའི་གདམས་ངག་གཏན་ནས་མེད་ན་སངས་རྒྱས་ཀྱི་བཀའ་ལ་སོགས་པ་ཡོད་དུ་ཟིན་ཀྱང་དེ་རང་སྟོབས་ཀྱིས་ཤེས་པར་ནུས་པ་མ་ཡིན། དེའི་ཕྱིར་ན་བླ་མའི་གདམས་ངག་དེ་ཤིན་ཏུ་གལ་ཆེ་བ་ཡིན། གལ་ཏེ་བླ་མ་དམ་པ་མེད་ན་རང་རེ་མི་ཚང་མས་ཀྱང་དགེ་བ་བསྒྲུབ་མི་ཤེས། སྡིག་པ་སྤང་མི་ཤེས། རང་གར་ཅི་བྱ་གཏོལ་མེད་ཀྱི་ངང་དུ་རྟ་དང་བ་ལང་ལྟ་བུའི་གང་ཟག་འབའ་ཞིག་ཏུ་འགྱུར་བ་ཡིན། བླ་མ་དམ་པས་རྗེས་སུ་བཟུང་ན་རང་ཉིད་ཚེ་འདིར་བདེ་མོ་སྐྱིད་པོ་ཡོང་ཐབས་དང་། ཕྱི་མར་ཡང་བདེ་ནས་བདེ་བར་འགྲོ་བའི་ཐབས་ཁྱད་པར་ཅན་ལྡན་པར་བྱེད་པས། བླ་མ་ཞེས་པ་དེ་ནི་ཡིད་བཞིན་གྱི་ནོར་བུ་འབུམ་གྱིས་ཀྱང་འགྲན་དུ་མེད་པས་ཤིན་ཏུ་རྙེད་པར་དཀའ་བ་ཞིག་ཡིན། བླ་མ་དེ་མཉེས་པའི་ཕྱིར་དུ་བསྟེན་ཚུལ་རྣམ་པ་གསུམ་ཡོད་དེ། དགེ་བ་བསྒྲུབས་སྡིག་པ་སྤངས། ཚེ་འདིའི་ཞེན་པ་དོར་ཏེ་ཕྱི་མའི་བདེ་འབྲས་འབའ་ཞིག་དོན་དུ་གཉེར་བའི་སྒོ་ནས་བླ་མའི་ཐུགས་མཉེས་པར་བྱེད་པ་ནི་བླ་མ་བསྟེན་ཚུལ་རབ་བམ་ཨང་དང་པོ་ཡིན། བླ་མ་དམ་པས་ཇི་ལྟར་གསུངས་པའི་བཀའ་བཞིན་བསྒྲུབས་ནས། ཐ་ན་མངག་གཞུག་ཚུན་ཆད་ཀྱི་ལས་ཀ་དང་བྱ་བ་ཅི་ཡོད་དེ་ལ་རྩེ་གཅིག་ཏུ་འབད་ནས་ཞབས་ཞུ་བྱེད་པ་ནི་བླ་མ་བསྟེན་ཚུལ་འབྲིང་པོ་ཡིན། རང་ལ་རྒྱུ་རྫས་གང་ཡོད་ཐམས་ཅད་བླ་མ་དང་ཆོས་ཚོགས། བླ་མས་ལྷ་སྐུ་རྟེན་བཞེངས་ལ་སོགས་པ་བྱེད་པའི་དགེ་བ་དང་བསྲེས་ནས་དབུལ་རྒྱུ་ནི་ཐ་མ་རྣམས་ཀྱིས་བླ་མ་བསྟེན་ཚུལ་ཡིན་པས། དེ་ཙམ་ཞིག་ནི་མེད་དུ་མི་རུང་བ་ཡིན། ངས་ཡང་བསྐྱར་དུ་བླ་མ་བསྟེན་ཚུལ་གསུམ་པོ་མདོར་བསྡུས་ཤིག་ཞུ། ཡིད་བཞིན་ནོར་བུ་ལྟ་བུའི་བླ་མ་དང་འཕྲད་ཡོད་པའི་གནས་སྐབས་ན། ཁྱེད་ཅག་གིས་རབ་ན་བླ་མའི་བཀའ་བཞིན་དུ་དགེ་སྒྲུབ་སྡིག་སྤོང་རྣམ་དག་ཅིག་གྱིས། དེ་མ་ནུས་ན། བླ་མས་གཙུག་ལག་ཁང་བཞེངས་བ་དང་། ལྷ་བྲི་རྟེན་བཞེངས་ལ་སོགས་པའི་ཞབས་ཞུ་བསྒྲུབ་རྒྱུ་དེར་ནན་ཏན་གྱིས། དེ་ཡང་མ་ནུས་ན། རང་ལ་འབྱོར་བ་གང་ཡོད་སེར་སྣ་མེད་པའི་སྒོ་ནས་བླ་མ་དང་ཆོས་ཚོགས། གཙུག་ལག་ཁང་གི་ཕྱོགས་སུ་ཡར་འབུལ་རྒྱུ་རེ་མ་འཆུགས། དེ་གསུམ་པོ་གང་ཡང་མེད་ན་མི་ལུས་ཐོབ་ནས་བླ་མར་འཕྲད་པ་ཡང་དོན་མེད་ཡིན། བླ་མ་དེ་ཡང་ང་འདྲ་བའི་གསར་དུ་ཐོན་པ་དང་། སྐྱོན་དང་ཡོན་ཏན་ལྡན་མིན་མི་ཤེས་པ་དག་ལ་དད་པ་དང་གུས་པ་འཇོག་སྔ་མ་བྱེད། ཁྱེད་རྣམས་དང་རྒྱུན་ལྡན་དུ་འགྲོགས་ཤིང་ཕན་ཐོགས་ནུས་པའི་རང་རང་སོ་སོའི་ཆོས་ཚོགས་ཀྱི་བླ་མ་དང་ས་གནས་འདི་ལ་འཁོད་པའི་བླ་མ་རྣམས་ལ་གུས་བཀུར་དང་ཞབས་ཞུ་རེ་སྒྲུབས་དང་དེ་དག་གིས་ཁྱེད་རྣམས་ལ་ཕན་པར་ངེས་པ་ཡིན་གསུངས།

༼༧ ༽ཁྲིད་རྐང་བདུན་པ་ནི།

རྣམ་པར་མི་རྟོག་པའི་བསམ་གཏན་ནི་ཏིང་ངེ་འཛིན་ཐམས་ཅད་སྐྱེ་བའི་གཞི་སྟེ་ཞིང་ས་དུལ་བ་ལྟ་བུའོ༔

ཞེས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཐུགས་རྒྱུད་ཀྱི་ཏིང་ངེ་འཛིན་གྱི་ཡོན་ཏན་བསྐྱེད་པར་འདོད་ན། ཐོག་མར་རང་གི་སེམས་དེ་རང་དབང་དུ་གྱུར་ནས་རྩེ་གཅིག་ཏུ་གནས་པའི་བསམ་གཏན་འདི་ཁོ་ན་དགོས་པས་དེ་ལ་འབད་དགོས་པ་ཡིན། དེ་ཡན་ཆད་དུ་ཐུན་མོང་སེམས་སྦྱོང་བདུན་གྱི་དོན་ཁྲིད་བཤད་ཚར་བ་ཡིན། ད་ནངས་སྔ་དྲོར་ཁྱེད་རྣམ་པས་གཏན་ཁེལ་བྱས་པ་ནི་དུས་ཚོད་གཉིས་ཡིན་ཡང་། དབང་གི་ཆོ་ག་འདི་མཇུག་མ་རྫོགས་པར་ཆུ་ཚོད་ཕྱེད་ཙམ་ཞིག་ལ་འགྱངས་སོང་ཡང་བྱ་ཐབས་བྲལ་བས། རྣམ་པ་ཚོ་ལ་དགོངས་དག་ཞུ། ད་སྐབས་ཀྱི་ཆོས་ཁྲིད་འདི་དུས་ཚོད་གཉིས་ཏག་ཏག་ཏིག་ཏིག་གི་སྟེང་ནས་གྲོལ་རྒྱུ་ཡིན། དེ་རིང་ལས་ཀ་གཞན་ཅི་ཡང་མེད་པས་ཐམས་ཅད་ཀྱིས་དགའ་དགའ་སྤྲོ་སྤྲོ་གྱིས། ད་མར་ཁྱིམ་ལ་སོང་ནས་ཉལ་རན་སོང་བ་ཡིན། ༼དགོད་སྒྲ།༽

ཟབ་ཆོས་རྣམ་གཉིས་ཉམས་སུ་ལེན་ཚུལ།

ཕྱི་ཟླ་༧པའི་ཚེས་༡༡ཉིན། ཆོས་རྗེ་ཉིད་ཀྱིས་ཕུར་པ་མགུལ་ཁུག་མའི་དབང་གནང་ཞིང་། དབང་གི་སྐབས་སུ་འཕྲོས་དོན་གསུང་བ་འདི་ལྟར།

དེ་ཡང་འཇམ་དཔལ་ཞི་སྒྲུབ་དང་ཕུར་བ་མགུལ་ཁུག་མ་གཉིས་ལ་བསམ་བློ་བཏང་ན། ད་དུང་ཡང་ཆོས་ཚན་འགའ་ཞིག་ཡོད་ཀྱང་། རྙིང་མའི་གཏེར་ཁ་གཞན་ལྟར་ཆོས་ཚན་མང་པོ་མེད་པར་ཧ་ཅང་ཉུང་ཉུང་ཡིན། འཇམ་དཔལ་ཞི་སྒྲུབ་ལྟ་བུ་ལ་མཚོན་ན། ནང་གསེས་ལམ་གྱི་རིམ་པ་ཆ་ཚང་བ་སྔོན་འགྲོ་ནས་བཟུང་སྟེ་དངོས་གཞིའི་བར་དུ་ལམ་ཉམས་སུ་བླང་བའི་ཐབས་ཏེ། ཕྱི་ལྟར་དུ་གདམས་ངག་དང་། ནང་ལྟར་དུ་ལུང་བསྟན། གསང་བ་ལྟར་དུ་མན་ངག་དང་སྦྱར་ནས་འཆད་དུ་རུང་། གཞན་ཡང་རྒྱུད་ཀྱིས་བཤད་པ་དང་། རྡོ་རྗེའི་ཚིག་བདུན་གྱིས་བཤད་པ། འགྲེལ་བཤད་སོགས་ཀྱང་ཡོད་པ་ཡིན།

སྤྱིར་ང་རང་གིས་བརྩམས་པའི་ཆོས་མང་པོ་ཞིག་ནི་ལོ་ན་ཆུང་ངུའི་དུས་ནས་བརྩམས་པ་ཡིན། དེ་ཚང་མ་ཡང་རང་རང་སོ་སོ་སུས་བསྐུལ་བ་ཡིན་ན་དེ་ལ་གཏད་འཇོག་རྒྱུ་མ་གཏོགས། ང་རང་ཉིད་ཀྱིས་ཡི་གེ་ལ་བདག་པོ་བྱེད་པའི་སྲོལ་མེད། ཡིན་ན་ཡང་། སློབ་མ་ཁ་ཤས་ཀྱིས་ཉར་ཚགས་བྱས་ཡོད་པ་དེང་སང་ཕྱོགས་གཅིག་ཏུ་བསྡུས་ན་དུམ་པ་བཞི་ཙམ་གྱི་གྲངས་སུ་ལོངས་བར་འདུག དེ་དག་ནི་བོད་ཀྱི་སྔར་གྱི་ལག་རྩལ་དང་མཐུན་པར་ཤིང་པར་དུ་བརྐོས་པ་ད་ལྟའང་ཡོད་ཅིང་། རྒྱ་ནག་གི་འཕྲུལ་དཔར་ལ་བཀོད་པ་སོགས་ཀྱང་མང་པོ་ཡོད། དེའི་ནང་ནས་འཇམ་དཔལ་ཞི་སྒྲུབ་ཀྱི་སྐོར་འདི་ལ་ས་ཆའི་མིང་བཏགས་ནས། རྒྱ་ནག་གི་ཆོས་སྐོར་ཞེས་ད་ལྟ་ཡོངས་སུ་གྲགས་པ་ཡིན། ཕུར་པ་མགུལ་ཁུག་མ་འདི་ལ་ཡང་སྤྲོས་བཅས་ཀྱི་དུས་སུ་ཉེ་བར་མཁོ་བའི་བསྐང་བ་དང་། བཤགས་པ། གཞན་ཡང་བསྟན་རྒྱམ་རིན་པོ་ཆེ་དང་གནས་ཆུང་རྡོ་རྗེ་གྲགས་ལྡན་གྱིས་ཆེད་བསྐུལ་མཛད་པའི་ངོར་བརྩམས་པའི་བསྒྲལ་ལས་དང་མེ་མཆོད་ལ་སོགས་པའི་ཆོས་ཚན། འབྲུག་ཡུལ་སྤ་གྲོ་སྟག་ཚང་དུ་གཏན་ལ་ཕབ་པའི་གྲོ་ལོད་བདེ་གཤེགས་འདུས་པའི་ལུས་དཀྱིལ། རྒྱ་གར་གྱི་ཡུལ་དུ་བརྩམས་པའི་སྨོན་ལམ། དེ་དག་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་པ་ལ་ད་ལྟ་འཕགས་ཡུལ་གྱི་ཆོས་སྐོར་ཞེས་ཡོངས་སུ་གྲགས་པ་ཡིན།

དེས་ན་ད་རེས་ཀྱི་སྐབས་སུ་བབ་པ་ཡང་ཁྱེད་རྣམ་པས་འཕྲུལ་དཔར་དུ་བཀོད་ཡོད་པའི་འཇམ་དཔལ་ཞི་སྒྲུབ་གྱི་སྐོར་དང་ཕུར་པ་མགུལ་ཁུག་མའི་ལུང་བཏོན་ཟིན། དེ་ནས་ཆོས་འདི་གཉིས་ཉམས་སུ་ལེན་པའི་གནས་སྐབས་ན། མེད་དུ་མི་རུང་བའི་ཆ་རྐྱེན་རྣམ་པ་གསུམ་ཚང་དགོས་པ་ནི། དད་པ་དང་། སྙིང་རྗེ། སྟོང་ཉིད་རྟོགས་པའི་ལྟ་བ་བཅས་གསུམ་ཡིན།

དང་པོ། སངས་རྒྱས་དཀོན་མཆོག་ལ་དམིགས་པའི་དང་བའི་དད་པ་དང་། ཆོས་དཀོན་མཆོག་ལ་དམིགས་པའི་འདོད་པའི་དད་པ། དགེ་འདུན་དཀོན་མཆོག་ལ་དམིགས་ནས་ཡིད་ཆེས་པའི་དད་པ་སྟེ་གསུམ་ནི་མེད་དུ་མི་རུང་བ་ཡིན།

གཉིས་པ། སྡུག་བསྔལ་མུ་མཐའ་མེད་པ་ལ་སྤྱོད་པའི་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་འབྲལ་བར་འདོད་པའི་སྙིང་རྗེ་ཁྱད་པར་ཅན་ཞིག་ཡོད་དགོས།

གསུམ་པ། བསྐྱེད་རིམ་དང་། རྫོགས་རིམ། རྫོགས་པ་ཆེན་པོའི་ལམ་གང་ཉམས་སུ་བླངས་ཀྱང་། མཐའ་ཀུན་དང་བྲལ་བའི་སྟོང་ཉིད་རྟོགས་པའི་ལྟ་བ་རྨད་དུ་བྱུང་བ་ཞིག་ཡོད་དགོས་པ་ཡིན། ཆ་རྐྱེན་དེ་གསུམ་དང་ལྡན་པའི་སྒོ་ནས་དངོས་གཞིའི་དུས་སུ་ཀ་དག་ཁྲེགས་ཆོད་ཀྱི་ལྟ་བ་དང་། ལྷུན་གྲུབ་ཐོད་རྒལ་གྱི་བསྒོམ་པའི་རྩལ་ཕྱུང་སྟེ། འཇམ་དཔལ་ཞི་སྒྲུབ་དང་ཕུར་བ་མགུལ་ཁུག་མ་གཉིས་ཀྱི་ཆོ་ག་འདི་འདོན་དགོས།

དེ་ནས་ཆོ་ག་འདི་གཉིས་ལ་ཡང་ནང་གསེས་རྒྱུ་མཚན་རྣམ་པ་གསུམ་ཚང་དགོས་པ་རེད། དེ་གང་ཡིན་ན། གཙོ་བོར་ཁུངས་རྒྱུད་སྡེ་དང་མཐུན་པ་ཞིག་དགོས། རྒྱུད་དེ་ཉིད་སྒྲུབ་ཐབས་དང་འབྲེལ་བ་ཡོད་དགོས། སྒྲུབ་ཐབས་བླ་མའི་མན་ངག་དང་འབྲེལ་བ་ཞིག་དགོས་ཏེ། རྒྱུད་ཁོ་རང་ཐད་ཀར་ཡོད་ཀྱང་བླ་མ་དམ་པའི་མན་ངག་གིས་ཟུར་བརྒྱན་པ་མེད་ན། རྒྱུད་ཇི་བཞིན་དུ་ཉམས་སུ་ལེན་མི་ཤེས་པས། དེར་སྒྲུབ་ཐབས་ཀྱི་ཆོ་གའི་ཡན་ལག་ཆ་ཚང་བ་ཞིག་དགོས་ཟེར་བའི་དོན་རེད།

སྒྲུབ་ཐབས་ཀྱང་རིམ་པ་བཞིན་དུ་བླ་མ་དམ་པའི་ཕྱག་བཞེས་ཤིག་ཡོད་དགོས། དཔེར་ན། རྙིང་མའི་ཆོས་ཚུལ་ལྟ་བུ་ལ་མཚོན་ན། སྟོད་དུ་རྡོར་སྨིན་དཔལ་གསུམ་གྱི་ཕྱག་བཞེས་དང་། སྨད་དུ་ཀཿ དཔེ་རྫོགས་གསུམ་གྱི་ཕྱག་བཞེས་ལྟ་བུ་ཞིག་དང་འབྲེལ་དགོས་པ་ཡིན། ཕྱག་བཞེས་དེ་ཡང་མཐོང་བརྒྱུད་དང་འབྲེལ་བ་ཞིག་ཡིན་དགོས་ཏེ། བླ་མ་གཅིག་གིས་ཕྱག་བཞེས་དེ་འདོན་པ་དང་སྒྲུབ་པ་སོགས་ལག་ལེན་གྱི་སྒོ་ནས་མཐོང་བ་བརྒྱུད་པའི་ཕྱག་བཞེས་དང་འབྲེལ་དགོས་པ་རེད་མ་གཏོགས། རང་གར་དེའི་ལས་འགྲིག་ཅིག་དང་སྟོང་ཐུན་ཞིག་ཡོད་པ་ཙམ་ཞིག་གིས་ཤེས་མི་ཐུབ།

དེས་ན། སྤྱིར་ཆོས་ཚན་འདི་གཉིས་ཀྱང་གསར་མ་དང་། རྙིང་མ། ས་སྐྱ། བཀའ་བརྒྱུད། ཇོ་ནང་ལ་སོགས་པ་གྲུབ་མཐའ་གང་གི་ཕྱག་བཞེས་བཞིན་དུ་བཏོན་ཡང་འགྲིག་གི་རེད།

གལ་ཏེ་ནང་དོན་གསལ་བོ་ཡང་དག་པ་ཞིག་མ་ཤེས་ཀྱང་། གཙོ་བོ་ཁྱེད་རྣམ་པས་ཡི་གེའི་སྟེང་དུ་བཀོད་པ་བཞིན་དུ་ཐོན། དེའི་རྗེས་སུ། ཨོཾ་ཨ་ར་པ་ཙ་ན་དྷིཿ དང་། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ༔ ཅེས་སྔགས་ཅི་མང་ཞིག་བཟླས་ནས་མཇུག་རྫོགས་པར་གྱིས་དང་མི་འགྲིག་རྒྱུ་ཅི་ཡང་མེད།

ཅུང་མིན་ན་ཕེབས་རྒྱུ་མ་བྱུང་།

ཆོས་རྗེ་ཉིད་རི་བོ་རཱོ་ཁཱེས་སུ་བྱོན་པ་ནས་བཟུང་། ཁོང་གི་སྐུ་གཟུགས་དེ་ཙམ་མི་བདེ་བར་གྱུར། ལྷག་པར་དུ་ནཱ་ཕཱ་ལུང་དུ་བྱོན་རྗེས། ཉིན་ཁ་ཤས་ཀྱི་རིང་གཟིམ་ལེགས་པོར་མ་ཁུག་པས་སྙུང་ཚབས་ཇེ་ཆེར་སོང་། ང་ཚོ་སློབ་མ་རྣམས་ཀྱིས་བྱ་ཐབས་གང་དགོས་ཐག་མ་ཆོད་པས་འོག་ནས་ཐེངས་མང་དུ་གྲོས་མོལ་བྱས། ད་དུང་འདི་ལྟར་མུ་མཐུད་ནས་ས་ཚིགས་མང་པོར་འབྱོན་དགོས་ན། ཁོང་གི་སྐུ་གཟུགས་ཀྱིས་ཕལ་ཆེར་མི་ལྕོགས་པས། ཕྱི་ཟླ་༧པའི་ཚེས་༡༢ཉིན་གྱི་སྔ་དྲོར། ངེད་ཅག་མཉམ་གཅིག་ཏུ་རྗེ་ཉིད་ཀྱི་མདུན་ལ་བཅར་ནས། གཞུག་གི་ལས་རིམ་རྣམས་མཚམས་འཇོག་དགོས་མིན་གྱི་སྐད་ཆ་ཞུས།

ཁོང་གིས་ཅི་ཡང་མི་གསུང་བར་འདུག་པས། ང་ཚོས་གདན་ཞུ་བྱེད་མཁན་གྱི་ཆོས་ཚོགས་སོ་སོའི་གཙོ་འགན་མི་སྣ་རྣམས་བོས་ཏེ་མཉམ་གཅིག་གྲོས་སྡུར་ཚོགས་འདུ་བསྡུས། དེ་ལ་འགའ་ཞིག་གིས། ཆོས་རྗེ་ཉིད་ཆོས་གསུང་བར་འབྱོན་པའི་ལས་རིམ་ཐམས་ཅད་གཏན་ཁེལ་བྱས་ཏེ་འཛམ་གླིང་སྤྱི་ལ་བསྒྲགས་ཟིན་ལ། ཆོས་གསུང་སའི་ཚོགས་ར་རྣམས་ལ་ཡང་གླ་ཆ་སྤྲད་ཚར་བས་མ་བྱོན་ན་མི་འགྲིག་ཟེར། འགའ་ཞིག་གིས། ཁོང་གི་སྐུ་གཟུགས་ཀྱི་བདེ་ཐང་ནི་རྩ་བ་ཡིན་པས། ད་རུང་མུ་མཐུད་དུ་འདི་ལྟར་འོ་བརྒྱལ་ཆེན་པོ་མཛད་ན་མི་འགྲིག་པས། རབ་ན་ས་ཚིགས་ཕྱི་མ་རྣམས་བསྟུང་ན་ལེགས་ཞེས་ཕྱོགས་གཉིས་ནས་ཕན་ཚུན་རྩོད་པ་ལས་གཅིག་གྱུར་གྱི་གྲོས་ཆོད་མ་བྱུང་།

སྐབས་དེར། ང་ཚོས་གྲུབ་དབང་རིན་པོ་ཆེ་དང་རྒྱ་སྤྲུལ་རིན་པོ་ཆེས་མངགས་པའི་ཐེངས་འདིའི་བྱོན་བཞུགས་ལས་རིམ་གྱི་འབྲེལ་གཏུག་བྱེད་མཁན་གཙོ་བོ་ནི་ལྕམ་ཁའེ་ཧེན་རཱེ་(Kay Henry)ཡིན་པས། མོའི་བསམ་ཚུལ་ལ་རྒྱུས་ལོན་བྱས་པ་ན། མོས་ཟླ་བ་མང་པོའི་རིང་ལ་རྗེ་ཉིད་འབྱོན་སའི་ས་གནས་དང་དུས་ཚོད་ཐད་འབྲེལ་གཏུག་དང་བཀོད་སྒྲིག་གི་ལས་ཀ་མང་དུ་བསྒྲུབས་ཤིང་། ཐ་ན་ཆོས་རྗེ་ཉིད་དང་འཁོར་སློབ་ཚང་མའི་གནམ་གྲུའི་གླ་ཆ་སོགས་འབྲེལ་ཡོད་འགྲོ་གྲོན་ཚང་མ་བསྡུ་རུབ་བྱས་ཟིན་པས། མོ་རང་གིས་གནས་ཚུལ་འདི་དག་ཐོས་རྗེས་བརྒྱལ་ལ་ཉེ་བ་ལྟར་ཤིན་ཏུ་ཧང་སང་པར་གྱུར།

མོས་ལྷག་བསམ་རྣམ་དག་གི་སྒོ་ནས། སྤྱིར་ཆོས་རྗེ་ཉིད་ཀྱི་སྐུ་གཟུགས་ཀྱི་བདེ་ཐང་ནི་གཙོ་བོ་ཡིན་པས། གལ་ཏེ་སྙུང་གཞིའི་དབང་གིས་འབྱོན་མ་ཐུབ་ན། ང་ཚོས་འཕྲལ་དུ་ས་ཚིགས་རྗེས་མ་རྣམས་བསྟུང་བར་བྱ་ཆོག ཡིན་ནའང་། ད་ལྟ་འཛམ་གླིང་གི་མི་བརྒྱ་སྟོང་ཁྲི་ཕྲག་མང་པོས་རྗེ་ཉིད་འབྱོན་པར་རེ་སྒུག་བྱས་ཡོད་ལ། འབྲེལ་ཡོད་ཀྱི་གྲ་སྒྲིག་སྣ་ཚོགས་ཀྱང་ཡོངས་སུ་གྲུབ་ཟིན་པས། གལ་ཏེ་གསོལ་ཟས་དང་དེ་མིན་མཐུན་རྐྱེན་གང་གིས་ཁོང་གི་སྐུ་ལུས་ཀྱི་སྙུང་གཞི་དྭངས་པར་ཕན་པ་ཡོད་ན་ང་ཚོར་གསུང་རོགས་གྱིས་དང་། ངེད་ཅག་གིས་རང་ནུས་ཅི་ལྕོགས་ཀྱིས་བརྩོན་ལེན་བྱ་ཡོང་། གལ་སྲིད་མུ་མཐུད་དུ་ས་ཚིགས་ཕྱི་མ་རྣམས་སུ་འབྱོན་ཐུབ་ན། དད་ལྡན་དང་སེམས་ཅན་གྲངས་མེད་ལ་ཕན་ཐོགས་ངེས་ཅན་ཡིན་ཞེས་ཟེར།

ཆོས་རྗེ་ཉིད་ཀྱིས་ཅིའང་མི་གསུང་བར་དར་ཅིག་བཞུགས། ང་ཚོས་སླར་ཡང་སྐར་མ་བཅུ་ལྷག་ལ་གྲོས་སྡུར་བྱས་རྗེས། ཁོང་གིས་ཐུགས་ཐག་ཆོད་པོའི་སྒོ་ནས། ད་ང་མུ་མཐུད་ནས་ས་ཚིགས་ཕྱི་མ་རྣམས་སུ་འགྲོ་རྒྱུ་ཡིན་ཞེས་གསུངས་བྱུང་།

ལྕེ་བཙུན་སྙིང་ཐིག་གི་ཁྲིད་ཐུན་གཉིས་པ།

ཉིན་དེའི་ཕྱི་དྲོར་ཆོས་རྗེ་ཉིད་ཀྱིས་ཁྲིད་ཐུན་གཉིས་པ་འདི་ལྟར་གསུང་།

དེ་ལ་གང་གསན་པར་བྱ་བའི་ཆོས་ནི། ལྕེ་བཙུན་སྙིང་ཐིག་ཆེན་པོའི་རྩ་བའི་གཞུང་ལ་དུམ་བུ་གསུམ་ཡོད་པ་ལས་འདིར་དུམ་བུ་དང་པོ་དེ་ཉིད་འཆད་པར་བྱེད་པ་ལ། སྨིན་བྱེད་ཀྱི་དབང་དང་གྲོལ་བྱེད་ཀྱི་གདམས་པ་བསྟན་པ་གཉིས་སུ་ཡོད་པ་ལས། དང་པོ་དབང་སྔོན་དུ་སོང་ཟིན་ནས། གྲོལ་བྱེད་ཀྱི་གདམས་པ་ལ་སྔོན་འགྲོ་དང་། ལམ་དངོས། ལམ་གྱི་ཆ་ལག་བཤད་པ་དང་གསུམ་ལས།

སྔོན་འགྲོ་ལ་ཐུན་མོང་ཕྱིའི་སྔོན་འགྲོ་དང་ཐུན་མིན་ནང་གི་སྔོན་འགྲོ་གཉིས་ཡོད་པ་ལས། ཐུན་མོང་གི་སྔོན་འགྲོ་ནི་གོང་གི་སེམས་སྦྱོང་གི་རིམ་པ་བདུན་སྔོན་དུ་སོང་བའི་སྒོ་ནས། ཚེ་འདིའི་བྱ་བ་ཐམས་ཅད་ལ་ཞེན་པ་གཏིང་ནས་ལྷོད་པོར་བྱས་ཏེ། ཕྱི་མ་འབའ་ཞིག་གི་དོན་བསྒྲུབ་འདོད་ཀྱི་བསམ་པ་ཡང་དག་པ་ཞིག་མ་སྐྱེས་ཀྱི་བར་དུ་ཐོག་མར་སེམས་སྦྱང་དགོས་པ་ཡིན།

ཐུན་མིན་གྱི་སྔོན་འགྲོ་ལ་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་གཉིས་སུ་ཡོད་པ་ལས། དང་པོ་སྐྱབས་སུ་འགྲོ་བ་ནི། གང་ལ་སྐྱབས་སུ་འགྲོ་བའི་ཡུལ་ནི་མདུན་གྱི་ནམ་མཁར་འོད་ཕུང་གི་དབུས་སུ་བི་མ་མི་ཏྲ་ལ་འཁོར་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་ཡོངས་སུ་བསྐོར་བར་དམིགས་པ་དེ་ཡིན། སྐྱབས་སུ་འགྲོ་བ་པོ་ནི་དེའི་མདུན་དུ་ཁྲོམ་ཚོགས་པ་བཞིན་དུ་ཡོངས་སུ་འཁོད་པར་མོས་པའི་བདག་དང་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་ཡིན། ཚུལ་ཇི་ལྟ་བུའི་སྐྱབས་སུ་འགྲོ་བ་ནི། ལུས་གུས་པས་ཐལ་མོ་སྦྱར། ངག་གུས་པས་ཡོན་ཏན་བརྗོད། ཡིད་གུས་པས་དད་པ་རྩེ་གཅིག་ཏུ་བསྐྱེད་པའི་སྒོ་ནས་སྐྱབས་སུ་འགྲོ་དགོས། དེ་ཡང་དམ་བཅའ་བའམ་ཁས་ལེན་ཁྱད་པར་ཅན་ཞིག་གི་མིང་ལ་སྐྱབས་སུ་འགྲོ་བ་ཟེར།

དེ་ལ་ཐུན་མོང་མདོ་དང་མཐུན་པའི་སྐྱབས་སུ་འགྲོ་ཚུལ་དང་ཐུན་མོང་མ་ཡིན་པ་རྫོགས་པ་ཆེན་པོ་རང་རྐང་གི་སྐྱབས་སུ་འགྲོ་ཚུལ་གཉིས་ཡོད་པ་ལས། མདོ་དང་མཐུན་པ་ནི་བདག་ལ་སྟོན་པ་སངས་རྒྱས་མ་གཏོགས་གཞན་གང་ཡང་མེད་སྙམ་དུ་སངས་རྒྱས་ལ་སྟོན་པར་ཁས་ལེན་པ་དང་། བདག་གིས་ཆོས་གང་ཉམས་སུ་ལེན་དགོས་ན། སངས་རྒྱས་ཀྱི་ཞལ་ནས་གསུངས་པའི་ཆོས་ཁོ་ན་ཉམས་སུ་ལེན་པ་ལས་གཞན་ཉམས་སུ་མི་ལེན་སྙམ་པ་དང་། གྲོགས་ནི་སངས་རྒྱས་ཀྱི་རྗེས་སུ་འཇུག་པའི་འཕགས་པའི་དགེ་འདུན་པ་རྣམས་དང་ལྟ་སྤྱོད་མཐུན་པར་བྱེད་པ་མ་གཏོགས། གཞན་ལ་ལྟ་སྤྱོད་མཐུན་པར་མི་བྱེད་སྙམ་པའི་སྟོན་པ་ལམ་གྲོགས་ཀྱི་ཚུལ་དུ་སྐྱབས་སུ་འགྲོ་བ་ལ་རྒྱུའི་སྐྱབས་འགྲོ་ཟེར། དེ་ལྟར་ལམ་སྟོན་པ་པོ་དང་ཉམས་སུ་བླང་བྱའི་ཆོས། ལམ་སྒྲུབ་པའི་གྲོགས་གསུམ་ལ་བསྟེན་ཏེ་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཡོངས་སུ་བསྒྲུབ་པར་བྱ་སྙམ་པ་ལ་འབྲས་བུའི་སྐྱབས་འགྲོ་ཟེར། དེ་ལྟ་བུའི་དམ་བཅའ་ཁྱད་པར་ཅན་རང་རྒྱུད་ལ་སྐྱེད་བཞིན་དུ་སྐྱབས་འགྲོའི་ཚིག་དེ་ཡང་བརྒྱ་སྟོང་ཁྲི་འབུམ་གྱི་གྲངས་སུ་བགྲང་བ་ལ་ཐུན་མོང་མདོ་དང་མཐུན་པའི་སྐྱབས་འགྲོ་ཟེར།

ཐུན་མོང་མ་ཡིན་པ་རྫོགས་པ་ཆེན་པོ་རང་རྐང་གི་སྐྱབས་སུ་འགྲོ་སྟངས་ནི། རང་གི་སེམས་ཉིད་ངོ་བོ་སྟོང་པ་ཆོས་ཀྱི་སྐུ་དང་། རང་བཞིན་གསལ་བ་ལོངས་སྤྱོད་རྫོགས་པའི་སྐུ་དང་། དབྱེར་མེད་ཐུགས་རྗེ་སྤྲུལ་པའི་སྐུ་སྟེ་སྐུ་གསུམ་དབྱེར་མེད་རང་ལ་རང་ཆས་སུ་ཡེ་ནས་བཞུགས་ཡོད་པ་ལ་ཡིན་པར་ཤེས་པའི་ལྟ་བའི་ངང་སྐྱོང་བ་ནི་རྫོགས་པ་ཆེན་པོ་རང་གི་སྐྱབས་སུ་འགྲོ་སྟངས་ཡིན།

དེ་དྲའི་བསམ་པ་དང་ལྡན་པའི་སྒོ་ནས།

ཨཿ ཀ་དག་གཏིང་གསལ་ཆོས་ཀྱི་སྐུ༔ ལྷུན་གྲུབ་རིག་རྩལ་ལོངས་སྤྱོད་རྫོགས༔

དབྱེར་མེད་ཐུགས་རྗེ་སྤྲུལ་པའི་སྐུར༔ རང་ངོ་ཤེས་པས་སྐྱབས་སུ་མཆི༔

ཞེས་འདི་བཀླག་དགོས། འདི་ལྟ་བུའི་གདོན་བྱའི་ཚིག་ཐམས་ཅད་དབྱིན་ཇིའི་སྐད་སོགས་ལ་བསྒྱུར་ན་བདེན་ཚིག་གྲུབ་པའི་གསུང་ལ་ནུས་པ་མེད་པར་འགྱུར་འགྲོ་ཞིང་། རྩ་བའི་ཚིག་འདི་ཡང་ལྕེ་བཙུན་ཆེན་པོས་བོད་སྐད་ལ་བྱིན་གྱིས་བརླབས་ཡོད་པས། དོན་གོ་བ་གཞིར་བཞག་སྟེ་བོད་སྐད་ཀྱི་སྟེང་ནས་བསོག་དགོས།

སྤྱིར་ན་ཡང་འདི་འདྲའི་འདོན་པ་དང་སྨོན་ལམ་གསོལ་འདེབས་ཀྱི་རིགས་ཚང་མ་བདེན་ཚིག་གྲུབ་པའི་གང་ཟག་གིས་སྐད་ཡིག་གང་གི་སྟེང་ལ་བྱིན་གྱིས་བརླབས་ཡོད་ན་དེ་ལྟར་དུ་འདོན་དགོས་པ་ཡིན་ཏེ། བོད་སྐད་དུ་བྱིན་གྱིས་བརླབས་ཡོད་ན་བོད་སྐད་རང་བཞག་བྱས་ནས་བཀླག་དགོས། དེ་བཞིན་དུ་དབྱིན་ཇིའི་སྐད་ལ་སོགས་པའི་སྟེང་ལ་བྱིན་གྱིས་བརླབས་ཡོད་ན་དེ་དེ་བཞིན་དུ་བཀླག ལེགས་སྦྱར་སཾ་སྐྲྀ་ཏ་ལྷའི་སྐད་དུ་བྱིན་གྱིས་བརླབས་ཡོད་ན་དེ་ལྟར་དུ་འདོན་དགོས།

དཔེར་ན་ཡི་གེ་བརྒྱ་པ་ལྟ་བུར་མཚོན་ན་བོད་པས་འདོན་ནའང་ལེགས་སྦྱར་གྱི་སྐད་ལྟར་དུ་བཀླག་དགོས་ཤིང་། རྒྱ་ནག་པ་དང་། རྒྱ་གར་པས་འདོན་ན་ཡང་དེ་ལྟར་འདོན་དགོས། དབྱིན་ཇི་པས་འདོན་ན་ཡང་ཡི་གེ་བརྒྱ་པ་གང་ལ་བྱིན་གྱིས་བརླབས་པའི་སྐད་དུ་ཀློག་རྒྱུ་མ་གཏོགས། དེ་བོད་སྐད་དང་རྒྱ་ནག་གི་སྐད་སོགས་ལ་བསྒྱུར་ན་བྱིན་རླབས་མེད་པར་བྱེད་པ་ཡིན། འདོན་ཆོག་ཚང་མ་དེ་ལྟ་བུ་ཡིན་པ་ནི་སྤྱི་ཁྱབ་ཀྱི་གོ་བ་ཞིག་ཡིན། ལྕེ་བཙུན་སྙིང་ཐིག་འདི་ལྟ་བུ་ནི་བོད་སྐད་དུ་བྱིན་གྱིས་བརླབས་པས་བོད་སྐད་ཀྱི་སྟེང་ནས་འདོན་དགོས།

ཁ་སང་གི་འཇམ་དཔལ་ཞི་སྒྲུབ་ལ་དཔེར་མཚོན་ན། འཇམ་དཔལ་ཞི་སྒྲུབ་ཀྱི་འདོན་ཆའི་སྐོར་བོད་སྐད་ཀྱིས་བཀླག་དགོས། དེ་ནི་འཇམ་དཔལ་དབྱངས་ཀྱིས་བོད་སྐད་ཉིད་དུ་བྱིན་གྱིས་བརླབས་ཡོད་པས་ཡིན། ཁྲིད་ཡིག་སངས་རྒྱས་ལག་སྟེར་ལ་སོགས་པ་ནི་གང་ལྟར་བཀླག་ཀྱང་ཁྱད་པར་མི་འདུག་ལ། གཙོ་བོ་གོ་བརྡ་སྤྲོད་བྱེད་ཙམ་རེད། དབྱིན་ཇིའི་སྐད་ཐོག་ནས་གོ་བ་བླངས་ན་ཡང་ཆོག་ལ་བོད་སྐད་ཀྱི་སྟེང་ནས་གོ་བ་ལོན་ན་ཡང་འགྲིག རང་གིས་སྐད་གང་ཤེས་མ་གཏོགས་མཐའ་གཅིག་ཏུ་དེ་ཁོ་ན་དགོས་པའི་ངེས་པ་མེད། སྤྱིར་དེ་ལྟ་བུའི་རིགས་ཚང་མ་ལ་དེ་ལྟར་ཤེས་དགོས་པ་ཡིན།

དེ་ནས་སྐྱབས་འགྲོའི་བསླབ་བྱ་ནི། སངས་རྒྱས་ལ་སྐྱབས་སུ་སོང་ནས་བཟུང་སྟེ་སངས་རྒྱས་ལ་གསོལ་བ་རྩེ་གཅིག་ཏུ་འདེབས་རྒྱུ་ལྷག་མི་རུང་ཞིང་། ཆོས་ལ་སྐྱབས་སུ་སོང་ནས་བཟུང་སྟེ་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེ་བསྒོམས་ནས་གནོད་པའི་ལས་ལ་སྤྱོད་མི་རུང་བ་ཡིན། དགེ་འདུན་ལ་སྐྱབས་སུ་སོང་ནས་བཟུང་སྟེ་ཡུལ་ཁྱད་པར་ཅན་བླ་མ་དང་དགེ་འདུན་པ་ཚང་མ་ལ་གུས་བཀུར་དང་ཞབས་ཞུ་བསྒྲུབ་རྒྱུ་ལ་རྩེ་གཅིག་ཏུ་འབད་དགོས།

སྐྱབས་སུ་སོང་བའི་ཕན་ཡོན་ནི། གང་ཞིག་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་གང་ཟག་དེ་ནི་མི་དགེ་བ་ལས་ངན་པའི་དབང་དུ་མི་འགྲོ། འདོད་ཆགས་ཞེ་སྡང་གཏི་མུག་ལ་སོགས་པ་ཉོན་མོངས་པའི་དབང་དུ་མི་འགྲོ། བདུད་བགེགས་འབྱུང་པོ་ལ་སོགས་བདུད་ཀྱི་དབང་དུ་ཡང་མི་འགྲོ་བ་ཡིན། ཚེ་འདིར་ཚེ་རིང་བ་དང་། ནད་མེད་པ། ལོངས་སྤྱོད་འབྱུང་བ། གཟུགས་བཟང་བ་སོགས་བསམ་པའི་དོན་ཐམས་ཅད་ཀུན་ཀྱང་གེགས་མེད་ཡིད་བཞིན་དུ་འགྲུབ་པར་འགྱུར་ཞིང་། ཕྱི་མར་ཡང་ངེས་པར་དུ་ངན་འགྲོ་ལོག་པར་མི་ལྟུང་ཞིང་། བདེ་ནས་བདེ་བར་བྱང་ཆུབ་ཆེན་པོ་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་འགྱུར་བ་ཡིན།

གཉིས་པ་སེམས་བསྐྱེད་པ་ནི། ལས་དང་ཉོན་མོངས་པས་སྡུག་བསྔལ་གྱིས་གཞན་དབང་དུ་གྱུར་པའི་ནམ་མཁས་གར་ཁྱབ་ཀྱི་སེམས་ཅན་ཐམས་ཅད། ལས་དང་ཉོན་མོངས་པའི་སྡུག་བསྔལ་དེ་དག་དང་བྲལ་ན་ཅི་མ་རུང་སྙམ་པའི་སྙིང་རྗེ་ཤས་མི་བཟོད་པ་ཞིག་བསྐྱེད་པ་ནི་སྙིང་རྗེས་གཞན་དོན་ལ་དམིགས་པའི་ཟུར་དང་། དེ་དག་ལ་སྙིང་རྗེ་བ་རྐྱང་པས་མི་ཆོག་པར་རྣམ་གྲོལ་གཏན་གྱི་བདེ་བ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་བདག་གཅིག་པུས་དགོད་པར་བྱ་སྙམ་པའི་དམ་བཅའ་བ་དེ་ཤེས་རབ་རྫོགས་བྱང་ལ་དམིགས་པའི་ཟུར་ཡིན། ཟུར་དེ་གཉིས་དང་ལྡན་པ་ལ་སྨོན་པ་བྱང་ཆུབ་ཀྱི་སེམས་ཟེར།

དེ་ལྟ་བུའི་སངས་རྒྱས་འཐོབ་པར་བྱ་བའི་ཆེད་དུ་བདག་གིས་སྦྱིན་པ་སྦྱིན། ཚུལ་ཁྲིམས་བསྲུང་། བཟོད་པ་བསྒོམ། བརྩོན་འགྲུས་བརྩམ། བསམ་གཏན་གྱི་དོན་ལ་མཉམ་པར་གཞག ཤེས་རབ་བདག་མེད་རྟོགས་པའི་ཡེ་ཤེས་མངོན་དུ་བསྒྲུབ་པར་བྱའོ་སྙམ་པའི་དམ་བཅའ་བ་དང་འགྲོགས་པའི་སྒོ་ནས། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབ་པར་བྱ་བ་ནི་འཇུག་པ་སེམས་བསྐྱེད་ཡིན། དེ་ནི་ཐུན་མོང་མདོ་དང་མཐུན་པའི་སེམས་བསྐྱེད་ཚུལ་ཡིན།

ཐུན་མོང་མ་ཡིན་པ་རྫོགས་པ་ཆེན་པོའི་དབང་དུ་བྱས་ན། སེམས་ཅན་ཐམས་ཅད་ཡེ་ནས་སངས་རྒྱས་པའི་རང་བཞིན་ཅན་ཡིན་མོད་ཀྱང་། དེ་ལྟར་མ་རྟོགས་པར་འཁོར་བའི་གནས་སུ་མུ་མཐུད་དུ་འཁོར་གྱིན་ཡོད་པ་འདི་རྣམས་སྙིང་རེ་རྗེ། དེ་རྣམས་ཀྱིས་རང་གནས་ཀྱི་ཡེ་ཤེས་མངོན་དུ་འགྱུར་བར་བྱ་བའི་སླད་དུ། ཅོག་བཞག་ཆེན་པོའི་ལྟ་བ་ཡོངས་སུ་བསྒོམ་པར་བྱའོ་སྙམ་པའི་འདུན་པ་དང་མ་བྲལ་བའི་སྒོ་ནས། གནས་ལུགས་ཀྱི་དོན་ལ་མཉམ་པར་འཇོག་པ་ནི་ཐུན་མིན་རང་ལུགས་ཀྱི་སེམས་བསྐྱེད་ཚུལ་ཡིན།

དེ་ལྟ་བུའི་དམ་བཅའ་དང་མ་བྲལ་བའི་ངང་ནས།

ཧོཿ གློ་བུར་འཁྲུལ་བའི་འགྲོ་བ་ཀུན༔ གདོད་ནས་རྣམ་དག་དབྱིངས་ཀྱི་ངང་༔

ཡེ་ཤེས་རིག་པས་རང་གྲོལ་ཕྱིར༔ ཅོག་བཞག་ཆེན་པོར་སེམས་བསྐྱེད་དོ༔

ཞེས་འདི་རང་གིས་གང་ནུས་སུ་བརྒྱ་སྟོང་ཁྲི་འབུམ་བསོག་དགོས་པ་ཡིན།

སེམས་བསྐྱེད་ཀྱི་བསླབ་བྱ་ནི། རང་ལས་ཀྱང་གཞན་གཅེས་པར་བཟུང་བའི་ཀུན་སློང་གིས་གཞན་དོན་འབའ་ཞིག་བསྒྲུབ་པར་བྱ་སྙམ་པ་བསམ་པ་དག་པ་དང་། སྤྱོད་པ་དག་པའི་སྒོ་ནས་རྩེ་གཅིག་ཏུ་དུས་རྟག་ཏུ་བརྩོན་པར་བྱ་བ་ནི་བྱང་ཆུབ་སེམས་དཔའི་བསླབ་བྱ་ཡིན།

བྱང་ཆུབ་སེམས་ཀྱི་ཕན་ཡོན་ནི། རྒྱས་པར་སྡོང་པོས་བཀོད་པའི་མདོ་སྡེ་ལས་དཔེ་བརྒྱ་ཕྲག་ལྷག་གི་སྒོ་ནས་གསུངས་ཡོད་པས་དེ་ལྟ་བུར་ཤེས་དགོས་པ་དང་། འབྲིང་ནི་སྤྱོད་འཇུག་ལེའུ་དང་པོ་ནས་གསུངས་པ་དེ་ཤེས་དགོས། དེ་ཚང་མ་མ་ཤེས་ན་ཡང་བྱང་ཆུབ་སེམས་དཔའ་བྱམས་པའི་སྨོན་ལམ་ལས་གསུངས་པའི་ཕན་ཡོན་རྣམ་པ་གསུམ་པོ་དུས་རྒྱུན་དུ་དྲན་དགོས་པ་ཡིན།

དེ་ཡང་བྱམས་པའི་སྨོན་ལམ་ལས་གསུངས་པའི་ཕན་ཡོན་རྣམ་པ་གསུམ་ནི། བྱང་ཆུབ་ཀྱི་སེམས་འདི་རྒྱུད་ལ་སྐྱེས་པ་ནས་བཟུང་སྟེ། དམྱལ་བ་ཡི་དྭགས་དུད་འགྲོ་ལ་སོགས་པའི་ངན་སོང་གི་སྐྱེ་སྒོ་ཐམས་ཅད་རྩ་བ་ནས་ཡོངས་སུ་ཁེགས་པར་འགྱུར་བ་དང་། མཐོ་རིས་ལྷ་དང་མིའི་བདེ་སྐྱིད་ཕུན་སུམ་ཚོགས་པ་ལ་ངང་ངམ་ཤུགས་ཀྱིས་སྤྱོད་པར་འགྱུར་བ་དང་། མཐར་ཐུག་རྒ་ཤི་མེད་པ་སངས་རྒྱས་ཀྱི་གོ་འཕང་ཡང་དཀའ་ཚེགས་མེད་པར་འཐོབ་པར་འགྱུར་བ་བཅས་གསུངས་པ་ཡིན།

སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་གང་ཡིན་ཡང་ཐུན་འཇོག་རན་དུས་སྐྱབས་ཡུལ་གྱི་ལྷ་ཚོགས་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ་པས། རང་གི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་ཡོངས་སུ་དག་པར་བསམ་པའི་ངང་ལ་རྩེ་གཅིག་ཏུ་བཞག་ནས་དགེ་བ་བསྔོ་དགོས།

གཉིས་པ་ལམ་དངོས་གཞི་བླ་མའི་རྣལ་འབྱོར་སྒོམ་ཚུལ་ནི། དེ་ཡང་ལྕེ་བཙུན་སྙིང་ཐིག་གི་གཞུང་ལས་བཤད་པའི་བླ་མའི་རྣལ་འབྱོར་འདི་ལ་གཞན་ལས་ཁྱད་པར་དུ་འཕགས་ཤིང་ཁྱད་ཆོས་མི་འདྲ་བ་ཞིག་ཡོད། བླ་རྣམ་ཁོ་ནའི་ནང་དུ་བསྐྱེད་རིམ་གྱི་ཡན་ལག་ཆ་ཚང་བ་ཞིག་དང་། རྫོགས་རིམ་གྱི་མན་ངག་ཆ་ཚང་བ་ཞིག རྫོགས་པ་ཆེན་པོའི་གཞི་ལམ་འབྲས་བུའི་ཁྲིད་ཀྱང་གསལ་བོར་བསྟན་ཡོད།

གོང་དུ་བཤད་རྒྱུ་དེ་དག་ནི་སྤྱིར་ཁ་རྩང་དབང་གི་དུས་སུ་ཚང་མ་བཤད་ཚར་ཡང་། ངས་སྐྱབས་འགྲོ་སེམས་བསྐྱེད་རྣམས་སླར་ཡང་གསལ་བཤད་ཅིག་བྱས་ནས་བཤད་པ་ཡིན།

འདི་ལ་ཁྱེད་རྣམ་པ་མི་སྐྱ་ཕོ་མོ་སྤྱི་དང་ཁྱད་པར་དུ་བླ་སེར་རྣམས་ཀྱིས་ནན་ཟབ་ཀྱིས་གཟིགས། མི་ཤེས་རྒྱུ་ཡོད་ན་རྗེས་མ་ཡར་དྲིས་ཤོག་དང་ངས་འཆད་ཆོག ད་ལམ་དངོས་འཆད་པའི་སྐབས་ཡིན་པས་ངས་ཡིག་ཐོག་ནས་བཏོན་ཏེ་ཅུང་ཟད་འགྲེལ་ཞོར་དང་སྒྱུར་ཞོར་གྱི་སྒོ་ནས་མར་འགྲོ།

དེ་ནས་བླ་མའི་བྱིན་རླབས་ལམ་དུ་བྱ་སྟེ༔ གནས་ཤིན་ཏུ་དབེན་པར་མཚམས་དམ་དུ་བཅད་ལ༔ སྔོན་འགྲོའི་སྦྱོང་བས་རྒྱུད་དག་པར་བྱ༔

ཞེས་དང་པོ་བླ་མའི་རྣལ་འབྱོར་སྒོམ་པར་བྱེད་པ་ལ་དབེན་པའི་གནས་སུ་སྐྱབས་འགྲོ་དང་སེམས་བསྐྱེད་སྔོན་དུ་སོང་ནས་རྒྱུད་དག་པར་བྱ་དགོས་གསུངས།

རླུང་རོ་བསལ་ལ་ཤེས་པ་རྣལ་དུ་དབབ༔

ཞེས་རླུང་རོ་ལན་གསུམ་བསལ་ནས་ནད་གདོན་སྡིག་སྒྲིབ་དག་པར་བསམ། སེམས་རྩེ་གཅིག་ཏུ་གནས་ནས་རྣལ་དུ་དབབ་ཅེས་མལ་གསོའམ་ངལ་གསོ་བ་ལྟ་བུའི་ངང་དུ་འདུག་དགོས་གསུངས།

ཀ་དག་གི་ངང་ལས་གཉུག་མའི་ལྷ་དང་བླ་མ་དབྱེར་མེད་པར་བདག་ཉིད་སེཾ་ཧེ་ཤྭ་ར་བསྒོམ་པར་བྱའོ༔

ཞེས་ཆོས་ཐམས་ཅད་སྟོང་ཉིད་ཀ་དག་གི་ངང་ལས་ངོ་བོ་རང་ཉིད་ཡེ་ནས་ཡིན་པའི་གཉུག་མའི་ལྷ་དང་བླ་མ་དབྱེར་མེད་པའི་བདག་ཉིད་ཅན་རྣམ་པ་སེཾ་ཧེ་ཤྭ་ར་བསྒོམ་པར་བྱ་གསུངས།

དེ་ལ་སེངྒེ་དང་པདྨ་ཉི་མའི་ལྟེ་བར་རྣལ་འབྱོར་སྤྱོད་པ་ཁྲོ་འཛུམ་སྒེག་པའི་ཉམས་ཅན་ཁ་དོག་དམར་ཞིང་མཉམ་གཞག་དང་སྐྱིལ་ཀྲུང་ཅན༔

ཞེས་སེང་གདན་དང་པདྨ། ཉི་མའི་ལྟེ་བར་རྣལ་འབྱོར་སྤྱོད་པའི་ཆ་ལུགས་འཛིན་ཞིང་ཁྲོ་འཛུམ་སྒེག་པའི་ཉམས་ཅན་ཞེས། སྤྱན་ཧ་ཅང་བགྲད་ནས་བལྟས་ཡོད་པ་ཁྲོ་བོའི་ཉམས་དང་། ཞལ་འཛུམ་པ་སྒེག་པའི་ཉམས་ཅན་སྐུ་མདོག་དམར་པོ། ཕྱག་མཉམ་བཞག ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་ཡོད་པ་ཞིག་བསྒོམ་དགོས་གསུངས།

དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ༔

ཞེས་ལོངས་སྐུའི་དར་དཔྱངས་ཙམ་ལས་སྤྱིར་སྐུ་ལུས་གཅེར་བུ་ཡིན། རུས་པའི་རྒྱན་གྱིས་བརྒྱན་ཞིང་སྤྱི་བོ་ན་རུས་པའི་འཁོར་ལོ་ཡོད་པ་དང་། དབུ་སྐྲ་འཁོར་ལོའི་དཀྱིལ་ནས་ཡར་བཅིངས་ཡོད་པ་ཞིག་ལ། རུས་པའི་ཕྱང་ཕྲུལ་དྲ་བ་དྲ་ཕྱེད་སུམ་ཅུ་སོ་གཉིས་ཡོད་པ། མགྲིན་པ་རུ་རྩ་འཁོར་གྱི་གྲངས་དང་མཉམ་པའི་རུས་པའི་དྲ་བ་དང་པདྨས་བརྒྱན་པའི་ཕྲེང་བ་བཅུ་དྲུག་འཆང་བ། མདུན་ན་རྡོ་རྗེ་དང་རྒྱབ་ན་པདྨ་གཉིས་སྙིང་ཀའི་རྩ་འཁོར་དང་མཉམ་པའི་རུས་པའི་ཕྲེང་བ་བརྒྱད་ཀྱིས་སྦྲེལ་ཡོད་པ། དེའི་བར་བར་ན་རིན་པོ་ཆེའི་མཆོད་ཕྱིར་ཐོགས་དང་། རིན་པོ་ཆེ་དང་དར་རྣམས་ཀྱིས་བརྒྱན་ཡོད་པ། ལྟེ་བར་རྡོ་རྗེ་རྒྱ་གྲམ་དུ་རུས་པའི་ཕྱང་ཕྲུལ་དྲུག་ཅུ་རྩ་བཞི་སྟེ་རྩ་གནས་ཀྱི་གྲངས་དང་མཉམ་པ་ཞིག་ཡོད་དགོས། སྨད་ན་རང་རེའི་ཆུ་དོར་དང་འདྲ་བའི་ཨང་རག་གསོལ་ཡོད་པ་དང་། སྐུ་ལུས་དམར་སྨུག་ཅན་དེ་ལྟ་བུ་ཞིག་བསྒོམ་དགོས་གསུངས།

བ་སྤུའི་ཁུང་བུ་ཐམས་ཅད་ནས་རྡོ་རྗེ་ཡེ་ཤེས་ཀྱི་མེ་ཁྲོ་ཆུང་གི་ཚོགས་དང་བཅས་པ་འཕྲོ་བས་བདུད་དང་བར་དུ་གཅོད་པ་ཐམས་ཅད་སྲེག་པར་མཛད་པ༔

ཞེས་སྐུ་ལུས་བ་སྤུའི་ཁུང་བུ་ནས་མེ་དཔུང་དང་ཁྲོ་ཆུང་གི་ཚོགས་འཕྲོས་པ། རྡོ་རྗེ་ཞེས་པ་ཕར་ཐམས་ཅད་འཇོམས་པར་བྱེད་ཅིང་ཚུར་གང་གིས་ཀྱང་མི་ཚུགས་པའི་བདག་ཉིད་ཅན་ཡིན། དེ་ལྟ་བུ་འཕྲོས་ནས་བདུད་བགེགས་བར་དུ་གཅོད་པ་ཐམས་ཅད་སྲེག་པར་བྱེད་པའི་བདག་ཉིད་ཅན་དུ་བསྒོམ་དགོས།

འཁོར་དུ་བརྒྱུད་གསུམ་གྱི་བླ་མ་དང་༔ དཔའ་བོ་དང་༔ མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ༔

ཞེས་དེའི་མཐའ་སྐོར་དུ་རྒྱལ་བ་དགོངས་བརྒྱུད་རིག་འཛིན་བརྡ་བརྒྱུད་གང་ཟག་སྙན་བརྒྱུད་དེ་བརྒྱུད་གསུམ་གྱི་བླ་མ་དང་། གཞན་ཡང་དཔའ་བོ་དང་མཁའ་འགྲོ་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་ཡོད་བསམས་ནས་བསྒོམ་དགོས།

སྨིན་མཚམས་སུ་ཆོས་འབྱུང་གི་ནང་དུ་དགའ་བ་འཁྱིལ་བ་དྲག་ཏུ་འཁོར་བ༔

ཞེས་སྨིན་མའི་མཚམས་ན་ཆོས་འབྱུང་ཞེས་པ་གྲུ་གསུམ་མ་ཞིག་སྟེ་ཁ་གདངས་གཡེལ་ཆེ་བ། ཟུར་གཅིག་ཡར་བསྟན་ཅིང་ཟུར་གཞན་གཉིས་ཀ་གཡས་གཡོན་གཉིས་སུ་བསྟན་ཡོད་པ་དེའི་རྩ་བ་ཇེ་ཕྲ་ནས་ཇེ་ཕྲར་དབུ་མའི་ནང་ལ་ཟུག་ཡོད་ཅིང་། དེ་འདྲ་ཆོས་འབྱུང་གི་དཀྱིལ་ན་དགའ་འཁྱིལ་གཡོན་ཕྱོགས་སུ་དྲག་ཏུ་འཁོར་བ་ཞིག་བསྒོམ་དགོས།

དེའི་ཐད་ཀའི་མདུན་གྱི་ནམ་མཁར་རིགས་ཀྱི་བདག་པོ་བི་མ་ལ་དགྱེས་ཡེ་རེ་བཞུགས་པ༔

ཞེས་སེཾ་ཧེ་ཤྭ་རའི་སྨིན་མཚམས་ཀྱི་ཕར་ཁྲུ་གང་དང་ཡར་ཁྲུ་གང་སོང་སའི་ཐད་ཀའི་ནམ་མཁའ་ལ་བི་མ་ལ་མི་ཏྲ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་དང་། ཕྱག་གཉིས་མཉམ་བཞག་གི་སྟེང་ལ་ཐོད་ཞལ་བདུད་རྩིས་གང་བ་བསྣམས་པ། སྐུ་ལ་ཆོས་གོས་རྣམ་གསུམ་གསོལ་བ། དར་སྔོན་པོའི་སྟོད་གཡོག་གམ་པཎྜི་ཏའི་གསང་གོས་སྔོན་པོ་མནབས་པ། སྣ་རྩེ་ན་ཡི་གེ་ཨ་དཀར་པོ་ཐུག་ལ་ཁད་པ་ཅན་ཞིག་ཡོད་པར་བསྒོམ་དགོས།

སྣང་སྲིད་ཐམས་ཅད་འཇའ་ཟེར་ཐིག་ལེར་མེར་མེར་ཤིག་ཤིག་གཡོ་བར་གསལ་གདབ་ལ༔

ཞེས་སྣང་སྲིད་སྣོད་བཅུད་ཐམས་ཅད་འཇའ་དང་འོད་དང་ཐིག་ལེ་ཐིག་ཕྲན་རྣམ་པ་སྣ་ཚོགས་ཀྱིས་གང་ཡོད་ཅིང་། བི་མ་ལ་མི་ཏྲ་དེ་ཡང་འཇའ་འོད་ཀྱི་དཀྱིལ་ན་ཡོངས་སུ་བཞུགས་ཡོད་པ་ཞིག་ཏུ་བསྒོམ་དགོས།

ཡེ་ཤེས་པ་སྤྱན་དྲངས་ཤིང་བསྟིམ༔

ཞེས་དབྱིངས་ནས་ཡེ་ཤེས་པ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་སྤྱན་དྲངས། ཁྱད་པར་དུ་རྒྱ་ནག་རི་བོ་རྩེ་ལྔ་ནས་བི་མ་ལ་མི་ཏྲ་དཀར་པོ་སེར་པོ་དམར་པོ་ལྗང་གུ་མཐིང་ག་དང་། མཁའ་འགྲོའི་གནས་ནས་ལྕེ་བཙུན་ཆེན་པོ་དཀར་སེར་དམར་ལྗང་མཐིང་གའི་རྣམ་པ་ཅན་དཔག་ཏུ་མེད་པ་བྱོན་ནས་བི་མ་མི་ཏྲ་རྣམས་ནི་མདུན་གྱི་ནམ་མཁའི་བི་མ་མི་ཏྲ་ལ་ཐིམ། ལྕེ་བཙུན་ཆེན་པོ་ནི་རང་ལ་ཡོངས་སུ་ཐིམ་པར་བསྒོམ་དགོས།

མདུན་གྱི་བླ་མ་ལ་གསོལ་བ་གདབ་པ་ནི༔

ཞེས་མདུན་གྱི་ནམ་མཁའ་ན་བི་མ་མི་ཏྲ་བཞུགས་ཡོད་པ་ལ་གསོལ་བ་འདི་ལྟར་གདབ་དགོས་གསུངས།

འོད་གསལ་སྣང་བཞི་མཐར་ཕྱིན་ནས༔ རིག་པ་མི་འགྱུར་སྐུ་ལྔར་བཞེངས༔ འཇའ་ལུས་འཕོ་ཆེན་དྭངས་མའི་གཟུགས༔ འཆི་མེད་བི་མ་མི་ཏྲ་ཀྱེ༔ བདག་ལ་ཐུགས་རྗེས་བརྩེར་དགོངས་ནས༔ མངོན་སུམ་བྱིན་རླབས་དེང་སྩོལ་ཅིག༔

ཅེས་བརྒྱ་སྟོང་ཁྲི་འབུམ་མང་པོ་འདོན་དགོས་ཤིང་། དེ་ཡང་གོང་བཞིན་གཙོ་བོ་བོད་སྐད་ཀྱི་སྟེང་ནས་ཀློག་དགོས།

དེ་ལྟར་གསོལ་བ་བཏབ་ནས།

ཨོཾ་ཨཱཿ ཧཱུྃ་གུ་རུ་བི་མ་ལ་མི་ཏྲ་ཧཱུྃ་ཧཱུྃ༔

ཨོཾ་ཨཱཿ ཧཱུྃ་ཞེས་པ་རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དང་དབྱེར་མེད་པ་དང་། གུ་རུ་བི་མ་ལ་མི་ཏྲ་ཞེས་པ་ལེགས་སྦྱར་གྱི་སྐད་ཡིན། དེ་བོད་ཀྱི་སྐད་དུ་བསྒྱུར་ན་དྲི་མེད་བཤེས་གཉེན་ཟེར། ཧཱུྃ་ཧཱུྃ༔ ཞེས་གཉིས་གསུངས་པ་ནི་བི་མ་ལ་མི་ཏྲ་ཁྱེད་ཀྱིས་བདག་གི་རྒྱུད་ལ་མཆོག་ཐུན་མོང་གི་དངོས་གྲུབ་རྣམ་པ་གཉིས་སྩོལ་ཅིག་ཅེས་པའི་དོན་ཡིན། དེ་ཡང་བརྒྱ་སྟོང་ཁྲི་འབུམ་དུ་མ་བཟླ།

ཉམས་སྐྱེས་པ་ན་དབང་བཞི་བླངས་ནས༔ མཐར་འོད་དུ་ཞུ༔

ཞེས་ཐུན་འཇོག་ཁའམ་ཡང་ན་བླ་མ་ལ་དད་གུས་ཚད་མེད་པ་སྐྱེས་པའི་མཐར་དབང་བཞི་ལེན་དགོས་གསུངས།

དབང་བཞི་ལེན་པའི་དམིགས་རིམ་ནི། བླ་མའི་དཔྲལ་བའི་ཨོཾ་ལས་འོད་ཟེར་དཀར་པོ་ཟླ་བ་ཤར་བ་ལྟ་བུ་འཕྲོས། རང་གི་དཔྲལ་བར་ཐིམ། ལུས་དང་རྩའི་སྒྲིབ་པ་དག ལམ་བསྐྱེད་རིམ་སྒོམ་པ་ལ་དབང་། བུམ་པའི་དབང་དང་སྤྲོས་བཅས་ཀྱི་དབང་ཐོབ། མཐར་ཐུག་སྤྲུལ་སྐུའི་གོ་འཕང་རྒྱུད་ལ་བཞག་པར་བསམ། དེ་ནས་བླ་མའི་མགྲིན་པའི་ཨཿ ལས་འོད་ཟེར་དམར་པོ་དང་ཨཱ་ལི་ཀཱ་ལིའི་ཕྲེང་བ་དཔག་ཏུ་མེད་པ་འཕྲོས། རང་གི་མགྲིན་པར་ཐིམ། ངག་དང་རླུང་གི་སྒྲིབ་པ་དག གསང་སྔགས་བཟླ་བ་ལ་དབང་། གསང་བའི་དབང་དང་སྤྲོས་མེད་ཀྱི་དབང་ཐོབ་པར་གྱུར། མཐར་ཐུག་ལོངས་སྐུའི་གོ་འཕང་རྒྱུད་ལ་བཞག་པར་བསམ། དེ་ནས་བླ་མའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་མཐིང་ག་དང་ཨ་ཡིག་མཐིང་གསལ་དཔག་ཏུ་མེད་པ་འཕྲོས། རང་གི་སྙིང་ཁར་ཐིམ། ཡིད་དང་ཐིག་ལེའི་སྒྲིབ་པ་དག ཐིག་ལེ་སྒོམ་པ་ལ་དབང་། ཤེར་དབང་དང་ཤིན་ཏུ་སྤྲོས་མེད་ཀྱི་དབང་ཐོབ། མཐར་ཐུག་ཆོས་སྐུའི་གོ་འཕང་རྒྱུད་ལ་བཞག་པའི་སྐལ་བ་ཅན་དུ་གྱུར་སོང་བར་བསམ། སླར་ཡང་བླ་མའི་གནས་གསུམ་དང་ཙིཏྟ་རིན་པོ་ཆེའི་སྦུབས་ནས་འོད་ལྔའི་གོང་བུ་ཚོན་གང་བ་ཞིག་འཕྲོས། རང་གི་གནས་གསུམ་དང་སྙིང་དབུས་སུ་ཐིམ། ཆ་མཉམ་ཡེ་ཤེས་ཀྱི་སྒྲིབ་པ་དག ཚིག་དབང་རིན་པོ་ཆེ་དང་རབ་ཏུ་སྤྲོས་མེད་ཀྱི་དབང་ཐོབ། མཐར་ཐུག་ངོ་བོ་ཉིད་སྐུའི་གོ་འཕང་ཐོབ་པའི་སྐལ་བ་ཅན་དུ་བྱས་པར་གྱུར་སོང་བསམ།

སྨིན་མཚམས་ཀྱི་དགའ་བ་འཁྱིལ་བའི་དབུས་སུ་ཐིམ་པས་ཐིག་ལེ་དཀར་པོ་ཨ་ཡིག་གིས་མཚན་པ་སྲན་མ་ཙམ་དུ་གྱུར་པར་བསམ༔

ཞེས་དབང་བཞིའི་རྗེས་སུ་མདུན་གྱི་ནམ་མཁའི་བི་མ་ལ་མི་ཏྲ་འོད་དུ་ཞུ་ནས་རང་གི་སྨིན་མཚམས་ཀྱི་ཐིག་ལེའི་དབུས་སུ་དགའ་བ་འཁྱིལ་བ་གཡོན་དུ་དྲག་པོ་འཁོར་བ་དེར་ཐིམ་སོང་བར་བསམ། བི་མ་ལ་མི་ཏྲ་མཚོན་བྱེད་ལ་ཨ་ཡིག་དཀར་པོ་སྤུས་བྲིས་པ་ལྟ་བུ་ཞིག་བསྒོམ་དགོས། གོང་དུ་རང་ཉིད་སེཾ་ཧེ་ཤྭ་རར་བསྒོམས་པ་དང་། མདུན་གྱི་ནམ་མཁར་བི་མ་ལ་མི་ཏྲ་བསྒོམས། དེ་ལ་གསོལ་བ་བཏབ་པ་དང་། དབང་བཞི་ལེན་པའི་དམིགས་རིམ་ཚང་མ་ནི་གསོལ་འདེབས་དང་འབྲེལ་བའི་བསྐྱེད་རིམ་གྱི་ཁྲིད་ཡིན།

སྤྲོས་པ་ལ་དགའ་ན་མཆོད་བསྟོད་སོགས་བྱ༔

ཞེས་སྤྲོས་པ་ལ་དགའ་ན་དེའི་རྗེས་སུ་སྨིན་མཚམས་ཀྱི་བླ་མ་ལ་དམིགས་ནས་མཆོད་བསྟོད་སོགས་བྱས་ན་ཆོག་གསུངས།

ལྷའི་གསལ་སྣང་འཇའ་ཚོན་ལྟ་བུ་ལ་ཡུན་རིང་དུ་མཉམ་པར་འཇོག༔

ཞེས་སྣང་བ་ཡང་བདེན་པར་མ་གྲུབ་པའི་འཇའ་ཚོན་ལྟ་བུའི་རང་བཞིན་ཅན་ལ་མཉམ་པར་འཇོག་དགོས་གསུངས།

མཐར་ཐིག་ལེ་ལ་སེམས་བཟུང་༔ སྤྲོས་ན༔ ཨོཾ་ཨཱཿ ཧཱུྃ་བཛྲ་གུ་རུ་སེཾ་ཧེ་ཤྭ་ར་སིདྡྷི་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་དབྱངས་དང་བཅས་པའམ༔ ཇི་ལྟར་རིགས་པས་བཟླ༔

ཞེས་སྨིན་མཚམས་ཀྱི་ཐེག་ལེ་ཨ་ཡིག་གིས་མཚན་པ་དེ་ལ་སེམས་བཟུང་། རང་ཉིད་སེཾ་ཧེ་ཤྭ་ར་ཡིན་པར་བསྒོམས། དེ་ནས་ཨོཾ་ཨཱཿ ཧཱུྃ་བཛྲ་གུ་རུ་ཞེས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དང་དབྱེར་མེད་པ་བླ་མ་སིཾ་ཧེ་ཤྭ་རའམ་སེང་གེ་དབང་ཕྱུག སིཾ་ཧེ་ཤྭ་ར་སརྦ་སིདྡྷི་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་མཆོག་དང་ཐུན་མོང་གི་དངོས་གྲུབ་དམ་པ་སྩོལ་ཅིག་གསུངས། སྔགས་དེ་བརྒྱ་སྟོང་ཁྲི་འབུམ་དུ་མའི་བར་དུ་བཟླ་དགོས། དེ་ཡན་ཆད་ཀྱིས་མདུན་གྱི་བི་མ་ལ་མི་ཏྲ་ལ་སེམས་གཏད་དེ་གསོལ་བ་གདབ་པ་ནི་མདུན་བསྐྱེད་ཀྱི་དམིགས་པ་དང་། རང་ཉིད་སིཾ་ཧེ་ཤྭ་རར་བསྒོམས་ནས་སྣང་གྲགས་རིག་གསུམ་ཐམས་ཅད་ལྷ་སྔགས་ཆོས་ཉིད་ཀྱི་རང་བཞིན་ཅན་དུ་ཤེས་པའི་ངང་ནས་རྩེ་གཅིག་ཏུ་བཟླ་བ་ནི་བདག་བསྐྱེད་ཀྱི་དམིགས་པ་ཡིན། དེ་ནི་གཙོ་བོ་བསྐྱེད་རིམ་གྱི་ཁྲིད་ཡིན།

དེ་ནས་བླ་མའི་རྣལ་འབྱོར་འདི་ཁོ་ནས་བདག་བསྐྱེད་དང་མདུན་བསྐྱེད་གཉིས་ཀ་འཐུས་པར་བྱས་ན་ཡང་ཆོག གལ་སྲིད་དེ་ལས་རྒྱས་པར་འདོད་ན། བླ་རྣམ་གྱི་སིཾ་ཧེ་ཤྭ་ར་སོགས་འདོན་རྒྱུ་འདི་ཡིས་བསྙེན་པ་བྱེད། རྗེས་སུ་སྒྲུབ་པའི་སྐབས་སུ་ལེའུ་གཉིས་པར་བཤད་པ་བཞིན་དུ་བསྙེན་སྒྲུབ་ལས་གསུམ་ལ་རྒྱ་ཆེར་གཞོལ་དགོས།

མཐར་རྡོ་རྗེའི་བཟླས་པ་དལ་བུ་ལ་སེམས་འཛིན༔

ཞེས་རྡོ་རྗེའི་བཟླས་པ་དལ་བུ་ལ་སེམས་འཛིན་པ་ནི་རང་གི་རླུང་ཚུར་རྔུབ་པའི་གནས་སྐབས་ན་ཨོཾ་དཀར་པོའི་རྣམ་པར་གྱུར་ནས་ཚུར་ཡོང་བར་བསམ། ཁོང་དུ་གནས་པའི་གནས་སྐབས་ན་ཨཱཿ ཡིག་དམར་པོ་སྒྲ་དང་ཡིག་འབྲུའི་རང་བཞིན་ཅན་དུ་གནས་སོང་བར་བསམ། ཕར་འཕྲོ་བའི་གནས་སྐབས་ན་ཧཱུྃ་སྔོན་པོ་སྒྲ་དང་བཅས་པའི་རང་བཞིན་དུ་གྱུར་སོང་བར་བསམ། དེ་ལྟར་རྒྱུན་ཆགས་སུ་དབུགས་ཀྱི་འགྲོ་འོང་དང་སྦྱར་ཏེ་བསྒོམ་རྒྱུ་ནི་རྡོ་རྗེའི་བཟླས་པ་ཡིན།

སྐྱོ་ན་སྨིན་མཚམས་ཀྱི་ཐིག་ལེ་ལས་འོད་ཟེར་འཕྲོས༔ དག་པའི་ཞིང་རབ་འབྱམས་ཐམས་ཅད་དུ་ཁྱབ༔ དེ་དག་ན་གནས་པའི་སྐྱབས་གནས་དཀོན་མཆོག་རྒྱ་མཚོ་ཐམས་ཅད་དང་༔ ཁྱད་པར་དུ་འོད་གསལ་སྙིང་ཐིག་གི་བརྒྱུད་པའི་བླ་མ་རྣམས་ཀྱི་གསང་བ་གསུམ་གྱི་བྱིན་རླབས་ཐམས་ཅད་སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པར་ཆར་དྲག་ཏུ་བབས་པ་ཙམ་དུ་སྤྱན་དྲངས་ནས་ཐིག་ལེ་ལ་ཐིམ་པས་ལུས་ཐམས་ཅད་ཁྱབ་པར་བསམ༔

ཞེས་སྨིན་མཚམས་ཀྱི་ཐེག་ལེ་ལས་འོད་འཕྲོས། ཕྱོགས་བཅུའི་ཞིང་རབ་འབྱམས་ན་བཞུགས་པའི་རྒྱལ་བ་སྲས་བཅས་ཐམས་ཅད་དང་། ཁྱད་པར་དུ་ཆོས་སྐུ་ཀུན་ཏུ་བཟང་པོ་ནས་ད་ལྟའི་རྩ་བའི་བླ་མའི་བར་གྱི་གསང་བ་སྙིང་ཐིག་གི་བླ་མ་བརྒྱུད་པའི་རིམ་པ་ཐམས་ཅད་ནི། སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་ཁ་ཆར་བུ་ཡུག་དྲག་ཏུ་འཚུབ་པ་ལྟར་རང་གི་སྨིན་མཚམས་ཀྱི་ཐིག་ལེ་ལ་ཐིམ་པར་བསམ་ནས། རང་གི་རྒྱུད་བྱིན་གྱིས་བརླབས་པའི་དམིགས་པ་འཛིན་དགོས།

ཡང་འཕྲོས་མ་དག་པའི་ཞིང་ཁམས་རབ་འབྱམས་ཐམས་ཅད་ལ་ཁྱབ༔ བརྟན་གཡོ་སྣོད་བཅུད་ཐམས་ཅད་དག་པའི་ཞིང་ཁམས་རབ་འབྱམས་སུ་བསྒྱུར་བར་བསམ་མོ༔

ཞེས་ཡང་འོད་ཟེར་འཕྲོས་ནས་མ་དག་པ་འགྲོ་བ་རིགས་དྲུག་ཕྱི་ནང་སྣོད་བཅུད་ཐམས་ཅད་ལ་ཕོག་ནས། མ་དག་པའི་སྣོད་བཅུད་ཐམས་ཅད་སྦྱངས་ནས་དག་པ་སྐུ་དང་ཡེ་ཤེས་ཀྱི་རོལ་བ་འབའ་ཞིག་ཏུ་གྱུར་སོང་བསམ།

དེ་ནས་སྣོད་བཅུད་ཐམས་ཅད་རིལ་གྱིས་བསྡུས་ཏེ་རང་གི་ལུས་ལ་བཅུག༔ དེ་ཡང་བསྡུས་ཏེ་སྨིན་མཚམས་ཀྱི་ཐིག་ལེ་ལ་ཐིམ་པས་ཤིན་ཏུ་འོད་གསལ་བར་བསམས་ལ་སེམས་ཡུན་རིང་དུ་འཇོག་པས་རྣམ་རྟོག་གི་རྦ་རླབས་ཞི་བའི་ཏིང་ངེ་འཛིན་མུ་མཐའ་མེད་པར་སྐྱེའོ༔ མཐར་དེ་ཡང་འཇའ་ཚོན་མཁའ་ལ་ཡལ་བ་ལྟར་དམིགས་སུ་མེད་པའི་ངང་དུ་མཉམ་པར་འཇོག་གོ༔

ཞེས་གོང་དུ་ཐིག་ལེ་ལ་འཛིན་པ་མན་ཆད་ནས་རྫོགས་རིམ་རེད། དེ་ཡང་ཐིག་ལེ་ལ་དམིགས་ནས་འོད་ཟེར་སྤྲོ་བསྡུ་བྱ་རྒྱུ་དང་། དེ་རྗེས་རྒྱལ་བ་སྲས་བཅས་མཆོད། འགྲོ་དྲུག་གི་ལས་སྒྲིབ་སྦྱང་བར་བྱེད་པ་ལ་སོགས་པ་དེ་མཚན་བཅས་རྫོགས་རིམ་ཡིན། མཐར་འཇའ་ཚོན་མཁའ་ལ་ཡལ་བ་ལྟར་མི་དམིགས་པའི་ངང་ལ་འཇོག་རྒྱུ་ནི་མཚན་མེད་ཀྱི་རྫོགས་རིམ་ཡིན།

དེ་ནི་རྒྱུད་སྡེ་དང་སྒྲུབ་སྡེ་མཐའ་དག་གི་ནང་ནས་གསུངས་པའི་བསྐྱེད་རིམ་དང་རྫོགས་རིམ་གྱི་གནད་ཚང་མ་མན་ངག་གཅིག་ཏུ་དྲིལ་ཏེ་མདོར་བསྡུས་སུ་བཤད་པ་ཡིན། འདིའི་རྗེས་ཐོག་ཏུ་རྫོགས་ཆེན་ཀ་དག་ཁྲེགས་ཆོད་ཀྱི་ལྟ་བ། སྒོམ་པ། སྤྱོད་པ། འབྲས་བུའི་གནད་ཐམས་ཅད་འཆད་རྒྱུ་ཡོད། དེ་ནི་སང་ཉིན་གྱི་ཆོས་ཁྲིད་ཀྱི་སྐལ་བ་ཡིན།

མི་སེམས་སྒྱུར་བའི་ནུས་པ།

ཕྱི་ཟླ་༧པའི་ཚེས་༡༣ཉིན་གྱི་སྔ་མོར། ཆོས་རྗེ་ཉིད་དང་ངེད་ཅག་རླངས་འཁོར་དུ་ཞུགས་ནས་སན་ཧྥི་རན་སའེ་སི་ཁོ་རུ་ཡོད་པའི་ཧྥ་རན་སིའི་གཞུང་ཚབ་ཁང་དུ་ཕྱིན་ཏེ། ཧྥ་རན་སི་ལ་འགྲོ་བའི་ཐོངས་མཆན་དགོད་ཨེ་ཐུབ་བལྟས་པ་ཡིན། སྤྱིར་ངེད་ཅག་གིས་ལམ་ཡིག་དང་གདན་ཞུ་ཡི་གེ་སོགས་འབྲེལ་ཡོད་ཡིག་ཆ་རྣམས་སྔར་ནས་གཞུང་ཚབ་ཁང་དུ་སྤྲད་ཟིན་ཀྱང་། ངེད་ཅག་མི་དྲུག་པོ་དངོས་སུ་གཞུང་ཚབ་ཁང་དུ་མ་སོང་ན་ལོན་ཐབས་མི་འདུག་པས་ཚང་མ་ཕྱིན་པ་ཡིན།

བསམ་ཡུལ་ལས་འདས་པའི་དོན་དག་ཅིག་བྱུང་བ་དེ་ནི། ལོ་ངོ་མང་པོ་འགོར་ཡང་ལྕམ་ཁའེ་ཧེན་རཱེ་(Kay Henry)ཡིས་ད་དུང་ཡང་གསལ་པོར་དྲན་གྱིན་འདུག་པས་མོས་ཕྱིར་དྲན་བྱས་པ་འདི་ལྟར།

ཆོས་རྗེ་འཁོར་བཅས་ཧྥ་རན་སི་རྒྱལ་ཁབ་ལ་འགྲོ་བར་ཐོངས་མཆན་དགོད་པའི་ཆེད་དུ། ངས་ཧྥ་རན་སིའི་གཞུང་ཚབ་ཁང་ལ་རེ་ཞུ་དང་འབྲེལ་གཏུག་ཐེངས་མང་དུ་བྱས་ཀྱང་། ལས་ཁང་དེའི་མགོ་གཙོས་སེམས་ཐག་ཆོད་པོའི་སྒོ་ནས་ཐོངས་མཆན་གཏན་ནས་མ་བཀོད།

ཉིན་དེར། ང་ཚོ་ཚང་མ་མཉམ་དུ་སན་ཧྥི་རན་སའེ་སི་ཁོའི་ཧྥ་རན་སིའི་གཞུང་ཚབ་ཁང་དུ་འབྱོར་སྐབས། ལས་ཀ་པ་རྣམས་ཀྱིས་ལས་ཁང་གི་སྒོ་ཕྱེས་མ་ཐག་ཏུ། བོད་བརྒྱུད་ནང་བསྟན་གྱི་གྲྭ་ཆས་གྱོན་པའི་མི་དྲུག་གློ་བུར་ཁོ་ཚོའི་མིག་ལམ་དུ་མངོན་པ་ལ་ཡ་མཚན་པའི་རྣམ་འགྱུར་སྣ་ཚོགས་བསྟན་སོང་།

ངས་དེ་སྔོན་བཞིན་ནུས་པ་ཡོད་དགུ་སྤྲུགས་ཏེ་ཐོངས་མཆན་དགོད་པར་བརྩོན་ལེན་ཇི་ལྟར་བྱས་ཀྱང་། མགོ་གཙོས་སྔར་བཞིན་རྣམ་འགྱུར་གསལ་པོའི་སྒོ་ནས་ཐོངས་མཆན་བཀོད་མ་བྱུང་། དེའི་ཚེ་ང་རང་ཅི་བྱ་གཏོལ་མེད་དུ་གྱུར་ནས་ཆོས་རྗེ་མཆོག་གི་ཞལ་ལ་བལྟས་པ་ན། ཁོང་གིས་ཀྱང་ང་ལ་གཟིགས་ཙམ་གནང་།

ཡ་མཚན་པ་ཞིག་ལ། བར་སྐབས་དེར་གོ་བརྡ་རྩ་བ་ནས་འཕྲོད་ཐབས་མེད་པའི་ཧྥ་རན་སིའི་མི་དེའི་རྣམ་འགྱུར་ལ་གློ་བུར་དུ་འགྱུར་བ་གནམ་ས་ལྟ་བུ་བྱུང་ནས། ཡིག་ཆ་རྣམས་ཚགས་སྒྲིག་བྱེད་ཞོར་དུ། ཡིག་ཆ་ཚང་འདུག་པས་ཐོངས་མཆན་འགོད་ཆོག་ཅེས་ཚེགས་མེད་དུ་བཀོད་བྱུང་བར་བཤད།

ལྕེ་བཙུན་སྙིང་ཐིག་གི་ཁྲིད་ཐུན་གསུམ་པ།

ཉིན་དེའི་ཕྱི་དྲོར་ཆོས་རྗེ་ཉིད་ཀྱིས་མུ་མཐུད་དུ་ལྕེ་བཙུན་སྙིང་ཐིག་འདི་ལྟར་གསུང་།

དེ་ལ་གང་གསན་པར་བྱ་བ་ནི། ལྕེ་བཙུན་སྙིང་ཐིག་ཆེན་པོ་འདི་ཉིད་འཆད་པར་བྱེད་པའི་དུམ་བུ་དང་པོ་ལ་སྨིན་བྱེད་ཀྱི་དབང་དང་གྲོལ་བྱེད་ཀྱི་གདམས་པ་བསྟན་པ་གཉིས་སུ་ཡོད་པ་ལས་ཕྱི་མའི་སྐབས་སུ་བབས་པ་ཡིན། གྲོལ་བྱེད་ཀྱི་གདམས་པ་ལ་ཡང་སྔོན་འགྲོ་དང་། ལམ་དངོས། ལམ་གྱི་ཆ་ལག་བཤད་པ་དང་གསུམ་ཡོད་པ་ལས། ལམ་དངོས་གཏན་ལ་དབབ་པའི་སྐབས་ཡིན། ལམ་དངོས་གཞི་བླ་མའི་རྣལ་འབྱོར་འདི་ཉིད་གཏན་ལ་དབབ་པ་ལ་བསྐྱེད་རིམ་དང་། རྫོགས་རིམ། རྫོགས་པ་ཆེན་པོ་དང་མཐུན་པར་ཉམས་སུ་བླང་ཐབས་གསུམ་ཡོད་པ་ལས་དང་པོ་གཉིས་ལེགས་པར་བཤད་གྲུབ་ནས། ད་ལྟ་རྫོགས་པ་ཆེན་པོའི་སྐབས་ཡིན། དེ་ལ་ཡང་ཀ་དག་ཁྲེགས་ཆོད་ཀྱི་ལྟ་བ་གཏན་ལ་དབབ་པ་དང་། ལྷུན་གྲུབ་ཐོད་རྒལ་གྱི་བསྒོམ་ཚུལ་བཤད་པ་གཉིས་སུ་ཡོད་པ་ལས། ད་རེས་སྐབས་སུ་བབས་པ་ནི་གཙོ་བོ་ཀ་དག་ཁྲེགས་ཆོད་ཀྱི་ལྟ་བ་གཏན་ལ་དབབ་པ་ཡིན། དེ་ལ་ཡང་ལྟ་བས་གཏན་ལ་དབབ་པ། སྒོམ་པས་ཉམས་སུ་བླང་པ། སྤྱོད་པས་བོགས་དབྱུང་བ། འབྲས་བུས་བཙན་ས་གཟུང་བ་སྟེ་རྣམ་པ་བཞིར་ཡོད་པ་ལས། དང་པོ་ལྟ་བས་གཏན་ལ་དབབ་པ་ནི།

དེའི་ཚེ་འདི་ལྟར་ངེས་པར་བྱ་སྟེ༔ འདི་ལྟར་སྣང་བ་ཐམས་ཅད་བློས་བཀོད༔

ཅེས་དང་པོ་ཕྱི་ཡུལ་དུ་སྣང་བའི་ས་རྡོ་རི་བྲག་ར་བ་ཁང་ཁྱིམ་ལ་སོགས་པ་འདི་དག་ཐམས་ཅད་སེམས་ཀྱི་དབང་གིས་སྣང་ཞིང་། ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཡིན། དེ་ཡང་དཔེ་ཡི་སྒོ་ནས་ངེས་པར་བྱས་ན། དཔེར་ན་རྨི་ལམ་གྱི་གནས་སྐབས་སུ་རི་མཐོན་པོ་དང་། ཆུ་ཆེན་པོ། འཕྲང་དོག་མོ། བྲག་གཟར་མོ་ལ་སོགས་པ་རྣམ་པ་སྣ་ཚོགས་ཇི་ལྟ་བུ་ཞིག་སྣང་ཡང་། ཕྱི་རོལ་ན་རི་ཡང་མེད། ཆུ་ཡང་མེད། འཕྲང་ཡང་མེད། དེ་བཞིན་དུ་རྟ་གླང་སྐྱེས་པ་བུད་མེད་ལ་སོགས་པ་གང་ཡང་མེད་པར། རང་གི་སེམས་ཀྱི་ཆོ་འཕྲུལ་ཙམ་ཞིག་ཡིན་པ་ཐམས་ཅད་ཀྱིས་ཤེས་སླ་བ་ཡིན། དཔེ་དེ་བཞིན་དུ་ད་ལྟའི་སྣང་བ་འདི་དག་ཐམས་ཅད་ཀྱང་ཕྱི་རོལ་ན་ཐད་ཀར་ཡོད་ཡོད་ལྟར་དུ་སྣང་ཡང་། དོན་གྱི་ངོས་ནས་བསམ་བློ་བཏང་ན་སེམས་ལ་བག་ཆགས་བཞག་པའི་དབང་གིས་ཕྱི་རོལ་ཏུ་སྣང་བ་སྣ་ཚོགས་ཞིག་སྣང་བའམ། རང་གི་སེམས་ཀྱི་ཆོ་འཕྲུལ་ཙམ་ཞིག་མ་གཏོགས་ཕྱི་རོལ་ཏུ་དེ་ལྟ་བུའི་དངོས་པོ་མཚན་མར་གྲུབ་པ་ནི་གང་ཡང་ཡོད་པ་མིན།

ཡང་དཔེར་ན་ཆུ་གཅིག་ལའང་དམྱལ་བའི་འགྲོ་བ་ཞིག་གིས་བལྟས་ན་ཁྲོ་ཆུ་ཁོལ་མ་ཉིད་དུ་མཐོང་བར་འགྱུར། ཡི་དྭགས་རྣམས་ཀྱིས་བལྟས་ན་རྣག་ཁྲག་གི་རང་བཞིན་ཅན་དུ་མཐོང་། མི་རྣམས་ཀྱིས་བལྟས་ན་ཆུའི་རང་བཞིན་དུ་མཐོང་། དེ་བཞིན་དུ་ལྷ་རྣམས་ཀྱིས་བལྟས་ན་བདུད་རྩི་ཡན་ལག་བརྒྱད་ལྡན་གྱི་རང་བཞིན་དུ་མཐོང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བལྟས་ན་མཱ་མ་ཀིའི་རང་བཞིན་ཉིད་དུ་མཐོང་། ཐམས་ཅད་ཀྱིས་མཐོང་བ་དེ་ཡང་རང་རང་གི་ལས་དང་སེམས་ཀྱི་དབང་གིས་སྣང་བ་ཙམ་མ་གཏོགས་ཕྱི་རོལ་ན་ཆུ་ཡང་མེད། རྣག་ཀྱང་མེད། ཁྲོ་ཆུ་ཁོལ་མ་ཡང་མེད་པས་གང་ཡང་གྲུབ་པ་མེད།

དེ་བཞིན་དུ་ད་ལྟ་རང་རེའི་ཡུལ་ན་འཁོད་པའི་མི་དང་དུད་འགྲོ་ལྟ་བུ་སྐམ་སར་གནས་པ་རྣམས་ཆུའི་ནང་དུ་མཆོངས་བར་གྱུར་ན། མིག་དང་སྣ་ལ་སོགས་པ་འགག་ནས་གཟུགས་མི་མཐོང་ཞིང་འཆི་བར་འགྱུར་བ་ཡིན། ཡིན་ཡང་ཆུའི་ནང་དུ་གནས་པའི་སྲོག་ཆགས་ཉ་དང་སྲམ་ལ་སོགས་པ་ཐམས་ཅད་ནི། ཆུའི་ནང་དུ་འཚོས་ན་གཟུགས་གསལ་བར་མཐོང་བ་དང་། ལུས་ཀྱི་སྟོབས་རྒྱས་པ་ལ་སོགས་པ་དེ་ཡང་སེམས་ཅན་གྱི་ལས་སྣང་ཙམ་མ་གཏོགས་ཆུ་རང་གི་ངོས་ན་དངོས་པོ་གང་ཡང་གྲུབ་པ་མེད།

གཞན་ཡང་མེ་ལྟ་བུ་གཅིག་ལ་མཚོན་ན་ཡང་། ད་ལྟའི་མི་དང་དུད་འགྲོ་མང་ཆེ་བ་ཞིག་གི་ལུས་ལ་རེག་ན་ཤིན་ཏུ་སྲེག་པ་དང་སྡུག་བསྔལ་སྐྱེད་པར་བྱེད་པའི་བདག་ཉིད་ཅན་ཡིན་ཡང་། མེའི་ནང་དུ་གནས་པའི་མེའི་བྱི་བ་ཞེས་པས་ཟས་གོས་གཉིས་ཀ་མེ་ལ་བརྟེན་ཅིང་། མེ་དོང་ཆེན་པོའི་ནང་ན་རྟག་ཏུ་གནས་ཡོད། རི་དྭགས་མེའི་གཙང་སྦྲ་ཅན་ཞེས་པའང་མེ་དོང་ཆེན་པོའི་ནང་དུ་མཆོངས་ན་ཁོའི་བ་སྤུ་ཐམས་ཅད་ཀྱང་མི་འཚིག་པར་མ་ཟད། བཀྲག་མདངས་རྒྱས་པར་འགྱུར་བ་ཐམས་ཅད་ཀུན་ཀྱང་། ལས་དང་སེམས་ཀྱི་སྣང་བ་ཙམ་མ་གཏོགས་ཕྱི་རོལ་ན་མེ་རང་མཚན་དུ་གྲུབ་པ་ཞིག་གཏན་ནས་མེད་པའི་རྟགས་ཡིན།

འདི་ལྟ་བུའི་གནད་མ་རྟོགས་ནས། འཛམ་བུ་གླིང་ལྟ་བུ་ཞིག་ཕྱི་རོལ་ན་བདེན་བདེན་གྲུབ་གྲུབ་ཏུ་ཡོད་པར་བཟུང་ནས་རྣམ་པར་དཔྱད་ན། ཆོས་ལུགས་གཞན་དང་ཚན་རིག་པ་མང་ཆེ་བས། ཉི་ཟླ་འཆར་ནུབ་དང་དུས་བཞིའི་འཕོ་འགྱུར་སོགས་གང་བཤད་ཀྱང་། གཅིག་ལ་འགྲིག་ཀྱང་ཅིག་ཤོས་ལ་མི་འགྲིག གཅིག་ལ་བདེན་ཡང་ཅིག་ཤོས་ལ་མི་བདེན་པར་གྱུར་ནས་ཅི་བྱ་གཏོལ་མེད་དུ་གྱུར་ཡོད། ནང་པ་སངས་རྒྱས་པ་རྣམས་ཀྱིས། ཐམས་ཅད་སེམས་ཀྱི་བག་ཆགས་ཀྱི་དབང་གིས་སྣང་བ་ཡིན་ཞིང་། ཅིར་ཡང་མ་ཡིན་པ་ལས་ཅིར་ཡང་འཆར་དུ་རུང་བས་སེམས་ཅན་རྣམས་ལ་ལས་སྣང་འདྲ་མིན་སྣ་ཚོགས་ཡོད་པར་འདོད་པ་ཡིན། དེ་ལྟ་བུར་དཔྱད་ན་འཛམ་གླིང་གི་སྣང་ཚུལ་མི་འདྲ་བ་ཅི་སྣང་ཡང་འགལ་བ་མེད་པ་ལྟ་བུར་གྱུར་ཡོད། དེ་ནི་སྣང་བ་ཐམས་ཅད་བློས་བཀོད་ཅེས་པ་དཔེ་དང་དོན་གྱི་སྒོ་ནས་མདོར་བསྡུས་པ་ཙམ་ཁྱེད་རྣམ་པ་ལ་ཞུས་པ་ཡིན། སྤྱིར་དབུ་མ་དང་སེམས་ཙམ་པ་ལ་སོགས་པའི་གཞུང་ལྟར་བྱས་ན་རྒྱ་ཆེར་བཤད་རྒྱུ་ཡོད་མོད། འོན་ཀྱང་མང་པོ་བཤད་ན་གོ་བརྡ་ཡང་འཕྲོད་དཀའ་བས་མདོར་བསྡུས་ཙམ་ཞིག་ཡིན།

ལྕེ་བཙུན་སྙིང་ཐིག་འདིར་ཁྲེགས་ཆོད་བཤད་སྐབས་ཚིག་གཅིག་གཉིས་མ་གཏོགས་མི་འདུག དེ་ནི་ལྕེ་བཙུན་སྙིང་ཐིག་གི་སྙིང་དང་མིག་ལྟ་བུའི་གནད་མཐར་ཐུག་པ་དང་། རྒྱུད་ལུང་མན་ངག་མཐའ་དག་གི་གནད་ཀྱང་ཕྱོགས་གཅིག་ཏུ་བསྡུས་པ་ཞིག་རེད།

ངས་གོང་གི་བཤད་ཚུལ་ལྟར་ཅུང་རྒྱས་པའི་སྒོ་ནས་བཤད་བསམ་ཡང་། རྒྱས་པར་བཤད་ན་གཅིག་ནས་རང་རེའི་དུས་ཚོད་ལ་གཏན་ཁེལ་ཡོད་པས་འགོར་འགྲོ་ཞིང་། གཉིས་སུ་ཁྱེད་རྣམ་པ་ཉམས་ལེན་ངོ་མ་བྱེད་མཁན་རྣམས་ཀྱི་གོ་བ་ཡང་སྒྲིབ་འགྲོ། དེ་མིན་མང་པོ་ཞིག་གཉིད་ཀྱང་དུབ་ཡོང་བར་འདུག་པས། ད་རེས་ངས་ཁྲེགས་ཆོད་ཀྱི་དངོས་གཞི་དེ་ཚིག་ཧ་ཅང་བསྡུས་པའི་སྒོ་ནས་ངོ་སྤྲོད་བྱེད། གོང་གི་འགྲེལ་སྟངས་དེ་ཚང་མས་ཅུང་རྒྱས་ཆེ་སོང་སྙམ་བཞིན་པ་འདྲ། ཡིན་ཡང་རྒྱས་པའི་ནང་ནས་ཆེས་བསྡུས་པ་དེ་ཡིན།

གོང་དུ་སྣང་བ་གང་སྣང་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཡིན་པར་གསུངས།

བྱུང་ཚོར་དང་བཅས་པའི་བློ་ནི་མེད་པ་གསལ་བར་སྣང༔

ཞེས་ཕྱི་རོལ་གྱི་སྣང་བ་ཐམས་ཅད་སྣང་ཡོང་བྱེད་ཀྱི་སེམས་དེ་ཇི་ལྟ་བུ་ཞིག་རེད་ཅེ་ན། དེ་ནི་མེད་བཞིན་དུ་སྣང་བ་དཔེར་ན་མེ་ལོང་ནང་གི་གཟུགས་བརྙན་འདྲ་བ་ཡིན། མེད་པ་གསལ་སྣང་ཞེས་པའི་སེམས་འདི་ཇི་ལྟར་མེད་པ་ཡིན་ཞེ་ན། དེ་ལ་གྲུ་བཞི་ཟླ་གམ་ལ་སོགས་པའི་དབྱིབས་མེད་པ་དང་། སེར་པོ་དམར་པོ་སྔོན་པོ་ལ་སོགས་པའི་ཁ་དོག་མེད། དེ་བཞིན་དུ་སྙན་དང་མི་སྙན་བར་མ་སོགས་རྣ་བའི་ཡུལ་དུ་གྲགས་པའི་སྒྲ། ཞིམ་དང་མི་ཞིམ་དྲི་ངན་ལ་སོགས་ཀྱི་དྲི། མངར་བ་དང་། སྐྱུར་བ། ཁ་བ། བསྐ་བ། ལན་ཚ་བ་སོགས་ལྕེའི་ཡུལ་དུ་མྱོང་བའི་རོ། འཇམ་པ་རྩུབ་པ་ལྕི་བ་ཡང་བ་ལ་སོགས་པའི་ལུས་ཀྱི་ཡུལ་དུ་མྱོང་བའི་རེག་བྱ་སོགས་གང་ཡང་མེད། དཔེར་ན་འདོད་ཆགས་ཞེ་སྡང་གཏི་མུག་ལ་སོགས་པ་སྐྱེ་སྐབས་དེའི་ངོ་བོ་ལ་ལྟོས་དང་གང་དུ་ཡང་མེད་ཅིང་། ལུས་ཀྱི་ཕྱི་ནང་བར་གསུམ་གང་དུ་ཡང་མ་གྲུབ་པའི་བདག་ཉིད་ཅན་ཞིག་ཡིན་པས་དེ་ལ་མེད་པ་ཟེར་བ་ཡིན། གསལ་བར་སྣང་བ་ཞེས་དེ་ལྟ་བུའི་གཏན་ནས་མེད་པ་ཡིན་ཡང་ཡས་བསམ་མས་བསམ་རྣམ་པ་སྣ་ཚོགས་ཞིག་བསམ་པ་ལ་ནི་འགག་པ་མེད་པ། དེ་གཉིས་འགལ་བ་མེད་པ་ཡིན་པས་བྱུང་ཚོར་དང་བཅས་པའི་བློ་ནི་མེད་པ་གསལ་བར་སྣང་ཞེས་གསུངས།

དེའི་དབྱིངས་ནི་བསམ་པའི་ཡུལ་ལས་འདས༔

ཞེས་ཡུལ་ཡང་མ་གྲུབ་ལ་ཡུལ་ཅན་ཡང་མ་གྲུབ་པའི་དབྱིངས་དེ་ཇི་ལྟ་བུ་ཞིག་ཡིན་ཞེ་ན། ཡོད་པ་ཡིན་ཞེ་ན་ཡོད་པར་གྲུབ་པའི་དངོས་པོ་གང་ཡང་མེད། མེད་པ་སྟོང་རྐྱང་ཞིག་ཡིན་ཞེ་ན། ཡོད་པ་མ་གྲུབ་ན་མེད་པ་ཡང་འཇོག་ཐབས་མེད། དཔེར་ན་བུམ་པ་མ་ཡོད་ན་བུམ་མེད་ཟེར་རྒྱུ་ཞིག་འཇོག་ཐབས་མེད་པས་མེད་པ་ཡང་མིན། ཡོད་མེད་གཉིས་ཀ་ཡིན་པའི་ཆོས་ཀྱང་འགལ་བ་ཡིན། གཉིས་ཀ་མ་ཡིན་པའི་ཆོས་དེ་ཡང་ཤེས་བྱ་ལ་མི་གྲུབ། དེའི་ཕྱིར་ན་དབྱིངས་ནི་ཡོད་པ་དང་མེད་པ་གཉིས་ཀ་དང་གཉིས་མིན་ཐམས་ཅད་དང་བྲལ་བའི་ཕྱིར་ན། ཚུར་མཐོང་གི་བློས་བསམ་ནས་བཟུང་སྟེ་ཡང་ན་ཡོད་པ་དང་། ཡང་ན་མེད་པ། ཡང་ན་གཉིས་ཀ ཡང་ན་གཉིས་མིན་མ་གཏོགས་བསམ་ལུགས་གཞན་ཞིག་ཡོད་པ་མིན། དེ་གང་གིས་ཀྱང་བསམ་པའི་ཡུལ་ལས་འདས་པ་ཞིག་རེད་གསུངས།

སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་རྟེན་མེད་པར་མཐོང་བ་ནི་ཆོས་ཐམས་ཅད་ཀྱི་གནས་ལུགས་ཀ་དག་གཏིང་གསལ་འདུས་མ་བྱས་པའོ༔

ཞེས་མིག་གི་ཡུལ་དུ་གཏན་ནས་མ་གྱུར་པའི་ཕྱི་རོལ་མུ་སྟེགས་གསང་བ་པའི་བདག་འདྲ་ཞིག་ཡིན་ནམ་ཞེ་ན། དེ་ཡང་མ་ཡིན་ཏེ། ཡུལ་དང་ཡུལ་ཅན་གཉིས་སུ་མེད་ཀྱང་། རང་གི་རང་བཞིན་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་རྟེན་དང་དམིགས་གཏད་ཐམས་ཅད་དང་བྲལ་བའི་སྒོ་ནས། ཉིན་པར་མིག་ལྡན་གྱིས་གཟུགས་མཐོང་བ་བཞིན་དུ་གསལ་བར་མཐོང་རྒྱུ་ཞིག་ཡོད། དེ་ལྟ་བུའི་རིག་སྟོང་དོན་གྱི་ཡེ་ཤེས་ནི་ཆོས་ཐམས་ཅད་ཀྱི་གནས་ལུགས་ཡིན།

ཀ་དག་གཏིང་གསལ་ཞེས་པའི་ཀ་དག་ནི། སྣང་བ་ཡང་མ་གྲུབ། ཡུལ་ཅན་ཡང་མ་གྲུབ། དེའི་དབྱིངས་ཀྱང་བསམ་བརྗོད་ཀྱི་ཡུལ་ཐམས་ཅད་ལས་འདས་པ་ཡིན་པའི་ཕྱིར་ན་ཀ་ནས་དག་པར་གསུངས། འོན་ཀྱང་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་རྟེན་མེད་པར་ཉམས་སུ་མྱོང་ཆོག་པའི་ཕྱིར་ན་གཏིང་གསལ་དང་། དེ་རྒྱུ་དང་རྐྱེན་ལ་སོགས་པ་གང་གིས་ཀྱང་མ་བྱས་པའི་འདུས་མ་བྱས་ཀྱི་བདག་ཉིད་ཅན་ཞིག་ཡིན་གསུངས་ཤིང་། དེ་ཡན་ཆད་ནི་ལྟ་བ་ངོ་སྤྲད་པ་ཡིན།

དེ་ལྟར་ཁོང་དུ་ཆུད་པས་ནམ་མཁའ་རྣལ་འབྱོར་དུ་བྱ་སྟེ༔

ཞེས་སྒོམ་པས་ཉམས་སུ་ལེན་ཚུལ་བཤད་པ་སྟེ། ནམ་མཁའ་རྣལ་འབྱོར་ལ་འགྲེལ་ལུགས་མང་པོ་ཞིག་ཡོད་ཀྱང་། ད་རེས་ཀྱི་སྐབས་སུ་བབས་པ་ནི་དཔེ་ནམ་མཁའ་ལ་འཛིན་རྟོག་དང་བྱེད་རྩོལ་གང་ཡང་མེད་པ་ལྟ་བུའི་ཉམས་ལེན་དེ་བསྒོམ་དགོས་གསུངས་པ་ཡིན།

མི་བསྒོམ་པའི་ཚུལ་གྱིས་དོན་དང་མི་འབྲལ་བ་ལ་བསླབ་བོ༔

ཞེས་བསྒོམ་རྒྱུ་ཅི་ཡང་མེད་དེ། ཡོད་པར་མི་བསྒོམ། མེད་པར་མི་བསྒོམ། གཉིས་ཀར་མི་བསྒོམ། གཉིས་མིན་དུ་མི་བསྒོམ། དེ་བཞི་དང་བྲལ་བའི་བསྒོམ་ཚུལ་གཞན་གང་ཡང་མེད། གཡེང་བ་ཡང་མེད་ལ་འབྲལ་བ་ཡང་མེད། རང་བཞིན་ཐ་མལ་གྱི་རྣམ་རྟོག་དང་ཅི་ཡང་མི་བསམ་པའི་ངང་དུ་འབྱམས་སོང་བ་ལྟ་བུ་ཡང་མ་ཡིན་པར། མི་བསྒོམ་པའི་ཚུལ་གྱིས་ཉམས་སུ་བླངས་བ་འདི་ལ་འབད་དགོས་གསུངས། དེ་ནི་བསྒོམ་པ་ཉམས་སུ་བླང་བའི་ཐབས་ཡིན།

ཚོགས་དྲུག་གི་སྣང་བ་བཀྲ་ལམ་གྱིས་ཤར་ན་དེ་ལ་མི་དཔྱོད་པར་ཆོས་ཉིད་རང་གི་ངོ་བོའི་ངང་དུ་རྩོལ་བ་གློད་ལ་ལས་ཟིན་པའི་སྐྱེས་བུ་ལྟར་སྤྱོད་དོ༔

ཞེས་དེས་ནི་སྤྱོད་པ་བསྟན་པ་ཡིན། ཚོགས་དྲུག་ཅེས་པ་ནི། ཡུལ་གྱི་དབང་དུ་བྱས་ན་གཟུགས་སྒྲ་དྲི་རོ་རེག་ཆོས་ཁམས་དང་། ཡུལ་ཅན་གྱི་དབང་དུ་བྱས་ན་མིག་རྣ་བ་སྣ་ལྕེ་ལུས་ཡིད་ཀྱི་ཤེས་པ་རེད། དེ་ལྟ་བུའི་སྣང་བ་དང་ཤེས་པ་གང་ཤར་ཡང་། དེ་ལ་རྣམ་པར་རྟོག་པས་བཟང་ངན་སྙམ་པའི་རྗེས་སུ་མི་འབྲང་ཞིང་དགག་སྒྲུབ་གང་ཡང་མི་བྱ་བར། བསྒོམ་པ་ངང་གིས་ཀློད་ནས་འཇོག་དགོས་གསུངས་པ་ཡིན། དཔེར་ན་བྱ་བ་རླབས་ཆེན་གྲུབ་ཟིན་པའི་སྐྱེས་བུ་ནི་སེམས་བདེ་ཐང་ངེར་འདུག་པ་བཞིན། དགག་སྒྲུབ་དང་རྩོལ་སྒྲུབ་གང་ཡང་མི་བྱེད་པར་རྩལ་སྦྱོང་རྒྱུ་དེ་ལ་སྤྱོད་པ་ཞེས་གསུངས།

དེའི་ཚེ་རླུང་སེམས་ཟིན་པའི་རྟགས་རྣམས་ཀྱང་རྩོལ་མེད་དུ་འབྱུང་ཞིང་འོད་གསལ་བའི་ལྷག་མཐོང་གྲུབ་པས་ཞི་བར་གནས་པ་ཉིད་དོ༔

ཞེས་རླུང་སེམས་རྩེ་གཅིག་ཏུ་གནས་པའི་སྟོབས་ཀྱིས་སྟོང་གཟུགས་ཀྱི་རྟགས་སྣང་རྣམས་འབྱུང་བ་དང་། རིག་པ་རང་གི་ངོ་བོ་ངོ་ཤེས་ཤིང་རྩལ་རྫོགས། བརྟན་པ་ཐོབ་པ་ལ་སོགས་པའི་འབྲས་བུའི་ཡོན་ཏན་ཐམས་ཅད་ཀུན་ཀྱང་ཡོངས་སུ་འབྱུང་བར་འགྱུར་གསུངས་ནས། ཞི་གནས་དང་ལྷག་མཐོང་གི་འབྲས་བུ་བཤད་པ་རེད། དེ་ཡན་ཆད་དུ་རྫོགས་པ་ཆེན་པོའི་ཀ་དག་ཁྲེགས་ཆོད་ཀྱི་ལྟ་སྒོམ་སྤྱོད་པ་འབྲས་བུ་དང་བཅས་པ་གསལ་བོར་བཤད་གྲུབ་པ་ཡིན།

དེ་ནས་བསྐྱེད་རིམ་དང་། རྫོགས་རིམ། རྫོགས་ཆེན་གསུམ་གྱི་ཉམས་ལེན་གྱི་གནད་ཚང་བའི་བླ་མའི་རྣལ་འབྱོར་བསྒོམ་པའི་ཕན་ཡོན་བསྟན་པ་ནི།

རྣལ་འབྱོར་འདི་བདུན་ཕྲག་གཅིག་ཏུ་གཡེང་བ་ཐམས་ཅད་སྤངས་ཏེ་བསྒོམ་པས་ཀྱང་དངོས་སམ་ཉམས་དང་རྨི་ལམ་དུ་གྲུབ་པ་ཆེན་པོའི་ཡེ་ཤེས་ཀྱི་སྐུ་བརྙེས་པ་བི་མ་མི་ཏྲ་དང༔ བདག་ཉིད་སིཾང་ཧེ་ཤྭ་རས་ངེས་པར་བྱིན་གྱིས་རློབས་ཏེ༔ དེའི་ཚེ་སྔར་མ་ཤེས་པའི་ཟབ་མོའི་ཚིག་དོན་མང་དུ་ཤེས་པ་དང་༔ ཏིང་ངེ་འཛིན་གྱི་སྒོ་རྙེད་པར་གདོན་མི་འཚལ་ལོ༔

ཞེས་འདིའི་སྐབས་སུ་གོ་དགོས་པ་ཞིག་ཡོད་དེ། གཡེང་བ་ཐམས་ཅད་སྤངས་ནས་ཞག་བདུན་ལ་སྒོམས་དང་། བི་མ་མི་ཏྲ་དང་སིཾང་ཧེ་ཤྭ་རས་མངོན་སུམ་དུ་རྗེས་སུ་གཟུང་ཡོང་གསུངས། དེང་སང་གི་མི་རྣམས་ཀྱིས་ཆོས་ཀྱི་གནད་ནི་མ་རྟོགས། ཡས་བསམ་མས་བསམ་གྱི་རྣམ་རྟོག་ནི་ཤིན་ཏུ་མང་པོ་ཡོད་པས། མི་འགའ་ཞིག་གིས་ཁོ་བོའི་བླ་རྣམ་འདི་ཉི་མ་བདུན་མ་ཟད་ཟླ་བ་གཅིག་གི་ཡུན་དུ་མཚམས་ལ་བསྡད་ནས་བསྒོམས་ནའང་རྨི་ལམ་བཟང་པོ་ཞིག་ཀྱང་རྨི་རྒྱུ་མི་འདུག་སྙམ་ན། རྩ་ཚིག་ནང་དུ་རྣལ་འབྱོར་འདི་གཡེང་བ་ཐམས་ཅད་སྤངས་ཏེ་ཞག་བདུན་ཕྲག་གཅིག་ཏུ་བསྒོམ་པས་ཞེས། གཡེང་བ་ཐམས་ཅད་སྤངས་ཟེར་བ་ཡང་བསྐྱེད་རིམ་དང་རྫོགས་རིམ། རྫོགས་ཆེན་གང་རུང་དང་། ཡང་ན་གསུམ་ཆར་ཡིན་ནའང་དེའི་ཉམས་ལེན་གྱི་ངང་ནས་སྐད་ཅིག་མ་གཅིག་དང་སེ་གོལ་གཅིག་གི་རིང་ལའང་མ་འབྲལ་བར་ཞག་མ་བདུན་གྱི་བར་དུ་བསྒོམ་གསུངས་པ་ཡིན། ཞག་རེ་ལ་ཆུ་ཚོད་ཉི་ཤུ་རྩ་བཞི་རེ་ཡོད་པས། དེ་ལྟར་ཞག་མ་བདུན་ལ་སྒོམས་དང་གང་ལྟར་ཡང་རྨི་ལམ་དུ་བི་མ་མི་ཏྲས་རྗེས་སུ་མི་འཛིན་པ་མི་སྲིད་གསུངས་པ་ཡིན། དེ་མ་ཐུབ་ནའང་གལ་ཏེ་ཉི་མ་རེ་རེ་ལ་ཡིག་བརྒྱ་ཚར་རེ་ཙམ་གྱི་ཡུན་ལ་སྒོམ་ཐུབ་ན། དེ་མཐུད་ནས་ཞག་མ་བདུན་གྱི་ཁ་ཅི་ཙམ་ཞིག་གིས་གང་ཐུབ། ལ་ལས་ལོ་གསུམ་ལ་བསྒོམས་ནའང་ད་རུང་གཡེང་བ་ཐམས་ཅད་སྤངས་བའི་ཞག་བདུན་གྱི་གོ་ཆོད་ཡོད་རྒྱུ་མ་རེད། དེས་ན་དེང་སང་ནང་པ་སངས་རྒྱས་པའི་ཆོས་པ་འགའ་ཞིག་གིས་ཀྱང་། ནང་པ་སངས་རྒྱས་པའི་ཆོས་ཀྱི་ནང་ན་བཤད་པ་ལྟར་འབྲས་བུ་མི་འདུག་ཅེས་དང་པོ་ཚུར་ཞུགས་ཀྱང་རྗེས་སུ་ཕྱིར་ནུར་རྒྱག་མཁན་མང་པོ་ཡོད། འདི་ལྟ་བུའི་དོན་ལ་བརྟག་དཔྱད་ཞིབ་མོ་གཏང་དགོས། བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་འདི་ཁོ་རང་གི་གཞུང་ལས་གསུངས་ཡོད་པ་ལྟར་དུ་བསྒྲུབས་ཀྱང་མ་འགྲུབ་ན་སངས་རྒྱས་ཀྱི་གསུང་དེ་རྫུན་རེད། འོན་ཀྱང་གཞུང་རང་གི་ནང་དུ་དེ་ལྟར་གསུངས་ཡོད་པ་ལྟར་བསྒྲུབས་ན་འབྲས་བུ་ངེས་པར་འགྲུབ་པ་ཡིན།

དེས་ན་ཞག་མ་བདུན་གྱིས་འགྲུབ་རྒྱུ་ཞིག་གཏན་ནས་སྲིད་རྒྱུ་མ་རེད་སྙམ་ན། ཞག་བདུན་ཟེར་བ་ནི་དུས་ཚོད་ཀྱིས་མཚམས་བཟུང་བ་རེད། རང་རེ་དངོས་གནས་དུས་ཚོད་བརྒྱ་དང་དྲུག་ཅུ་རེ་བརྒྱད་ཀྱི་ཡུན་ལ། གཡེང་བ་ཐམས་ཅད་སྤངས་ནས་སྒོམ་པའི་དབང་དུ་བྱས་ན་འགྲུབ་པར་གསུངས། དེ་སྒོམ་ཐུབ་བམ་ཞེ་ན་ཐུབ་སྟེ། བླ་མ་བཟང་པོ་མང་ཆེ་བས་ཞག་བདུན་གྱི་བར་རྣམ་རྟོག་གི་འགྱུ་བ་མེད་པའི་ངང་དུ་བསྒོམས་ནས་འབྲས་བུའང་གྲུབ་པ་ཡིན་ལ། ལ་ལས་ཞག་མ་བཅུ་བཞི། ལ་ལས་ཞག་མ་ཉི་ཤུ་རྩ་གཅིག ལ་ལས་ལོ་གཅིག་དང་གཉིས་སོགས་ལོ་མང་པོའི་རྗེས་སུ་འགྲུབ་པ་ཡང་ཡོད། དེ་འགྲུབ་གཏན་ནས་མི་སྲིད་པ་མ་ཡིན་པར་དུས་ཚོད་ཀྱིས་ཚད་བཟུང་བ་ལྟར་དུ་རེད། དུས་ཚོད་བརྒྱ་དང་དྲུག་ཅུ་རེ་བརྒྱད་ཙམ་ཞིག་གི་ཡུན་ལ། རྣམ་རྟོག་ཐམས་ཅད་མེད་པ་ཞིག་ནམ་བསྒོམ་ཐུབ་ན་དེའི་སྐབས་སུ་འབྲས་བུ་འགྲུབ་ཡོང་གསུངས། དེ་ཡན་ལམ་གྱི་དངོས་གཞི་སོང་བ་ཡིན།

གསུམ་པ་ལམ་གྱི་ཆ་ལག་བཤད་པ་ནི།

ལམ་གྱི་ཡན་ལག་ནི་འདི་དག་ཡིན་ཏེ༔ སྔོན་ཏུ་ལྟེ་འོག་སོར་བཞིའི་ཐད་དུ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བསྒོམས་ལ་སྔགས་བཟླས་པའི་རྐྱེན་གྱིས་ཡེ་ཤེས་ཀྱི་མེ་འབར་བས་འཁོར་ལོ་བཞིའི་གནས་ཐམས་ཅད་ཁྱབ་པས་སྒྲིབ་པ་བཞི་བསྲེག་པར་བསམ་མོ༔

ཞེས་རྡོར་སེམས་བསྒོམ་བཟླས་ཀྱི་ཁྲིད་ནི། ལྟེ་འོག་སོར་བཞིའི་གནས་སུ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དམར་པོ་ཞིག་བསྒོམ། རང་གིས་རླུང་བཟུང་བའི་རྐྱེན་གྱིས་དེའི་སྐུ་ལས་ཡེ་ཤེས་ཀྱི་མེ་འབར། ལུས་ཀྱི་ནད་གདོན་སྡིག་སྒྲིབ་རྩ་རླུང་ཐིག་ལེའི་མ་དག་པའི་ཆ་ཐམས་ཅད་ཡོངས་སུ་དག་པར་གྱུར་སོང་སྙམ་དུ་རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པའི་བསྒོམ་བཟླས་དགོས་གསུངས།

མཐར་སྤྱི་བོའི་ཧྃ་ཡིག་ལ་རེག་པས་སངས་རྒྱས་ཐམས་ཅད་འདུས་པའི་བདུད་རྩིའི་རྒྱུན་བྱུང་བས་འཁོར་ལོ་བཞིའི་གནས་གསོས་བཏབ་སྟེ་བླ་མ་སྐུ་བཞིའི་དཀྱིལ་འཁོར་མཆོག་ཏུ་མཉེས་པར་བསམ་ལ༔ མ་ཧཱ་སུ་ཁ་བཛྲ་ས་ཏྭ་ཨ་ཧཾཿ ཞེས་བརྗོད་པར་བྱའོ༔

ཞེས་མཎྜལ་གྱི་ཁྲིད་ནི། ལྟེ་འོག་གི་བླ་མ་རྡོ་རྗེ་སེམས་དཔའི་སྐུ་ལས་ཡེ་ཤེས་ཀྱི་མེ་འབར། སྤྱི་བོའི་སངས་རྒྱས་ཐམས་ཅད་འདུས་ཤིང་དྲན་པ་ཙམ་གྱིས་བདེ་སྟོང་བསྐྱེད་པའི་ཧྃ་ཡིག་ལས་བདུད་རྩིའི་རྒྱུན་བབས། སྤྱི་བོ་དང་། མགྲིན་པ། སྙིང་ཁ། ལྟེ་བའི་རྩ་གནས་བཞི་བོ་ཡོངས་སུ་གང་། དེ་ལ་བཞུགས་པའི་སྐུ་རྡོ་རྗེ་དང་། གསུང་རྡོ་རྗེ། ཐུགས་རྡོ་རྗེ། ཡེ་ཤེས་རྡོ་རྗེའི་བླ་མ་རྣམས་མཉེས་ཤིང་། རང་གི་རྒྱུད་ལ་དགའ་བ་བཞི་དང་སྟོང་པ་བཞིའི་ཡེ་ཤེས་སྐྱེས་པར་བསམས་ནས་མ་ཧཱ་སུ་ཁ་བཛྲ་ས་ཏྭ་བརྗོད། མ་ཧཱ་ནི་ཆེན་པོ་དང་། སུ་ཁ་ནི་བདེ་བ། བཛྲ་ས་ཏྭ་ནི་རྡོ་རྗེ་སེམས་དཔའ། ཨ་ཧཾ་ནི་བདེ་བ་ཆེན་པོའི་ཡེ་ཤེས། དེ་ལྟ་བུའི་བདེ་བ་ཆེན་པོའི་ཡེ་ཤེས་རྒྱུད་ལ་སྐྱེས་སོང་སྙམ་པ་ནི་ནང་གི་བསྲེག་བླུག་གི་ཚུལ་གྱི་མཎྜལ་གྱི་ཁྲིད་རེད།

ཁྱེད་རྣམ་པས་ཉམས་སུ་ལེན་པའི་གནས་སྐབས་ན་ངག་འདོན་དང་སྦྲགས་ནས་བསྒོམ་ན་བདེ་རྒྱུ་རེད། ད་ནི་དུས་བཞི་སངས་རྒྱས་མཉམ་སྦྱོར་གྱི་སྒོམ་པ་ཞེས། ཉིན་པར་དང་ནམ་སྟོད། ནམ་ལངས་ཁའི་ཐོ་རེངས། སྲོད་རྣམས་ཀྱི་སྒོམ་སྟངས་བཞི་པོ་དེ་འོག་ཏུ་འཆད་རྒྱུ་ཡིན།

དང་པོ་ཉིན་པར་སྣང་བ་རྒྱ་ཡིས་གདབ་པའི་ཁྲིད་ནི།

ཉིན་པར་དུས་སུ་སྒོ་ཡུལ་རླུང་རིག་གི་གནད་ལ་བརྟེན་ནས་རླུང་སེམས་རྡོ་རྗེ་ལུ་གུ་རྒྱུད་ཀྱི་དྲ་བར་བཙུད་ལ་ལྷུན་གྲུབ་བསྒོམ་མོ༔

ཞེས་ཉིན་པར་ལུས་བཞུགས་སྟངས་གསུམ་དང་། ངག་གི་སྨྲ་བ་བཅད། ཡིད་རྩེ་གཅིག་ཏུ་བཞག་ནས་ཐོད་རྒལ་གྱི་གནད་ལ་རྩེ་གཅིག་ཏུ་སྒོམ་པར་བྱེད་པ་ལ་ཟེར།

གཉིས་པ་ནམ་སྟོད་ཤེས་བྱ་བུམ་པར་གཞུག་པའི་མན་ངག་ནི།

མཚན་མོ་སྙིང་དབུས་སམ་སྨིན་མཚམས་ཀྱི་ཐིག་ལེ་ཨ་ཡིག་དང་བཅས་པ་ལ་སེམས་རྩེ་གཅིག་ཏུ་བཟུང་ཞིང་འོད་གསལ་བ་བསྒོམ་མོ༔

ཞེས་མཚན་མོ་རྨི་ལམ་ཟིན་པར་འདོད་ན་སྨིན་མཚམས་སུ་ཨ་དཀར་པོ་ལ་སེམས་འཛིན་དགོས་ཤིང་། མཚན་མོ་འོད་གསལ་ཟིན་པར་འདོད་ན་སྙིང་ནང་དུ་ཨ་དཀར་བོ་འོད་དང་འོད་ཟེར་འཕྲོ་བ་ཞིག་ལ་སེམས་བཟུང་ནས་གཉིད་དགོས་གསུངས་ཤིང་། དེ་ནམ་གུང་ཤེས་བྱ་བུམ་པར་གཞུག་པའི་གདམས་ངག་ཡིན།

གསུམ་པ་ཐོ་རངས་རིག་པ་དྲུངས་སུ་གཞུག་པའི་མན་ངག་ནི།

ཐོ་རངས་ཧ་ཧ་ཞེས་རླུང་བསངས་ནས་ནམ་མཁའི་དཀྱིལ་དུ་རང་བྱུང་གསང་བ་ཆེན་པོའི་ཡི་གེ་ཨ་གསལ་ཞིང་འབར་བ་ལ་ཡིད་མིག་རླུང་གསུམ་མདུང་ཚུགས་སུ་གཏད་དེ་རིག་པ་དྲུངས་སུ་བཅུག་གོ༔

ཞེས་ནངས་དུས་སུ་ཁ་ནང་ནས་ཧ་ཧ་ཞེས་རླུང་ལན་གསུམ་བུས། དེ་ནས་སྙིང་ནང་གི་ཨ་ཡིག་དེ་མདུན་གྱི་ནམ་མཁའ་ལ་ཨ་དཀར་པོ་འོད་དང་འོད་ཟེར་འཕྲོ་བ་ཞིག་ལིངས་སེ་ཡོད་པ་ལ་སེམས་བཟུང་ན། རིག་པ་བྱིང་རྨུགས་ལ་སོགས་ཀྱིས་དུབ་ཆ་མེད་པར་དྭངས་བར་འགྱུར་གསུངས། དེ་ནས་མན་ངག་གཞན་ཐམས་ཅད་ཀྱི་ནང་ན་སྲོད་ལ་དབང་པོ་གནས་སུ་བསྡུ་བ་ཞེས་བདེ་སྟོང་གི་ལམ་སྒོམ་ཚུལ་ཞིག་ཡོད་པ་གོང་དུ་རྡོར་སེམས་བསྒོམ་བཟླས་ཀྱི་སྐབས་སུ་བཤད་པ་དེས་འཐུས་པས་གཞན་བཤད་མི་དགོས་པར་འདུག

རྣམ་པ་ཀུན་ཏུ་རང་རིག་པ་སྐད་ཅིག་མའི་ངང་བསྐྱངས་བས་འཁྲུལ་པའི་རྟོག་ཚོགས་ཐམས་ཅད་སྤྲིན་ནམ་མཁའ་ལ་དེངས་པ་ལྟར་རང་གྲོལ་བ་ལ་བསླབ་བོ༔

ཞེས་དུས་རྒྱུན་དུ་ཀ་དག་ཁྲེགས་ཆོད་ཀྱི་ལྟ་བའི་ངང་དུ་རྩེ་གཅིག་ཏུ་བཞག་ན། རྣམ་རྟོག་ཐམས་ཅད་སྤྲིན་ནམ་མཁའ་ལ་དེངས་བ་བཞིན་དབྱིངས་སུ་དེངས་པར་འགྱུར་གསུངས་ཤིང་། དེ་དག་ནི་ཚེ་འདིར་གྲོལ་བར་བྱེད་པའི་མན་ངག་ཡིན།

འཆི་ཁ་གྲོལ་བའི་མན་ངག་རྣམ་པ་གཉིས་ཡོད་པས་དེ་འཆད་པ་ལ། དང་པོ་ནམ་མཁའ་སུམ་སྤྲུགས་ཀྱི་མན་ངག་ནི།

ཚེ་འདི་ཉིད་ལ་གོ་འཕང་མཆོག་མ་འགྲུབ་ན་ནམ་མཁའ་སུམ་སྤྲུགས་ཀྱི་སྦྱོར་བས་མྱ་ངན་ལས་འདའ་བར་བྱའོ༔

ཞེས་ཚེ་འདི་ལ་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་ན། འབྱུང་འགྱུར་འཆི་བའི་སྐབས་སུ་ཕྱི་རོལ་ཡུལ་གྱི་ནམ་མཁའ་སྟོང་པ་དང་། ནང་གི་མིག་རྩ་སྟོང་པ། གསང་བ་རིག་པ་སྟོང་པ་གསུམ་ལ་རྩེ་གཅིག་ཏུ་གཏད་དེ་མཉམ་པར་བཞག་ནས་འཕོ་བར་བྱ་རྒྱུ་ལ་ཟེར།

གཉིས་པ་འཕོ་བའི་མན་ངག་བཤད་པ་ནི།

ཡང་ན་རླུང་སེམས་ཐིག་ལེ་ཨ་ཡིག་དང་བཅས་པ་ལ་སེམས་རྩེ་གཅིག་ཏུ་བསྡུས་ཏེ་ཚངས་པའི་ལམ་ནས་བླ་མའི་ཐུགས་ཀར་བསྟིམས་ལ་མེ་རི་འབར་བ་ལ་སོགས་པར་གཤེགས་སུ་གསོལ་བར་བྱའོ༔

ཞེས་འཆི་བའི་སྐབས་སུ་རང་སེམས་སྙིང་ནང་དུ་ཨ་ཡིག་དཀར་པོ་བསྒོམས། སྤྱི་གཙུག་གི་བླ་མ་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་པའི་མཐུས། སྙིང་ནང་གི་ཨ་ཡིག་ཚངས་པའི་ལམ་ནས་ཐོན་ཏེ་ཇེ་མཐོ་ཇེ་མཐོར་སོང་ནས་བླ་མའི་ཐུགས་ཀར་ཐིམ། བླ་མ་ཡང་མཐར་ཇེ་མཐོ་ཇེ་མཐོར་མེ་རི་འབར་བའི་ཞིང་ཁམས་སུ་གཤེགས་པར་བསྒོམ་པར་གསུངས།

དེ་ནས་ཆོས་ཉིད་བར་དོ་འཆར་བས་དེར་གྲོལ་བའི་མན་ངག་བཤད་པ་ནི།

གལ་ཏེ་བར་དོའི་སྣང་བ་ཅི་ཤར་ཡང་རིག་པ་རང་མལ་ལས་མ་གཡོས་པ་མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུའི་གནད་དྲན་པར་བྱའོ༔

ཞེས་བར་དོར་སྒྲ་འོད་ཟེར་སྐུ་ལ་སོགས་པའི་སྣང་བ་གང་ཤར་ཡང་། ཁྲེགས་ཆོད་རིག་པ་རང་མལ་ལས་མ་གཡོས་པར་རྩེ་གཅིག་ཏུ་འཇོག་པ་ལ། མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུའི་གདམས་ངག་ཟེར་བ་ཡིན་གསུངས།

ཅུང་ཟད་སྤྲོས་པ་དང་བཅས་པས་ནི་ཚོགས་ཀྱི་འཁོར་ལོའི་འདུ་བ་ལ་སོགས་པ་ཇི་ལྟར་རིགས་པའི་དུས་སུ་ལོངས་སྤྱད་དོ༔

ཞེས་གཞན་ཡང་སྤྲོས་པ་དང་བཅས་པའི་གང་ཟག་ཐམས་ཅད་ཀྱིས་སྤྱིར་ཚོགས་ཀྱི་འཁོར་ལོ་བྱེད་དགོས་ཀྱང་། རྣལ་འབྱོར་པ་རྟོགས་པ་མཆོག་ལྡན་མ་གཏོགས་ཚོགས་ཀྱི་འཁོར་ལོ་དངོས་མི་ཡོང་། དེ་མ་ཡོང་ནའང་ཡར་ངོའི་ཚེས་བཅུ་དང་མར་ངོའི་ཉེར་ལྔའི་དུས་སུ་ཚོགས་ཀྱི་མཆོད་པ་ཙམ་བྱས་པ་ལ་ཡང་ཕན་ཡོན་ཚད་མེད་པ་ཡོད་པས། ཚོགས་ཀྱི་མཆོད་པ་སོགས་ལ་རྒྱ་ཆེར་འབད་དགོས་པར་གསུངས། འོ་ཡ། དེ་རིང་ཆོས་ཁྲིད་ཀྱི་མཚམས་འདི་ནས་འཇོག

སྲོག་ཆགས་གླིང་གར་ཕེབས་པ།

ཕྱི་ཟླ་༧པའི་ཚེས་༡༤ཉིན་གྱི་སྔ་དྲོར། ཆོས་རྗེ་ཉིད་ཝཱལ་ལེ་ཧཱོའི་(Vallejo)མཚོ་གླིང་སྐྱེད་ཚལ་དུ་གཟིགས་སྐོར་ལ་ཕེབས། དེ་ནི་དེར་འཁོད་ཀྱི་ཨ་རིའི་ཆོས་པ་དང་བོད་རིགས་རྣམས་ཧ་ཅང་དགའ་བའི་གནས་ཤིག་ཀྱང་ཡིན། གླིང་ག་འདི་ནི་སྲོག་ཆགས་གླིང་ག་གཞན་ལྟར་སྲོག་ཆགས་ཚང་མ་གཟེབ་དྲྭའི་ནང་དུ་བཙུད་འདུག་པ་མ་ཡིན་པར། མིས་ལྟ་སྐྱོང་དང་སྦྱོང་བརྡར་གང་ལེགས་བྱས་ཏེ་ཚང་མ་གཏན་ཁེལ་གྱི་ཁོར་ཡུག་རྣམས་སུ་རང་དབང་གིས་འགྲོ་འདུག་བྱེད་ཅིང་། སྤྲོ་འཁྱམ་པ་རྣམས་དང་རྩེ་དགའ་མཉམ་རོལ་བྱེད་ཀྱིན་འདུག

ཉིན་དེར་ནམ་མཁའ་དྭངས་ཤིང་ཉི་འོད་རབ་ཏུ་འཚེར། ཆོས་རྗེ་ཉིད་ཁྲེའུ་འཁོར་ལ་བཞུགས་ཤིང་ཕྱག་ཏུ་རྒྱང་ཤེལ་ཆུང་ངུ་ཞིག་བསྣམས་ནས། ལྗོན་ཤིང་ཚར་དུ་དངར་ཞིང་འདབ་ཆགས་ཀྱིས་དབྱངས་སྙན་ཅི་དགར་སྒྲོག་པ། དཀར་དམར་མེ་ཏོག་གི་བསུང་ཞིམ་ཕྱོགས་ཀུན་འཐུལ་བའི་མཛེས་ལྗོངས་ཉམས་དགའ་བ་དེར། ཆེད་བསྐོས་མི་སྣས་ལྟ་སྐྱོང་བྱས་ཤིང་རང་བྱུང་གི་འཇིགས་པ་བྲལ་བའི་སྲོག་ཆགས་རྣམས་ཅི་དགར་རྒྱུ་བ་ལ་གཟིགས་མོ་མཛད། ཅུང་ཟད་རྒྱང་རིང་པོར་ཡོད་པ་རྣམས་ལ་རྒྱང་ཤེལ་གྱིས་གཟིགས་ཤིང་ཐུགས་སྣང་ཧ་ཅང་སྤྲོ་མོ་བྱུང་།

གནས་འདིར་མཚོ་གླིང་སྐྱེད་ཚལ་ཞེས་མིང་བཏགས་འདུག་ཀྱང་། གླིང་ག་དེར་སྐམ་སའི་སྲོག་ཆགས་ཀྱང་མང་པོ་ཡོད་པར་མ་ཟད། ང་ཚོར་འདྲིས་ཆེ་བའི་བོད་ཡུལ་གྱི་འབྲི་གཡག་ཀྱང་མཐོང་བྱུང་། ཐོག་མར་སྲོག་ཆགས་ཆེ་རིགས་ཀྱི་འགྲེམ་ཁུལ་དུ། དེ་སྔོན་ང་ཚོས་རིག་མ་མྱོང་བའི་སྲོག་ཆགས་མང་པོར་མཐོང་བས་ཧ་ཅང་ངོ་མཚར་བར་གྱུར། དེ་ནས་ཐོག་ཁེབས་མེད་པའི་འཁྲབ་སྟོན་ཁང་ཆེན་པོ་ཞིག་ཏུ། མཚོ་ཕག་གིས་ཉམས་མཚར་བའི་འཁྲབ་སྟོན་བྱེད་པ་ལ་ལྟད་མོ་བལྟས། མཚོ་ཕག་དེ་དག་ལ་ཡུན་རིང་པོར་མིས་སྦྱོང་བརྡར་བྱས་པས་འཁྲབ་སྟོན་སྒྱུ་རྩལ་ལ་ཤིན་ཏུ་བྱང་ཆུབ་པར་གྱུར་འདུག་སྟེ། སྐབས་རེར་མི་དང་མཉམ་དུ་ཆུ་རྩེད་འགྲན་ཞིང་། ཐེངས་རེར་ཆུ་དཀྱིལ་ནས་ཀྲོང་ངེར་ལངས་པ་སོགས་འཁྲབ་སྟོན་སྣ་ཚོགས་བསྟན་པས། ལྟད་མོ་བའི་དགའ་བསུའི་ཐལ་སྒྲ་རྒྱུན་མི་ཆད།

ཐོག་མར་རྗེ་ཉིད་ཐུགས་སྣང་ཧ་ཅང་སྤྲོ་ཞིང་དགྱེས་པར་འདུག་ཀྱང་། ཅུང་ཙམ་ནས་སྨིན་མཚམས་བསྡུས་ཤིང་སྐྱོ་བའི་རྣམ་འགྱུར་དང་བཅས་ཏེ། སེམས་ཅན་འདི་དག་ལས་ངན་རེད། མནར་གཅོད་ཀྱི་སྒོ་ནས་སྦྱོང་བརྡར་སྣ་ཚོགས་བཏང་བས་ད་ལྟ་མི་རྣམས་ཀྱི་རྩེད་ཆས་ལྟ་བུར་གྱུར་འདུག མི་རྣམས་ཀྱིས་ཀྱང་རང་དགར་བཟའ་བཏུང་ཙམ་ལ་ལོངས་སུ་སྤྱོད་པ་ལས། རྒྱུ་འབྲས་སྤང་བླང་མི་ཤེས་པ་ནི་སྲོག་ཆགས་འདི་དག་དང་ཁྱད་པར་མི་འདུག་གསུངས།

དེ་ལྟར་མུ་མཐུད་གཟིགས་སྐོར་དུ་ཕེབས་པ་ན། དམིགས་བསལ་གྱི་སྲོག་ཆགས་འགའ་རེ་ལྕགས་ཀྱི་གཟེབ་དྲྭའི་ནང་དུ་བཙུད་ཡོད་པ་གཟིགས་ཚེ། འདི་དག་ནི་ཚེ་གཅིག་གི་བཙོན་པ་ལྟ་བུ་རེད་ཅེས་ཐུགས་ཤིན་ཏུ་སྐྱོ་བའི་རྣམ་འགྱུར་བྱུང་། རྗེས་ཕྱོགས་ཀྱི་དུས་ཚོད་རྣམས་སུ། ཁོང་གིས་སེམས་ཅན་དེ་དག་གི་ཆེད་དུ་གཟུངས་སྔགས་ཟློ་པ་དང་བྱིན་རླབས་སྩོལ་བ་ལས་གསུང་བཤད་མང་པོ་ཆེར་མ་གནང་། དེ་ལྟ་ནའང་། བདག་གིས་ནི་སེམས་ཅན་འདི་རྣམས་ལ་རྗེ་ཉིད་སྐུ་དངོས་ཀྱིས་ཐུགས་བསྐྱེད་སྨོན་ལམ་མཛད་པས་ལས་ངན་ནང་ནས་ལས་དག་རེད་སྙམ་པ་བྱུང་།

ལོ་མང་པོའི་རྗེས་སུ། སྔར་གྱི་མཚོ་གླིང་སྐྱེད་ཚལ་ཞེས་པའི་སྲོག་ཆགས་གླིང་ག་དེ་རོལ་རྩེད་གླིང་དུ་བསྒྱུར་བས། གནས་དེ་གའི་སྲོག་ཆགས་རྣམས་ཀྱང་ཇེ་ཉུང་ནས་ཇེ་ཉུང་ལ་ཕྱིན་ཏེ་རིམ་བཞིན་མི་སྣང་བར་གྱུར།

ལྕེ་བཙུན་སྙིང་ཐིག་གི་ཁྲིད་ཐུན་བཞི་པ།

ཉིན་དེའི་ཕྱི་དྲོར་ཆོས་རྗེ་ཉིད་ཀྱིས་ལྕེ་བཙུན་སྙིང་ཐིག་གི་ཁྲིད་ཐུན་རྗེས་མ་འདི་ལྟར་གསུང་།

དེ་ལ་གང་གསན་པར་བྱ་བའི་ཆོས་ནི། སྔ་འགྱུར་རྙིང་མའི་འོད་གསལ་རྫོགས་པ་ཆེན་པོའི་ལམ་ཉམས་སུ་ལེན་པའི་བཀའ་སྲོལ་གྱི་དབང་དུ་བྱས་ན། རིག་འཛིན་སྔོན་མ་ཐམས་ཅད་ནི་འཇའ་ལུས་འཕོ་བ་ཆེན་པོའི་སྐུར་བཞེངས་ཤིང་། ཁོང་རྣམས་ཀྱི་སྐུ་ལུས་འཇའ་ལུས་འོད་སྐུར་བཞེངས་བའི་རྗེས་སུ། སློབ་མ་རྣམས་ལ་ཡང་རང་རང་སོ་སོའི་སྐུ་ཚེ་གཅིག་གི་ཟབ་མོ་མན་ངག་གི་གནད་ཐམས་ཅད་གཅིག་ཏུ་བསྡུས་པའི་འདས་རྗེས་རེ་མཛད་པའི་སྲོལ་ཡོད།

རྫོགས་པ་ཆེན་པོའི་ལམ་འདི་ཉིད་ཡང་དག་པར་ཉམས་སུ་ལེན་པའི་གང་ཟག་རྣམས་སྐུ་ཡོངས་སུ་མྱ་ངན་ལས་འདའ་བའི་དུས་སུ། གདོས་བཅས་ཤ་ཁྲག་གི་རྣམ་པ་ཅན་འདི་དག་ཐམས་ཅད་ཀུན་ཀྱང་འོད་དུ་དེངས་འགྲོ་རྒྱུ་ནི་རྫོགས་པ་ཆེན་པོ་ཁོ་ནའི་ཁྱད་ཆོས་ཡིན། འོད་དུ་དེངས་ཚར་བའི་རྗེས་སུ། སྐལ་བ་དང་ལྡན་པའི་སློབ་མ་རྣམས་ལ་སླར་ཡང་འོད་དང་འོད་ཟེར་གྱི་སྐུ་དེ་འོད་ཕུང་གི་དཀྱིལ་ནས་བསྟན་ཏེ་གདམས་པ་སྟོན་རྒྱུ་ཡང་། རྫོགས་པ་ཆེན་པོའི་ལམ་ཉམས་སུ་ལེན་པའི་ཁྱད་ཆོས་ལས་གྲུབ་མཐའ་གཞན་དང་ཆོས་ལུགས་གཞན་ལ་མེད་པ་ལྟ་བུ་རེད།

དེ་ཡང་འཛམ་བུ་གླིང་འདིར་རྫོགས་པ་ཆེན་པོའི་བསྟན་པ་ཐོག་མར་སྤེལ་བ་པོ་རིག་འཛིན་དགའ་རབ་རྡོ་རྗེ་ཡིན་ཞིང་། དགའ་རབ་རྡོ་རྗེ་ཁོང་སྐུ་ལུས་འོད་ཀྱི་ཕུང་པོ་ཉིད་དུ་གྱུར་པའི་རྗེས་སུ། ཁོང་གི་སློབ་མ་འཇམ་དཔལ་བཤེས་གཉེན་ལ་ཚིག་གསུམ་གནད་དུ་བརྡེག་པའི་མན་ངག་ཅེས་བྱ་བ་འདས་རྗེས་སུ་གནང་བ་དང་། དེ་ནས་འཇམ་དཔལ་བཤེས་གཉེན་གྱི་སྐུ་འོད་ཕུང་དུ་གྱུར་པའི་རྗེས་སུ། ཁོང་གི་སློབ་མ་རྒྱ་ནག་གི་སློབ་དཔོན་ཤྲཱི་སིངྷ་ལ་འདས་རྗེས་སྒོམ་ཉམས་དྲུག་པ་ཞེས་བྱ་བ་བབས། སློབ་དཔོན་ཤྲཱི་སིངྷ་འོད་ཕུང་དུ་གྱུར་པའི་རྗེས་སུ་ཁོང་གི་སློབ་མ་ཛྙཱ་ན་སུ་ཏྲ་ལ་གཟེར་བུ་བདུན་པ་ཞེས་བྱ་བའི་འདས་རྗེས་གནང་། ཛྙཱ་ན་སུ་ཏྲ་ཡོངས་སུ་མྱ་ངན་ལས་འདས་ནས་འོད་ཀྱི་ཕུང་པོ་རུ་གྱུར་པའི་དུས་སུ་ཁོང་གི་སློབ་མ་བི་མ་ལ་མི་ཏྲ་ལ་བཞག་ཐབས་བཞི་པ་ཞེས་བྱ་བའི་འདས་རྗེས་གནང་།

བི་མ་ལ་མི་ཏྲ་དང་པདྨ་འབྱུང་གནས་གཉིས་ལ་འདས་རྗེས་མེད། མེད་པའི་རྒྱུ་མཚན་ཡང་བི་མ་ལ་མི་ཏྲ་ནི་སྐུ་ལུས་མ་སྤངས་བར་ད་ལྟ་ཡང་རྒྱ་ནག་རི་བོ་རྩེ་ལྔ་རུ་དག་པའི་གདུལ་བྱ་རྣམས་ལ་ཆོས་བསྟན་ནས་བཞུགས་ཡོད་ཅིང་། པདྨ་འབྱུང་གནས་ནི་རྔ་ཡབ་སྲིན་པོའི་གླིང་དུ་བྱོན་ནས། ད་ལྟ་སྲིན་པོ་རྣམས་ལ་ཆོས་གསུང་བཞིན་ཡོད་པས། ཁོང་གཉིས་ནམ་མཁའ་ཇི་སྲིད་དུ་མྱ་ངན་ལས་མི་འདའ་བར་སྐུ་དངོས་ཀྱིས་འགྲོ་དོན་མཛད་པ་རེད།

དེས་ན་རང་རེ་དཔོན་སློབ་ཚང་མས་ཀྱང་རྫོགས་པ་ཆེན་པོའི་ལམ་འདི་ཉམས་སུ་བླངས་ནས་མཐར་ཕྱིན་ན། སྐྱེ་ཤི་མང་པོ་བརྒྱུད་མི་དགོས་པར་ནམ་ཞིག་འཆི་བ་ལ་ཉེ་བའི་དུས་སུ། སྐུ་ལུས་འདིའི་སྟེང་དུ་འགྲོ་དོན་ཡོད་ན་པདྨ་འབྱུང་གནས་དང་བི་མ་ལ་མི་ཏྲ་བཞིན་དུ་ནམ་མཁའ་ཇི་སྲིད་དུ་སྐུ་ལུས་འདི་མ་སྤངས་བར་བཞུགས་ཤིང་། སྐུ་ལུས་འདིའི་སྟེང་དུ་འགྲོ་དོན་མེད་ན་འོད་དུ་དེངས་ནས་སླར་ཡང་གདུལ་བྱའི་སྣང་ཚུལ་གྱི་དབང་གིས་སྤྲུལ་བ་རྣམ་པ་སྣ་ཚོགས་འགྱེད་པར་འགྱུར་བ་ཡིན།

དེ་ལྟར་རིག་འཛིན་སྔ་མ་རྣམས་སྐུ་མྱ་ངན་ལས་འདས་པའི་རྗེས་སུ། རང་གི་སློབ་མ་ཕྱི་མ་རྣམས་ལ་མངོན་སུམ་དུ་ཡེ་ཤེས་སྒྱུ་མའི་སྐུའི་ཞལ་བསྟན་ནས་ཆོས་གསུངས་པ་ཡང་། གནའ་ཞིག་ལ་དེ་ལྟ་བུའི་གསུང་སྲོལ་ཡོད་ཅེས་པའི་ལོ་རྒྱུས་ཙམ་ཞིག་མ་ཡིན་པར། ངོ་མ་དངོས་ཐོག་ནས་ཁོང་རྣམ་པའི་གསུང་དེ་དག་ཚང་མའང་རིག་འཛིན་རྣམ་བཞིའི་འདས་རྗེས་ཞེས་རྫོགས་པ་ཆེན་པོའི་རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་གནད་འདུས་པ་ཞིག་སྟེ། བི་མ་སྙིང་ཐིག་དང་བླ་མ་དགོངས་འདུས་ལ་སོགས་པའི་ཡིག་ཆའི་ནང་ན་ད་ལྟ་ཡང་མངོན་གསལ་དུ་མཇལ་རྒྱུ་ཡོད།

དེ་ནས་བི་མ་ལ་མི་ཏྲའི་སློབ་མ་ལྕེ་བཙུན་ཆེན་པོ་སེང་གེ་དབང་ཕྱུག་འདི་ཉིད་སྐུ་ཡོངས་སུ་མྱ་ངན་ལས་འདས་པའི་རྗེས་སུ། འོད་ཕུང་གི་དཀྱིལ་ནས་ཡེ་ཤེས་སྒྱུ་མའི་སྐུའི་ཞལ་མཁའ་འགྲོ་མ་དཔལ་གྱི་བློ་གྲོས་མ་ལ་སོགས་པའི་མཁའ་འགྲོ་མ་བྱེ་བ་འབུམ་ལ་མངོན་སུམ་དུ་བསྟན་ནས་འདས་རྗེས་དུམ་བུ་གསུམ་པ་འདི་ཉིད་གསུངས།

མཁའ་འགྲོ་མ་དཔལ་གྱི་བློ་གྲོས་མ་ལ་སོགས་པས། མན་ངག་ཟབ་མོ་དེ་ཀློང་ལྔའི་ཡི་གེ་ལྔ་ཡི་ནང་དུ་བསྡུས་ནས་མི་བརྗེད་པའི་གཟུངས་ཀྱིས་བཟུང་བ་ཡིན། ཀློང་ལྔའི་ཡི་གེ་ནི་འ་ཨ་ཧ་ཤ་ས་མ་ལྔ་ཡིན། རྗེས་སུ་འཇམ་དབྱངས་མཁྱེན་བརྩེ་དབང་པོ་ལ་ཆོས་འདི་ཉིད་བཀའ་བབས་པའི་སྐབས་སུ། མཁའ་འགྲོ་མ་བྱེ་བ་འབུམ་གྱིས་འ་ཨ་ཧ་ཤ་ས་མ་ཞེས་པའི་མགུར་དབྱངས་སྙན་པོ་བསྒྲགས་ཡོང་དུས། སྔོན་ཆད་ཁོང་ལ་དེ་ལྟ་བུ་གསུངས་པ་རྣམས་ཐུགས་ལ་བཀྲ་ལམ་མེར་ཤར་བར་གྱུར། དེས་ན་ཆོས་འདིའི་གནད་ཡོངས་སུ་རྫོགས་པ་ཡང་ཚུར་བསྡུས་ན་འ་ཨ་ཧ་ཤ་ས་མ་ཡི་གེ་ལྔ་པོའི་ནང་དུ་འདུ། ཁྱེད་རྣམ་པ་ལ་ཡི་གེ་ལྔ་ཡི་མི་ཚད་པར་དྲུག་འདུག་སྙམ་པའི་དོགས་པ་ཞིག་སྐྱེ་སྲིད་ཀྱང་། སྤྱིར་ན་རིགས་དྲུག་གི་འགྲོ་བ་ཐམས་ཅད་སྒྲོལ་བར་བྱེད་པ་ལ་ཡི་གེ་དྲུག་ཏུ་བགྲང་ན་ཡང་ཆོག་ལ། རྫོགས་ཆེན་གྱི་རྒྱུད་ཀྱི་ནང་ན་ཡི་གེ་དྲུག་ཏུ་བགྲང་ཡོད་ས་ཡང་འདུག

ལྕེ་བཙུན་སྙིང་ཐིག་འདིའི་སྐབས་ན་ཀློང་ལྔའི་ཡི་གེ་ཞེས་གསུངས་ཡོད་ཅིང་། ཀློང་ལྔའི་ཡི་གེ་ཞེས་པ་ནི་ཆོས་དབྱིངས་སྐྱེ་བ་མེད་པའི་མཚོན་བྱེད་ཆོས་དབྱིངས་ཡེ་ཤེས་ཀྱི་བདག་ཉིད་ཅན་དུ་འ་ཆུང་དང་ཨ་ཆེན་ཞེས་བོད་ཡིག་ལ་གཉིས་ཡོད་ཅིང་། རྒྱ་གར་གྱི་ལེགས་སྦྱར་སྐད་ལ་ཡི་གེ་རིང་ཐུང་ཙམ་ཞིག་མ་གཏོགས་ཡོད་པ་མིན། དེའི་ཨ་དང་བོད་ཀྱི་འ་གཉིས་གཅིག་ཏུ་བསྡུས་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མཚོན་པར་བྱེད་པའི་ཡི་གེ་ཨ་སྟེ་ལྔར་གྱུར་བ་ཡིན།

དེ་ལ་ཆོས་ཅུང་ཤེས་ཤིང་སྦྱང་བ་མཐར་མ་ཕྱིན་པ་ཁ་ཅིག་གིས། འདིར་འ་ཆུང་ཞིག་ཡོད་པ་དེ་སཾ་སྐྲྀ་ཏའི་སྐད་ལ་རྩ་བ་ནས་མེད་པས་བོད་ཀྱི་སྐད་ཅིག་ཡིན་རྒྱུ་རེད། རྫོགས་ཆེན་ཚང་མ་ཡང་བོད་སྐད་ཀྱི་ཆོས་ཡིན་པ་ལས་རྒྱ་གར་ན་དེ་འདྲ་ཞིག་དར་མ་མྱོང་ཤས་ཆེ་སྙམ་ན། འདི་ནི་བོད་སྐད་རྐྱང་བ་ཙམ་མ་ཡིན་པར། མཁའ་འགྲོ་མ་དང་རིག་པ་འཛིན་པ་ཐམས་ཅད་ཀྱི་བརྡ་སྐད་ཐུན་མོང་མ་ཡིན་པ་ཞིག་ཡིན།

འདི་ལྟ་བུའི་བརྡ་སྐད་ནི་སཾ་སྐྲྀ་ཏ་རྐྱང་པའི་སྐད་ཡིན་པའི་ངེས་པ་ཡོད་པ་མིན་ཏེ། དཔེར་ན་དུས་འཁོར་རྩ་རྒྱུད་དེ་དེང་སང་བཀའ་ཆོས་ཀྱི་ནང་ན་འཁོད་ཡོད་ཀྱང་། དེའི་སྒྲ་ཚང་མ་ལེགས་སྦྱར་གྱི་སྐད་ལྟར་བསྒྲུབ་དགོས་ན་རྩ་བ་ནས་བསྒྲུབ་ཐུབ་རྒྱུ་མ་རེད། དཔེར་ན་ཤམྦྷ་ལའི་སྐད་ཀྱིས་སྒྲ་སྒྲུབ་སྟངས་མི་འདྲ་བ་ཡོད་ལ། ཡུལ་སོ་སོ་ལ་སྒྲ་སྒྲུབ་སྟངས་འདྲ་མིན་སྣ་ཚོགས་ཡོད་པས། སྔགས་ཡིན་ན་མཐའ་གཅིག་ཏུ་སཾ་སྐྲྀ་ཏ་ཁོ་ན་ཡིན་པའི་ངེས་པ་མེད།

འོ་ན་རྒྱ་གར་འཕགས་པའི་ཡུལ་དུ་ཡང་མ་དར་བའི་ཆོས་ཟབ་མོ་ཞིག་བོད་པ་རྣམས་ཀྱིས་རྙེད་ཐབས་མི་སྲིད་སྙམ་ན། དེ་ཡང་ལོ་རྒྱུས་ཀྱི་དབང་དུ་བྱས་ན། སྔོན་ཆད་སངས་རྒྱས་སྣང་བ་མཐའ་ཡས་དགེ་བའི་བཤེས་གཉེན་གྱི་ཚུལ་བཞེངས་བ་མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་དི་པཾ་ཀ་ར་ཉིད་བོད་དུ་བྱོན་ནས། བསམ་ཡས་རྒྱ་དཔེ་ལ་གཟིགས་པའི་དུས་སུ་ང་རྒྱལ་གཏིང་ནས་ཞི་སོང་བ་རེད། ཁོང་གི་བསམ་པ་ལ་བསམ་ཡས་ཀྱི་རྒྱུད་སྡེ་རྣམས་ལ་མི་ཤེས་རྒྱུ་སྣ་གཅིག་ཀྱང་མེད། བདག་གིས་ལྷ་ཀླུ་མི་ལ་སོགས་པའི་ཡུལ་ན་བཞུགས་པའི་གླེགས་བམ་རྣམས་ལ་དངོས་སུ་བལྟས་མྱོང་བར་མ་ཟད། མཁའ་འགྲོ་མ་རྣམས་ཀྱིས་ནམ་མཁའ་ནས་བསྟན་པའི་གླེགས་བམ་གྱི་སྒོ་མང་པོ་ཕྱེས་པ་རྣམས་ལའང་བལྟས་མྱོང་བས་མི་ཤེས་བསམ་པ་མེད་མོད། འོན་ཀྱང་བསམ་ཡས་རྒྱ་དཔེའི་ཁྲོད་དུ་བལྟས་ཡོང་དུས། ཁོང་གིས་དེ་སྔ་མཇལ་མ་མྱོང་བའི་གསང་སྔགས་ཀྱི་རྒྱུད་སྡེ་ཆེས་ཤིན་ཏུ་མང་པོ་བཞུགས་ཡོད་པ་མཇལ། དེ་དག་ནི་སྔོན་ཨོ་རྒྱན་ཆེན་པོ་དང་བི་མ་ལ་མི་ཏྲ་སོགས་ཀྱིས་རྫུ་འཕྲུལ་ལ་བརྟེན་ནས་ལྷ་ཀླུ་མི་གནོད་སྦྱིན་དྲི་ཟ་ལ་སོགས་པའི་ཡུལ་ནས་སྤྱན་དྲངས་པ་ཡིན་ཚོད་གདའ། བོད་ཀྱི་རྒྱལ་པོའི་དུས་སུ་ཆོས་དར་བ་ལྟ་བུ་རྒྱ་གར་འཕགས་པའི་ཡུལ་དུ་ཡང་དར་མྱོང་མི་འདུག་ཅེས་གསུངས་ནས་བསྟོད་བསྔགས་མཛད།

དེ་ལྟར་རྫོགས་པ་ཆེན་པོ་ལ་འདས་རྗེས་བབས་ཚུལ་སོགས་ཀྱི་བསྟན་པའི་ཆེ་བ་བཤད་པ་དང་། འ་ཨ་ཧ་ཤ་ས་མ་ལས་འཕྲོས་པའི་བསྟན་པ་ལ་ལོག་རྟོག་སེལ་བའི་སྒོ་ཙམ་ཞིག་བཤད་པ་གཉིས་ནི། ཁྱེད་རྣམ་པ་ཚང་མ་ཡང་རྫོགས་པ་ཆེན་པོའི་ལམ་ལ་སློབ་པ་ཤ་སྟག་ཡིན་ལ། རྗེས་མ་སྐལ་ལྡན་རྗེས་སུ་འཛིན་པ་དང་། སྐལ་མེད་ཀྱང་ཚར་གཅད་དགོས་པས། ངས་དེ་རིང་དེའི་རྟེན་འབྲེལ་ཙམ་ལ་དམིགས་ནས་སྐད་ཆ་མདོར་བསྡུས་ཙམ་བཤད་པ་ཡིན། གཞན་དེ་འདྲ་མང་པོ་བཤད་ན་དགོས་པ་ཆེར་མི་འདུག

གཞན་ཡང་འ་ཨ་ཧ་ཤ་ས་མ་ཡིག་འབྲུ་དྲུག་པོའི་ནང་དུ་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་གནད་ཡོངས་སུ་རྫོགས་པ་འདུ་བ་ཡིན། དེས་ན་ཁྱེད་རྣམ་པས་རྗེས་སུ་སྔགས་འདི་རང་གི་ཐུགས་ལ་འཛིན་རྒྱུ་དང་ཁ་ཏོན་བྱས་ན་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད། ལྕེ་བཙུན་སྙིང་ཐིག་འདི་དབྱིན་ཇིའི་ཡི་གེ་སོགས་སུ་སྒྱུར་དུས་ཀྱང་འ་ཨ་ཧ་ཤ་ས་མ་ཞེས་པའི་ཡིག་གཟུགས་ནི་བོད་ཡིག་ལྟར་འཇོག་པ་ལས་ཡིག་གཟུགས་གཞན་དུ་བསྒྱུར་མི་རུང་། འདི་བརྡ་ཡིག་ཡིན་པས་རང་སོར་ཞོག

ད་གཞུང་དངོས་ལ་གདམས་པའི་ཆ་རྐྱེན་དང་གདམས་པ་དངོས་བཤད་པ་གཉིས་ལས། ཐོག་མར་གདམས་པའི་ཆ་རྐྱེན་ནི།

ཁྱད་པར་བཅོས་མ་མ་ཡིན་པའི་མོས་གུས་དྲག་པོས་བླ་མ་ལ་ནན་ཏན་དུ་གསོལ་བ་གདབ་པ་ནི་གེགས་སེལ་དང་བོགས་འདོན་ཐམས་ཅད་ཀྱི་མཆོག་ཏུ་འགྱུར་རོ༔

ཞེས་དེ་ཡང་ཆོས་གཞན་དང་ཉམས་ལེན་གཞན་གྱི་དབང་དུ་བྱས་ན། གེགས་སེལ་བྱེད་ལ་གེགས་སེལ་གྱི་མན་ངག་མང་པོ་ཡོད་ཅིང་། བོགས་ཐོན་བྱེད་ལའང་བོགས་འདོན་གྱི་མན་ངག་མང་པོ་ཞིག་ཡོད་དགོས་ཀྱང་། རྫོགས་པ་ཆེན་པོ་འདིའི་སྐབས་ན། བླ་མ་ལ་མོས་གུས་ཐུན་མོང་མ་ཡིན་པ་བསྐྱེད། དད་པ་བཞག གསོལ་བ་འདེབས་པ་འདིས་གེགས་ཀྱང་སེལ། བོགས་ཀྱང་ཐོན་ཡོང་གསུངས་པ་ཡིན།

དེས་ན་སྐབས་འདིར་ཁྱེད་རྣམ་པས་གོ་དགོས་པ་གཅིག་ཡོད་པ་ནི། སྤྱིར་སངས་རྒྱས་ཀྱི་ཆོས་དང་། ཁྱད་པར་དུ་བོད་དུ་དར་བའི་རྙིང་མ་ས་སྐྱ་བཀའ་བརྒྱུད་དགེ་ལྡན་ཇོ་ནང་རྣམས་ཀྱི་ཆོས་ལས་གང་གི་ལམ་དེ་ཉམས་སུ་བླངས་ན་བཟང་སྙམ་ན། གཞན་གྲུབ་མཐའ་དེ་དག་གི་ཆོས་གང་ཉམས་སུ་བླངས་ན་ཡང་ཐོག་མར་ངེས་པར་དུ་བླ་མ་ཧ་ཅང་མཁས་པ་ཞིག་བསྟེན་དགོས་ཤིང་། བསྟེན་ལུགས་ཀྱང་ཡུན་རིང་པོའི་བར་དུ་ལོ་སྣེར་ལོ་མཐུད་དེ། ལོ་ལྔ་དྲུག་གི་བར་ལ་ཡང་ནས་ཡང་དུ་ཐོས་བསམ་དང་། ཡང་ནས་ཡང་དུ་སྒྲོ་འདོགས་མ་བཅད་ན་ཆོད་ཐུབ་རྒྱུ་མ་རེད། དེའི་སྐབས་སྒོམ་པའི་རིམ་པ་དང་བསྟུན་ནས་སྐབས་སྐབས་སུ་གེགས་སེལ་བྱེད་དང་སྐབས་སྐབས་སུ་ཉམས་ལེན་ལ་བོགས་ཐོན་བྱེད་ཀྱི་མན་ངག་མང་པོ་ཞིག་དགོས་རྒྱུ་རེད། དེ་ཚང་མ་ཡང་གང་ཟག་ཕལ་བ་ཞིག་གིས་བསྒྲུབ་དགོས་ན་ཧ་ཅང་འགྲུབ་དཀའ་མོ་ཡིན།

རྫོགས་པ་ཆེན་པོ་འདིའི་དབང་དུ་བྱས་ན་ནི། བླ་མ་ལ་ལོ་ཟླ་མང་པོར་བསྟེན་མི་དགོས་པར་དུས་ཡུན་ཐུང་ངུ་ཙམ་ཞིག་ལ་བསྟེན་ན་ཆོག་ཅིང་། ཆོས་ལ་ཡང་ཧ་ཅང་མཁས་མི་དགོས་པར། སེམས་ངོ་ཙམ་ཞིག་ཤེས་པས་ཆོག དེས་ན་འདི་མ་ཡིན་པའི་གེགས་སེལ་བོགས་འདོན་གྱི་མན་ངག་གཞན་གང་ཡང་མི་དགོས་པར། བླ་མ་ལ་དད་པ་བཞག གསོལ་བ་བཏབ། ཆོས་དེ་ལ་མོས་པ་ཁྱད་པར་ཅན་ཞིག་སྐྱེ་བར་གྱིས་དང་། དེས་གེགས་ཀྱང་སེལ། བོགས་ཀྱང་ཐོན་ཡོང་བ་ཡིན། དེའི་ཕྱིར་ན། རྫོགས་པ་ཆེན་པོ་འདི་ཁོ་ན་ཉམས་སུ་ལེན་པ་ནི་ཤིན་ཏུ་གལ་ཆེ་བ་ཡིན།

ངེས་འབྱུང་སྙིང་ལ་གཅག༔

ཅེས་རྫོགས་པ་ཆེན་པོའི་ལམ་ཉམས་སུ་ལེན་པར་བྱེད་པ་ལ། ཚེ་འདིའི་དགྲ་འདུལ་གཉེན་སྐྱོང་ཚོང་ཁེ་སོ་ནམ་ལ་སོགས་པ་གང་ལ་ཡང་མི་ཆགས་པར། ཚེ་ཕྱི་མར་ཐར་བ་ཐོབ་པ་འབའ་ཞིག་དོན་དུ་གཉེར་བའི་ངེས་འབྱུང་ཅན་ཞིག་དགོས། དེའི་ཕྱིར་ན་ངེས་འབྱུང་བསྒོམ་དགོས་གསུངས།

མོས་གུས་རྩལ་དུ་བཏོན༔

ཞེས་ཆོས་དང་བླ་མ་ལ་སེམས་ཀྱིས་མོས་པ་དང་། ལུས་ཀྱིས་གུས་པ་རྩལ་དུ་བཏོན། མོས་གུས་ཀྱང་ཆུང་ཆུང་ཙམ་ཞིག་གིས་མི་ཆོག་པར་རྒྱུན་བསྐྱངས་ནས་རྩལ་དུ་འདོན་དགོས་གསུངས།

སྙིང་རྗེ་ཤས་མི་བཟོད་པ་ཕྱུངས༔

ཞེས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་འདོད་ཀྱི་བློ་དེ་ལ་སྙིང་རྗེ་ཟེར། དེ་ཡང་སྙིང་རྗེ་ཆུང་ཆུང་ཙམ་མ་ཡིན། དཔེར་ན་བུ་གཅིག་ལས་མེད་པའི་མས་བུ་ལ་བརྩེ་བ་ལས་ཀྱང་བརྒྱ་འགྱུར་སྟོང་འགྱུར་གྱིས་ལྷག་པའི་སྙིང་རྗེ་སྟེ། མདོར་ན་རང་ལས་ཀྱང་གཅེས་པའི་སྒོ་ནས་སྙིང་རྗེ་རྩལ་དུ་བཏོན་ཏེ་ཤུགས་ཕྱུངས་དགོས་གསུངས།

ཡུལ་གྱི་བདུད་རྩི་བསྟེན༔

ཞེས་དཔེར་ན་གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པའི་ཆོས་ཐམས་ཅད་ངོ་བོ་སྟོང་ཉིད་ཡིན་ལ་རྣམ་པ་སྣ་ཚོགས་སུ་ཤར་བ་ཡང་། རིག་པའི་རྒྱན་ཙམ་ཡིན་པར་ཤེས་པའི་སྒོ་ནས་ཉམས་རྟོགས་ཀྱི་ཡོན་ཏན་སྐྱེད་པའི་བདུད་རྩི་ལྟ་བུ་ཡིན་པ་དེ་བསྟེན་དགོས་གསུངས།

སྤྲོས་པ་ནང་དུ་བསྡུ༔

ཞེས་དགྲ་འདུལ་གཉེན་སྐྱོང་ལ་སོགས་པའི་བྱ་གཞག་མང་པོས་མི་གཡེང་བར། ཟས་ལྟོ་འགྲངས་དང་གོས་ལྷགས་སྐྱོབ་ཙམ་ཞིག་གིས་ཆོག་ཤེས་པར་བྱས་ནས། རབ་ན་རྫོགས་ཆེན་གྱི་བྱ་བ་དགུ་ཕྲུགས་དོར་བའམ། དེ་མིན་ཡང་བྱ་བ་ངན་པ་ཚང་མ་བསྐྱུར་ནས་རྫོགས་པ་ཆེན་པོའི་དོན་འབའ་ཞིག་སྒོམ་དགོས་གསུངས།

རླུང་རྒྱ་ཡན་དུ་འཇོག༔

ཅེས་གཞན་རྩ་རླུང་ཐིག་ལེ་ལ་སོགས་པ་སྒོམ་པའི་རྫོགས་རིམ་གྱི་དབང་དུ་བྱས་ན། རླུང་དེ་ཡང་ཚུར་རྔུབ། ནང་དུ་འཛིན། ཕར་འབྱིན་པ་ལ་སོགས་པ་རྩོལ་བ་དང་བཅས་པའི་སྒོ་ནས་སྒོམ་པར་བྱེད་ཀྱང་། རྫོགས་པ་ཆེན་པོའི་སྐབས་ན་དེ་ལྟ་བུའི་རྩོལ་བ་གང་ཡང་བསྐྱེད་མི་ཉན་གསུངས། རླུང་དེ་ཡང་ཁ་ནང་ནས་དལ་བུས་མངགས་ཏེ་རླུང་རྒྱུ་བ་མི་ཚོར་བ་ཙམ་དུ་བཞག་ན་རྩོལ་མེད་ཀྱི་ལམ་ཡིན། དེ་ལ་གེགས་སེལ་བོགས་འདོན་གྱི་མན་ངག་ཀྱང་མང་པོ་མི་དགོས་པས་རྫོགས་པ་ཆེན་པོའི་ལུགས་འདི་ལ་རླུང་རྒྱ་ཡན་དུ་འཇོག་རྒྱུ་ཡིན་གསུངས།

ལུས་གནད་དང་མ་བྲལ་བར་བྱ༔

ཞེས་ཁྲེགས་ཆོད་ཀྱི་དུས་སུ་ལས་དང་པོ་པས་ལུས་རྣམ་སྣང་ཆོས་བདུན་བྱེད་ཅིང་། ལུས་ཚུགས་བཟུང་ནས་སྒོམ་དགོས་པ་ལས། དང་པོ་ནས་ཉལ་བ་དང་ཁེན་པ་སོགས་བྱས་ན་བྱིང་རྨུགས་འཐིབས་གསུམ་གྱི་སྣ་དྲངས་ཡོང་། ཁྲེགས་ཆོད་ལ་བརྟན་པ་ཐོབ་པའི་གང་ཟག་ནི་གར་བདེ་གར་སྐྱིད་བྱས་ན་ཆོག ཐོད་རྒལ་སྒོམ་པའི་གནས་སྐབས་ན་ལུས་ཀྱི་གནད་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུའི་བཞུགས་སྟངས་གསུམ་ཡོད་པ་དང་མ་བྲལ་བ་དགོས་མ་གཏོགས། དེ་དང་བྲལ་སོང་ན་དབྱིངས་ཐིག་རིག་པ་རྣམས་འཆར་བ་མིན་ཞེས་གསུངས།

དབང་པོའི་མཆོག་དབྱིངས་ལ་གཟིར༔

ཞེས་བསྒོམ་པའི་གནས་སྐབས་ན་ཉི་མ་དང་། ཟླ་བ། མར་མེ། ཡང་ན་ནམ་མཁའ་སྟོང་པ་སོགས་ལ་ཡིད་མིག་རླུང་གསུམ་ཐིམ་སོང་བ་ལྟ་བུ་བྱས་ཏེ་དབྱིངས་ལ་གཏད་ནས་བསྒོམ་དགོས་གསུངས།

སྐབས་སྐབས་སུ་བུམ་པ་ཅན་འཇམ་པོ་བཟུང༔

ཞེས་རླུང་བུམ་པ་ཅན་ནི་རླུང་ཚུར་རྔུབ་ནས་ཕོ་བ་ཅུང་ཟད་རླུང་གིས་འགེངས་བའི་མིང་ལ་ཟེར། དེ་ཡང་སྐབས་སྐབས་སུ་ཞེས་པ་ནི་དད་པ་དང་སྙིང་རྗེ། བྱང་ཆུབ་ཀྱི་སེམས་ལ་སོགས་པ་དགེ་བའི་རྟོག་པ་སྐྱེ་བའི་གནས་སྐབས་ན་རླུང་ནང་ལ་ཅུང་ཟད་ཅིག་འཛིན་དགོས། འཇམ་པོར་བཟུང་ཞེས་པ་ནི་རྩ་རླུང་གི་མན་ངག་གཞན་ལྟར་ཤེད་ཀྱིས་དྲག་འཛིན་བྱེད་མི་དགོས་པར་རླུང་འཇམ་པོར་འཛིན་དགོས་ཤིང་། དེ་ཡང་རླུང་ནང་དུ་འཛིན་ཙམ་ཞིག་བྱས་ན་དེས་ཆོག་པར་གསུངས།

དུས་རྟག་ཏུ་རིག་སྟོང་རྗེན་ནེ་བའི་ངང་བཟུང་ལ་གནད་དུ་བཏང་ངོ་༔

ཞེས་ཁྲེགས་ཆོད་སྒོམ་པའི་གནས་སྐབས་ན་ཅི་ཡང་མི་བསམ་པ་ཙམ་ཞིག་མ་ཡིན་པར། རང་ངོ་རང་གསལ་དུ་ཤེས་པའི་རིག་སྟོང་གི་རང་ངོ་ཟིན་དགོས། ཐོད་རྒལ་སྒོམ་པའི་གནས་སྐབས་ན་ཡང་རིག་སྟོང་གི་རང་ས་བཟུང་ནས་སྒོམ་པ་མ་གཏོགས། ཕྱི་རོལ་ཡུལ་ལ་རྣམ་རྟོག་འཕྲོས་སོང་བ་ལྟ་བུའམ་ནང་དུ་ཅི་ཡང་མི་བསམ་པར་བཞག་བསྡད་པ་ལྟ་བུ་ཞིག་མ་ཡིན་པར་གསུངས།

མདོར་བསྡུས་པའོ༔

ཞེས་དེ་ཐམས་ཅད་མན་ངག་གི་གནད་ཚུར་བསྡུས་ནས་མདོར་བསྡུས་པ་ཙམ་ཞིག་བཤད་པ་ཡིན་གསུངས།

སྤྲོས་པའི་སྒྲོ་འདོགས་ནི་སྙིང་ཏིག་ལས་ཆོད་པར་བྱའོ༔ ཞིབ་ཏུ་བླ་མ་ལས་མཉན་ནོ༔

ཞེས་ད་རུང་སྤྲོས་པའི་སྒྲོ་འདོགས་མང་པོ་སེལ་དགོས་ན། བི་མ་སྙིང་ཐིག་ཆེན་པོའི་ནང་ན་མན་ངག་བརྒྱ་དང་བཅུ་དགུ་ཡོད་པས་དེའི་ནང་ལ་བལྟས་ནས་སྒྲོ་འདོགས་ཆོད་དགོས་ཤིང་། ཞིབ་མོའི་དོན་རྣམས་རང་གར་ཁ་བཤད་ཙམ་གྱིས་མི་འོང་ལ། བླ་མའི་མན་ངག་ཉན་ནའང་མང་པོ་ཞིག་བཤད་རྒྱུ་མེད་པར་བླ་མ་ལ་ཚིག་གཅིག་གཉིས་ཤིག་བཤད་རྒྱུ་ཡོད་པས། མན་ངག་དེར་ཉན་ནས་རིག་པ་ངོ་འཕྲོད་དགོས་གསུངས།

དེ་ལྟར་ནན་ཏན་དུ་བརྩོན་པས་རབ་ཟླ་བ་དྲུག༔ འབྲིང་ལོ་གསུམ༔ ཐ་མའང་ལོ་བཅུ་གཉིས་ནས་ཟག་བཅས་ཀྱི་ཕུང་པོ་འོད་དུ་དེངས་པར་འགྱུར་རོ༔

ཞེས་འདི་ལྟ་བུའི་རྫོགས་པ་ཆེན་པོའི་ལམ་བསྒོམ་ན། དབང་པོ་རབ་འབྲིང་ཐ་གསུམ་རིམ་པ་བཞིན་གྲོལ་བ་ཡིན་པས་ལམ་ཤིན་ཏུ་མྱུར་བར་གསུངས།

སྒྲ་ཚིག་དབུ་མར་དེངས་པར་འགྱུར་རོ༔ རྟོག་ཚོགས་ནང་གསལ་དུ་དེངས་པར་འགྱུར་རོ༔

ཞེས་ངག་ཚིག་ཐམས་ཅད་ཀུན་དབུ་མར་དེངས་ནས་སངས་རྒྱས་ཀྱི་གསུང་ཉིད་དུ་འགྱུར་ཞིང་། རྟོག་ཚོགས་ཐམས་ཅད་ཀུན་ཀྱང་དབྱིངས་སུ་ཐིམ་ནས་སངས་རྒྱས་ཀྱི་ཐུགས་ཉིད་དུ་འགྱུར་འགྲོ་བར་གསུངས།

འདོད་ན་ལུས་དང་༔ ངག་དང་༔ ཡིད་ཐམས་ཅད་པའི་མཆོག་འགྲུབ་པར་འགྱུར་རོ༔

ཞེས་གདུལ་བྱའི་ཁམས་དབང་མོས་པ་བསམ་པའི་བྱེ་བྲག་དང་མཐུན་པའི་སྤྲུལ་པ་རྣམ་པ་སྣ་ཚོགས་འགྱེད་ནས། ལུས་ངག་ཡིད་གསུམ་གྱི་འབྲས་བུ་མཆོག་འགྲུབ་པར་འགྱུར་བར་གསུངས།

དེ་བས་ན་འདི་ཁོ་ན་ལྟར་བརྩོན་པར་བྱའོ༔ འདི་ནི་མ་འོངས་སྙིགས་མ་ལྔ་ཆེས་བདོ་ཞིང་བོད་ཁམས་ཀླ་ཀློའི་འཇིགས་པས་བསྟན་ཞབས་སྡུད་པ་ལ་ཉེ་བ་ན༔ སྙིང་ཏིག་སྙིང་པོའི་དོན་ལ་མོས་པའི་རྣལ་འབྱོར་བ༔ ལྟར་སྣང་ཐ་མལ་བ་རྣམས་དང་ཤིན་ཏུ་མཉམ་པར་སྤྱོད་པ༔ གསང་བ་སུས་ཀྱང་བརྟག་པར་དཀའ་བ༔ ཆོས་ཅན་ཐམས་ཅད་སྒྱུ་མ་ལྟ་བུར་ཉམས་འོག་ཏུ་ཆུད་པས་གང་གིས་ཀྱང་ཟིལ་གྱིས་མི་གནོན་པ༔ སྨིན་མཚམས་སུ་དཔའ་བོའི་རྒྱ་རྟགས་ཀྱིས་སྤྲས་པ༔ སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་བྱིན་གྱིས་བརླབས་པས་ཐུག་ཕྲད་ཤེས་རབ་ཀྱི་གཏེར་བརྡོལ་པ༔ ཁྱད་པར་ངེས་པའི་དོན་ལ་ངེས་ཤེས་རྙེད་ཅིང་བདག་དང་བདག་གི་བཀའ་སྲོལ་ཟོལ་མེད་པ་ཁོ་ན་ལ་མོས་པ་མི་འཕྲོག་པར་བརྟན་པ་འོད་གསལ་སྤྲུལ་པའི་རྡོ་རྗེ་ཞེས་བྱ་བ་དུས་རིང་མོ་ནས་འབྱུང་བར་འགྱུར་བའི་དོན་དུ་བསྟན་ཏོ༔ དེའི་ཕྱིར་དེའི་སླད་དུ༔ རེ་ཞིག་ཡེ་ཤེས་དབྱིངས་ཀྱི་དྷཱ་ཀི་མ་རྣམས་ཀྱིས་ཀློང་ལྔའི་ཡི་གེར་ཟུངས་ལ༔ དུས་སུ་བབས་པའི་ཚེ་གང་ཟག་དེའི་རྒྱུད་ལ་བྱིན་གྱིས་བརླབས་སར་སད་པར་གྱིས་ཤིག༔ སྐལ་ལྡན་ཅིག་ཅར་བའི་རིགས་ཅན་འགའ་ཞིག་ལ་ཕན་པར་འགྱུར་རོ༔ ཞེས་གསུངས་སོ༔

ཞེས་གསུངས་པའི་དོན་གོང་ནས་དབང་གི་ལོ་རྒྱུས་ཀྱི་དུས་སུ་རྒྱ་ཆེར་བཤད་ཚར་བས་འདིར་མི་འཆད། སྤྱིར་ཆོས་འདི་ནི་ལྕེ་བཙུན་ཆེན་པོས་མ་འོངས་པའི་གནས་སྐབས་ན་འོད་གསལ་སྤྲུལ་པའི་རྡོ་རྗེའམ་འཇམ་དབྱངས་མཁྱེན་བརྩེ་དབང་པོས་གཏེར་ནས་འདོན་པར་གསུངས། དབང་པོ་ཤིན་ཏུ་རྣོ་བ་རྫོགས་པ་ཆེན་པོའི་ཆེད་དུ་བྱ་བའི་གདུལ་བྱ་འགའ་ཞིག་ལ་ཆོས་འདིས་ཕན་ཐོགས་པར་གསུངས། དེའི་ཚིག་ཚང་མ་གོང་དུ་དབང་གི་དུས་སུ་བཀྲལ་ཚར་བ་ཡིན།

སྐབས་འདིར་ང་རང་གི་ཡིད་ལ་གང་ཤར་གྱི་སྙིང་གཏམ་ཚིག་འགའ་ཁྱེད་རྣམ་པར་ཞུ། སྤྱིར་ཨ་རིའི་ལུང་པ་ན་ཡོད་པའི་ཁྱེད་ཅག་མི་ཚང་མའི་མོས་པ་དང་རིགས་རྒྱུད་ཐ་དད་པ་མ་ཟད། བསམ་བློའང་མི་འདྲ་བ་མང་པོ་ཡོད་པའི་དབང་གིས། ཆོས་ལུགས་གཏན་ནས་མེད་པ་ཞིག་དང་ཆོས་ལུགས་ལ་ཞུགས་མཁན་སྐོར་གཉིས་ཡོད། དེ་གཉིས་ཀྱི་ནང་ནས་གང་དགའ་སྙམ་དུ་ཐམས་ཅད་ཀྱིས་བསམ་བློ་ཞིབ་མོ་ཞིག་གཏང་དགོས་མ་གཏོགས། བསམ་བློ་གང་ཡང་མ་བཏང་ན། ང་ཚོར་སེམས་མེད་པ་ནི་མ་ཡིན། སྨྱོན་པ་ནི་མིན། དེས་ན་ང་ཚོ་ལ་ཆོས་ལུགས་གཏན་ནས་མེད་ན་དགའམ་ཆོས་ལུགས་ཤིག་ཡོད་ན་དགའ་སྙམ་དུ་བསམ་བློ་ཐོང་།

ཆོས་ལུགས་མེད་པ་རྣམས་ཀྱིས་ནི་ཚེ་འདི་དང་ཕྱི་མ་ཀུན་ཏུ་བདེ་བ་འབྱུང་ཐབས་དང་སྡུག་བསྔལ་མི་འབྱུང་ཐབས་ལ་བསམ་བློ་གཏན་ནས་མ་བཏང་པར། ཟས་གོས་རྐྱང་པ་ཙམ་ཞིག་གིས་ཅི་འབྱུང་གང་ཤར་བྱེད་པ་དེ་རེད། དཔེར་ན་དེ་རིང་ང་ཁྱེད་ཅག་གི་ཡུལ་འདིའི་སྲོག་ཆགས་གླིང་ག་རུ་སོང་བ་ཡིན། དེ་ན་གནས་པའི་སྲོག་ཆགས་ལྟར། ཅིར་གྱུར་ན་ཅིར་གྱུར། ཅི་བྱུང་ན་ཅི་བྱུང་སྙམ་པ་དག་ནི་ཧ་ཅང་གི་སྡུག་པོ་རེད།

ངས་བསམ་ན་ཆོས་ལུགས་ཤིག་ངེས་པར་ཡོད་དགོས་འདུག་སྙམ། འོན་ཀྱང་ཆོས་ལུགས་འགའ་རེས་རང་ཁོ་ན་བདེ་བྱེད་སྐྱིད་བྱེད་ཅིག་བསམ་ནས་གཞན་ལ་གནོད་པ་བྱེད་ཀྱིན་ཡོད། ཆོས་ལུགས་དེ་ཧ་ཅང་སྡུག་པོ་རེད། ཚེ་འདི་ལ་ཡང་སྡུག་པོ་དང་ཕྱི་མ་ལ་ཡང་སྡུག་བསྔལ་འབྱུང་བ་ཡིན། དེས་ན་ཕྱི་རོལ་བའི་ཆོས་ལུགས་ཚང་མའི་ནང་ནས་བཟང་ཤོས་ནི་ཡེ་ཤུའི་ཆོས་ལུགས་ཡིན་རྒྱུ་རེད་སྙམ། དེ་ཡིན་པའི་རྒྱུ་མཚན་ཡང་ཆོས་ལུགས་དེས་གཙོ་བོ་བྱམས་པ་དང་སྙིང་རྗེ་ཆེས་ཆེར་དུ་སྒོམ་པས་ཡིན།

དེ་ཡང་ནང་པ་སངས་རྒྱས་པའི་ཆོས་དང་བསྡུར་ན་རྩ་བ་ནས་གཤིབ་ཐུབ་རྒྱུ་མ་རེད། དེ་མི་ཐུབ་པའི་རྒྱུ་མཚན་གང་ཡིན་ཞེ་ན། ཆོས་ལུགས་དེའི་བཟང་ཆ་དང་ལེགས་ཆ་ཡོད་ཚད་སངས་རྒྱས་ཆོས་ལུགས་ཀྱི་ནང་ན་ཚང་མ་བཤད་ཡོད་པར་མ་ཟད། ཡེ་ཤུའི་ཆོས་ལུགས་ཀྱིས་གཏན་ནས་སྟོན་མ་ཐུབ་པའི་རང་གཞན་སེམས་ཅན་ཡོངས་རྫོགས་ཚེ་འདི་བདེ་ཞིང་ཕྱི་མ་ཡང་བདེ་བའི་ཐབས་མང་པོ་ཞིག་སངས་རྒྱས་ཆོས་ལུགས་ཀྱི་ནང་དུ་གསུངས་ཡོད།

དེ་བསྟན་པ་ཙམ་དུ་མ་ཟད་ཡིད་ཆེས་པའི་ཁུངས་ཀྱང་ཡོད། དེའང་ལོ་གྲངས་སྟོང་ཕྲག་མང་པོའི་སྔོན་རོལ་ནས་སངས་རྒྱས་བཅོམ་ལྡན་འདས་དང་འཇམ་དཔལ་དང་སྤྱན་རས་གཟིགས་ལ་སོགས་པ་བློ་གྲོས་མཆོག་དང་ལྡན་པ་ཐམས་ཅད་ཀྱི་རྣམ་པར་དག་པའི་ལུང་དང་ལྡན་ཞིང་། རིགས་པ་རྣམ་དག་གིས་ལོ་སྟོང་ཕྲག་མང་པོའི་བར་དུ་དཔྱད་པ་བྱས་ན་ཡང་། སངས་རྒྱས་ཀྱི་གསུངས་ལ་འགལ་བ་སྤུའི་རྩེ་མོ་ཙམ་ཞིག་མེད་པར་ངེས་པ་ཡང་དག་སྐྱེད་པའི་རིགས་པ་དང་ལྡན། ཉམས་མྱོང་གི་སྒོ་ནས་བསམ་བློ་བཏང་ན། ཆོས་ཇི་ལྟ་བ་བཞིན་དུ་ཉམས་སུ་བླངས་ན། རང་རང་གི་གཞུང་ལས་བཤད་པའི་གནས་སྐབས་ཀྱི་བདེ་བ་དང་མཐར་སངས་རྒྱས་ཀྱི་འབྲས་བུ་འཐོབ་རྒྱུ་ཚང་མ་ཡང་། སྔོན་ཆད་མི་དུང་ཕྱུར་མང་པོའི་ཉམས་མྱོང་གི་སྟེང་ནས་གྲུབ་ཡོད་པ་ཡིན། དེ་དག་གིས་ཀྱང་ལུང་རིགས་མན་ངག་རྣམ་པ་གསུམ་གྱི་སྒོ་ནས་སངས་རྒྱས་ཀྱི་ཆོས་ལ་ཡིད་ཆེས་པ་ཡིན་པ་ལས་ཁ་ནས་བཤད་པ་ཙམ་མིན།

སངས་རྒྱས་ཀྱི་ཆོས་ལ་ཡང་རྣམ་པ་མང་པོ་ཞིག་ཡོད་ཀྱང་། དེ་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ནི་རྫོགས་པ་ཆེན་པོ་འདི་ཁོ་ན་ཡིན། རྫོགས་པ་ཆེན་པོ་ནི་གང་ཟག་མཆོག་དམན་རབ་འབྲིང་སུས་ཉམས་སུ་བླངས་ན་ཡང་མི་ཤེས་རྒྱུ་ཆེར་མེད་ཅིང་། ཡུན་རིང་པོ་མི་དགོས་པར་དད་པ་ཁྱད་པར་ཅན་དང་ལྡན་ན་ཟླ་བ་དྲུག་གིས་ཀྱང་སངས་རྒྱས་ཀྱི་གོ་འཕང་འགྲུབ་ཐུབ་པའི་ལམ་བདེ་ཞིང་སླ་བ་འདི་ལྟ་བུ་ནི་སངས་རྒྱས་ཀྱི་གསུང་གང་ན་ཡང་དཀོན་པོ་རེད།

དེ་དག་ནི་ང་རང་གིས་ཡུན་རིང་པོའི་བར་དུ་ཞིབ་འཇུག་བྱས་པའི་གྲུབ་འབྲས་ཙམ་ཁྱེད་རྣམ་པ་ལ་ཞུས་པ་ཡིན། ང་རང་ངོས་ནས་བསམ་བློ་བཏང་ན། སྐྱེས་ཙམ་ཉིད་ནས་རྣམ་དཔྱོད་ཧ་ཅང་རྣོ་བའི་ཚད་དུ་གླེང་བ་མ་ཟད། ལོ་བཅུ་བཞི་ནས་ད་སྐབས་ལོ་དྲུག་ཅུའི་བར་དུ་ཡང་སངས་རྒྱས་ཀྱི་གསུང་དང་། ཕྱི་རོལ་མུ་སྟེགས་པའི་གཞུང་མང་པོ་ཞིག་ལ་བརྟག་དཔྱད་བྱས་ནས་དེ་ལྟར་བཤད་པ་ཡིན་མ་གཏོགས། གཞན་ཕྱི་རོལ་པ་ལ་སྡང་བ་དང་ནང་པ་སངས་རྒྱས་པ་ལ་དགའ་བའི་སྐད་ཆ་རྩ་བ་ནས་མིན། དངོས་གནས་ཀྱི་གྲུབ་དོན་དེ་ལྟ་བུ་ཞིག་ཏུ་གྱུར་འདུག

དེས་ན་འདིར་བཞུགས་པའི་རིན་པོ་ཆེ་རྣམས་དང་། བལ་པོ་དང་རྒྱ་གར་སོགས་ཡུལ་ཁམས་གཞན་ནས་བྱོན་པའི་བླ་སྤྲུལ་རྣམས་ལ་ཞུས་པ་མིན་པར། ཁྱེད་མི་སྐྱ་ཕོ་མོ་ཞིག་གིས་ལོ་བཅུ་ཕྲག་མང་པོའི་བར་དཔྱད་པ་བྱས་ཀྱང་འདིའི་དབྱེ་བསལ་ཤེས་དཀའ་བར་བསམ་ནས། ངས་དྲང་པོའི་སྒོ་ནས་ཁྱེད་རྣམ་པ་ལ་སྐད་ཆ་དེ་བཤད་པ་ཡིན། དེ་བཞིན་དུ་ཁྱེད་རྣམ་པས་ཀྱང་དུས་ད་ནས་བཟུང་སྟེ་བློ་སྣ་ཙབ་ཙུབ་མང་པོ་མི་བྱེད་པར། སྙིང་ཐག་པ་ནས་རྫོགས་པ་ཆེན་པོ་འདི་ཁོ་ན་ལ་ཉམས་བཞེས་མཛད་ན། འདི་ཕྱི་ཀུན་ཏུ་ཆེས་ལེགས་པོ་ཞིག་ཡོང་རྒྱུ་རེད། དེ་ལྟ་ནའང་ཁྱེད་རྣམ་པར་འོད་གསལ་རྫོགས་པ་ཆེན་པོ་ལ་གཞན་ལས་ཁྱད་པར་དུ་འཕགས་པའི་ཁྱད་ཆོས་ཡོད་པར་ཐེ་ཚོམ་སྐྱེས་ཤིང་། ཆོས་ལུགས་དང་གྲུབ་མཐའ་གཞན་དག་དང་གཅིག་མཚུངས་ཡིན་རྒྱུ་རེད་སྙམ་པའི་དོགས་པ་ཡོད་ན། ཁོམ་སྐབས་དང་བསྟུན་ཏེ་ང་ལ་དྲིས་དང་ངས་ཁྱེད་རྣམ་པའི་དོགས་པ་བསལ་ཆོག གལ་སྲིད་ང་ལ་ཁོམ་ལོང་མེད་ན་མཁན་པོ་རྣམ་གྲོལ་དང་མཁན་པོ་བསོད་དར་རྒྱས་གཉིས་ལ་ཡང་དྲིས་དང་། ཁྱེད་རྣམ་པའི་དོགས་པ་ཡོད་ཚད་བསལ་ཆོག་པ་རེད། ཡུན་རིང་པོའི་བར་དུ་འབད་པ་བྱས་ནས་དོགས་པ་བསལ་ན། ཁྱེད་རྣམ་པ་རྫོགས་པ་ཆེན་པོ་ལ་ཡིད་ཆེས་ཐུན་མོང་མ་ཡིན་པ་ཞིག་སྐྱེ་སྲིད་རྒྱུ་རེད།

དེ་ཡན་ཆད་དུ་དུམ་བུ་དང་པོའི་དོན་རྒྱས་ཤིང་ཕྲ་བའི་སྒོ་ནས་བཤད་ཚར་བ་ཡིན། དུམ་བུ་གཉིས་པ་འདོན་ཆ་ཡིན། དུམ་བུ་གསུམ་པ་མན་ངག་གི་ཆིངས་ས་བཅད་ཀྱིས་ཚུར་བསྡུས་པ་ཡིན། དེ་ལ་འགྲེལ་བཤད་མི་བྱེད་པར་འདི་ནས་དེའི་ལུང་ཞིག་འདོན།

དེ་ལྟར་ལྕེ་བཙུན་སྙིང་ཐིག་གི་རྩ་བ་དུམ་བུ་གསུམ་པ་ཆ་ཚང་བར་ཚིག་གཅིག་ཀྱང་མ་ལྷག་པར་ཁྱེད་རྣམ་པ་ལ་ཞུས་ཟིན་པ་ཡིན། འདི་ལ་ཁྲིད་ཀྱི་དབང་དུ་བྱས་ན་རྒྱ་ཆེ་བ་དང་ཟབ་པའི་ལུགས་གཉིས་ཡོད་པ་ལས། རྒྱ་ཆེ་བའི་ལུགས་ནི་ཨ་འཛོམས་འབྲུག་པ་རིན་པོ་ཆེས་གསུངས་པ་སྔོན་འགྲོའི་ཁྲིད་ཡིག་རིག་འཛིན་ཞལ་ལུང་དང་ཁྲིད་ཡིག་ལམ་བཟང་ཡེ་ཤེས་སྙིང་པོ་སོགས་མང་པོ་ཞིག་ཡོད་པ་ལས་ཤེས་པར་གྱིས། ཟབ་པའི་ལུགས་ལ། ཟབ་པ་ལས་ཀྱང་ཆེས་ཤིན་ཏུ་ཟབ་པའི་མཐར་ཐུག་པ་ནི་ཉག་བླ་བསོད་རྒྱལ་གྱིས་གསུངས་པའི་ཁྲིད་ཡིག་ཡེ་ཤེས་ཐིག་ལེ་ཞེས་པ་ལས་ཤེས་པར་གྱིས། དེ་དག་གི་གནད་ཚུར་མདོར་བསྡུས་ཙམ་ཞིག་བཤད་པ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་གསུང་ཁྲིད་ཡིག་སྙིང་པོ་བཅུད་དྲིལ་ཐིག་ལེ་གསང་རྫོགས་ལས་ཤེས་པར་གྱིས། རྗེས་མ་དེ་ཚང་མ་ལ་ག་ལེར་ལྟ་རྟོག་བྱེད་ཐུབ་ན་ཧ་ཅང་བཟང་པོ་རེད། གལ་ཏེ་དེ་དག་ལ་བལྟ་མ་ཐུབ་ན་ཡང་། ད་ལན་ཉི་མ་གསུམ་བཞིའི་རིང་ལ་ཁྲིད་བཤད་རྒྱུ་འདི་ནི། ཁོང་རྣམ་པས་གསུངས་པའི་དགོངས་པའི་གནད་མཐར་ཐུག་པ་ཚིག་གཅིག་ཀྱང་མ་ལྷག་པ་ལྟ་བུ་བྱས་ནས་གསལ་བོར་ཁྱེད་རྣམ་པ་ལ་ཞུས་ཡོད།

ཁྲིད་བཤད་སྟངས་དེ་ཡང་དེ་སྔོན་ལྕགས་མདུད་རིན་པོ་ཆེ་སོགས་ཀྱིས་འཁོར་སློབ་ཡོངས་རྫོགས་ཀྱི་ཚབ་བྱས་ནས་ང་ལ་གསུངས་དོན། ད་སྐབས་ཆོས་ཞུ་མཁན་ཚང་མ་རྫོགས་པ་ཆེན་པོ་ཉམས་ལེན་བྱེད་མཁན་ཤ་སྟག་ཡིན། ཁ་ཞེ་གཉིས་མེད་ཀྱིས་མོས་པ་དང་འདོད་པའང་ཧ་ཅང་ཆེན་པོ་ཞིག་འདུག་པས། ད་རེས་ཁྱེད་ཀྱིས་དོ་དོ་ཏན་ཏན་གྱིས་བཤད་དགོས་ཞེས་གསུངས་པ་ལྟར་དུ། ང་རང་གིས་ཀྱང་ད་རེས་ལྷག་ལུས་མེད་པར་མན་ངག་ཚང་མ་ཁྱེད་རྣམ་པ་ལ་བཤད་པ་ཡིན། ཁྱེད་རྣམས་ཀྱིས་ཀྱང་ཉམས་ལེན་ཡང་དག་པ་རེ་བྱ་རྒྱུ་ངའི་རེ་བ་ཡིན། སྔོན་ཆད་བོད་དུ་ཡོད་ཚེ་ངས་དེ་ལྟར་མི་བཤད་པ་དང་། ཁྱེད་རྣམ་པ་ལ་འདི་ལྟར་བཤད་དགོས་པའི་རྒྱུ་མཚན་ཁ་ཉིན་ཞུས་པ་ལྟར་ཡིན། ཐུགས་རྗེ་ཆེ་དང་བཀྲ་ཤིས་བདེ་ལེགས་ཞུ་བ་ཡིན། ༼ཐལ་སྒྲ།༽

ཐེངས་དང་པོར་དབྱིངས་སྐྱོད་དབུགས་ལྒང་ལ་བསྡད།

ཕྱི་ཟླ་༧པའི་ཚེས་༡༥ཉིན་གྱི་སྔ་དྲོར། ཨ་རིའི་སློབ་མ་འགའ་ཞིག་གིས། ཆོས་རྗེ་ཉིད་དབྱིངས་སྐྱོད་དབུགས་ལྒང་ལ་བཞུགས་ནས་གནས་འདིའི་རི་ཆུ་ནགས་གསུམ་གྱི་སྤྲོ་འཁྱམ་ལ་ཐེངས་གཅིག་ཕེབས་པའི་རེ་འདུན་ནན་གྱིས་ཞུས་ཀྱང་། དེ་སྙིང་ནད་དང་ཁྲག་ཤེད་མཐོ་བའི་མི་ལ་དེ་ཙམ་འཚམ་པོ་མེད་པས། སྐུ་ཉིད་ཀྱི་བདེ་འཇགས་ལ་དམིགས་ཏེ་མ་བྱོན་ཞིང་། ངེད་ཅག་ཞབས་འབྲིང་པ་རྣམས་བར་སྣང་དབྱིངས་སྐྱོད་དངོས་མྱོང་བྱེད་དུ་ཕྱིན་པ་ཡིན།

དབྱིངས་སྐྱོད་དབུགས་ལྒང་ནི་ནུབ་ཕྱོགས་སུ་གནམ་གྲུ་གསར་གཏོད་མ་བྱས་སྔོན་ནས་བྱུང་བའི་བར་སྣང་འཕུར་ཆས་ཤིག་ཡིན་ཞིང་། སྟོད་ཀྱི་ཆ་དབུགས་ལྒང་ཆེན་པོ་ཞིག་དང་སྨད་ཕྱོགས་དཔྱངས་སླེ་ཡིས་གྲུབ་པ་ཞིག་ཡིན། གཙོ་བོ་ཚ་རླངས་ཀྱི་རྒྱུན་དང་མཁའ་དབུགས་ཀྱི་ནུས་སྟོབས་གཉིས་ཀྱི་ལྡིང་ཤུགས་ལ་བརྟེན་ནས་ནམ་མཁར་གཡེང་སྐྱོད་བྱེད་པ་ཞིག་ཡིན་ལ། ཉིན་རེའི་སྔ་དྲོའི་ཉི་མ་ཤར་མ་ཐག་དང་ཕྱི་དྲོའི་ཉི་ནུབ་ལ་ཉེ་བའི་མཚམས་སུ་ཆུ་ཚོད་གཉིས་རེ་ཙམ་ལ། མཁའ་རླུང་ཤིན་ཏུ་ཞི་འཇགས་དང་རླུང་རྒྱུན་ཧ་ཅང་བརྟན་པོ་ཡིན་པས། དེ་ནི་དབྱིངས་སྐྱོད་དབུགས་ལྒང་འཕུར་སྐྱོད་བྱ་བའི་ཆེས་ལེགས་པའི་དུས་ཚོད་ཡིན།

ཉིན་དེར་ནམ་མཁའ་དྭངས་ཤིང་གསལ་ལ་སྤྲིན་པ་མཐེ་བོང་ཙམ་ཡང་མཐོང་རྒྱུ་མི་འདུག སྔ་དྲོའི་ཆུ་ཚོད་དགུ་པ་ཡས་མས་ནས་བཟུང་སྟེ། ཐོག་མར་རས་ཡུག་ཆེན་པོ་ཞིག་ཡིན་པའི་དབྱིངས་སྐྱོད་དབུགས་ལྒང་ལ་ཚ་རླངས་བསྣན་ནས་རིམ་གྱིས་ལྒང་བུར་གྱུར་ཅིང་། ངེད་ཅག་དཔྱངས་སླེའི་ནང་དུ་བསྡད་དེ་ནམ་མཁའི་དབྱིངས་སུ་བསྐྱོད་པས་སེམས་སུ་ངོ་མཚར་ཆེན་པོ་སྐྱེས། དབྱིངས་སྐྱོད་དབུགས་ལྒང་དུ་ཞུགས་ནས་ནམ་མཁར་འཕུར་བ་ན། ས་ངོས་དང་བྲལ་ནས་སྨི་སུམ་བརྒྱ་ལ་མ་ཐོན་བར་དུ་ཧ་ཅང་མགྱོགས་པོར་འཕུར་ཞིང་། རིམ་གྱིས་མགྱོགས་ཚད་སྙོམས་པོའི་ངང་ནས་གྲོང་ཁྱེར་དང་ཞིང་ཁ། ནགས་ཚལ། རི་ཀླུང་སོགས་བཀོད་ལེགས་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་སྣ་ཚོགས་མིག་འོག་ཏུ་ཚུད་པར་བྱས་ཤིང་། བར་སྣང་མཐོན་པོར་གཡེང་སྐྱོད་བྱེད་ཀྱིན་གནམ་སའི་བར་ལ་ལྟད་མོར་རོལ་བ་ནི། ནང་སེམས་ཀྱི་རང་དབང་ཁྱད་པར་ཅན་ཞིག་ཡིན་པས་ལྷག་ཏུ་སྤྲོ་སྣང་སྐྱེས། ང་ཚོ་རི་མཐོན་པོའི་རྩེ་མོ་བརྒྱུད་སྐབས། ནམ་མཁའ་ནས་གནམ་གྲུ་རླུང་རྒྱུན་དང་འཕྲད་པ་ལས་ཀྱང་ལྷག་པའི་གཡོ་འགུལ་ཆེན་པོ་བྱུང་ཡང་། ཐོག་མཐའ་བར་གསུམ་དུ་ནང་སེམས་ལ་དངངས་སྐྲག་མེད་པར་ཤིན་ཏུ་ལྷིང་འཇགས་ཡིན།

ཆུ་ཚོད་གཅིག་ལྷག་གི་འཕུར་ཡུན་བརྒྱུད་ནས་མར་བབས་པ་ན། དེ་ནི་ཆེས་ངོ་མཚར་བའི་མཁའ་དབྱིངས་ཀྱི་སྤྲོ་འཆམ་ཐེངས་གཅིག་སྟེ། ངས་ཆེས་གཏོས་ཆེ་བའི་འཇིག་རྟེན་གྱི་བཀོད་པ་མཐོང་ལ། འགྲོ་བ་མིའི་ཆེས་གཉོམ་ཆུང་གི་གནས་སྟངས་ཀྱང་ཚོར་བྱུང་། དེ་སྔོན། དབྱིངས་སྐྱོད་དབུགས་ལྒང་གི་འདྲ་པར་ཙམ་ལས་མ་མཐོང་ཡང་། ད་རེས་འཚོ་བའི་དངོས་མྱོང་ཐེངས་གཅིག་བྱས་པས་ཚོར་བ་གཞན་ཞིག་ཀྱང་སྟེར་བྱུང་།

གསང་སྔགས་གསང་དགོས་པའི་རྒྱུ་མཚན།

ཉིན་དེའི་ཕྱི་དྲོར་འཇམ་དཔལ་རྫོགས་པ་ཆེན་པོའི་དབང་གནང་རྗེས་འདི་ལྟར་གསུང་།

དབང་འདི་ནི་རིག་འཛིན་མཁའ་འགྲོ་འབུམ་གྱི་སྙིང་ཁྲག ང་རང་གི་ཡང་སེམས་ཀྱི་བཅུད་ལྟ་བུར་གྱུར་པ་དེ་ཁྱེད་རྣམས་ལ་ཕངས་པ་མེད་པར་ཚང་མ་བསྩལ་ཟིན་པ་ཡིན། སའི་སྟེང་མ་ལུས་པ་ཀུན་ཏུ་སྔར་ཡང་བྱུང་མ་མྱོང་ལ། ད་ལྟར་ཡང་མི་འབྱུང་། ཕྱིས་སུ་ཡང་འབྱུང་བར་དཀོན་པ་ལྟ་བུའི་གདམས་ངག་ཟབ་ལ་བྱིན་རླབས་ཀྱི་ཚན་ཁ་དང་ལྡན་པ། སངས་རྒྱས་ལག་སྟེར་ཞེས་བྱ་བའི་ཁྲིད་ཀྱང་ཁྱེད་རྣམ་པ་ལ་འབུལ་བ་ཡིན།

ཆོས་ཚུལ་འདི་ནི་ཤིན་ཏུ་ཟབ་ལ་རྨད་དུ་བྱུང་བ་ཞིག་ཡིན་པར་མ་ཟད་ཁེ་ཉེན་ཡང་ཆེ་བ་སྟེ། འགའ་ཞིག་ཆོས་འདི་དང་འཕྲད་ནས་ཁེ་ཁ་ཆེན་པོ་ཐོབ་པ་དང་། འགའ་ཞིག་ལ་ཉེན་ཁ་ཆེན་པོ་ཡང་འབྱུང་བ་ཞིག་ཡིན། དེ་ཡང་བླ་མ་ལ་བཅོས་མ་མ་ཡིན་པའི་དད་པ་རྣམ་པར་དག་པ་ཡོད། ཆོས་ལ་ཡང་མོས་པ་ཁྱད་པར་ཅན་གྱི་སྒོ་ནས་ཉམས་ལེན་ལ་རྩེ་གཅིག་ཏུ་འབད་ནས། འདི་གཞན་ལ་མི་སྨྲ་བའི་གསང་བ་ཟབ་མོའི་གནས་བསྲུང་ཐུབ་པའི་གང་ཟག་ཅིག་ཡིན་ན། ཡུན་རིང་པོའི་ཚེགས་ལ་མི་ལྟོས་པར་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་ཡང་སངས་རྒྱས་ཀྱི་གོ་འཕང་འགྲུབ་པར་བྱེད་པའི་ཕྱིར་ན། ཡིད་བཞིན་གྱི་ནོར་བུ་འབུམ་ལས་ཀྱང་ལྷག་པའི་ཁེ་ཁ་ཆེན་པོ་ཞིག་འཐོབ་རྒྱུ་རེད། དེ་ལས་ལྡོག་སྟེ་བླ་མ་ལ་དད་པ་མེད་པ་དང་། ཁྱད་པར་དུ་དངོས་སུ་བསྟོད་ཅིང་ལྐོག་ནས་སྨད་པའི་ལྕེ་གཉིས་སྦྲུལ་དང་འདྲ་བའི་སྐྱེ་བོ་རྣམས་ནི་ངེས་པར་དུ་ངན་སོང་གི་གནས་སུ་ལྟུང་བར་བྱེད་པའི་རྒྱུ་ཡང་ཡིན།

ཁྱེད་རྣམས་ཚང་མ་ཡང་ཆོས་ཟབ་མོ་འདིའི་སྒོར་ཞུགས་ཟིན་པས་ཁ་ཞེ་གཉིས་མེད་ཀྱིས་ཆོས་ལ་མོས་པ་ཁྱད་པར་ཅན་གྱི་སྒོ་ནས་ཉམས་སུ་ལེན་དགོས་པ་རེད་མ་གཏོགས། ཆོས་འདི་ཡག་པོ་རེད་དམ་བརྩོག་པ་རེད་ཟེར་ནས། ཞིབ་འཇུག་ལ་སོགས་པ་བྱས་ནས་དཔྱད་པ་མང་པོ་བྱེད་པ་དང་། ལོ་གཅིག་གཉིས་ཤིག་གི་རིང་ལ་ནང་པ་སངས་རྒྱས་པའི་ཆོས་སྒོར་ཞུགས། རྗེས་སུ་ཆོས་ལུགས་གཞན་དང་གཞན་ལ་ཞུགས་ནས་ནང་པ་སངས་རྒྱས་པའི་ཆོས་ལ་རྒྱབ་འགལ་དུ་གྱུར་པ་ལྟ་བུ་བྱས་ན། ངེས་པར་ཡང་ངན་སོང་གི་གནས་སུ་སྐྱེ་བར་འགྱུར་བས་ཕོངས་ཚབས་ཆེ་བའི་ཆོས་ཤིག་ཀྱང་ཡིན།

ཆོས་འདི་དབང་མ་ཐོབ་པ་དང་སྐལ་བ་མེད་པའི་གང་ཟག་ལ་ནི་གསང་དགོས་པ་ཡིན། བླ་མ་དང་ནང་དམ་ཚིག་གི་འབྲེལ་འདྲིས་ཧ་ཅང་ཆེ་བའི་རྡོ་རྗེ་གྲོགས་པོ་འགའ་རེ་མ་གཏོགས། སུ་དང་གང་ལ་ལྟ་བ་དང་སྒོམ་པ་བཤད་ག་ལ་རུང་། ཚིག་ཙམ་བསྒྲགས་པར་བྱས་ན་ཡང་ངེས་པར་ངན་སོང་གི་གནས་སུ་ལྟུང་བར་འགྱུར་བ་ཡིན་པའི་ཕྱིར་ན་ཕོངས་ཚབས་ཆེ་བ་ཡིན། དེས་ན་ཁྱེད་རྣམ་པས་རྫོགས་པ་ཆེན་པོའི་ཆོས་འདི་སུ་ལ་ཡང་མི་བཤད་པར་གསང་དགོས། དེའི་ནང་དོན་གོ་སོང་ངམ། རྫོགས་པ་ཆེན་པོ་དེ་དེ་འདྲའི་གསང་དགོས་པ་ཞིག་ཡིན་ཚེ། འདི་བཤད་མི་ལོ་པའི་སྐྱོན་ཅན་སྡུག་པོ་ཞིག་ཨེ་ཡིན་ནམ་སྙམ་ན་རྩ་བ་ནས་མ་རེད། གསང་ན་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་བདེ་བླག་ཏུ་འགྲུབ་པར་བྱེད་ཅིང་། མ་གསང་བར་གསང་སྒོ་འཆོལ་ཏེ་ཐམས་ཅད་ལ་བསྒྲགས་སྔ་དང་བཤད་སྔ་བྱས་སོང་ན། ངན་སོང་གི་གནས་སུ་ལྟུང་བར་འགྱུར་བའི་རྒྱུ་ཐུན་མོང་མ་ཡིན་པ་ཡིན་པས་གསང་དགོས་པ་རེད་མ་གཏོགས། གསང་སྔགས་ལ་སྐྱོན་ཆེ་བས་གསང་དགོས་པ་མ་ཡིན་པའི་གནད་དོན་ཡང་ཤེས་དགོས།

དཔེར་ན་ང་རང་ཉིད་ལྟ་བུ་ལ་མཚོན་ན། ཤར་ཕྱོགས་ཡ་གླིང་གི་རྒྱལ་ཁབ་ནས་ས་ཐག་ཧ་ཅང་རིང་བ་ནུབ་ཕྱོགས་མེ་གླིང་གི་རྒྱལ་ཁབ་འདི་ལ་ཐོན་པའི་སྐབས་སུ། ཁྱེད་ཅག་འཁོར་སློབ་མང་པོ་ཞིག་རང་ཤུགས་ཀྱིས་འདུས་ཡོང་བ་རེད། དེས་ན་ཁྱེད་རྣམ་པར་ཡང་བསྐལ་པ་མང་པོའི་གོང་རོལ་ནས་ལས་དང་སྨོན་ལམ་གྱི་འབྲེལ་བ་ཞིག་ཡོད་རྒྱུ་རེད་སྙམ་པའི་རྒྱུ་མཚན་གཅིག་དང་། གཉིས་སུ་འུ་ཅག་ཀྱང་ཡང་ནས་ཡང་དུ་འཛོམས་མི་ཐུབ། རྗེས་སུ་ང་ཨ་མེ་རི་ཀའི་ས་ཁུལ་འདི་ལ་ཐོན་ཐུབ་རྒྱུ་མ་རེད། ད་རེས་ཐེངས་གཅིག་པུ་ཁོ་ན་ཡིན་རྒྱུ་རེད་བསམ། དེ་ཡིན་ན་ཁྱེད་རྣམ་པ་ཤ་ཚ་སྙིང་རྗེ་བསམས་ནས་སྔོན་ཆད་ངས་བོད་ཡུལ་དུ་ཡང་འདི་འདྲའི་རྒྱ་ཆེར་སྤེལ་མ་མྱོང་བའི་གདམས་ངག་མང་པོ་ཞིག་སྤེལ་བཞག་པ་ཡིན། ངས་སྙིང་རྗེས་མ་བཟོད་པར་ཆོས་ཤིག་བཤད་པ་དེ། ལག་ལེན་འཆུག་འགྲོ་བྱེད་དུ་གྱུར་ནས་རྗེས་མ་ཁྱེད་རྣམ་པས་ཀྱང་གཞན་ལ་དེ་ལྟར་ཁྱབ་བརྡལ་དུ་སྤེལ་བ་དང་འཆད་པར་བྱས་ན་རང་གཞན་གཉིས་ཀ་འཕུང་བར་འགྱུར་བ་ཡིན།

དེས་ན་གསང་སྔགས་ཟབ་མོའི་དབང་དང་གདམས་པ་འདི་ལྟ་བུ་ནི་ཕོངས་ན་ཕོངས་ཤག་ཤག་ཉེས་པ་ཆེ་ཤོས་དང་། འཚེངས་ན་འཚེངས་ངེས་ཀྱི་ཁེ་ཁ་ཐོབ་ཤག་ཤག་གི་ཆོས་ཤིག་ཡིན་ཟེར་ནས་ངས་ཡང་བསྐྱར་ཁྱེད་རྣམ་པར་ལན་གཅིག་ཞུས་པ་ཡིན།

ཁྱེད་རྣམས་ཀྱིས་བླ་མ་ལ་མངོན་ལྐོག་མེད་པའི་དད་པ་བྱ་དགོས། མངོན་ལྐོག་མེད་ཟེར་བ་ནི་སུ་ཡིན་ཡང་ངོ་ལ་བལྟས་ནས་དད་ཀྱང་ལྐོག་ནས་མི་དད་པ་མ་ཡིན་པ་དང་། ཆོས་ལ་ཡང་ཐང་ལྷོད་མེད་པའི་མོས་པ་དགོས། དང་པོ་ཆོས་ལ་མོས་པ་ཡོད་ནས་དགའ་ཡང་རྗེས་སུ་མ་མོས་མ་སྤྲོ་ན་དེ་ལ་ཐང་ལྷོད་ཅན་ཟེར། གསང་སྔགས་ཟབ་མོའི་ཆོས་རྫོགས་པ་ཆེན་པོ་འདི་སུ་ལ་ཡང་མི་བསྒྲགས་པར་རང་གཅིག་པུས་སྙིང་གི་དབུས་སུ་འཆང་ནས་ཉམས་སུ་བླངས་ན། ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ཀྱི་གོ་འཕང་འགྲུབ་པར་བྱེད་པའི་གདམས་ངག་གཞན་གང་དང་ཡང་མི་འདྲ་བའི་ཁྱད་པར་དུ་འཕགས་པ་ཞིག་ཡིན་པ་དེ་ཚང་མས་ཐུགས་ལ་འཛིན་རོགས་ཞུ།

ཉམས་ལེན་གནད་བསྡུས།

སངས་རྒྱས་ལག་སྟེར་གྱི་གཞུང་གི་ཐོག་ནས་མི་བཤད། སང་ཉིན་ཡང་ཁྱེད་རྣམ་པ་གསར་ཐོན་མང་པོ་ཡོད་རྒྱུ་རེད། དེ་རིང་འདི་ན་ཡོད་པའི་མི་མང་པོ་ཞིག་སང་ཉིན་ཕར་འགྲོ་རྒྱུ་རེད། དེའི་ཕྱིར་ན་ཁྲིད་ཡིག་སངས་རྒྱས་ལག་སྟེར་གྱི་གནད་ཀྱི་སྙིང་པོ་མདོར་བསྡུས་པ་ཙམ་ཞིག་ཁྱེད་རྣམ་པ་ལ་ཞུ།

ཁྲིད་འདི་ཉམས་སུ་ལེན་ལུགས་ལ་ཐོག་མར་གལ་ཆེ་བ་དང་། བར་དུ་གལ་ཆེ་བ་དང་། ཐ་མར་གལ་ཆེ་བའི་ཆོས་རྣམ་པ་གསུམ་ཡོད།

ཐོག་མར་གལ་ཆེ་བ་ནི། འཁོར་བའི་བྱ་བ་མཐའ་དག་ལ་ཞེན་པ་གཏིང་ནས་ལྷོད་པོར་གྱུར་ནས་ཐར་བ་ཡང་དག་པ་སྒྲུབ་པའི་ལམ་བཅོས་མ་མ་ཡིན་པ་བསྒྲུབ་འདོད་ཀྱི་བསམ་པ་རང་གི་རྒྱུད་ལ་སྐྱེ་བ་ཞིག་དགོས།

དེ་ནི་དང་པོ་དལ་འབྱོར་རྙེད་པར་དཀའ་བ་དང་། འཆི་བ་མི་རྟག་པ་ལ་ཞིབ་ཏུ་བསམ་བློ་བཏང་ནས། ཚེ་འདི་སྣང་ལ་ཞེན་པ་ལྡོག་པར་བྱ་བ་དང་། ལས་རྒྱུ་འབྲས་དང་འཁོར་བའི་ཉེས་དམིགས་ལ་བསམ་བློ་བཏང་ནས། ཕྱི་མའི་སྣང་ཤེས་ཐམས་ཅད་ལ་ཞེན་པ་ལྡོག་པར་བྱས་ནས། མདོར་ན་འཁོར་བ་ལ་ཞེན་པའི་བློ་ལྷོད་པོར་མ་སོང་གི་བར་དུ་བསྒོམ་དགོས།

བར་དུ་གལ་ཆེ་བ་ནི། རང་དང་གཞན་ལ་ཕན་པ་རྒྱ་ཆེན་པོ་བསྒྲུབ་པར་བྱ་བ་དེ་ཡིན། རང་དང་གཞན་ལ་ཕན་པ་སྒྲུབ་པའི་ཐབས་གང་ཡིན་ཞེ་ན། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་འདི་གཉིས་ཡིན། དེ་ཇི་ལྟར་ཡིན་ཞེ་ན། ཐོག་མར་རང་ནང་བ་སངས་རྒྱས་པ་རྣམ་པར་དག་པ་ཞིག་ཡིན་པར་ཁས་བླངས་ཤིང་དམ་བཅས་པ་གཞིར་བཞག་གི་སྟེང་ནས་དེའི་ཆོས་ལ་བསླབ་དགོས། ནང་པ་སངས་རྒྱས་པའི་ཆོས་ལ་བསླབ་དགོས་ན་ཐེག་པ་དམན་པའམ་ཐེག་པ་ཐུན་མོང་གི་ཆོས་ཤིག་དང་། ཐེག་ཆེན་ཐུན་མོང་མ་ཡིན་པའི་ཆོས་གཉིས་ཡོད།

དེ་ལས་ཐེག་པ་དམན་པ་བ་རྣམས་ཀྱིས་རང་གི་ལུས་དང་སྲོག་ལ་ཐུག་ཀྱང་གཞན་སེམས་ཅན་ལ་གནོད་པ་མི་བྱ་བའི་ཐབས་སུ་ཁྱིམ་པའམ་རབ་ཏུ་བྱུང་བའི་ཕྱོགས་ཀྱི་སྡོམ་པ་གང་རུང་ཞིག་བླངས་ནས་དེར་གནས་པར་བྱ་བ་ཡིན། དེ་ཡང་གཞན་ལ་གནོད་པ་མ་བྱས་པ་རྐྱང་བ་ཙམ་གྱིས་མི་ཆོག་པར། གཞན་ལ་གནོད་པ་རྩ་བ་ནས་མི་བྱ་བསམ་པའི་དམ་བཅའ་ཡོད་དགོས། དམ་བཅའ་ཡོད་ན་ནང་པ་སངས་རྒྱས་པ་ཉིད་དུ་འགྱུར་བ་རེད་མ་གཏོགས། དམ་བཅའ་མེད་པར་གཞན་ལ་གནོད་པ་མ་བྱས་པ་ཙམ་ནི་ས་རྡོ་རི་བྲག་ལ་སོགས་པ་ལའང་ཡོད་ཀྱང་དེ་ཙམ་ལ་ནང་པ་སངས་རྒྱས་པ་མི་ཟེར།

གཞན་ལ་གནོད་པ་མི་བྱ་བའི་ཕྱིར་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བསམ་རྒྱུའི་དམ་བཅའ་རྒྱུད་ལ་བརྟེན་རྒྱུ་ལ་སྐྱབས་སུ་འགྲོ་བ་ཟེར།

གཞན་ལ་གནོད་པ་མི་བྱེད་པའི་ཐབས་སུ་ཐམས་ཅད་ཀྱིས་རང་གི་རྒྱུད་ལ་སྡོམ་པ་རེ་ལེན་དགོས། དེ་ལྟ་བུའི་སྡོམ་པ་ལེན་པར་བྱེད་པ་ལ་དགེ་ཚུལ་སློང་གི་སྡོམ་པ་ཟེར་བའི་རབ་བྱུང་གི་སྡོམ་པ་ཞིག་ཡོད། དེ་ནི་ཤར་ཕྱོགས་ཨེ་ཤ་ཡའི་རྒྱལ་ཁབ་མང་ཆེ་བ་ལ་དེའི་སྲོལ་ཡོད། ཁྱད་པར་དུ་བོད་དང་རྒྱ་གར་དང་སིང་གྷ་ལ་ལ་སོགས་པའི་ཡུལ་ན་ཡང་ཆེས་མང་པོ་ཞིག་ཡོད། དཔེར་ན་ཨ་རིའི་ལུང་པ་ནས་དེ་ལྟ་བུ་བསྒྲུབ་དགོས་ན་ཧ་ཅང་དཀའ་མོ་ཡིན།

འོན་ཀྱང་ཁྱེད་རྣམ་པས་ཀྱང་དགེ་བསྙེན་ནམ་གསོ་སྦྱོང་། ཐ་ན་བར་མའི་སྡོམ་པ་གང་རུང་རེ་རང་གི་རྒྱུད་ལ་ལེན་དགོས། ཅི་ལྟ་བུ་ཞིག་ལ་དགེ་བསྙེན་གྱི་སྡོམ་པ་ཟེར་ཞེ་ན། ཤི་མ་སོང་གི་བར་དུ་འགྲོ་བ་མིའི་རིགས་ཚང་མ་མི་གསད་བསམ་པ་དང་། དེ་བཞིན་དུ་གཞན་ལ་གནོད་ཚབས་ཆེ་ཞིང་མགོ་སྐོར་ཆེན་པོའི་རྫུན་མི་བཤད་བསམ་པ། གཞན་གྱི་ཆུང་མ་ལ་འདོད་པས་ལོག་པར་མི་སྤྱོད་བསམ་པ། གཞན་གྱི་རྒྱུ་རྫས་མ་བྱིན་པར་མི་ལེན་པ་དང་ཆང་བཅས་རྩ་བ་ནས་སྤང་བསམ་རྒྱུའི་དམ་བཅའ་ཡོད་དགོས། ཚང་མ་སྤངས་ཐུབ་ན་ཨང་དང་པོ་རེད། མ་ཐུབ་ན་ཡང་དེའི་ནང་གི་རེ་རེ་གཉིས་རེ་ཞིག་ཤི་མ་སོང་གི་བར་དུ་སྤང་སྙམ་ནས་དམ་བཅའ་ཡང་དག་པར་རྒྱུད་ལ་བླངས་ན་དགེ་བསྙེན་ཟེར། སྲོག་མི་གཅོད་པ་དང་། མ་བྱིན་པ་མི་ལེན་པ། འདོད་པས་ལོག་པར་མི་གཡེམ་པ། རྫུན་མི་སྨྲ་བ་ལ་རྩ་བ་བཞི་ཟེར་ཞིང་། དེ་རིང་ཉི་མ་ཤར་བ་ནས་བཟུང་སང་ཉིན་ཉི་མ་མ་ཤར་བའི་བར་དུ་དེ་བཞི་པོ་མི་བྱེད་པར་ཁས་ལེན་པ་ལ་གསོ་སྦྱོང་གི་སྡོམ་པ་ཟེར། ཐ་ན་དེ་ལྟ་བུའི་སྡོམ་པ་གང་ཡང་རྒྱུད་ལ་ལེན་མི་ཐུབ་ནའང་། ཁྱེད་རྣམ་པས་སྐོར་བ་བྱེད་པ་དང་། ཕྱག་འཚལ་བ། ཐ་ན་ཁ་ཏོན་དགེ་སྦྱོར། མ་ཎི་དང་ཨ་ར་པ་ཙ། བཛྲ་གུ་རུ་ལ་སོགས་པ་གྲངས་ཅུང་མང་རེ་འདོན་པ་ཁས་བླངས་ནས་ཅི་ནུས་ཀྱིས་འདོན་དགོས་པ་ཡིན།

ཆོས་འཇིག་རྟེན་གྱི་བྱ་བ་རླབས་ཆེན་པོ་གང་ཞིག་བསྒྲུབ་པར་བསྐུལ་བའི་ཚེ། ང་ཚོ་བོད་ཀྱི་ལུང་པ་ལ་ཁ་ཕོ་རུས་སློང་ཟེར་བའི་སྲོལ་ཞིག་ཡོད། ངས་ཁྱེད་རྣམ་པར་ཁ་ཕོ་རུས་བསླངས་ནས་བསྐུལ་མ་ཞིག་བྱ། ཁ་ཕོ་རུས་ཟེར་བ་ནི་འགྲན་བསྡུར་བྱེད་དུས་སྙིང་སྟོབས་བསྐྱེད་པ་དེ་རེད། ཁ་ཕོ་རུས་ཇི་ལྟར་སློང་ཟེར་ན། དཔེར་ན་ངེད་བོད་ལུང་པ་ལྟ་བུ་ལ་མཚོན་ན་མི་གྲངས་ཀྱང་ཉུང་ཉུང་དང་། སྟོབས་འབྱོར་ཡང་དམན་པ་རེད། ཤེས་ཡོན་གྱི་དཔང་ཚད་ཀྱང་ཞན་པོ་རེད། ཡིན་ཡང་བོད་ཀྱི་བླ་མ་དང་མི་སྐྱ་ཕོ་མོ་ཐམས་ཅད་ཕལ་ཆེར་མི་རེར་ཡང་མ་ཎི་དང་ཨ་ར་པ་ཙ་ལ་སོགས་པ་དུང་ཕྱུར་ཙམ་རེ་མི་འདོན་མཁན་གཅིག་ཀྱང་མེད་པ་ལྟ་བུ་རེད། དེ་ཡིན་ན་ཁྱེད་ཨ་རིའི་ལུང་པ་འདི་མི་གྲངས་ཀྱང་མང་། སྟོབས་འབྱོར་ཡང་ཆེ། ཤེས་རྒྱ་ཡང་བཟང་། དེ་ལྟ་བུ་ཞིག་ཡིན་ན་ཁྱེད་རྣམ་པས་ཅི་ཡང་མ་བཏོན་པར་ལག་པས་ལག་པ་བཟུང་ནས་སྡུག་སྒོང་བྱས་ནས་བསྡད་ན། ངེད་བོད་ཀྱི་བླ་མ་ཐམས་ཅད་ཀྱི་ཁ་སྔུན་དུ་ཁྱེད་རྣམ་པ་ངོ་ཚ་མོ་ཡོང་རྒྱུ་རེད། ༼དགོད་སྒྲ།༽ ཅི་ནུས་ཀྱིས་འདོན་པ་འདོན་དགོས་པ་ཡིན།

འོ་ཡ། ད་གཞན་ལ་གནོད་མི་སྐྱེལ་བས་མི་ཚད་གཞན་དོན་འབའ་ཞིག་ཆེད་དུ་བསྒྲུབས་ནས་བྱམས་སྙིང་རྗེ་ཁོ་ནས་ཁོག་བསྲིངས་བ་ནི་རྫོགས་པ་ཆེན་པོའི་གཞི་རྩ་ཡིན། དེས་ན་ནང་པ་སངས་རྒྱས་པའི་ཆོས་ཀྱི་སྙིང་པོ་མཐར་ཐུག་པ་ནི་བྱམས་པ་དང་སྙིང་རྗེ་ཁོ་ན་ཡིན་པས་རང་དོན་ཡལ་བར་བོར་ནས་དུས་རྟག་ཏུ་སེམས་ཅན་རྣམས་ལ་བསམ་པ་བཟང་པོ་དང་སྤྱོད་པ་བཟང་པོ་འབའ་ཞིག་གིས་གཞན་དོན་བསྒྲུབ་རྒྱུ་ནི་མེད་དུ་མི་རུང་བ་ཡིན། དེ་ལ་ནི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཟེར།

ཐ་མར་གལ་ཆེ་བའི་ཆོས་ནི། ནོར་འཁྲུལ་གང་ཡང་མེད་ཅིང་ཡིད་ཆེས་པའི་ཚད་མ་རྣམ་པར་དག་པ་དང་ལྡན་པའི་ཆོས་ཤིག་ལ་བརྟེན་ནས་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པར་བྱེད་དགོས། དེ་ལྟ་བུའི་ཆོས་གང་ཡིན་ན། གསང་སྔགས་རྡོ་རྗེ་ཐེག་པ་སྤྱི་དང་། ཁྱད་པར་དུ་ཐེག་པ་ཐམས་ཅད་ཀྱི་རྩེ་མོ་མཐར་ཐུག་པ་འོད་གསལ་རྫོགས་པ་ཆེན་པོ་ཡིན། དེའི་ཉམས་ལེན་ཁོ་ན་ལ་བརྩོན་རྒྱུ་ནི་ཐ་མར་གལ་ཆེ་བ་ཡིན།

དེས་ན་ནང་བ་སངས་རྒྱས་ཀྱི་བསྟན་པ་ཐམས་ཅད་རིགས་བསྡུ་ན་གཞན་ལ་གནོད་པ་མི་བྱེད་པ་དང་། གཞན་ཕན་གཙོ་བོར་སྒྲུབ་པ་དང་། གཞན་ཕན་ཡང་རྒྱ་ཆེན་པོ་དང་དཀའ་ཚེགས་མེད་པར་མྱུར་དུ་སྒྲུབ་པར་བྱེད་པ་གསུམ་གྱི་ནང་དུ་འདུ་བ་ཡིན། ཁྲིད་ཡིག་སངས་རྒྱས་ལག་སྟེར་གྱི་ཉམས་ལེན་གྱི་སྙིང་པོ་ཡང་ཚིག་དེ་གསུམ་དུ་བསྡུས་ནས་བཤད་ཡོད་པ་ཡིན། དེ་ལ་གསན་འདོད་ཡོད་པ་ཐམས་ཅད་སང་ཉིན་གཟའ་པ་སངས་ཀྱི་ཕྱི་དྲོའི་དུས་ཚོད་ལ་ཚང་མ་འབྱོན་པར་ཞུ། དེ་མིན་ཅི་ཡང་མེད།

བྱིན་རླབས་གཏད་རྒྱ།

ཕྱི་ཟླ་༧ཚེས་༡༦ཉིན་གྱི་སྔ་དྲོར་ཆོས་རྗེ་ཉིད་ཀྱིས་ཁྲིད་ཡིག་སངས་རྒྱས་ལག་སྟེར་གྱི་དབུ་ནས་རྫོགས་རིམ་བར་དུ་རེ་རེ་བཞིན་བཀྲལ་ནས་གསུངས་ཤིང་། གཞན་རྫོགས་ཆེན་གྱི་སྐོར་ལུང་གིས་འཐུས་པར་མཛད། བར་སྐབས་སུ་ཁྲིད་ཡིག་འདི་ཉིད་གཏད་རྒྱུའི་ཚུལ་དུ་གསུང་གླེང་གནང་བ་འདི་ལྟར།

གོང་དུ་ཐོག་མར་དགེ་བའི་ཁྲིད་ཐེག་དམན་སྤྱི་ཁྱབ་དང་མཐུན་པའི་ཆོས་བཤད་ཟིན་ལ། གཉིས་པ་ཐེག་ཆེན་མདོ་དང་སྔགས་སྤྱི་ཁྱབ་དང་མཐུན་པའི་བར་དུ་དགེ་བ་གཞུང་གི་ཁྲིད་ཀྱང་བཤད་གྲུབ་པ་ཡིན།

ད་ནི་ཐ་མར་དགེ་བའི་ཁྲིད་རྫོགས་པ་ཆེན་པོ་རང་གི་ཐུན་མོང་མ་ཡིན་པའི་མན་ངག་གཏན་ལ་དབབ་པ་ཡིན། དེ་ལ་སྔོན་འགྲོ་དང་དངོས་གཞི། རྗེས་ཀྱི་ཁྲིད་རྣམ་པ་གསུམ་ཡོད། དེ་ལས་སྔོན་འགྲོའི་ཁྲིད་ཅེས་པ་ནི་སྒོ་གསུམ་གྱི་འཁྲུལ་བ་སྟེ་ལུས་ངག་ཡིད་གསུམ་གྱི་མ་དག་པའི་ཆ་ཐམས་ཅད་དག་པར་བྱེད་པའམ་སྦྱོང་བར་བྱེད་པའི་ཐབས་ཤིག་ཡིན།

དངོས་གཞི་ཀ་དག་ཁྲེགས་ཆོད་ཀྱི་ཁྲིད་ཅེས་པ་ནི། རང་གི་སེམས་ཀྱི་གནས་ལུགས་མ་ནོར་བར་མངོན་སུམ་དུ་མཐོང་བར་བྱེད་པའི་ཁྲིད་ལ་ཟེར།

རྗེས་ལྷུན་གྲུབ་ཐོད་རྒལ་གྱི་ཁྲིད་ཅེས་བྱ་བ་ནི་རང་རྩལ་སྐུ་དང་ཡེ་ཤེས་ཀྱི་སྣང་བ་རྩོལ་མེད་དུ་འཆར་བར་བྱེད་པ་ལ་ཟེར། ཁྲིད་འདི་དག་ཉམས་སུ་ལེན་པར་བྱེད་པའི་ཐབས་ནི། དང་པོ་མཐོང་བརྒྱུད་ཀྱི་ལག་ཁྲིད་ལ་བརྟེན་ནས་ཉམས་སུ་ལེན་པ་དང་། གཉིས་པ་ཉམས་ལེན་སྔ་མ་སྔ་མ་ཐམས་ཅད་ལ་ཉམས་མྱོང་ཐོབ་པ་གཞིར་བཞག་གི་སྟེང་ནས་ཕྱི་མ་ཕྱི་མ་ཐམས་ཅད་ཀྱི་ཁྲིད་འདེབས་དགོས་པ་ཡིན།

ང་སོང་བའི་རྗེས་སུ་ལག་ཁྲིད་དང་ཉམས་མྱོང་གི་ཁྲིད་ནི། འདི་ན་བཞུགས་པའི་བོད་ཀྱི་བླ་མ་རྣམ་པ་ལ་དྲིས་དང་ཁོང་རྣམ་པའི་ཞལ་ན་ཡང་གསལ་བོར་ཡོད་རྒྱུ་རེད། ཁྱེད་རྣམ་པས་དེ་དག་གི་མདུན་ནས་ཞུས་ནའང་ཆོག གལ་ཏེ་བླ་མ་གཞན་དང་མི་འཕྲད་པའི་དབང་དུ་བྱས་ན། འདི་ཡན་ཆད་ཀྱི་ཉམས་ལེན་དེ་སྲ་ཞིང་བརྟན་པ་ཡང་དག་པ་ཞིག་འོང་བར་བྱོས་དང་། རྗེས་སུ་འདི་མན་ཆད་ཀྱི་ཁྲིད་ཀྱི་ཉམས་ལེན་ནི་དཀའ་ཚེགས་མི་དགོས་པར་རང་རྒྱུད་ལ་སྐྱེ་འོང་བར་ངས་སྨོན་ལམ་གྱིས་གཏད་རྒྱ་བྱེད་ཆོག

སྨོན་ལམ་གྱི་གཏད་རྒྱ་ཟེར་བ་ནི། ངས་འདི་ལྟ་བུའི་དོན་ཁྱེད་རྣམ་པའི་རྒྱུད་ལ་སྐྱེ་ཡོང་བར་སྨོན་ལམ་འདེབས་པར་མ་ཟད། རྩ་གསུམ་ཆོས་སྐྱོང་སྲུང་མ་དང་བཅས་པ་དཔང་དུ་བཞག་ནས་ཁོང་རྣམ་པ་ལ་འཕྲིན་ལས་བཅོལ་ཏེ། འདི་ལྟ་བུའི་མན་ངག་ཁྱད་པར་ཅན་དུས་སུ་སྨིན་པའི་སྐབས་ན་སད་པར་གྱུར་ཅིག་ཅེས་གཏད་རྒྱ་ཡང་བྱ་རྒྱུ་ཡིན་པས་རྒྱུད་ལ་རང་ཤུགས་ཀྱིས་སྐྱེ་ཡོང་རྒྱུ་རེད། གལ་ཏེ་ངེད་ཅག་གིས་ཁྲིད་འདི་ད་རེས་མུ་མཐུད་དུ་རྒྱ་ཆེར་བཤད་ནའང་ཕན་པ་ཆེན་པོ་འབྱུང་རྒྱུ་མ་རེད། དཔེར་ན་ཁང་པ་ཞིག་ལ་སྐས་ཐེམ་བཅོ་བརྒྱད་ཡོད་ན། སྐས་ཐེམ་དང་པོ་དང་གཉིས་པ་ལ་སོགས་པ་རིམ་བཞིན་མ་བགྲོད་པར་ཐད་ཀར་བཅོ་བརྒྱད་པའི་སྟེང་དུ་སྤོ་གྲབས་བྱས་ནའང་སྤོ་ཐུབ་པ་མིན། དེ་བཞིན་དུ་ཁྱེད་རྣམ་པ་ལ་ཉམས་ལེན་སྔ་མ་སྔ་མ་རྣམས་ལ་ཉམས་མྱོང་མ་ཐོབ་པར་ཕྱི་མ་མང་པོ་མང་པོ་ཞིག་ངས་ཟླ་བའི་སྣེ་ལ་ཟླ་བ་མཐུད་ནས་བཤད་ན་ཡང་གོ་ཐུབ་རྒྱུ་མ་རེད།

ཁྱེད་རྣམ་པས་དངོས་གཞི་འདི་ལ་གོ་རྒྱུ་ཡོད་ས་མ་རེད་སྙམ་ནས་སེམས་མ་ཕམ་པར། བློ་ལྡོག་རྣམ་བཞི་དང་སྐྱབས་འགྲོ་སེམས་བསྐྱེད། བླ་མའི་རྣལ་འབྱོར་བཅས་ལ་ནན་ཏན་གྱིས་དང་། དེའི་དོན་ཡང་དག་པར་རྒྱུད་ལ་སྐྱེས་སྐབས། ཁྲིད་ཡིག་འདི་ལ་ཐད་ཀར་བལྟས་ནའང་དོན་རང་རྒྱུད་ལ་སྐྱེ་ཡོང་བའི་ཁག་ཐེག་བྱ་ཆོག

དེ་ནས་ཁྲིད་རྒྱུན་མི་ཉམས་པར་བྱ་བའི་ཆེད་དུ། འདི་མན་ཆད་ཀྱི་ཁྲིད་ངས་བོད་སྐད་ཀྱི་སྟེང་ནས་ལུང་ཞིག་འབུལ་རྒྱུ་ཡིན། ཚང་མས་དད་གུས་དང་ལྡན་པའི་སྒོ་ནས་གསན་པར་ཞུ།

སྔོན་འགྲོ་འབུམ་ལྔ་སོགས་ལེགས་པར་གྲུབ་ཅིང་བླ་མ་དང་ཆོས་ལ་དད་པ་རྣམ་དག་ཡོད་ཀྱང་། ཆོས་རྗེ་ཉིད་ཀྱི་ཞལ་དངོས་མ་མཇལ་ཞིང་སྐུ་མདུན་ནས་ཆོས་ཀྱང་ཐོབ་མ་མྱོང་བའི་མ་འོངས་པའི་སྐལ་ལྡན་གདུལ་བྱ་རྣམས་ལ། ཆོས་རྗེ་ཉིད་ཀྱིས་ཁྲིད་ཡིག་འདི་ཉིད་བརྒྱུད་ནས་བཀའ་གཏད་གནང་བ་ཡིན་པར་སེམས་སོ། །

འཇམ་དཔལ་དབྱངས་དང་ཆེས་ཉེ་བའི་ཆོས།

སྔོན་ཆད་ཆོས་རྗེ་ཉིད་ཀྱི་ཆོས་ཁྲིད་ཞུ་མྱོང་བའི་སྐུ་ཞབས་ལྗེ་མཱེ་ཁེའོ་ཧྥེ་སི་(Jamie Kalfas)ལགས་ཀྱིས་ང་ཚོར་འདི་ལྟར་བཤད།

སྐྱབས་རྗེ་བླ་མ་ཁོང་ནཱ་ཕཱ་ལུང་དུ་བྱོན་སྐབས། ཁོང་གིས་ངེད་ཅག་ལ་ལོ་ངོ་དྲུག་གི་ཡར་སྔོན་ཏེ། ཕྱི་ལོ་༡༩༨༧ལོར་རི་བོ་རྩེ་ལྔ་ནས་གཏེར་ལས་བཞེས་པའི་འཇམ་དཔལ་ཞི་སྒྲུབ་ཀྱི་དབང་ཁྲིད་དང་། ལྕེ་བཙུན་སྙིང་ཐིག་གཉིས་ཤིན་ཏུ་རྒྱས་པར་གསུངས།

ཆོས་རྗེ་མཆོག་གིས་ཆོས་ཁྲིད་གསུང་སྐབས། མ་ཡིན་ཡིན་མདོག་གི་རྣམ་པ་དང་བཅས་བཅོས་གང་ཡང་མེད་པར། གང་འདོད་ཀློང་བརྡོལ་གྱི་ཚུལ་དུ་གསུངས་པས། མི་རྣམས་ལ་བར་ཐག་ཧ་ཅང་ཉེ་བའི་ཚོར་སྣང་སྦྱིན། ཁོང་གིས་ཐེངས་རེར་ཕྱག་ཕྲེང་དེ་རྣ་བར་བཀལ་ནས་ཆོས་གསུངས།

སྐབས་དེའི་ཆོས་ཚོགས་ལ་ཞུགས་མཁན་རྣམས་ལས། འགའ་རེ་འཇམ་དཔལ་ཞི་སྒྲུབ་ཀྱི་ཆོས་ལ་དགའ་པོ་ཡོད་ཅིང་། འགའ་རེ་ལྕེ་བཙུན་སྙིང་ཐིག་གི་ཆོས་ལ་ཤིན་ཏུ་དགའ། ང་རང་ནི་འཇམ་དཔལ་ཞི་སྒྲུབ་ཀྱི་ཆོས་ལ་ལྷག་ཏུ་དགའ་བས། དུས་ཡུན་རིང་པོར་ཉིན་རེ་བཞིན་དུ་སྒོམ་སྒྲུབ་བྱས་ཀྱང་། ཉེ་ཆར་བརྩོན་འགྲུས་ཀྱིས་ཅུང་འདང་གིན་མེད་པས། ཡང་བསྐྱར་སྔོན་ཆད་ལྟར་ཉིན་བཞིན་ཆག་མེད་དུ་ཉམས་སུ་ལེན་པ་གལ་ཆེ་བར་འདུག་སྙམ། གཞན་ང་ཚོའི་མཚམས་སྒྲུབ་ཆོས་ཚོགས་ཀྱི་མི་རྣམས་ཀྱིས་ཀྱང་གཟའ་འཁོར་རེ་ལ་མཉམ་དུ་ཉམས་ལེན་ཐེངས་རེ་བྱེད་ཀྱིན་ཡོད།

ཆོས་འདི་ཇི་ལྟར་ཉམས་སུ་བླངས་པ་དེ་ལྟར་དུ་རྗེ་བཙུན་འཇམ་པའི་དབྱངས་ལ་ཐག་ཇེ་ཉེ་རུ་འགྲོ་བཞིན་པའི་སྣང་བ་འཆར་ཡོང་བས། ང་རང་ཆོས་འདི་ལ་ཧ་ཅང་དགའ་བ་ཡིན། ནམ་རྒྱུན་ཕྱི་ལོགས་སུ་འགྲོ་སྐབས། ཡི་གེ་ལུས་ལ་འཆང་ཡོད་མེད་ཀྱི་སྐབས་ཅི་རིགས་ཡོད་ཀྱང་། ཉིན་རེ་བཞིན་ཆོས་འདིའི་སྔགས་བཟླ་བ་ནི་ཡེ་ནས་ཆད་མ་མྱོང་བར་བཤད།

ཁོང་གིས་ཆོས་རྗེ་ཉིད་ཀྱི་གསོལ་འདེབས་ཤིག་མགུར་དུ་དྲངས་བ་ན། བར་མཚམས་ཤིག་ནས་མགྲིན་པ་བརྣངས་ཏེ་ལེན་མི་ཐུབ་པར་གྱུར་ལ། འདི་ལྟར་མུ་མཐུད་བླངས་ན་ང་རང་ངུ་བྲོད་ཀྱིན་འདུག་ཅེས་མཚམས་བཞག་བྱུང་། དེ་ལྟར་རྗེ་ཉིད་ཀྱི་བྱིན་རླབས་ནི་ད་དུང་ཡང་ཁོང་གི་སེམས་སུ་གནས་ཡོད།

མི་སྒེར་གནམ་གྲུར་བཞུགས་པ།

ཉིན་དེའི་ཕྱི་དྲོར། སྦྱིན་བདག་ཅིག་གིས་ཆོས་རྗེ་ཉིད་ཁོ་རང་སྒེར་གྱི་གནམ་གྲུར་ཞུགས་ནས་བྱིན་རླབས་མཛད་པ་དང་། མཁའ་དབྱིངས་སུ་འགྲུལ་བཞུད་ཐེངས་གཅིག་གནང་བར་གདན་ཞུ་བྱས་པ་དང་ལེན་གནང་།

ང་ཚོ་གནམ་ཐང་དུ་འབྱོར་ཚེ། དེར་མི་སྒེར་གྱི་གནམ་གྲུ་མང་པོ་བཞག་འདུག་པ་མཐོང་། ཨ་རིར་མི་སྒེར་ལ་དབང་བའི་གནམ་གྲུ་ཡོད་མཁན་ཤིན་ཏུ་མང་ཡང་། སྐབས་དེར་ང་ཚོའི་ས་ཆར་མི་སྒེར་གནམ་གྲུ་ལྟ་ཅི། མི་སྒེར་ལ་དབང་བའི་རླངས་འཁོར་ཡོད་པའང་ཤིན་ཏུ་བསམ་ཡུལ་ལས་འདས་པའི་ཚད་དུ་འཇོག

གནམ་གྲུར་མི་མང་པོ་སྡོད་ཐབས་མེད་པས། ཆོས་རྗེ་ཉིད་དང་ཨ་ནེ་མེ་སྒྲོན། བླ་མ་མུ་མཚོ། སྐད་སྒྱུར་མཁན་གཅིག་བཅས་ཕེབས་ཤིང་། ང་ཚོས་གནམ་ཐང་ནས་བསྒུགས་པ་ཡིན། གནམ་གྲུ་ཇེ་མཐོ་ནས་ཇེ་མཐོར་འཕུར་བ་དང་བསྟུན། མིག་ལམ་དུ་ཆུང་ནས་ཆུང་དུ་ཕྱིན་མཐར་མི་སྣང་བར་གྱུར།

ཉིན་དེར་རླུང་དྲག་ཏུ་ལྡང་བས་བདག་ལ་སེམས་ཁུར་ཆེན་པོ་བྱུང་ཞིང་། ཡུན་རིང་བར་དུ་གནམ་གྲུ་འཕུར་བའི་ཕྱོགས་སུ་བལྟས། དུས་ཚོད་རིང་པོ་འགོར་རྗེས་ཁོང་རྣམ་པ་ཕྱིར་གནམ་ཐང་དུ་བབས་བྱུང་ལ། བདག་གི་སེམས་ཀྱང་གནམ་གྲུ་དང་མཉམ་དུ་ལྷོད་ལ་བབས།

ཆོས་རྗེ་ཉིད་ཐུགས་ཧ་ཅང་མཉེས་པར་འདུག ནམ་མཁའ་ནས་འཕུར་སྐྱོད་གནང་བ་ནི་ཆེས་ངོ་མཚར་བ་ཡིན་པར་གསུངས་ཀྱང་། གང་དུ་བྱོན་པ་དང་ལྟད་མོ་གང་གཟིགས་སོགས་བདག་གིས་ཤེས་མ་བྱུང་།

ཕུར་པ་ཡང་ཟབ་སྙིང་པོ།

ཕྱི་ཟླ་༧པའི་ཚེས་༡༧ཉིན་གྱི་ཕྱི་དྲོར། ལས་གླིང་གི་ཕུར་པའི་དབང་བསྐུར་བའི་ཐོག་མར་འདི་ལྟར་གསུང་།

སྔོན་གྱི་དུས་སུ་མཆོད་རྟེན་བདེ་བྱེད་བརྩེགས་པ་རུ་འཕགས་ཡུལ་གྱི་རིག་འཛིན་བརྒྱད་ཀྱིས་རྩེ་གཅིག་ཏུ་སྒྲུབ་པ་ཉམས་ལེན་མཛད་པའི་ལག་རྗེས་ལ་སྒྲུབ་པ་བརྒྱད་སོ་སོར་བཀའ་བབས་པར་གྱུར། དེ་ལས་སྒྲུབ་པ་བཀའ་བརྒྱད་འདི་མ་ཧཱ་གུ་རུ་ལའང་བབས་པས། ཁོང་གིས་སྒྲོམ་བུ་ལས་དངོས་སུ་བཏོན་ནས་དཔལ་བསམ་ཡས་ཀྱི་ཡང་དབེན་མཆིམས་ཕུ་བྲག་དམར་ཀེའུ་ཚང་དུ་བཀའ་བརྒྱད་བདེ་གཤེགས་འདུས་པའི་དབང་ཡོངས་རྫོགས་རྗེ་འབངས་སྙིང་གི་བུ་དགུ་སོ་སོ་ལ་ཆེ་མཆོག་དང་། ཡང་དག གཤིན་རྗེ། པདྨ། རྟ་མགྲིན། ཕུར་པ་ལ་སོགས་སོ་སོར་གནང་།

དེའི་རྗེས་སུ་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་བློན་པོ་ཡོངས་ཀྱི་ཆེ་ཤོས་སྔགས་པ་རྡོ་རྗེ་བདུད་འཇོམས་ཀྱིས། སྔར་ཕུར་བའི་བཀའ་བབས་དེ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཡིན་པས་ཁོང་ལ་ཕུར་བའི་ཆོས་བཀའ་འདི་ཉིད་གསུང་བར་ཡང་ཡང་བསྐུལ་མ་གནང་བ་ན། ཕུར་བའི་ཆོས་བཀའ་རབ་འབྱམས་ནི་ཁོ་མོས་གསུངས་བའི་དུས་མིན། མ་ཧཱ་གུ་རུ་ཆེན་པོ་དངོས་ལ་ཞུས་པས་ཆོག འོན་ཀྱང། ཁྱོད་ཀྱིས་ཚོགས་རྫས་ལ་སོགས་པ་གྱ་ནོམ་པ་ལྟ་གོན་གྱིས་ཞེས་འཕྲིན་བརྫངས་བའི་དུས་སུ། རྡོ་རྗེ་བདུད་འཇོམས་ཀྱིས་ཚོགས་ཀྱི་མཆོད་པ་ཡང་མཐའ་བཞིའི་རྒྱལ་ཁམས་གཞན་ལ་བསྒྲག་ཏུ་རུང་བའི་མཆོད་རྫས་གྱ་ནོམ་པ་བསྒྲིགས་ཏེ། མ་ཧཱ་གུ་རུ་དངོས་ཀྱི་སྐུ་མདུན་ནས་ཕུར་བའི་གདམས་ངག་མ་ལུས་པ་ཞུས། དེའི་དུས་སུ་མེ་ཏོག་ཀྱང་སྔར་ཡེ་ཤེས་མཚོ་རྒྱལ་དང་གཅིག་པར་ཕུར་པ་འཕྲིན་ལས་ཀྱི་ལྷ་ལ་བབས་པ་རེད། དེ་ནས་རྡོ་རྗེ་བདུད་འཇོམས་ཁོང་གངས་རིའི་ལྗོངས་ན་མཐུ་དང་ནུས་པ་ལ་འགྲན་དུ་མེད་པ། རྔ་རྡུང་ཕུར་ཐོགས་ཡོངས་ཀྱི་གཙོ་བོ་རུ་མངའ་གསོལ་ཞིང་། དེའི་རྟེན་འབྲེལ་གྱི་དབང་གིས་ཕྱི་མའི་དུས་ནའང་རྡོ་རྗེ་བདུད་འཇོམས་ཀྱི་སྐྱེ་མཐའ་སྤྲུལ་པའི་གཏེར་སྟོན་ཚང་མ་ལ་ཕུར་བུའི་ཆོས་བཀའ་རེའི་གཏེར་ཁ་མེད་པ་མི་སྲིད་པ་ལྟ་བུ་བྱུང་བ་ཡིན།

རྡོ་རྗེ་བདུད་འཇོམས་དེ་ཉིད་ཀྱང་བོད་ཡུལ་དུ་རིག་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་འཕྲུ་ཅན་དང་། བྱང་པ་པདྨ་འཕྲིན་ལས་ལ་སོགས་པའི་སྐུ་ཕྲེང་རིམ་པར་བརྒྱུད་ནས། རྗེས་སུ་ཉག་ཨ་འཛི་ལུང་པའི་ས་ཆར་གཏེར་སྟོན་འཁོར་ལོས་བསྒྱུར་བ་ཆེན་པོ་གཏེར་ཆེན་ལས་རབ་གླིང་པའམ་ཉག་བླ་བསོད་རྒྱལ་ཞེས་བྱ་བའི་སྐུ་སྐྱེ་བཞེས་པ་ཡིན། གཏེར་སྟོན་བསོད་རྒྱལ་ཁོང་ཡང་མཁས་པ་དང་གྲུབ་པའི་ཡོན་ཏན་རྨད་དུ་བྱུང་ཞིང་། ཁྱད་པར་དུ་ཆོས་གཏེར་དང་རྫས་གཏེར་བསམ་གྱིས་མི་ཁྱབ་པ་ལ་མངའ་དབང་འབྱོར་བའི་གྲུབ་པའི་སྐྱེས་བུ་ཆེན་པོ་ཞིག་ཡིན།

ཁོང་གི་ཆོས་གཏེར་ཡོངས་རྫོགས་ཀྱི་སྙིང་པོའམ་བཅུད་ལྟ་བུར་གྱུར་པ་ནི་ཕུར་བའི་ཆོས་སྐོར་འདི་ཡིན། དེ་ལ་ཡང་རྒྱས་པ་ཡང་གསང་ཁྲོས་པ་དང་། འབྲིང་པོ་ཡང་སྙིང་སྤུ་གྲི། བསྡུས་པ་ཡང་ཟབ་སྙིང་པོ་སྟེ་ཆོས་ཚན་རྣམ་པ་གསུམ་དུ་བཞུགས་པ་ཡིན། ཕུར་བ་ཡང་གསང་ཁྲོས་པ་ནི་གང་ཟག་སུ་མ་ཡིན་གྱིས་བསྒྲུབ་རྒྱུ་དཀའ་ལ་སྒྲུབ་ཀྱང་མི་རུང་བ། གལ་ཏེ་དམ་ཚིག་དང་ལྡན་པ་ཁོ་ན་མ་གཏོགས་གཞན་སུས་བསྒྲུབས་ནའང་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ཀྱིས་བཀའ་ཆད་འབྱུང་བའི་ཆོས་བཀའ་རྒྱ་དམ་པ་ཞིག་ཡིན། ཕུར་བ་ཡང་ཟབ་སྙིང་པོ་འདི་ནི་བྱིན་རླབས་ཀྱི་ཚན་ཁ་ཆེ་ཞིང་། གང་ཟག་མཆོག་དམན་རབ་འབྲིང་སུས་བསྒྲུབས་ཀྱང་སྒྲུབ་ཆོག་པའི་བཀའ་རྒྱ་ཡངས་མོ་ཞིག་ཡིན།

རྟེན་འབྲེལ་དེ་ཡི་དབང་གིས་ད་ལྟ་ང་ཚོ་བོད་ཀྱི་ལུང་པ་ན། ཡང་གསང་ཁྲོས་པ་ནི་ཚེ་གཅིག་སྒྲུབ་པ་ཉམས་ལེན་ལ་བརྩོན་པའི་གང་ཟག་འགའ་ཞིག་གིས་དབེན་པའི་གནས་སུ་བསྒྲུབ་པར་བྱ་བ་མ་གཏོགས་གཞན་སུ་ཡིན་ཡིན་གྱིས་སྒྲུབ་ཀྱིན་མེད། ཕུར་བ་ཡང་ཟབ་སྙིང་པོ་ནི་མི་སྐྱ་རྣམས་ཀྱིས་གྲོང་གཏོ་བྱས་ནས་རང་རང་གི་ཁྱིམ་དུ་ཡང་རྒྱ་ཆེན་པོར་འདོན་པའི་སྲོལ་ཡོད།

སྤྱིར་བསམ་བློ་བཏང་ན་ཕུར་པ་རྒྱས་འབྲིང་བསྡུས་གསུམ་གང་ཉམས་སུ་བླངས་ནའང་དབང་ཚང་མ་གཅིག་པ་ཡིན་པས། གཅིག་གི་དབང་ཐོབ་དུས་རང་རང་གིས་གང་ཉམས་ལེན་བྱས་ནའང་དེའི་དབང་ཐོབ་པ་དང་འདྲ་འདྲ་ཡིན། ད་རེས་ཀྱི་སྐབས་སུ་བབས་པ་ནི་ཕུར་བའི་ཆོས་བཀའ་རབ་འབྱམས་ཀྱི་གནད་ཕྱོགས་གཅིག་ཏུ་བསྡུས་པ་ཕུར་བ་ཡང་ཟབ་སྙིང་པོའི་དབང་སྐུར་བའི་སྐབས་སུ་བབས་པ་ཡིན།

རྒྱལ་སྲས་ལག་ལེན་གྱི་ཕན་ཡོན།

དེ་ནས་ཆོས་རྗེ་ཉིད་ཀྱིས་རྒྱལ་སྲས་ལག་ལེན་གྱི་ལུང་གནང་བའི་སྐབས་སུ་འདི་ལྟར་གསུང་།

ད་སྐབས་རང་རེ་རྣམས་ཀྱིས་ཞག་དགུའི་བར་དུ་རྫོགས་པ་ཆེན་པོ་གཙོ་བོར་གྱུར་པའི་སྨིན་བྱེད་ཀྱི་དབང་བསྐུར་བ་དང་གྲོལ་བྱེད་ཀྱི་གདམས་པ་རྒྱ་ཆེར་བཤད་པ་ཡིན། ཁྱེད་རྣམས་ཀྱིས་ཀྱང་གཙོ་བོ་ད་སྔོན་བཤད་པ་བཞིན་དུ་རྫོགས་པ་ཆེན་པོའི་ཆོས་འདི་ཁོ་ན་ལ་ཉམས་བཞེས་མཛད་པ་གལ་ཆེ། གལ་སྲིད་རྫོགས་པ་ཆེན་པོའི་ལམ་ཉམས་སུ་ལེན་མི་ནུས་པ་དང་། མི་ཤེས་པ། ཤེས་སུ་ཟིན་ཀྱང་ལམ་ལ་རིམ་གྱིས་སློབ་པར་འདོད་པ་རྣམས་ཀྱིས་ཐོག་མའི་བསླབ་བྱ་དེ་གང་ཡིན་ན། བྱང་ཆུབ་སེམས་དཔའི་གཞུང་འདི་ལྟ་བུ་ལ་བསླབ་དགོས་པ་ཡིན་པས། བྱང་ཆུབ་སེམས་དཔའི་ལམ་ཡོངས་སུ་རྫོགས་པའི་གཞུང་ཤིང་དུ་གྱུར་བ། རྒྱལ་བའི་སྲས་ཀྱི་ལག་ལེན་སུམ་ཅུ་སོ་བདུན་མ་ཞེས་བྱ་བ་འདི་ཉིད་ཀྱི་བཀླག་ལུང་ཞིག་ཁྱེད་རྣམ་པ་ལ་དབུལ་རྒྱུ་ཡིན།

ཆོས་འདི་མཛད་པ་པོ་རྒྱལ་སྲས་དངུལ་ཆུ་ཐོགས་མེད་ཅེས་བྱ་བ་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན་ལ། ཁོང་གང་དུ་བཞུགས་པའི་ས་ཕྱོགས་སུ་སྲོག་ཆགས་དགྲ་གཤེད་དུ་གྱུར་པའི་ལུག་དང་སྤྱང་ཀི ཁྲ་དང་བྱེའུ་རྣམས་ཀྱང་ཕན་ཚུན་གཅིག་གིས་གཅིག་ལ་བྱམས་པའི་སེམས་ཀྱིས་རྩེད་མོ་རྩེ་བ་སོགས་ཐུགས་རྒྱུད་ལ་བྱང་སེམས་འབྱོངས་བའི་རང་རྟགས་ཕྱི་རོལ་ཡུལ་ལའང་སྨིན་ཡོད་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཞིག་ཡིན།

རྒྱལ་སྲས་ལག་ལེན་འདི་ཉམས་སུ་བླངས་ན་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད་པ་སྨོས་མ་དགོས་ལ། གལ་ཏེ་ཉམས་སུ་ལེན་མ་ནུས་ཀྱང་ཚིག་ཙམ་རྣ་བར་ཐོས་པས་རྒྱུད་ལ་ཐར་བའི་ས་བོན་འཇོག་པར་བྱེད་པ་ཡིན། ཆོས་འདིའི་ཚིག་དོན་ཧ་ཅང་གོ་སླ་བ་དང་ཉམས་སུ་ལེན་བདེ་མོ་ཡིན། རྗེས་མ་ཁྱེད་རྣམས་ཀྱིས་བླ་མ་མེད་ཀྱང་ཡི་གེ་རྐྱང་པ་ལ་བལྟས་ནས་དོན་ཨེ་ཁྲོལ་བལྟས་ནའང་གོ་ཐུབ་རྒྱུ་རེད།

རྫོགས་པ་ཆེན་པོ་གཙོ་བོར་གྱུར་པའི་གསང་སྔགས་ཀྱི་ཆོས་ནི་དང་པོར་བླ་མ་བསྟེན། བླ་མའི་མདུན་ནས་དབང་ཐོབ། ཁྲིད་བཤད། དོན་རྟོགས་རྗེས་གཟོད་ཉམས་སུ་ལེན་དགོས་པ་རེད་མ་གཏོགས། གལ་ཏེ་བླ་མ་མ་བསྟེན། དབང་ཁྲིད་མ་ཞུས་པར་གསང་སྔགས་ཀྱི་ཆོས་ལ་ཐད་ཀར་རང་སྟོབས་ཀྱིས་བལྟས་ན། དེ་ལ་ཕན་པ་མེད་པར་མ་ཟད་ཉེས་པ་རྒྱ་ཆེན་པོ་འབྱུང་བར་འགྱུར་བ་ཡིན། ཡིན་ནའང་ཆོས་འདི་ལྟ་བུ་ནི་བླ་མ་མེད་ཅིང་དབང་ཁྲིད་ལ་སོགས་པ་གང་ཡང་མ་ཐོབ་ཀྱང་། རང་སྟོབས་ཀྱིས་ཉམས་སུ་བླངས་ནའང་འགྲིག་པས་ཧ་ཅང་ཉམས་སུ་ལེན་བདེ་མོ་ཡིན།

གསང་སྔགས་ཀྱི་ཆོས་ཚུལ་རྣམས་ནི་ཁ་སང་ཞུས་པ་ལྟར་དབང་ཐོབ་ཅིང་དམ་ཚིག་གཅིག་པའི་གྲོགས་མ་གཏོགས་གཞན་སུ་ལའང་བསྒྲག་མི་རུང་ཡང་། འདི་ནི་མཆོག་དམན་རབ་འབྲིང་སེམས་ཅན་སུའི་རྣ་བར་ཐོས་ནའང་བསྒྲག་མི་ཆོག་པ་མེད་པར་ཇི་ལྟར་བསྒྲགས་ན་ཕན་ཡོན་དེ་ལྟར་ཆེ་བ་ཡིན་ཏེ། འདི་དར་བའི་ཡུལ་ཁམས་སུ་ནད་མུག་འཁྲུག་རྩོད་ཀྱི་རྒྱུན་ཆད། ཚེ་དཔལ་འབྱོར་བ་གོང་ནས་གོང་དུ་འཕེལ་བར་བྱེད་པའི་ཕན་བདེ་རྒྱ་ཆེན་པོ་འབྱུང་བའི་སྒོ་གཅིག་པུར་གྱུར་པ་ཞིག་ཀྱང་ཡིན། ད་སྐབས་ཆོས་ཚོགས་ཁག་གསུམ་དང་། ཁྱེད་སློབ་མ་རྣམས་ཀྱིས་འདིའི་ལུང་ཐོན་ཞེས་ང་ལ་བསྐུལ་མ་མ་བྱུང་ཡང་། ངས་ཕན་སེམས་འབའ་ཞིག་གིས་ཀུན་ནས་བསླངས་ཏེ་ཁྱེད་རྣམ་པ་ལ་དེ་རིང་ཐོས་གྲོལ་ཆེན་མོའི་ཆོས་འདི་ལན་གཅིག་བཀླགས་པ་ཡིན།

ཆོས་འདི་ནི་ཧ་ཅང་ཟབ་པ་སྟེ། ང་རང་ངོས་ནས་བསམ་བློ་བཏང་ན། བྱིས་པའི་དུས་ནས་ད་ལྟའི་བར་དུ་གཙོ་བོ་ཉམས་ལེན་གྱི་མཐིལ་ལྟ་བུ་ནི་རྒྱལ་སྲས་ལག་ལེན་འདི་ལ་བྱས་པ་ཡིན་ཞིང་། ངས་ཆོས་འདི་དང་པོ་ཉན་ཚུལ་གྱི་དབང་དུ་བྱས་ན་ཡང་། ལན་གཅིག་ཙམ་མ་ཡིན་པར་བླ་མ་བརྒྱ་ལྷག་གི་སྐུ་མདུན་ནས་ཡང་ནས་ཡང་དུ་ཞུ་མྱོང་། གཞན་རང་གིས་འབྲེལ་བ་ཐོགས་པ་ཚང་མ་ལའང་ཆོས་འདི་བཤད་པ་ཡིན་ལ། མི་གྲངས་འབུམ་ཐེར་མང་པོ་ལ་ལན་གྲངས་སྟོང་ལ་ཉེ་བ་ཙམ་ལ་བཤད་ཚར་ཡོད། དེས་ན་ད་རེས་ཁྱེད་རྣམ་པའི་ཐུགས་རྒྱུད་ལའང་ཕན་པ་ཞིག་ཨེ་ཐོགས་སྙམ་ནས་བཤད་པ་ཡིན།

ཁ་ཞེ་གཉིས་མེད་ཀྱིས་ང་ལ་བསྟེན་པའི་སློབ་མ་ཞིག་ཡིན་ན། འདིའི་ཚིག་དོན་ཚང་མ་བློ་ལ་འགྲོ་དགོས་པ་ཡིན་ལ། ཉིན་རེ་བཞིན་དུ་ཆོས་འདིའི་དོན་ཡོངས་རྫོགས་ཉམས་སུ་ལེན་དགོས་ཟེར་ན་དཀའ་མོ་ཡིན་ཡང་། ཚིག་རེ་རེ་ཉམས་སུ་ལེན་རྒྱུ་མི་ཆག་པར་ཁས་ལེན་དང་དམ་བཅའ་དགོས་པའི་སྲོལ་ཡང་ཡོད་པ་ཡིན།

ཞལ་ཏ་ཚིག་གསུམ།

ད་རེས་འུ་ཅག་ཚང་མ་བླ་མ་རྣམས་ཀྱི་བཀའ་དྲིན་གྱི་མཚམས་སྦྱོར་ལ་བརྟེན་ནས། ཧ་ཅང་འབྲེལ་འདྲིས་ཆེ་བ་དང་དད་འདུན་ཆེ་བ་སོགས་གང་ཐད་ནས་ཀྱང་ཤིན་ཏུ་བཟང་པོར་གྱུར་སོང་། ད་ཕལ་ཆེར་འགྲོ་རན་པའི་དུས་ལ་བབ་པ་ཡིན་པས། ང་ལ་ཁྱེད་རྣམ་པར་ཁ་ཏ་ཚིག་གསུམ་ཞུ་རྒྱུ་ཡོད།

ཁ་ཏ་དང་པོ་ནི། ཁྱེད་རྣམ་པ་ཚང་མ་ནང་པ་སངས་རྒྱས་པའི་ཆོས་སྒོར་ཞུགས་ལ། གཞན་ཡང་རང་ལ་འབྲེལ་བ་ཐོགས་ཚད་ཁ་ལྟ་ངོ་ཤེས་ཚང་མ་ནང་པ་སངས་རྒྱས་པའི་ཆོས་སྒོར་བཙུད་རྒྱུར་མ་འཆུགས། དེ་ཞུ་དགོས་པའི་རྒྱུ་མཚན་ཡང་ཁྱེད་རྣམ་པ་ལ་གོང་དུ་ལན་གྲངས་དུ་མར་ཞུས་ཡོད། ང་རང་གི་ངོས་ནས་བསམ་བློ་བཏང་ན། སྙན་གྲགས་དང་དཔལ་འབྱོར་ལ་སོགས་པ་གང་གི་ཆེད་དུའང་མིན། ནུབ་ཕྱོགས་རྒྱལ་ཁབ་ཀྱི་མི་ཁ་ཤས་རེ་སངས་རྒྱས་ཀྱི་བསྟན་པའི་ཆོས་སྒོ་ལ་བཙུད་རྒྱུ་ཨེ་རྙེད་བསམ་ནས་ཡོང་བ་ཡིན། དེས་ན་ཁྱེད་རྣམ་པས་ཀྱང་ངའི་བསམ་པ་མཐར་ཕྱིན་པར་བྱ་བའི་ཆེད་དུ་དེ་ལྟ་བུའི་ལས་ཀ་ཞིག་བསྒྲུབ་རྒྱུར་མ་འཆུགས།

ནང་པ་སངས་རྒྱས་པའི་ཆོས་ཞེས་བྱ་བ་ནི། རིག་གཞུང་རྣམ་དག་གིས་བརྟག་ནའང་ཆོས་རྣམ་པར་དག་པ་ཡིན་པར་བསྒྲུབ་རྒྱུ་ཡོད་ལ། དེར་མ་ཟད་སྔོན་བྱོན་གྱི་བླ་མ་དམ་པ་རྣམས་ཀྱིས་ཉམས་མྱོང་གི་སྟེང་ནས་བསྒྲུབ་ནའང་ཆོས་འདི་རྣམ་པར་དག་པ་ཡིན་པ་ནི། ནང་པ་སངས་རྒྱས་པའི་ཆོས་ལ་ལོ་བརྒྱའི་བར་དུ་དཔྱད་པ་བྱས་ནའང་ཇེ་བཟང་ཇེ་དགའ་ཇེ་སྤྲོར་འགྱུར་བ་མ་གཏོགས། དེ་ལ་མི་བདེན་པ་དང་ཡིད་མི་ཆེས་ས་ཞིག་འདུག་སྙམ་པ་ངོ་མ་རྩ་བ་ནས་ཡོད་པ་མིན།

རང་རེ་རྣམས་ལ་མི་ལུས་ཟེར་བ་ལན་གཅིག་ཙམ་ཐོབ་པ་ལས་ཡང་ནས་ཡང་དུ་འཐོབ་དཀའ། ནང་པ་སངས་རྒྱས་པའི་ཆོས་སྒོར་འཇུག་ཏུ་རུང་བའི་མི་ལུས་ལན་གཅིག་ཐོབ་པའི་སྐལ་བ་བཟང་པོ་འདིར་ཆོས་ལ་འཇུག་དགོས་པ་རེད་མ་གཏོགས། མ་ཞུགས་ན་མི་ལུས་ཐོབ་པར་དོན་མེད་དེ། མིའི་ཁོག་ན་སྙིང་མེད་པ་ལྟ་བུ་ཡིན། དཔེར་ན། གསེར་གྱི་གླིང་དུ་ཕྱིན་ནས་གསེར་སྲང་གང་ཙམ་མི་འཛིན་པར་ལག་སྟོང་དུ་ཐོན་ཡོང་ན། ཐམས་ཅད་ཀྱིས་འཕྱ་བའི་འོས་སུ་གྱུར་པ་དང་ཞེན་ལོག་པའི་གནས་ཤིག་ཡིན་པ་བཞིན་དུ། ད་རེས་ཆོས་སྒོར་འཇུག་པའི་སྐལ་བ་བཟང་པོ་ཐོབ་པའི་གནས་སྐབས་སུ་ཚང་མ་ཆོས་སྒོར་ཞུགས་ན་ཧ་ཅང་བཟང་པོ་རེད།

ཆོས་སྒོར་ཞུགས་ཞེས་པའི་དོན་དེ་ཡང་། རང་གར་ཆོས་སྒོར་ཞུགས་པ་ཙམ་གྱིས་མི་ཚད་པར་དུས་རྒྱུན་དུ་སངས་རྒྱས་ལ་གསོལ་འདེབས་བྱ་རྒྱུ་དང་ལས་རྒྱུ་འབྲས་ལ་ཡིད་ཆེས་ཡོད་པ་ཞིག་དགོས། དེ་ཡང་དགེ་བ་བསྒྲུབས་ན་བདེ་བ་དང་མི་དགེ་བ་བསགས་ན་སྡུག་བསྔལ་འབྱུང་བ་ཚང་མ་ལ་ཡིད་ཆེས་དང་ལྡན་པའི་སྒོ་ནས་ཆོས་ཉམས་སུ་ལེན་རྒྱུ་དང་། བླ་སེར་སོགས་ཆོས་སྒྲུབ་པའི་གང་ཟག་ཐམས་ཅད་ལ་གུས་བཀུར་ཁྱད་པར་ཅན་དུས་རྒྱུན་དུ་གྱིས་དང་། དེ་ལ་ནང་པ་སངས་རྒྱས་པའི་ཆོས་སྒོར་ཞུགས་པ་ཟེར་བ་ཡིན།

ཁ་ཏ་གཉིས་པ་ནི། ནང་པ་སངས་རྒྱས་པའི་ཆོས་ཀྱི་སྲོག་ཤིང་དངོས་ནི་བྱམས་པ་དང་སྙིང་རྗེ་ཡིན། ཁྱེད་རྣམས་ཀྱིས་ཀྱང་དུས་རྒྱུན་དུ་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་ན་སྙམ་པའི་བྱམས་པ་དང་། སྡུག་བསྔལ་དང་འབྲལ་ན་སྙམ་པའི་སྙིང་རྗེ་ཅི་ནུས་ཅི་ལྕོགས་ཀྱིས་བསྒོམ་དགོས། བྱམས་པ་དང་སྙིང་རྗེ་འདི་གཉིས་ཀྱིས་ཚེ་འདིར་རང་གི་ཆོས་དང་སྲིད་ཀྱི་ལེགས་ཚོགས་གང་བསམ་པའི་དོན་ཐམས་ཅད་ཀུན་ཀྱང་གེགས་མེད་ཡིད་བཞིན་དུ་འགྲུབ་པར་འགྱུར་བ་དང་། མཐར་ཐུག་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་འགྱུར་བའི་ཕན་ཡོན་ལ་བསམ་ནས་ཀྱང་། ཡང་ནས་ཡང་དུ་རྒྱུད་ལ་ཅི་ནུས་སུ་བསྒོམ་དགོས།

ཁ་ཏ་གསུམ་པ་ནི། ཁྱེད་རྣམ་པ་ཚང་མས་དུས་རྒྱུན་དུ་འོད་གསལ་རྫོགས་པ་ཆེན་པོའི་ལམ་ཁོ་ན་ཉམས་བཞེས་སུ་མཛད་རྒྱུའི་རེ་བ་ཡིན། རྫོགས་ཆེན་གྱི་ཆོས་ཉམས་སུ་ལེན་དགོས་པའི་རྒྱུ་མཚན་ཡང་། སངས་རྒྱས་ཀྱི་ཆོས་གཞན་ཡིན་ན་བསྟན་པ་ལ་འཕེལ་འགྲིབ་ཅི་རིགས་པ་ཞིག་ཡོད་ཀྱང་། དེང་སང་རྫོགས་པ་ཆེན་པོའི་བསྟན་པ་འདི་ལ་བསམ་བློ་བཏང་ན། སྤྱིའི་ཆ་ནས་དར་རྒྱས་ཕུན་སུམ་ཚོགས་པ་དང་འགྲོ་དོན་དུས་ལ་བབ་པའི་སྒང་ཡིན། ཁྱད་པར་དུ་ཁྱེད་ཨ་མེ་རི་ཀའི་ཡུལ་ཁམས་ལ་མཚོན་ན། ཆོས་གཞན་གང་གིས་ཀྱང་ཕན་ཐོགས་དཀའ་མོ་ཡིན་ཡང་། ཚང་མ་ལ་ཕན་ངེས་པའི་ཆོས་ནི་རྫོགས་པ་ཆེན་པོ་འབའ་ཞིག་ཡིན་ངེས་པའི་བསམ་པ་ང་ལ་ཡོད། ཕྱི་ནང་གི་རྟེན་འབྲེལ་ལ་བསམ་བློ་བཏང་ནའང་། དེ་སྔོན་ལོ་སུམ་ཅུ་ལྷག་ནས་བཟུང་ཁྱེད་ཨ་རིའི་ལུང་པ་འདི་ལ་བོད་ཀྱི་ཆོས་ཡོངས་རྫོགས་ཀྱི་ཐོག་མ་ཡང་རྫོགས་པ་ཆེན་པོའི་བསྟན་པ་དར་ཡོད་ས་རེད། ད་སྐབས་ཁྱེད་རྣམ་པས་ཆོས་ཉམས་སུ་ལེན་དགོས་ན། རྫོགས་པ་ཆེན་པོའི་ཆོས་འདི་ཧ་ཅང་ཉམས་སུ་ལེན་བདེ་མོ་ཡིན། དེའི་རྒྱུ་མཚན་ནི། ད་ལྟ་ཁྱེད་ཚོའི་བླ་མ་རྣམས་ཀྱི་ཉམས་ལེན་གྱི་མཐར་ཐུག་ཀྱང་རྫོགས་པ་ཆེན་པོ་རེད། ཁྱེད་རྣམ་པར་རྫོགས་པ་ཆེན་པོའི་ཆོས་འཆད་དགོས་ནའང་ཁོང་རྣམ་པ་ལ་ཉམས་མྱོང་དང་བྱང་ཆ་ལྡན་པ་མ་ཟད། ཁྱེད་ཚང་མ་ཆོས་འདི་ལ་མོས་པ་ཧ་ཅང་ཆེ་བ་ཡིན་པས་འདི་ཁོ་ནས་ཕན་ཐོགས་ཆེ་རྒྱུ་རེད་སྙམ།

ང་རང་ཡང་བོད་ཡུལ་ལུང་པར་ཡོད་པའི་དུས་སུ། རང་གི་སྙིང་དང་འདྲ་བའི་སློབ་མ་ཁྲི་ཕྲག་མང་པོར་བཤད་མ་བྲ་བའི་ཆོས་དེ། ད་ལྟ་ཁྱེད་རྣམ་པ་དང་འཕྲད་མ་ཐག་ཏུ་སློབ་མ་བརྟག་ལོང་ཙམ་ཡང་མེད་པར་ཐད་ཀར་ཚང་མ་ཚང་སྤྲུགས་བྱས་ནས་བཤད་པའི་རྒྱུ་མཚན་ཡང་། ད་ལྟའི་ཁྱེད་རྣམ་པ་དང་རྗེས་མ་ཡང་ཆོས་འདིས་ཨ་རིའི་ལུང་པ་ལ་ཕན་ཐོགས་རྒྱ་ཆེན་པོ་ཡོད་ངེས་ཅན་རེད་བསམ་ནས་བཤད་པ་ཡིན། དེས་ན་ཁྱེད་རྣམ་པས་ཆོས་འདི་བརྩོན་པ་དྲག་པོས་ཉམས་བཞེས་གནང་རྒྱུ་བདག་གི་རེ་བ་ཡིན།

བརྗེད་དུ་མེད་པའི་གྱེས་བྲལ།

ཕྱི་ཟླ་༧པའི་ཚེས་༡༨ཉིན་ཀྱི་ཕྱི་དྲོར། ཉིན་ཐ་མའི་ཆོས་ཁྲིད་ཀྱི་སྐབས་སུ། ཆོས་རྗེ་ཉིད་ཀྱིས་གཏེར་ཆེན་ལས་རབ་གླིང་པའི་གཏེར་ཆོས་ཚེ་སྒྲུབ་ཡིད་བཞིན་ནོར་བུ་ལས་དོན་དབང་བདུད་རྩིའི་སྤྲིན་ཕུང་ཞེས་བྱ་བའི་ཚེ་དབང་གནང་།

ལིན་ཁིན་ཟློས་གར་གླིང་གི་མཛད་རིམ་བདེ་བླག་ངང་མཇུག་གྲུབ་པའི་དགའ་སྟོན་དུ། ཆོས་རྗེ་ཉིད་དད་ལྡན་རྣམས་དང་མཉམ་དུ་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོར་རོལ། སྐབས་དེར། ཆོས་ཚོགས་སོ་སོའི་བླ་སྤྲུལ་རྣམས་ཀྱིས་མཎྜལ་དང་མཆོད་པ་ཆེན་པོ་ཕུལ་བ་དང་། རྗེ་ཉིད་ཀྱི་སྐུ་ཚེ་ཡུན་དུ་བརྟན་ཕྱིར་ཨ་རིའི་བུ་མོ་ལྔའི་ལུས་ལ་མཁའ་འགྲོ་སྡེ་ལྔའི་སྐུ་ཆས་དང་མགོ་ལ་རིགས་ལྔའི་དབུ་རྒྱན་གསོལ་ཏེ་དར་ཚོན་སྣ་ལྔ་དང་བཅས་རྡོ་རྗེའི་བྲོ་གར་འཁྲབ། ལྕགས་མདུད་རིན་པོ་ཆེས་ཆོས་ཚོགས་བཞིའི་ཚབ་བྱས་ཏེ་རྗེ་ཉིད་ལ་བཀའ་དྲིན་གཏང་རག་གི་གསུང་བཤད་གནང་།

དེ་ལྟར་ལས་རིམ་མཇུག་དྲིལ་བ་ན། དད་ལྡན་རྣམས་ཀྱི་འབྲལ་མི་ཕོད་པའི་སྐྱོ་སྣང་ཁྲོད། རྗེ་ཉིད་ཀྱིས་གྱེས་བརྡའི་ཕྱག་ཟུང་ཡུག་ཡུག་མཛད་དེ་ཞལ་གྱེས་པ་ན། འགའ་རེའི་མིག་ནས་མཆི་མ་བྱུང་ཞིང་འགའ་རེས་དད་གུས་ཀྱི་ཐལ་སྒྲ་མཚམས་མི་ཆད་པར་བྱས། སྤྱིར་བཏང་ནུབ་ཕྱོགས་པར་མཚོན་ན། མི་ཕལ་མོ་ཆེར་རྟོག་གེ་པའི་རང་གཤིས་ལྡན་ཞིང་དཔྱོད་ཤེས་ཅན་ཡིན་པས་བྱ་བ་ཆུང་ངུས་དགའ་སྐྱོའི་རྣམ་པ་མངོན་མི་ནུས་མོད། འོན་ཀྱང་ད་ལན་ཁོང་གིས་མན་ངག་ཟབ་མོ་ཅི་དགར་བསྩལ་ནས་ཐམས་ཅད་ལ་ཕན་ཐོགས་རྒྱ་ཆེན་པོ་བྱུང་བས། ཁོ་ཚོས་བཀའ་དྲིན་དྲན་པའི་སྒོ་ནས་ཆོས་རྗེ་ཉིད་དང་འབྲལ་མི་ཕོད་པར་སྐྱོ་གདུང་གི་རྣམ་པ་ཡང་ཡང་མངོན།

ས་ཚིགས་འདིའི་ལས་རིམ་གྱི་དུས་ཚོད་བཀོད་སྒྲིག་ཧ་ཅང་ཚགས་དམ་པོ་བྱས་ཡོད་དེ། ཉིན་རེ་བཞིན་ཆོས་རྗེ་ཉིད་ཀྱིས་དབང་དང་ཆོས་ཁྲིད་གསུང་བའི་དུས་ཚོད་ལས། གཞན་སྔ་དྲོ་དང་ཕྱི་དྲོའི་ཁོམ་སྐབས་རྣམས་སུ། ཡང་ན་བླ་མ་མུ་མཚོས་དབང་གནང་བ་དང་། ཡང་ན་མཁན་པོ་རྣམ་གྲོལ་ངེད་གཉིས་ཀྱིས་སྐྱོར་སྦྱང་དང་དྲི་བར་ལན་འདེབས་པ་སོགས་བྱེད་པའི་མཛད་རིམ་གྱི་བྱ་བ་མང་ཙམ་འབྲི་རྒྱུ་ཡོད་ཀྱང་ཡིག་ཚོགས་ལ་འཇིགས་ནས་འདིར་མ་བཀོད།

བདག་ལ་མཚོན་ན། རྗེ་ཉིད་དང་མཉམ་དུ་ཕྱི་ལོགས་སུ་སོང་ནས། ཡུལ་ཁམས་མི་འདྲ་བའི་ཡུལ་སྲོལ་གོམས་གཤིས་ལ་ལྟ་སྐོར་བྱུང་བ་འདི་ཧ་ཅང་སྐལ་བ་བཟང་པོ་ཡིན་ཡང་། དེ་ལས་ཀྱང་དབང་ཁྲིད་མང་དུ་ཐོབ་པ་དང་། ཁྱད་པར་དུ་ལྕེ་བཙུན་སྙིང་ཐིག་དང་ཁྲིད་ཡིག་སངས་རྒྱས་ལག་སྟེར་གྱི་ཐུན་མིན་མན་ངག་ཟབ་མོ་ཐོབ་པ་ནི་མི་ཚེ་འདིར་ཆེས་རིན་ཐང་བྲལ་བ་ཡིན་པས། ད་ནི་ནམ་ཤི་ཡང་འགྱོད་པ་མེད་སྙམ་པ་མང་དུ་བྱུང་།

ལོ་ཟླས་གསུབ་ཏུ་མེད་པའི་དྲན་པ།

ཆོས་རྗེ་ཉིད་ཀྱིས་ནཱ་ཕཱ་ལུང་དུ་ཉིན་བཅུ་ལ་དབང་ཁྲིད་གནང་བའི་རིང་། ཁོང་གི་བསམ་ཡུལ་ལས་འདས་པའི་བྱིན་རླབས་ཐོབ་པའི་ཨ་རིའི་ཆོས་པ་མང་པོ་ཞིག་གིས་སེམས་ཀྱི་ངོ་བོ་ཤེས་རྟོགས་གང་ལེགས་བྱུང་སྟེ། ནམ་རྒྱུན་ཆོས་རྗེ་མཆོག་གླེང་སྐབས། ལོ་ངོ་སུམ་ཅུ་འདས་ཀྱང་ཁོ་ཚོའི་དད་པ་ནི་ད་དུང་བླ་ལྷག་ཏུ་འཕེལ་གྱིན་འདུག

དཔེར་ན། སྐབས་དེར་རྗེ་ཉིད་ལ་ཞོགས་ཟས་ལས་མཁན་སྐུ་ཞབས་ལཱོན་ཧཱིལ་(Lon Hill)གྱིས་ཕྱིར་དྲན་བྱས་པ་འདི་ལྟར།

བདག་ནི་དེ་དུས་ཆོས་ལ་ཞུགས་མ་ཐག་ཡིན་པས་ཅི་ཡང་མི་ཤེས་མཁན་ཞིག་ཡིན། འོན་ཀྱང་། ཁོ་ཚོས་ང་རང་ཆོས་རྗེ་བླ་མ་སྐུ་འཁོར་དང་བཅས་པར་ཞོགས་ཟས་ལས་མཁན་དུ་བཀོད་སྒྲིག་བྱས་འདུག་པས། ང་ལ་སེམས་འུར་ཆེན་པོ་ལངས་ནའང་སྐལ་བ་བཟང་པོ་ཐོབ་སོང་སྙམ་དུ་ཞོགས་ཟས་གཡོ་སྐོལ་གྱི་བྱ་བ་བསྒྲུབས།

ཆོས་རྗེ་ཉིད་ཀྱི་ཚིག་གསལ་ལ་དོན་འདུས་པ། ཐད་ཀར་བ་དང་སེམས་སུ་ཟུག་ཡོང་བ་ལྟ་བུའི་སྒོ་ནས་སེམས་དོན་ངོ་སྤྲོད་གནང་བར་ང་ལྷག་པར་དགའ་པོ་བྱུང་། ངས་ནམ་རྒྱུན་ཆོས་དེ་སྒོམ་སྒྲུབ་བྱེད་ཐེངས་རེར། མི་ཚེ་གསོན་པོར་གནས་པའི་དོན་པོ་ནི་འདི་ཉིད་ཉམས་སུ་ལེན་པ་ཁོ་ན་ཡིན་སྙམ་གྱིན་ཡོད།

ཁྱད་པར་དུ་འཇམ་དཔལ་རྫོགས་པ་ཆེན་པོའི་བླ་རྣམ་དེ་གཞན་གང་དང་ཡང་མི་འདྲ་བ་ཞིག་སྟེ། ངས་རྟག་ཏུ་བླ་རྣམ་ལ་སྒོམ་སྒྲུབ་བྱེད་སྐབས། བླ་མ་ཁོང་སྐུ་དངོས་སུ་མཇལ་བའི་སྣང་བ་ཤར་ཡོང་བར་བཤད།

གཞན་ཡང་དེ་དུས་ཀྱི་བརྙན་ལེན་མཁན་སྐུ་ཞབས་ལྗོན་སི་ཝེར་ཀྱེན་(John Swearingen)གྱིས་རང་ཉིད་ཀྱི་མྱོང་ཚོར་གླེང་བ་འདི་ལྟར།

སྐབས་དེར་བདག་གིས་ཆོས་རྗེ་ཉིད་ཀྱི་རྒྱབ་ལྗོངས་གསལ་པོ་མི་ཤེས་མོད། འོན་ཀྱང་སྐུ་དངོས་སུ་མཇལ་བ་ན། རྒྱབ་ལྗོངས་གང་ཡང་མ་ཤེས་ཀྱང་ཁོང་ནི་གཞན་དང་མི་འདྲ་བའི་ཚོར་སྣང་ཞིག་རང་བཞིན་ཤུགས་ཀྱིས་སྐྱེ་ཡོང་། སྤྱིར་ང་ཚོའི་དུས་རབས་འདིའི་མི་རྣམས་རྒྱུ་མཚན་དང་གནས་ལུགས་ཁོ་ནར་མཐོང་ཆེན་དང་ཁས་ལེན་བྱེད་མཁན་ཡིན་ཡང་། གྲུབ་པ་བརྙེས་པའི་གང་ཟག་གི་བྱིན་རླབས་ཀྱི་ནུས་མཐུ་ནི་རྒྱུ་མཚན་གང་གིས་ཀྱང་འགྲེལ་བཤད་བྱ་དཀའ་བར་འདུག

སྐབས་དེར་ང་རང་བརྙན་ལེན་མཁན་ཡིན་པས། ཆོས་རྗེ་ཉིད་ཀྱིས་དབང་གནང་བའི་རྗེས་སུ་དད་ལྡན་རྣམས་ལ་བྱིན་རླབས་སྩོལ་བའི་ཆུ་ཚོད་ཕྱེད་ཀྱི་རིང་ལ། ནམ་རྒྱུན་ང་པར་ཆས་ཀྱི་འགྲམ་དུ་ལངས་ཏེ། ཐེངས་རེར་བརྙན་ཤེལ་བརྒྱུད་ཅིང་ཐེངས་རེར་ཐད་ཀར་ཁོང་ལ་བལྟས་པ་ཡིན། པར་ཆས་ཀྱི་བརྙན་ཤེལ་མདུན་ནས་མི་མང་པོ་འགྲོ་འོང་བྱེད་ཀྱང་། ངས་ཆོས་རྗེ་རིན་པོ་ཆེ་མཐོང་བ་ལ་བར་དུ་གཅོད་ཐུབ་ཀྱིན་མི་འདུག་པས། སྐབས་དེར་འཇིག་རྟེན་ཧྲིལ་པོ་ཆོས་རྗེ་ཉིད་གཅིག་པུ་མ་གཏོགས་གཞན་ཅི་ཡང་མི་འདུག་སྙམ་པའི་སྣང་བ་ཤར། དེ་འདྲའི་སྟོབས་ཤུགས་ཆེ་བའི་བྱིན་རླབས་ནི་ད་ལྟ་ད་དུང་ཡང་ངའི་སེམས་སུ་བརྟན་པོར་གནས་ཡོད།

དེ་དུས་ཐོབ་པའི་འཇམ་དཔལ་ཞི་སྒྲུབ་དེ་ཉིད་ཉིན་རེ་བཞིན་དུ་ཉམས་ལེན་བྱེད་ཐུབ་ཀྱིན་མེད་ཀྱང་། དེབ་ཆུང་དེ་ད་ལྟའི་བར་དུ་ལུས་ལ་འབྲལ་མེད་དུ་འཆང་ཡོད་ཅིང་། སྐབས་སྐབས་སུ་ཀློག་འདོན་དང་བསྐྱར་བསམ་བྱས་ནས་སྒོམ་བཞིན་ཡོད། དེའི་སྐབས་ཀྱི་ཆོས་གྲོགས་འགའ་ཞིག་གིས་ཆོས་འདི་ཆག་མེད་དུ་ཉམས་སུ་ལེན་གྱིན་ཡོད་པར་ཐོས་ཞེས་གླེང་བར་མ་ཟད། སྐུ་ཞབས་ལྗོན་ཁོང་གིས་ད་དུང་བརྗེད་དཀའ་ཞིང་མཐོང་དཀོན་པའི་དངོས་མྱོང་དོན་དག་ཅིག་བཤད་པ་འདི་ལྟར།

ཉིན་ཞིག དད་ལྡན་མང་པོས་རང་རང་གི་གཅེས་རྟེན་སྲོག་ཆགས་རྣམས་ཆོས་ཚོགས་ཀྱི་སྒོ་ཁར་ཁྲིད་དེ། རྗེ་ཉིད་ཀྱིས་བྱིན་རླབས་སྩོལ་བར་རེ་སྒུག་བྱེད་ཀྱིན་པའི་སྒང་ལ། ཁྱི་དང་བྱི་ལ་རྣམས་ཀྱིས་ཕན་ཚུན་སྙད་བསྐོ་རྔམ་སྟོན་གྱི་ངར་སྒྲ་འབྱིན་པར་མ་ཟད། སྦར་འབྲད་སོ་འདེབས་ཀྱིས་རྩོད་ཅིང་འཛིང་ནས་བར་ཕྱེ་མི་ཐུབ་པར་གྱུར།

མི་རྣམས་ཀྱིས་བར་ཕྱེ་མ་ནུས་པར་སེམས་ཁུར་བྱེད་པ་ལས་བྱ་ཐབས་བྲལ་བའི་སྐབས་དེར་ཆོས་རྗེ་ཉིད་བྱོན་བྱུང་། ཁོང་གིས་སྒྲ་ཆེན་པོ་ཞིག་བསྒྲགས་པ་དང་མཉམ་དུ། གོང་གི་ངར་སྐད་སྒྲོག་པའི་ཁྱི་དང་བྱི་ལ་རྣམས་སྐད་ཅིག་དེ་ཉིད་ལ་རི་བོང་བཞིན་ཞི་ཞིང་དུལ་བར་གྱུར་ཏེ་འཇམ་ཐིང་ངེར་སོང་།

འདི་ནི་ལོ་ཟླ་ཅི་ཙམ་འདས་ཀྱང་བརྗེད་ཐབས་མེད་པའི་ཕྱིར་དྲན་ཞིག་ཡིན་ལ། ད་ལྟ་ཡང་འབྲེལ་ཡོད་ཀྱི་མི་མང་པོ་ཞིག་གིས་ངོ་མཚར་བའི་གནས་ཚུལ་དུ་བརྩིས་ནས་དུས་རྒྱུན་གླེང་གིན་འདུག་པར་བཤད།

རིག་འཛིན་གླིང་དུ་ཕེབས་པ།

ཕྱི་ཟླ་༧པའི་ཚེས་༡༩ཉིན་གྱི་སྔ་དྲོར། ནཱ་ཕཱ་ལུང་དུ་ཆོས་ཀྱི་མཛད་རིམ་རྣམས་མཇུག་ཡོངས་སུ་གྲུབ་པས། ངེད་ཅག་གནས་དེ་དང་ཁ་བྲལ་ཞིང་རླངས་འཁོར་དུ་བསྡད་དེ་ཆུ་ཚོད་གསུམ་ཙམ་སོང་བ་ན་རིག་འཛིན་གླིང་དུ་འབྱོར། དེ་ནི་ལྕགས་མདུད་རིན་པོ་ཆེས་ཕྱག་བཏབ་གནང་བའི་ཆོས་ཚོགས་ཤིག་ཡིན་ལ། ཁོར་ཡུག་རྣམས་ནགས་ཚལ་དང་སྤང་ལྗོངས་ཀྱིས་མཛེས་པར་བརྒྱན་པས། སྒྲུབ་པ་ཉམས་ལེན་བྱེད་མཁན་ལ་མཚོན་ན་ཆེས་དབེན་ཞིང་ལྷིང་འཇགས་ཀྱི་གནས་ཤིག་ཏུ་གྱུར་འདུག་པས། ནགས་མའི་ཚལ་གྱི་ཚང་ཚིང་རབ་ཏུ་འཁྲིགས་པའི་རྒྱབ་རིའི་ངོས་སུ་མཚམས་ཁང་ཡང་མང་དུ་མཆིས།

ཕྱི་དྲོར། ཆོས་རྗེ་ཉིད་ཀྱིས་ངལ་གསོ་མཛད་པའི་ཁོམ་སྐབས་དང་བསྟུན་ནས། བདག་མཚོ་སྔོན་ཕྱོགས་ནས་ཕེབས་པའི་བླ་སེར་འགའ་དང་མཉམ་དུ། གནས་འདིའི་ཁོར་ཡུག་གི་མཛེས་ལྗོངས་རྣམས་ལ་ལྟད་མོར་རོལ་ཞིང་། སྤང་ཐང་དུ་བསྡད་དེ་ལབ་གླེང་བྱས་ཤིང་པར་ཡང་འགའ་རེ་བླངས་པ་ཡིན།

དགོང་མོ་ཆོས་རྗེ་ཉིད་ཀྱིས་ཐམས་ཅད་ལ་རྟེན་འབྲེལ་ཉེས་སེལ་གྱི་དབང་དང་ཞལ་གདམས་གནང་།

ཕྱི་ཉིན་སྔ་མོར། ཆོས་རྗེ་ཉིད་ས་ཆ་དེ་དང་ཅུང་མ་བྲལ་བའི་སྔོན་དུ། དད་ལྡན་མང་པོས་ཞི་ལ་དང་ཁྱི། བྱ་སོགས་གཅེས་རྟེན་སྲོག་ཆགས་སྣ་ཚོགས་ཁྲིད་ཡོང་བར་ཆེད་དུ་བྱིན་རླབས་མཛད། སྤྱིར་ཁོ་ཚོས་གཅེས་རྟེན་ལ་བྱིན་རླབས་མཛད་པ་ཉིན་རེའི་ལས་རིམ་དུ་བཀོད་མེད་ཀྱང་སྔ་སོར་ནས་གྲ་སྒྲིག་འཐུས་ཚང་བྱས་འདུག་སྟེ། ས་ཆ་ཆེས་ཐག་རིང་པོར་སྡོད་པའི་མི་རྣམས་ཀྱིས་ཀྱང་རང་གི་གཅེས་རྟེན་རྣམས་ཁྲིད་དེ་བསྒུགས་འདུག

ཨ་རིའི་མི་རྣམས་གཅེས་རྟེན་སྲོག་ཆགས་ལ་ཤིན་ཏུ་དགའ་སྟེ། རང་གི་ཁྱིམ་མི་ལྟར་གང་དུ་སོང་ཡང་དེར་ཁྲིད་དེ་འགྲོ་བ་ཡིན། དེ་དག་ལས་ཁྱི་ལ་ལའི་ལུས་བོངས་ཆེ་ཞིང་ཤིན་ཏུ་གཏུམ་དྲག་གི་རྣམ་པར་འདུག་པས། ང་ཚོས་བདེ་འཇགས་ལ་བསམ་སྟེ་ཆོས་རྗེ་ཉིད་གཅར་དུ་འཇུག་མི་འདོད་ཀྱང་། ཁོང་གིས་ནི་དེ་དག་ལ་ཐུགས་ཤིན་ཏུ་གཤིན་པའི་སྒོ་ནས། སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གྱི་མཚན་དང་མ་ཎི་སོགས་གསུངས་ཏེ་བྱིན་རླབས་མཛད་པས་ཐམས་ཅད་ཀྱི་སེམས་ཧ་ཅང་དགའ་བར་གྱུར། དོན་དེ་བྱུང་ནས་ལོ་སུམ་ཅུ་འདས་ཀྱང་། སྐབས་དེ་དུས་ཀྱི་རྣམ་པ་ནི་མི་མང་པོ་ཞིག་གིས་ད་དུང་གསལ་ལྷང་ངེར་དྲན་གྱིན་འདུག་སྟེ། ཁོ་ཚོས་དོན་དེ་ནི་ཤིན་ཏུ་ངོ་མཚར་ཞིང་དྲོ་སྐྱིད་ལྡན་པ་ཞིག་ཡིན་ཞེས་གླེང་གིན་ཡོད།

བཀྲ་ཤིས་ཆོས་གླིང་དུ་འབྱོར་བ།

ཕྱི་ཟླ་༧པའི་ཚེས་༢༠ཉིན་གྱི་སྔ་དྲོར། ང་ཚོ་རིག་འཛིན་གླིང་དང་གྱེས་ནས་རླངས་འཁོར་ལ་ཞུགས་ཏེ་བཀྲ་ཤིས་ཆོས་གླིང་གི་ཕྱོགས་སུ་སོང་ཞིང་། ལམ་བར་ནས་ནགས་ཚལ་དང་རི་བོ་སོགས་མཛེས་ལྗོངས་སྣ་ཚོགས་མིག་ལམ་དུ་བརྒྱུད། ཨ་རིའི་ནུབ་མཚོའི་འགྲམ་ངོགས་ཀྱི་ཡུལ་ལྗོངས་ནི་ང་ཚོ་བོད་ཀྱི་ས་ཆ་དང་འདྲ་བར་ཧ་ཅང་སྐྱིད་པོ་འདུག

དེ་ལས་བདག་གིས་བརྗེད་དུ་མེད་པ་ནི་ལམ་བར་ནས་མཐོང་བའི་གནས་རི་མཱོན་ཐི་ཆཱ་སི་ཏ་(Mount Shasta)ཞེས་པ་དེ་ཡིན། རི་བོ་འདིར་ལོ་བརྒྱ་ཕྲག་རེར་མེ་རི་ཐེངས་རེ་འཕྱུར་བར་གྲགས་ཤིང་། མཚོ་འཕགས་ལ་སྨི་སྟོང་བཞི་སུམ་བརྒྱ་ལྷག་དང་རི་རྩེ་རྟག་ཏུ་ཁ་བས་བཀླུབས་ཡོད། ཨ་རིའི་གདོད་མའི་མི་རྣམས་ཀྱིས་རི་འདི་ནི་འཇིག་རྟེན་གྱི་ཐོག་མའི་འབྱུང་ཁུངས་སུ་འདོད་ལ། ཁོ་ཚོའི་སེམས་སུ་གནས་རི་འདི་ནི་བོད་མིའི་སེམས་ཀྱི་གངས་རིན་པོ་ཆེ་བཞིན་ཤིན་ཏུ་གཙིགས་ཆེན་བྱེད། འདི་ནི་རྣལ་འབྱོར་ཉམས་ལེན་པ་དང་སྒོམ་སྒྲུབ་པ་ཚོ་ཆེས་དགའ་བའི་གནས་ཤིག་སྟེ། རི་འདབས་སུ་ནང་པའི་ཆོས་ཚོགས་དང་བསམ་གཏན་པའི་ཆོས་ཚོགས། རྣལ་འབྱོར་བའི་ཆོས་ཚོགས་སོགས་ཀྱི་མི་ཆེས་མང་པོས་རང་རང་སར་ཉམས་ལེན་ལ་གཞོལ་གྱིན་འདུག གནས་རི་འདིར་བྱིན་རླབས་ཚད་མེད་ལྡན་པས་ནང་སེམས་ཞི་འཇགས་སུ་འགོད་ནུས་པར་ཡང་བཤད། ཆོས་རྗེ་ཉིད་རླངས་འཁོར་ལས་བབས་ཏེ་གནས་རི་དེར་གཟིགས་ཙམ་གནང་ནས། དེར་འཁོད་ཀྱི་མི་རྣམས་ཀྱིས་གནས་རི་དང་འབྲེལ་བའི་ངོ་མཚར་བའི་ལོ་རྒྱུས་ཞུས་པ་ལ་གསན་བཞེས་མཛད།

དེ་ནས་མུ་མཐུད་དུ་ཆུ་ཚོད་གསུམ་ཙམ་སོང་བ་ན། ཨོ་རཱེ་གྷོན་ཞིང་ཆེན་(State of Oregon)ལྷོ་ཕྱོགས་ཀྱི་བཀྲ་ཤིས་ཆོས་གླིང་དུ་འབྱོར། བཀྲ་ཤིས་ཆོས་གླིང་ནི་རྒྱ་སྤྲུལ་རིན་པོ་ཆེས་ཕྱག་བཏབ་གནང་བའི་དགོན་པ་གཙོ་བོ་ཡིན་ཞིང་། དགོན་པ་དེས་བོད་བརྒྱུད་ནང་བསྟན་གྱི་འགྲོ་ལུགས་ལྟར། རྗེ་ཉིད་ལ་གདན་ཞུ་གཟབ་རྒྱས་མཛད་རྗེས། གཙུག་ལག་ཁང་གི་ཁྲི་མཐོན་པོར་བཞུགས་སུ་གསོལ་ཏེ་རྟེན་གསུམ་འབུལ་བ་སོགས་བྱས། རྗེ་ཉིད་ཀྱིས་ཀྱང་དགོན་པ་འདིའི་རྟེན་དང་བརྟེན་པ་རྣམས་ལ་རབ་གནས་མཛད།

ཕྱི་དྲོར་དེར་འདུས་ཀྱི་དད་ལྡན་རྣམས་ལ་ཆོས་ཁྲིད་དང་ཞལ་གདམས་གསུངས།

དགོང་མོར་ཕྱིར་དགོན་ནང་དུ་ཕེབས་རྗེས། ཆོས་རྗེ་ཉིད་ཀྱིས་ངེད་འཁོར་སློབ་རྣམས་དང་མཉམ་དུ། སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེས་རྡོ་རྗེ་སེམས་དཔའི་དབང་གནང་བའི་བརྙན་ཕབ་ཟེར་སྡེར་ལ་གཟིགས། ཁོང་གི་ཞལ་ནས། སྤྱིར་ང་རང་གིས་བདུད་འཇོམས་རིན་པོ་ཆེ་མཇལ་འདོད་ཧ་ཅང་ཆེ་ཡང་། ཁོང་ཞིང་ལ་གཤེགས་ཟིན་པས་ཚེ་འདིར་མཇལ་བའི་སྐལ་བ་བྲལ། ཡིན་ནའང་། ད་ལྟ་ཁོང་གི་གསུང་ལ་འབྲེལ་བ་འཇོག་ཕྱིར་དབང་ཞུ་རྒྱུ་ཡིན་ཞེས། བརྙན་ཕབ་ལ་གཟིགས་ཏེ་དབང་གི་མགོ་ནས་མཇུག་བར་ཞུས་ཤིང་། བར་སྐབས་ཀྱི་རྗེས་ཟློས་རྣམས་ཀྱང་དབང་བསྐུར་དངོས་ཀྱི་ཡུལ་ངོས་ལྟར་དུ་བཟླས་བརྗོད་མཛད།

དབང་དེ་ནི་ཕལ་ཆེར་འབྲས་ལྗོངས་སམ་རྒྱ་གར་གང་རུང་དུ་བསྐུར་སྐབས་བརྙན་དུ་བླངས་པ་འདྲ་ལ། དྭངས་ཚད་ཀྱང་ཆེས་ཤིན་ཏུ་གསལ་བར་འདུག དབང་རྫོགས་པར་ཞུས་པ་ན། ཆོས་རྗེ་ཉིད་ཀྱིས་དབང་དེ་ཉིད་སྐུ་དངོས་ཀྱི་མདུན་ནས་ཐོབ་པ་ལྟ་བུའི་ཚུལ་མཛད།

སྤྱིར་བཏང་གི་མི་ཞིག་ལ་མཚོན་ན། བརྙན་གཟུགས་ཀྱི་ལམ་ནས་དབང་དང་ཁྲིད་སོགས་ཐོབ་པ་ཙམ་གྱིས་གཞན་ལ་སྤེལ་མི་རུང་མོད། སྒེར་ངོས་ནས་ཆོས་ཉམས་སུ་ལེན་པ་ལ། བླ་མ་རྣམས་ཀྱིས་ཆོས་གསུངས་པའི་བརྙན་དང་སྒྲ་ལ་བརྟེན་ནའང་བྱིན་རླབས་ངེས་ཅན་འཐོབ་ཐུབ་སྙམ།

རས་གུར་ནང་གི་དགོད་སྒྲ།

ཕྱི་ཟླ་༧པའི་ཚེས་༢༡ཉིན་གྱི་སྔ་དྲོར། རྒྱ་སྤྲུལ་རིན་པོ་ཆེས་ཆོས་རྗེ་ཉིད་ལ་རས་གུར་ཞིག་ཕུལ་ནས་རྩྭ་ཐང་དུ་ཕུབ་འདུག ཆོས་རྗེ་ཉིད་ཀྱིས་ཐུགས་ཤིན་ཏུ་དགྱེས་ཚུལ་མཛད་ནས། འདི་དབྱར་ཁ་བོད་ཡུལ་དུ་བེད་སྤྱོད་བྱ་ཆོག་གསུངས།

གུར་དེ་ལྟར་སྣང་ལ་ཆུང་ཆུང་ཞིག་ཡིན་ཡང་། ནང་དུ་ངེད་ཅག་མི་བཅུ་གསུམ་བསྡད་ཀྱང་ཡངས་མོར་ཤོང་ཐུབ་པར་འདུག ཁོང་གིས་རས་གུར་དེར་བྱིན་རླབས་གནང་བའི་ཚུལ་དུ། ཚང་མ་དང་མཉམ་དུ་དབང་སྡུད་གསོལ་འདེབས་དང་གར་དབང་ལྷ་དགུའི་བསྙེན་པ་གསུངས། དེ་ནས་མུ་མཐུད་དུ་ཛམ་བྷ་ལྷའི་བསྙེན་པ་གསུངས་བའི་བར་སྐབས་ཤིག་ལ། གློ་བུར་དུ་ཁོང་གི་ཞལ་ནས། འོ། ངས་ཅིའི་ཕྱིར་ཛམ་བྷ་ལྷའི་བསྙེན་པ་བཏོན་པ་ཡིན། ད་དམིགས་བསལ་གྱི་རྟེན་འབྲེལ་འདི་ལ་བལྟས་ན། ང་རང་ལོ་དྲུག་ཅུ་ཡན་ཆད་དུ་རྒྱུ་མེད་ཡིན་ཡང་། ལོ་དྲུག་ཅུ་ནས་བཟུང་སྟེ་རྒྱུ་ཆེན་པོ་ཅན་ཞིག་ཏུ་འགྱུར་འགྲོ་ས་རེད་གསུངས། དུས་དེ་ནས་བཟུང་སྟེ་ཁོང་དངོས་གནས་སྔོན་ལས་ལྷག་པར་སྐུ་བསོད་ཇེ་ཆེ་རུ་སོང་བ་ཡིན།

ཡང་ཁོང་གིས་ཉམས་མཚར་གྱི་ཚུལ་དུ། ད་རྒྱུ་ཇེ་ཆེར་སོང་ན་ཡང་ཡག་པོ་རེད། སྔོན་ངའི་ཕ་ཡུལ་དུ་བླ་མ་འཇམ་དབྱངས་ཞེས་པ་ཞིག་ཡོད། ཁོང་གིས་རྟག་ཏུ་རྒྱུ་ཆེན་པོ་ཡོད་ན་བཟང་གི་རེད། བཅོམ་ལྡན་འདས་ཀྱིས་ཀྱང་། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་ཞེས་གསུངས་འདུག་པས། ཆོས་རྣམ་དག་སྒྲུབ་པར་ངེས་པར་དུ་རྒྱུ་ཆེ་དགོས་ནི་རེད། རྒྱུ་ཆེ་དགོས་ནི་རེད་ཅེས་གསུངས་དར་ཞེས་ལད་མོ་མཛད་པ་ན། རས་གུར་ནང་དུ་དགོད་སྒྲ་དིར་རེར་གྱུར།

དེ་ནས་ཁོ་ཚོས་ཆོས་རྗེ་ཉིད་ལ་ཞོ་ཡང་དྲངས་སོང་། སྐབས་དེར་ཁོང་གི་ཞལ་ནས། སྔོན་ཆད་ངས་རྫ་སྟོད་ལྕང་མ་སྒར་དུ་ཆོས་སློབ་གཉེར་བྱེད་སྐབས། འཚོ་རྟེན་གཙོ་བོ་ཞོ་འདི་ཡིན། དེ་རིང་གཙོ་བོ་རྟེན་འབྲེལ་གྱི་ཚུལ་དུ་ཕོར་བ་མི་བཀོལ་བར་ཁྱེད་ཚོའི་ལག་ནང་དུ་བླུག་རྒྱུ་ཡིན་གསུངས་པས། ཚང་མ་དགའ་སྤྲོ་དང་བཅས་ཆོས་རྗེ་ཉིད་དང་མཉམ་དུ་ཞོ་ལ་རོལ།

ཆོས་རྗེ་ཉིད་ཀྱིས་ཐམས་ཅད་དང་མཉམ་དུ་ཞོ་གསོལ་ཞོར་དུ། སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་སྐོར་ནས་གསུང་གླེང་གནང་། ཁོང་གི་ཞལ་ནས། ང་ནི་ཤི་མ་ཐག་བདེ་བ་ཅན་དུ་འགྲོ་རྒྱུ་ཡིན། ཁྱེད་ཅག་འགའ་རེ་བདུད་འཇོམས་རིན་པོ་ཆེའི་ཐུགས་བསྐྱེད་ལྟར་ཁོང་དང་མཉམ་དུ་ཟངས་མདོག་དཔལ་རིར་འགྲོ་ས་རེད། ང་རང་དང་མཉམ་དུ་བདེ་བ་ཅན་དུ་སོང་ན། ནམ་ཡིན་ཡང་ཁྱེད་ཅག་གི་ཞིང་ཁམས་ལ་འགྲོ་ཆོག་གི་རེད། དེ་ཡང་བདེ་སྨོན་ལས། པོ་ཊ་ལ་དང་ལྕང་ལོ་ཅན། །རྔ་ཡབ་གླིང་དང་ཨོ་རྒྱན་ཡུལ། །སྤྲུལ་སྐུའི་ཞིང་ཁམས་བྱེ་བ་བརྒྱར། །སྤྱན་རས་གཟིགས་དང་སྒྲོལ་མ་དང་། །ཕྱག་རྡོར་པད་འབྱུང་བྱེ་བ་བརྒྱ། །མཇལ་ཞིང་མཆོད་པ་རྒྱ་མཚོས་མཆོད། །དབང་དང་གདམས་ངག་ཟབ་མོ་ཞུ། །མྱུར་དུ་རང་གནས་བདེ་ཆེན་ཞིང་། །ཐོགས་པ་མེད་པར་ཕྱིན་པར་ཤོག །ཅེས་པ་ལྟར་ཡིན་ཡང་། ཁྱེད་ཅག་བདེ་བ་ཅན་ལ་ཡོང་ནས་སླར་རང་གི་ཞིང་ཁམས་ལ་ལོག་ཆོག་པར་བཤད་མེད་པས། དེ་འདྲའི་ལས་སླ་མོ་ཞིག་མིན་པ་འདྲ། མཁན་རྣམ་གྲོལ་དང་རྒྱ་སྤྲུལ་རིན་པོ་ཆེ། ཁྱེད་རྣམས་ཟངས་མདོག་དཔལ་རིར་སྐྱེ་བར་སྨོན་མཁན་ཨེ་ཡིན། གཞན་པ་མང་ཆེ་བ་ཞིག་ང་དང་མཉམ་དུ་བདེ་བ་ཅན་ལ་འགྲོ་རྒྱུ་རེད་ཅེས་གསུངས་པ་ན། ཐམས་ཅད་དགོད་སྒྲ་ལྷང་ངེར་གྱུར།

ཡང་ཁོང་གིས་ཐུགས་ཅུང་ཟད་སྐྱོ་བའི་ཚུལ་གྱིས། ང་རང་སྔོན་ཆད་བོད་ཡུལ་ན་ཡོད་དུས། ཚེ་འདི་ཉིད་ལ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཇལ་འདོད་ཧ་ཅང་ཆེ། ནུབ་གཅིག་རྨི་ལམ་དུ་མི་ཞིག་གིས། སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེས་དགོངས་པ་དག་ཞིང་ལ་གཏད་ཟིན་པས། ཁྱེད་གཉིས་ཚེ་འདིར་མཇལ་འཕྲད་ཡོང་བའི་ཐབས་མི་འདུག་ཅེས་བཤད་པ་རྨིས་པས། རྗེས་སོར་ཁོང་གིས་ལོ་གཉིས་གསུམ་རིང་ལ་གསུང་མང་པོ་མི་འབྱོན་པར་དགོངས་པ་མི་ཡུལ་ནས་གཞན་དུ་གཏད་སོང་བ་ད་གཟོད་གོ་བྱུང་། དེ་བས་ངེད་གཉིས་ལ་ཚེ་འདིར་འཕྲད་པའི་སྐལ་བ་ཡོད་མ་སོང་ཞེས་གསུངས།

ཡང་ཁོང་གིས་གློ་བུར་དུ། མདང་དགོང་ངེད་ཚོས་བརྙན་འཕྲིན་ལས་ཞུས་པའི་དབང་ཆོག་དེ་སུའི་གཏེར་ཆོས་རེད་ཅེས་དྲིས་བྱུང་། རྒྱ་སྤྲུལ་རིན་པོ་ཆེས། དེ་ཁོང་རང་གི་གཏེར་ཆོས་ཡིན་ས་རེད་གསུངས།

དེ་ལྟར་རྗེ་ཉིད་ཀྱིས་ཐམས་ཅད་དང་མཉམ་དུ་སྐད་ཆའི་གླེང་མོལ་མང་དུ་བགྱིད་པ་ན། གུར་ནང་ནས་བཞད་སྒྲའང་མུ་མཐུད་དུ་བྱུང་།

བདག་གིས་གསུང་མོལ་ལ་ཉན་ཞོར་དུ། རས་གུར་འདིར་ཕྱི་ནང་རིམ་པ་གཉིས་ཡོད་ཅིང་ཧ་ཅང་ལྕི་བར་འདུག་པས་ལམ་ནས་ཇི་ལྟར་འཁྱེར་བ་སོགས་ལ་བསམ་བློ་ཡང་ཡང་བཏང་།

གཏེར་བུམ་སྦ་ས།

དེ་རྗེས། ཁོང་རྣམ་པས་ཆོས་རྗེ་ཉིད་རླངས་འཁོར་ལ་བཞུགས་སུ་གསོལ་ནས་ཐག་མི་རིང་བའི་མཚམས་སུ་གདན་ཞུ་བྱས། མཐའ་འཁོར་རྩི་ཤིང་གིས་བསྐོར་བའི་རི་རྐེད་ཀྱི་ལྷས་ཆེན་པོ་ཞིག་ཏུ་འབྱོར་བ་ན། རྒྱ་སྤྲུལ་རིན་པོ་ཆེས་ཤིང་སྡོང་ཞིག་ལ་མཛུབ་མོ་བཙུགས་ནས་འདི་སྐད་དུ་ཞུས།

ཕྱི་ལོ་༡༩༨༠ལོ་སྟེ་སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་ཉིན། ཕལ་ཆེར་ཁྱེད་ཀྱིས་བླ་རུང་ནང་བསྟན་སློབ་གླིང་གསར་འཛུགས་མཛད་པའི་ཉིན་དེར། སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་ཁོང་སན་ཧྥི་རན་སའེ་སི་ཁོ་ནས་ཨ་ཤཱི་ལན་དིར་ཕེབས་ཤིང་། ཁོང་དང་ཁོང་གི་མཁའ་འགྲོ་རིག་འཛིན་དབང་མོ། སྲས་གཞན་ཕན། སྤྲུལ་སྐུ་པད་མ་དབང་རྒྱལ་བཅས་ཐད་འཕུར་གནམ་གྲུར་ཞུགས་ནས་གནས་འདིར་བྱོན་པ་ཡིན། སྐབས་དེར་གནས་འདི་ནི་ལམ་སོགས་འཛུགས་སྐྲུན་ཅིའང་བྱས་མེད་པའི་ས་སྟོང་ཞིག་ཡིན། བདག་སྔ་མོ་ནས་གནས་འདིར་ལྷགས་ཏེ། ལག་ཏུ་གཏེར་བུམ་བཟུང་ནས་བསྒུགས། བདུད་འཇོམས་ཚང་གིས་གཏེར་བུམ་ས་འོག་ཏུ་སྦས་ནས་ས་འདུལ་མཛད་རྗེས། ཡལ་ག་ཞིག་ལ་ཁ་དར་བཏགས་ཤིང་གནས་དེར་བཙུགས་ནས། རྗེས་སུ་གནས་འདིར་ཆོས་ཚོགས་ཚུགས་ནས་ཆོས་པ་མང་པོས་འཇའ་ལུས་ཀྱི་སྐུ་འགྲུབ་པར་འགྱུར་ཞེས་ལུང་བསྟན་ཅིང་། ཆུ་ཚོད་གཉིས་ཙམ་ལ་ཞལ་འདོན་དང་བྱིན་རླབས་མཛད་ནས་ཕྱིར་ཕེབས། ལོ་འགའ་སོང་རྗེས། ངོ་མཚར་བ་ཞིག་ལ་སྐབས་དེའི་ཡལ་ག་དེ་འདི་འདྲའི་ཤིང་སྡོང་ཆེན་པོར་གྱུར་འདུག་གསུངས།

ཆོས་རྗེ་ཉིད་ཀྱིས་ཀྱང་གནས་འདིར་དབང་སྡུད་གསོལ་འདེབས་སོགས་གསུངས་ནས་བྱིན་རླབས་གནང་།

རྡོར་སེམས་ཀྱི་སྐུ་ལ་རབ་གནས་མཛད།

ཉིན་དེའི་ཕྱི་དྲོར། ཡུལ་དེར་ལེགས་པར་གྲུབ་པའི་རྡོར་སེམས་ཀྱི་སྐུ་ལ་ཆོས་རྗེ་ཉིད་ཀྱིས་རབ་གནས་མཛད།

སྤྱིར་རྒྱ་སྤྲུལ་རིན་པོ་ཆེ་ནི་གཏེར་སྟོན་ཀུན་བཟང་ཉི་མའི་རྡོར་སེམས་ཆོས་སྐོར་གྱི་ཆོས་བདག་ཅིག་ཡིན་པའི་རྟེན་འབྲེལ་གྱིས། ཁོང་གིས་ཡུལ་འདིར་ཆེས་ཆེ་ཞིང་མཐོ་ལ་བླ་གབ་མེད་པའི་རྡོར་སེམས་ཀྱི་སྐུ་ཞིག་བཞེངས། སྐུ་ཡི་གཡོན་ཕྱོགས་སུ་སྒྲོལ་མ་ལྗང་མོ་དང་། གཡས་ཕྱོགས་སུ་སྒྲོལ་མ་དཀར་མོ། རྒྱབ་ཕྱོགས་སུ་ཡིག་བརྒྱའི་དུང་འཁོར་སོགས་བཞེངས་འདུག

ཆོས་རྗེ་ཉིད་ཀྱིས་ཞབས་ཐང་དུ་སྐུ་དེར་སྐོར་བ་མཛད་ཅིང་ཐུགས་བསྐྱེད་སྨོན་ལམ་གནང་རྗེས། དུས་ཡུན་རིང་པོར་རབ་གནས་ཀྱི་ཆོ་ག་གསུངས། ཉིན་དེར་ཉི་འོད་རབ་ཏུ་འཚེར་ཞིང་མེ་ཏོག་དཀར་པོ་རྣམས་ཕན་ཚུན་འགྲན་པ་བཞིན་དུ་གཅལ་དུ་བཀྲམ་པའི་ཁོར་ཡུག་ཡིད་འཕྲོག་པ་དེར། ཆོས་རྗེ་ཉིད་ཀྱིས་ཀྱང་། གནས་དེའི་སེམས་ཅན་མང་པོར་ཕན་ངེས་པའི་རྟེན་གསུམ་ཁྱད་པར་ཅན་འདི་འདྲ་ལེགས་འགྲུབ་བྱུང་བར་དགྱེས་ཚོར་ཆེན་པོ་མཛད།

སྐྱེ་འཆིའི་མན་ངག

ཉིན་དེའི་དགོང་མོར་གྲོང་ཁྱེར་ཨ་ཤུ་ལཱན་དཱི་(Ashland)ཡི་ཐམས་ཅད་སྐྱོབ་པའི་ཆོས་ཁང་(Rogue Valley Unitarian Universalist Fellowship)དུ་ཚང་མའི་རེ་བ་ལྟར་རྗེ་ཉིད་ཀྱིས་འཕོ་བ་དང་ཚེ་དབང་ཚེ་འགུགས་གསུངས་པ་ཡིན། སྤྱིར་འཕོ་བ་དང་ཚེ་དབང་དག་ནི་མང་པོ་ཞིག་གིས་འདོན་ཤེས་ཀྱང་། རྗེ་ཉིད་ཀྱི་གསུང་སྲོལ་ཤེས་པ་སོགས་སུ་དམིགས་ནས་ཐམས་ཅད་ཇི་བཞིན་དུ་ཡི་གེར་བཀོད་པ་འདི་ལྟར།

ད་རེས་རང་རེ་རྣམས་ཀྱིས་རྙེད་པར་དཀའ་བ་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ། མི་ལུས་ཐོབ་པ་ཙམ་དུ་མ་ཟད་མཚན་ཉིད་དང་ལྡན་པའི་བླ་མ་དགེ་བའི་བཤེས་གཉེན་དང་ཡང་མཇལ། བླ་མ་མཇལ་བ་ཙམ་དུ་མ་ཟད་བླ་མའི་དྲུང་ནས་གདམས་ངག་རྒྱ་ཆེན་པོ་ཐོབ་པའི་སྐལ་བ་བཟང་པོ་རྙེད་ཡོད་པ་ཡིན། དེ་ཡིན་ཡང་། འདི་ལྟ་བུའི་དལ་འབྱོར་དེ་ཡུན་རིང་པོར་རྟག་པ་དང་བརྟན་པ་མེད་པར། ངེས་པར་འཆི་བ་དང་། ནམ་འཆི་ཆ་མེད། འཆི་རྐྱེན་ངེས་མེད་ཀྱི་བདག་ཉིད་ཅན་ཡིན་པ་ལ་ཡང་ནས་ཡང་དུ་བློ་སྦྱངས་ནས། ཚེ་འདིའི་བྱ་གཞག་གང་ལ་ཡང་ཞེན་ཆགས་མེད་པ་ཞིག་བྱ་དགོས་མ་གཏོགས། དེ་ཡང་རང་ཉིད་འཆི་བའི་ཚེ་རྒྱུ་ལོངས་སྤྱོད་དང་། ཐོབ་མངའ་ཐང་། མཚན་སྙན་གྲགས། རིགས་གཟུགས་ལ་སོགས་པ་གང་གིས་ཀྱང་ཕན་པ་མེད། དེ་མིན་མི་གཅིག་གིས་ཀྱང་གྲོགས་མི་བྱེད་ལ། ཟས་ཁམ་གཅིག་ཀྱང་འཁྱེར་བའི་དབང་ཆ་མེད་པར། རང་ཉིད་གཅིག་པུར་རྒྱུས་མེད་ཀྱི་ཡུལ་དུ་ལག་སྟོང་མཆན་དུ་བཅུག་ནས་འགྲོ་དགོས་པའི་དུས་ལ་བབས་པའི་གནས་སྐབས་ན། ཕན་ངེས་པ་ནི་དམ་པའི་ཆོས་ཡིན་ཞིང་གནོད་ངེས་པ་ནི་སྡིག་པ་མི་དགེ་བ་ཡིན། དེའི་ཕྱིར་ན་ད་ལྟ་ནས་ཕན་གནོད་ཀྱི་བྱ་བ་ངོས་ཟིན་དགོས།

དེས་ན་ད་ལྟ་དགེ་བ་སྒྲུབ་པ་ལ་རང་དབང་ཡོད་པའི་གནས་སྐབས་ན། སུ་དང་སུ་ཡིན་ན་དགེ་བ་བསྒྲུབ་དགོས་པ་ཡིན་མ་གཏོགས། གོང་དུ་གསུངས་པ་ལྟར་ཚེ་འདི་སྣང་ལ་ཞེན་ནས། འདིར་ཡོད་པའི་མི་ཚང་མ་ཡང་ཉི་མ་བདུན་གྱི་ནང་ན་ཁོམ་པའི་དུས་སྐབས་ཉིན་གཉིས་མ་གཏོགས་མེད། ཉིན་གཉིས་པོ་དེ་ཡང་གླུ་དང་གར་སོགས་རྩེད་མོ་སྣ་ཚོགས་དང་། ཆང་འཐུང་བ་ལ་སོགས་དོན་མེད་ཀྱི་བྱ་གཞག་མང་པོས་འདས་འགྲོ་བས། ཆོས་དགེ་བ་མ་བསྒྲུབས་པར་ནམ་ཞིག་འཆི་བའི་གནས་སྐབས་ལ་ཐོན་པའི་དུས་སུ། མཆོག་དམན་རབ་འབྲིང་སུ་ཡིན་ཡང་གཟུགས་བཞིས་དོང་བཞི་བརྐོས། མིག་མཆི་མས་བཀང་། སེམས་འགྱོད་པ་དང་བཅས་ཏེ་འགྲོ་དགོས་པ་ཡིན། སྐབས་དེར་དགེ་བ་ཞིག་བསྒྲུབས་མེད་ན་རང་མགོ་རང་གིས་བསྐོར་ན་བསྐོར་ཆེན་ཟེར་བར་འགྱུར་འགྲོ་བ་ཡིན། དེས་ན་མི་སུ་དང་སུ་ཡིན་ཡང་ཚེ་འདི་སྣང་གི་རྒྱུ་རྫས་ལོངས་སྤྱོད་ཙམ་ལ་བསམ་བློ་མི་གཏོང་བར། རང་གི་མགོན་རང་གིས་བྱས་ནས་དགེ་བ་རྣམ་པར་དག་པ་ཞིག་བསྒྲུབ་པ་ལ་ཅི་ནས་ཀྱང་འབད་དགོས་པ་ཡིན། སྤྱིར་འཛམ་གླིང་ན་ཚེ་འདི་ཕྱིའི་ཕན་པ་སྒྲུབ་ཐབས་ཀྱི་ཆོས་ལུགས་ཤིན་ཏུ་མང་པོ་གསུངས་ཡོད་ཀྱང་། དེ་དག་གི་ནང་ནས་ནང་པ་སངས་རྒྱས་པའི་ཆོས་ལུགས་ནི་ཆེས་ཕུལ་དང་མཆོག་ཏུ་གྱུར་བ་ཡིན་པར་རིགས་པ་དང་ལུང་གིས་གྲུབ་ལ། མྱོང་བས་ཀྱང་གྲུབ་པའི་ཆོས་རྣམ་པར་དག་པ་ཞིག་ཡིན། དེས་ན་སྤྱི་ཁྱབ་ནས་ནང་པ་སངས་རྒྱས་པའི་ཆོས་ཉམས་སུ་ལེན་ཚུལ་ལ་ཤིན་ཏུ་མང་པོ་ཡོད་ཀྱང་། དེ་ཐམས་ཅད་ཀྱི་ནང་ནས་བསྒྲུབ་སླ་ལ་ཕན་ཡོན་ཆེ་བའི་ཆོས་ཤིག་ཡོད། དེ་གང་ཡིན་ན། སངས་རྒྱས་འོད་དཔག་མེད་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་ནས། ཤི་མ་ཐག་ཏུ་བདེ་བ་ཅན་དུ་སྐྱེ་བའི་ཐབས་ལ་འབད་པར་བྱེད་པ་འདི་ནི། ནང་པ་སངས་རྒྱས་པའི་ཆོས་ཀྱི་སྙིང་པོ་ལྟ་བུར་གྱུར་པ་དེ་ཡིན།

དེར་མ་ཟད་ཆོས་ལུགས་དང་གྲུབ་མཐའ་གཞན་ཏེ། དཔེར་ན་ཧིན་དྷུའི་ཆོས་ལུགས་དང་། ཡེ་ཤུའི་ཆོས་ལུགས་སོགས་ཉམས་སུ་ལེན་མཁན་གྱི་གང་ཟག་ཅིག་ཡིན་ན་ཡང་། དོན་འདི་ལྟ་བུ་ཉམས་སུ་བླངས་ན་ཉེས་པ་མེད་པར་མ་ཟད། ཕན་པ་དཔག་ཏུ་མེད་པ་འབྱུང་བ་དང་། ཁྱད་པར་དུ་སོ་སོའི་ཆོས་ལུགས་ལས་བཤད་པའི་གྲུབ་འབྲས། དགེ་བའི་རེ་འདོད་མཐར་ཐུག་པ་འགྲུབ་པར་བྱེད་པའི་ཐབས་རྨད་དུ་བྱུང་བ་དེ་ཡང་འདི་ཁོ་ནས་འགྲུབ་པར་འགྱུར་བ་ཡིན་པའི་ཕྱིར་ན། འདི་ལ་ཆོས་ལུགས་ཐ་དད་དང་གྲུབ་མཐའ་ཐ་དད་ཟེར་ནས་ཕྱོགས་རིས་མི་བྱ་བར། ཐམས་ཅད་ཀུན་གྱིས་སངས་རྒྱས་འོད་དཔག་མེད་ལ་གསོལ་བ་བཏབ་ནས་བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་གདབ་རྒྱུ་ནི་མེད་དུ་མི་རུང་བ་ཡིན།

འཕོ་བ།

དེས་ན་ད་རེས་ཀྱི་སྐབས་སུ་བབས་པ་ཡང། མགོན་པོ་འོད་དཔག་མེད་ལ་གསོལ་བ་བཏབ་ནས་བདེ་བ་ཅན་དུ་སྐྱེ་བར་བྱེད་པའི་ལམ་རྣམ་པར་དག་པ་ཞིག་ངས་ཁྱེད་རྣམས་ལ་འཆད་རྒྱུ་ཡིན། ཐོག་མར་ཁྱེད་རང་རྣམས་ཀྱིས་སངས་རྒྱས་འོད་དཔག་མེད་སྲས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ཐམས་ཅད་ནི། དུས་ད་ནས་བཟུང་སྟེ་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་དུ་སྐྱབས་སུ་བསྟེན་བསམ་པ་དང་། དེ་ནས་རང་གིས་དགེ་རྩ་ཇི་སྙེད་ཅིག་བསགས་པའི་མཐུས། ནམ་མཁར་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་ཅན་དུ་སྐྱེ་བར་གྱུར་ཅིག་སྙམ་དུ་སྐྱབས་སེམས་འདི་གཉིས་ཀྱི་རྗེས་ཟློས་གྱིས།

སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །

བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །

བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །

འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །

དེ་ནས་ཁྱེད་རང་རྣམས་ཀྱིས་གནས་འདི་ཉིད་ཀྱང་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་དངོས་ཡིན་སྙམ་པ་དང་། རང་གི་ལུས་པོ་དེ་ཡང་ཐ་མལ་མ་དག་པ་མ་ཡིན་པར། ངོ་བོ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་རྣམ་པ་རྡོ་རྗེ་རྣལ་འབྱོར་མ། སྐུ་མདོག་དམར་པོ། ཞལ་གཅིག ཕྱག་གཉིས། ཕྱག་གཡས་གྲི་གུག་དང་གཡོན་པས་ཐོད་པ་འཛིན་པ། ཞབས་དོར་སྟབས་ཀྱིས་བཞུགས་པ་དེ་ལྟ་བུ་ཞིག་ཡིད་ཡུལ་དུ་གསལ་བོར་སྒོམས། དེའི་ལུས་ཀྱི་དཀྱིལ་ལམ་དབུས་ན་རྩ་དབུ་མ་སྟོང་སང་སྦོམ་ཕྲ་མདའ་སྨྱུག་ཙམ་པ་ལ། ཡར་སྣེ་སྤྱི་བོའི་ཚངས་པའི་བུ་ག་ན་ཁ་ཕྱེ་ཡོད་པ། མར་སྣེ་ལྟེ་འོག་ཏུ་ཁ་ཟུམ་ཡོད་པ། སྙིང་ཁ་ན་ཚིགས་ཀྱིས་བཅད་པ། དེའི་སྟེང་ན་རླུང་གི་ཐིག་ལེ་ལྗང་སྐྱ་ཞིག་གི་སྟེང་ན་རང་གི་སེམས་སམ་རིག་པ་ཧྲཱིཿ ཡིག་དམར་པོ་དེ་ནི། རླུང་གི་ཐིག་ལེ་དེས་ཡར་ལ་བསྐྱོད་ནས་འཕར་ལ་ཁད་དང་ཡལ་ལ་ཁད་པ་ཞིག་སྒོམས། དེ་ནས་རང་གི་སྤྱི་བོའི་ཁྲུ་གང་ཙམ་གྱི་སྟེང་གི་ནམ་མཁའ་ལ་མགོན་པོ་འོད་དཔག་མེད་སྲས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་མངོན་སུམ་དུ་བཀྲ་ལམ་མེར་བཞུགས་ཡོད་པའི་མོས་པ་གྱིས། དེ་དག་གི་དོན་ནི་བོད་སྐད་ཀྱིས་བཏོན་ན་འདི་ལྟར་ཡིན་པས་ཚིག་འདི་ལའང་གསན་པར་ཞུ།

ཨེ་མ་ཧོ༔ རང་སྣང་ལྷུན་གྲུབ་དག་པ་རབ་འབྱམས་ཞིང་༔

བཀོད་པ་རབ་རྫོགས་བདེ་བ་ཅན་གྱི་ཞིང་༔ ཁྱོད་རང་གཞི་ལུས་རྡོ་རྗེ་རྣལ་འབྱོར་མ༔

ཞལ་གཅིག་ཕྱག་གཉིས་དམར་གསལ་གྲི་ཐོད་འཛིན༔

ཞབས་གཉིས་དོར་སྟབས་སྤྱན་གསུམ་ནམ་མཁར་གཟིགས༔

དེ་ཡི་ཁོང་དབུས་རྩ་དབུ་མ༔ སྦོམ་ཕྲ་མདའ་སྙུག་ཙམ་པ་ལ༔

སྟོང་སང་འོད་ཀྱི་སྦུ་གུ་ཅན༔ ཡར་སྣེ་ཚངས་བུག་གནས་སུ་ཧར༔

མར་སྣེ་ལྟེ་འོག་ཟུག་པ་ཡི༔ སྙིང་ཁར་ཚིགས་ཀྱིས་བཅད་པའི་སྟེང་༔

རླུང་གི་ཐིག་ལེ་ལྗང་སྐྱའི་དབུས༔ རིག་པ་ཧྲཱིཿ ཡིག་དམར་པོར་གསལ༔

སྤྱི་བོར་ཁྲུ་གང་ཙམ་གྱི་སྟེང་༔ སངས་རྒྱས་སྣང་བ་མཐའ་ཡས་ནི༔

མཚན་དཔེ་རྫོགས་པའི་ཕུང་པོར་གསལ༔

དེ་ནས་ཁྱེད་རང་རྣམས་ཀྱིས་སྤྱི་བོའི་མགོན་པོ་འོད་དཔག་མེད་ལ་དད་པ་རྩེ་གཅིག་ཏུ་བཞག་ནས། དུས་ད་ལྟ་ཉིད་དུ་རང་སེམས་འདི་ཉིད་མགོན་པོ་འོད་དཔག་མེད་ཀྱི་ཐུགས་ཀར་འཕོ་བར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པའི་དད་མོས་རྩེ་གཅིག་གྱིས་དང་། ངས་མགོན་པོ་འོད་དཔག་མེད་ལ་ཁྱེད་རྣམ་པའི་ཚབ་བྱས་ནས་གསོལ་བ་འདེབས་རྒྱུ་ཡིན་པས། ཁྱེད་རྣམ་པས་ཀྱང་ངའི་ཚིག་འདི་ལ་གསན་ནས་མགོན་པོ་འོད་དཔག་མེད་ལ་ཡིད་ཀྱིས་གསོལ་བ་ཐོབ་ལ་རྩེ་གཅིག་ཏུ་དད་པ་ཞོག

བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །

ཨེ་མ་ཧོ༔ གནས་རང་སྣང་དོན་གྱི་འོག་མིན་ན༔ ཡིད་དད་བརྒྱའི་འཇའ་གུར་འཁྲིགས་པའི་ཀློང་༔

སྐྱབས་ཀུན་འདུས་རྩ་བའི་བླ་མ་ནི༔ སྐུ་ཐ་མལ་མ་ཡིན་དྭངས་མའི་ལུས༔

དཔལ་སངས་རྒྱས་སྣང་མཐའི་ངོ་བོར་བཞུགས༔ ཡིད་མོས་གུས་གདུང་བས་གསོལ་བ་འདེབས༔

ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས༔ གནས་འོག་མིན་བགྲོད་པར་བྱིན་གྱིས་རློབས༔

དབྱིངས་ཆོས་སྐུའི་རྒྱལ་ས་ཟིན་པར་ཤོག༔

དེ་ནས་ང་རང་གིས་ཧྲཱིཿ ལྔ་ཚན་བརྗོད་པའི་ཚེ་ཁྱེད་རང་གི་སྙིང་ཁ་ན་རླུང་གི་ཐིག་ལེ་ལྗང་སྐྱའི་སྟེང་ན་རང་སེམས་ཧྲཱིཿ ཡིག་དམར་པོ་ཡོད་པ་དེ་ཡར་ཡར་རླུང་གིས་བཏེགས་ནས། སྤྱི་གཙུག་ལ་ཐོན་པ་དང་མཉམ་དུ་ངས་ཧིག༔ཅེས་བརྗོད་པའི་ཚེ་ཁྱེད་རྣམས་ཀྱི་རིག་པ་དེ་མགོན་པོ་འོད་དཔག་མེད་ཀྱི་ཐུགས་ཀར་ཐིམ་སོང་བར་བསམ། སླར་ཡང་དེ་ལྟ་བུ་ཞིག་གསལ། ཡང་ཧྲཱིཿ ལྔ་ཡིས་ཡར་བསྐྱོད་ནས་མགོན་པོ་འོད་དཔག་མེད་ཀྱི་ཐུགས་ཀར་ཐིམ་སོང་བར་བསམ། ཡང་ཆུ་ལས་ཆུ་བུར་རྡོལ་བ་བཞིན་དུ་སྙིང་གི་དབུས་སུ་གསལ་ནས། ཧྲཱིཿ ལྔས་ཡར་བསྐྱོད་དེ་སྤྱི་བོར་ཐོན་པ་དང་མཉམ་དུ་ང་རང་གིས་ཧིཀཿ སྒྲ་ཞིག་བྱས་པའི་སྟོབས་ཀྱིས་ཁྱེད་རང་རྣམས་ཀྱི་རིག་པ་དེ་མགོན་པོ་འོད་དཔག་མེད་ཀྱི་ཐུགས་ཀར་ཐིམ་པའི་མོས་པ་གྱིས།

ཧྲཱིཿ ཧྲཱིཿ ཧྲཱིཿ ཧྲཱིཿ ཧྲཱིཿ ཧིཀ༔ ཧྲཱིཿ ཧྲཱིཿ ཧྲཱིཿ ཧྲཱིཿ ཧྲཱིཿ ཧིཀ༔ ཧྲཱིཿ ཧྲཱིཿ ཧྲཱིཿ ཧྲཱིཿ ཧྲཱིཿ ཧིཀ༔

དེ་ནས་ང་རང་གིས་ཕཊ་སྒྲ་ལྔ་ཚན་བྱས་པའི་མཐུས་ཁྱེད་རང་རྣམས་ཆོས་སྐུ་དང་། ལོངས་སྐུ། སྤྲུལ་སྐུ། ངོ་བོ་མི་འགྱུར་རྡོ་རྗེའི་སྐུ། མངོན་པར་བྱང་ཆུབ་པའི་མགོན་པོ་འོད་དཔག་མེད་ཀྱི་སྐུ་སྟེ་སྐུ་ལྔའི་དབྱིངས་སུ་རྒྱས་བཏབ་ནས་ནམ་ཡང་འོད་དཔག་མེད་དང་དབྱེར་མེད་དུ་གྱུར་སོང་བར་བསམ་པའི་མོས་པ་གྱིས།

ཕཊ་ཕཊ་ཕཊ་ཕཊ་ཕཊ༔

དེ་ནས་སླར་ཡང་སྤྱི་གཙུག་ན་ཡོད་པའི་མགོན་པོ་འོད་དཔག་མེད་དེ་ཉིད་འོད་དུ་ཞུ་ནས། ཁྱེད་རང་རྣམས་ཀྱི་ལུས་ལ་ཐིམ་པར་བསམ།

ཚེ་དབང་།

ཁྱེད་རང་རྣམས་སྐད་ཅིག་གིས་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པ། སྐུ་མདོག་དམར་པོ་པདྨ་རཱ་གའི་མདོག་ལྟ་བུ་ལ་ལོངས་སྤྱོད་རྫོགས་སྐུའི་རྒྱན་ཆས་ཀྱིས་བརྒྱན་པ། ཕྱག་མཉམ་བཞག་གི་སྟེང་ན་འཆི་མེད་ཚེ་ཡི་བདུད་རྩིས་བཀང་བའི་བུམ་པ་བསྣམས་པ། ཞབས་རྡོ་རྗེ་དཀྱིལ་མོ་ཀྲུང་གིས་བཞུགས་པ་ཞིག་གསལ་བར་སྒོམས།

ཧཱུྃ་ཧྲཱིཿ བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །

སྐུ་མདོག་དམར་པོ་ལོངས་སྤྱོད་རྫོགས། །

ཕྱག་ན་ཚེ་ཡི་བུམ་པ་བསྣམས། །

གསང་བ་ཐུགས་ཀྱི་གའུ་ནས། །

སྙིང་པོ་སྔགས་ཀྱི་ཨ་ཡུ་སྩོལ། །

བསྲུང་བྱ་རྡོ་རྗེའི་ཚེ་ཐོབ་ཤོག །

ཀྱཻ། དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །

འགྲོ་རྣམས་མ་ལུས་འདྲེན་པའི་དེད་དཔོན་མཆོག །

ཨོ་རྒྱན་མགོན་པོ་རིག་འཛིན་ཚེ་དཔག་མེད། །

བསྲུང་བྱའི་ལུས་ངག་ཡིད་གསུམ་བྱིན་རློབས་ལ། །

འཆི་མེད་རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ། །

ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱེ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ།

ཧཱུྃཿ བསྙེན་ཅིང་བསྒྲུབས་པའི་དཀྱིལ་འཁོར་ལྷ་ཚོགས་རྣམས། །

ཐུགས་རྗེའི་ནུས་པ་མཐུ་དང་དཔུང་བསྐྱེད་ལ། །

འོད་ཟེར་ཕོ་ཉ་ཕྱག་མཚན་འཕྲོ་འདུ་ཡིས། །

དམིགས་བྱའི་བླ་ཚེ་ཉམས་འཁྱར་འཕྲོགས་པ་དང་། །

འཁོར་འདས་བརྟན་གཡོའི་ཚེ་བཅུད་དྭངས་མ་ཀུན། །

འོད་ཟེར་ཐིག་ལེ་ཡིག་འབྲུའི་རྣམ་པར་བཀུག །

བདག་ལ་བསྟིམས་པས་བཀྲག་མདངས་གཟི་བརྗིད་རྒྱས། །

འཆི་མེད་རྡོ་རྗེའི་ཚེ་མཆོག་འགྲུབ་པར་ཤོག །

ཨོཾ་བཛྲ་ཨ་ཡུ་ཥེ་ཧཱུྃ་ཛ། ཚེ་བྷྲུཾ་གཡུ་བྷྲུཾ་གཡུ་ཚེ་ཨ་པ་ན་ཡེ་བྷྲུཾ། ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱེ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ།

དེ་ནས་ཚེ་རིལ་དང་ཚེ་ཆང་འདི་ཉིད་ཁྱེད་རང་ལ་གཏད་པས། ཁྱེད་རང་གིས་ཁར་མྱོང་བ་ཙམ་གྱིས་མགོན་པོ་ཚེ་དཔག་མེད་དང་སྐལ་བ་མཉམ་པའི་འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པའི་མོས་པ་གྱིས།

ཨོཾ༔ སྐུ་ཡི་སྐུ་སྟེ་སྐུ་ལ་ཐིམ༔

ཕུང་པོ་ལྔ་ལ་རབ་ཏུ་ཐིམ༔

ཨཱ༔ གསུང་གི་གསུང་སྟེ་གསུང་ལ་ཐིམ༔

ལྗགས་ཀྱི་དབང་པོ་མཆོག་ལ་ཐིམ༔

ཧཱུྃ༔ ཐུགས་ཀྱི་ཐུགས་ཏེ་ཐུགས་ལ་ཐིམ༔

རང་བྱུང་ཡེ་ཤེས་ཐུགས་ལ་ཐིམ༔

ཉིན་མོ་བཀྲ་ཤིས་མཚན་བཀྲ་ཤིས༔

ཉིན་མཚན་རྟག་ཏུ་བཀྲ་ཤིས་པས༔

སྐལ་ལྡན་རྣམས་ལ་བཀྲ་ཤིས་ཤོག༔

སྙིང་པོ་ཉི་ཟླ་གསལ་གྱུར་ཅིག༔

ཨེ་མ་ཧོ། ཚེ་དཔག་མེད་པའི་བྱིན་རླབས་དང་༔

བསྙེན་སྒྲུབ་མཐར་ཕྱིན་འདི་ཡི་མཐུས༔

བཞི་བརྒྱ་རྩ་བཞིའི་ནད་རྣམས་དང་༔

སྟོང་ཕྲག་བརྒྱད་ཅུའི་བགེགས་རྣམས་དང་༔

གློ་བུར་དགུ་བཅུ་རྩ་གཅིག་དང་༔

དུས་མིན་འཆི་བ་རྣམ་བརྒྱད་སོགས༔

མི་མཐུན་ཚེ་ཡི་བར་ཆད་རྣམས༔

མ་ལུས་ཞི་ཞིང་བཟློག་པར་གྱུར༔

བྲག་ཕུག་མ་ར་ཏི་ཀའི་ཀེའུ་ཚང་དུ༔

འཆི་མེད་ཚེ་ཡི་རིག་འཛིན་སྒྲུབ་པའི་ཚེ༔

མགོན་པོ་ཚེ་དཔག་མེད་པས་བྱིན་གྱིས་བརླབས༔

སྐྱེ་འཆི་མེད་པ་རྡོ་རྗེའི་ལུས་སུ་བསྒྱུར༔

འཆི་མེད་པདྨ་འབྱུང་གནས་བཀྲ་ཤིས་ཤོག༔ ཨོཾ་ཨཱཿ ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔

ད་འཕོ་བ་མ་བསྒོམས་སངས་རྒྱས་ཀྱི་ཁྲིད་དང་དུས་མིན་གྱི་འཆི་བ་ཐམས་ཅད་ལས་གྲོལ་བར་བྱེད་པའི་མགོན་པོ་ཚེ་དཔག་མེད་ཀྱི་དབང་བསྐུར་ཟིན་པ་ཡིན། དགེ་བ་འདི་དག་གིས་མཚོན་དུས་གསུམ་བསགས་པའི་དགེ་བའི་རྩ་བ་ཐམས་ཅད་གཅིག་ཏུ་བསྡོམས་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་བའི་ཕྱིར་དུ་ཡོངས་སུ་བསྔོ་བར་བགྱིའོ་སྙམ་དུ། བསྔོ་བ་དང་སྨོན་ལམ་འདི་དག་མཉམ་དུ་གསུང་བར་ཞུ།

བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །

ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ། །

སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲིགས་པ་ཡི། །

སྲིད་པའི་མཚོ་ལས་འགྲོ་བ་གྲོལ་བར་ཤོག །

ཨོཾ་ཡེ་དྷརྨ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུན་ཏེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿ སྭཱ་ཧཱ།

གནས་འདིར་ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །

ཉི་མའི་གུང་ཡང་ཉིན་བདེ་ལེགས། །

ཉིན་མཚན་ཀུན་ཏུ་བདེ་ལེགས་པ། །

དཀོན་མཆོག་གསུམ་གྱིས་དེང་འདིར་སྩོལ། །

དཔལ་ལྡན་བླ་མས་དེང་འདིར་སྩོལ། །

ཡི་དམ་ལྷ་ཡིས་དེང་འདིར་སྩོལ། །

ཆོས་སྐྱོང་སྲུང་མས་དེང་འདིར་སྩོལ། །

གཞི་བདག་རྣམས་ཀྱིས་དེང་འདིར་སྩོལ། །

འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏེ། །

སའམ་འོན་ཏེ་བར་སྣང་འཁོད་ཀྱང་རུང་། །

སྐྱེ་རྒུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང་། །

ཉིན་དང་མཚན་མོར་ཆོས་ལ་སྤྱོད་པར་ཤོག །

འདིར་ནི་རྒྱལ་བ་དགྲ་རྒྱལ་བདེན་གང་གིས། །

ཤིན་ཏུ་བདེན་པར་གསུངས་ཤིང་རྫུན་མེད་པ། །

བདེན་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །

དུས་འདིར་འཇིགས་པ་ཆེ་ལས་ཐར་གྱུར་ཅིག །

དེང་འདིར་རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་མི་ནོར་འཁོར་དང་བཅས་པ་ཐམས་ཅད་ཉི་མ་དང་ཟླ་བ། གཟའ་དགྲ་གཅན་གྱི་གནོད་པ་ལས་གྲོལ་བ་བཞིན་དུ་བདུད་དང་བར་ཆད་སྤང་བྱ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་ཤིན་ཏུ་རྒྱལ་ཞིང་བཀྲ་ཤིས་པར་གྱུར་ཅིག ཛ་ཡ་ཛ་ཡ་སུ་ཛ་ཡ། ཛ་ཡ་ཛ་ཡ་སུ་ཛ་ཡ། ཛ་ཡ་ཛ་ཡ་སུ་ཛ་ཡ། རྒྱལ་བར་གྱུར་ཅིག རྒྱལ་བར་གྱུར་ཅིག རྒྱལ་བར་གྱུར་ཅིག ཤིན་ཏུ་རྒྱལ་བར་གྱུར་ཅིག

ངོ་མཚར་བའི་ཕཊ་སྒྲ།

སྤྱིར་ང་ཚོ་ལ་མཚོན་ན་ཆོས་རྗེ་ཉིད་ཀྱིས་འཕོ་བ་གསུང་བ་ནི་ཆེས་སྤྱིར་བཏང་ཞིག་ཡིན་མོད། བསམ་ཡུལ་ལས་འདས་པ་ཞིག་ལ། ཕྱི་ཟླ་༧པའི་ཚེས་༢༡ཉིན་ཆོས་ཚོགས་སུ་འཕོ་བ་གསུང་སྐབས་ཀྱི་ཕཊ་སྒྲ་ཡིས། དེར་འཁོད་ཀྱི་མི་རྣམས་ལ་ལོ་མང་པོར་བརྗེད་ཐབས་མེད་པའི་བག་ཆགས་བཞག་ཡོད་པ་དེ། ཕྱིས་སུ་ཁོང་ཚོ་ལ་བཅར་འདྲི་བྱེད་སྐབས་ད་གཟོད་ཤེས་སོང་།

འཕུར་མཉེད་ལ་མཁས་པའི་ཆོས་ཚོགས་ཀྱི་དྲུང་ཡིག་པ་ལྕམ་ཁཱའེ་(Kay)ལགས་ཀྱིས་འདི་ལྟར་ཕྱིར་དྲན་བྱས།

ཆོས་རྗེ་ཉིད་ཀྱིས་ཐམས་ཅད་སྐྱོབ་པའི་ལྷ་ཁང་དུ་ཆོས་ཀྱི་མཛད་སྒོ་སྤེལ་སྐབས། འགྲེམ་བརྡ་གཏོང་བ་ཤིན་ཏུ་འཕྱིས་ཀྱང་མི་ཧ་ཅང་མང་པོ་འདུས་པས། འདུག་སྟེགས་༢༥༠ཡོད་པའི་ལྷ་ཁང་དེའི་བརྩེགས་རིམ་སྟེང་འོག་ཀུན་མི་ཡིས་གང་བར་མ་ཟད། འགའ་རེས་ཡར་ལངས་ཏེ་ཆོས་མཉན་དགོས་བྱུང་ལ། ཆོས་རྗེ་མཆོག་གིས་ལྷ་ཁང་དེར་འཕོ་བ་དང་ཚེ་དབང་གསུངས།

འཕོ་བ་གསུང་སྐབས། ཁོང་གིས་ཕཊ་སྒྲ་དྲག་པོ་བསྒྲགས་པའི་སྟོབས་ཤུགས་ནི་ཤིན་ཏུ་ཆེ་ཞིང་མི་ཚེ་འདིར་བརྗེད་ཐབས་མེད་པ་ཞིག་ཏུ་གྱུར། ཕྱིས་ཀྱི་ལོ་ཉི་ཤུ་ལྷག་གི་རིང་ལ། མི་རྣམས་ཀྱིས་རྟག་ཏུ་ང་ལ། ཕྱི་ལོ་༡༩༩༣ལོར། ཐམས་ཅད་སྐྱོབ་པའི་ལྷ་ཁང་དུ་ང་ཚོར་ཆོས་ཁྲིད་གནང་མཁན་གྱི་བླ་མ་དེ་དྲན་གྱིན་འདུག་གམ། ཁོང་གིས་སྐབས་དེར་གསུངས་པའི་ཕཊ་སྒྲ་དེ་ནམ་ཡང་བརྗེད་ཐབས་མི་འདུག་ཅེས་གླེང་མཁན་མང་དུ་བྱུང་བར་བཤད།

ད་དུང་སི་པཱན་(Span)ཞེས་པའི་ཧཱ་ཝ་ཡེའི་མི་ཞིག་ཡོད་ཅིང་། ཁོ་བོས་ཆོས་རྗེ་ཉིད་ཀྱི་བཞུགས་འཁོར་ལ་ཁ་ལོ་པ་བྱས་ནས་བཀྲ་ཤིས་ཆོས་གླིང་ནས་སན་ཧྥི་རན་སའེ་སི་ཁོ་ལ་འགྲོ་མྱོང་ཞིང་། ཆོས་རྗེ་ཁོང་གིས་འཕོ་བ་དང་ཚེ་དབང་གསུང་སྐབས། ང་རང་ཁྲི་རྩ་རུ་བཅར་ཏེ་ཆོས་ཉན་པ་ཡིན། སྐབས་དེར་ཁོང་གིས་གློ་བུར་དུ་ཕཊ་སྒྲ་དྲག་པོ་མཛད་པས། ངའི་རྣམ་རྟོག་ཐམས་ཅད་ཞི་ཞིང་ཆོས་ཀྱི་དབྱིངས་སུ་འདྲེས་པར་གྱུར་ནས་དུས་ཚོད་ག་ཙམ་འགོར་བའང་མ་ཤེས། གང་ལྟར་དེ་དུས་ཀྱི་མྱོང་ཚོར་ནི་ངའི་མི་ཚེ་འདིའི་ནང་བརྗེད་ཐབས་ཡོད་རེ་སྐན་ཟེར།

ཡེ་ཤེས་སྙིང་པོའི་ཆོས་ཚོགས་སུ་ཆོས་གསུང་པ།

ཕྱི་ཟླ་༧པའི་ཚེས་༢༢ཉིན་གྱི་སྔ་མོར། ངེད་ཅག་བཀྲ་ཤིས་ཆོས་གླིང་དང་ཁ་གྱེས་ནས་རླངས་འཁོར་དུ་བསྡད་དེ་ཆུ་ཚོད་དྲུག་ལྷག་ལ་སོང་བ་ན། སན་ཧྥི་རན་སའེ་སི་ཁོའི་ཡེ་ཤེས་སྙིང་པོའི་ཆོས་ཚོགས་(Yeshe Nyingpo Orgyen Dorje Den)སུ་འབྱོར། འདི་ནི་རྒྱ་སྤྲུལ་རིན་པོ་ཆེས་གྲོང་ཁྱེར་དེར་བཏབ་པའི་ནང་པའི་ཆོས་ཚོགས་ཤིག་ཡིན། ཆོས་ཚོགས་ཀྱི་མིང་ནི་སྔོན་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེས་གནང་ཞིང་། ཁོང་གིས་ཆོས་ཚོགས་མང་པོ་ལ་ཡེ་ཤེས་སྙིང་པོ་ཞེས་པའི་མིང་འདོགས་སྲོལ་འདུག

ཆོས་ཚོགས་འདི་གཞི་རྒྱ་ཆེན་པོ་མིན་ཡང་། ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་དད་ལྡན་ཤིན་ཏུ་མང་པོ་འདུས་པས། ཆོས་རྗེ་ཉིད་ཀྱིས་དེ་རྣམས་ལ་སྐྱབས་སྡོམ་དང་འཇམ་དཔལ་ཡེ་ཤེས་སེམས་དཔའི་དབང་གནང་།

ཚེས་༢༣ཉིན། ཆོས་རྗེ་ཉིད་སན་ཧྥི་རན་སའེ་སི་ཁོའི་གནམ་ཐང་དུ་འབྱོན་ཁར། ཨ་རིའི་སློབ་མ་རྣམས་ཀྱིས་རྗེ་ཉིད་ལ་ཚད་མཐོ་བའི་བརྩི་བཀུར་དང་ནང་སེམས་ཀྱི་བཀའ་དྲིན་མཚོན་པའི་རྟགས་སུ། འཛམ་གླིང་ན་རིན་ཐང་ཆེ་བའི་རཱོལ་སི་རཱོའེ་སེའམ་ར་གཉིས་རྟགས་ཅན་གྱི་རླངས་འཁོར་(Rolls Royce)གྲ་སྒྲིག་གིས་སྐྱེལ་མ་བྱས། རླངས་འཁོར་དེ་ནི་བརྙན་འཕྲིན་དང་ཁ་པར། བཟའ་བཏུང་སོགས་རྒྱས་སྤྲོས་ཉེར་མཁོ་མང་དུ་འཛོམས་པ་ཞིག་རེད།

མཚམས་འདི་ནས་ནཱ་ཕཱ་ལུང་དང་འབྲེལ་བའི་ཆོས་ཀྱི་མཛད་རིམ་རྣམས་ལེགས་པར་གྲུབ་ཅིང་། གནམ་གྲུར་ཞུགས་ནས་ཨ་རིའི་རྒྱལ་ས་ཝ་ཧྲིང་ཐོན་གྱི་གྲོང་ཁྱེར་དུ་བསྐྱོད།

དྲན་ངོགས་ཀྱི་ནུབ་བསྐྱོད་ལས་ཡུལ་ནཱ་ཕཱ་ལུང་དང་ཨོ་རཱེ་གྷོན་གྱི་མཛད་རིམ་ལེགས་པར་གྲུབ་པའི་སྐབས་ཏེ་བཞི་པའོ། །

སངས་རྒྱས་ཤཀྱཱ་ཐུབ་པ་ལ་ཕྱག་འཚལ་ལོ།།

ཆོས་རྗེ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས།

དྲན་ངོགས་ཀྱི་ནུབ་བསྐྱོད།

ལོ་སུམ་ཅུའི་སྔོན་བླ་མ་དང་ལྷན་དུ་ཕྱི་གླིང་ལ་ཕྱིན་པ་།

སྟོད་ཆ།

བསོད་དར་རྒྱས་ཀྱིས་རྩོམ་སྒྲིག་བྱས།

དཀར་ཆག

གླེང་བསླང་བ་།

འབབ་ཚུགས་དང་པོ། ཨ་རིའི་ཧཱ་ཝ་ཡེ།

འབབ་ཚུགས་གཉིས་པ། ཨ་རིའི་བྷོལ་དྷེར།

འབབ་ཚུགས་གསུམ་པ། ཨ་རིའི་རི་བོ་རཱོ་ཁཱེས།

འབབ་ཚུགས་བཞི་པ། ཨ་རིའི་ནཱ་ཕཱ་ལུང་།

འབབ་ཚུགས་ལྔ་པ། ཨ་རིའི་ཝ་ཧྲིང་ཐོན།

འབབ་ཚུགས་དྲུག་པ། ཨ་རིའི་ཉིའུ་ཡོག

འབབ་ཚུགས་བདུན་པ། ཨ་རིའི་བྷོ་སི་ཐིན།

འབབ་ཚུགས་བརྒྱད་པ། ཁེ་ན་ཏའི་ཧཱ་ལི་ཧྥ་ཁི་སི།

འབབ་ཚུགས་དགུ་པ། ཧྥ་རན་སིའི་མོན་ཐི་ཕཱེ་ལེར།

འབབ་ཚུགས་བཅུ་པ། སླར་ལོག་པ་།

མཇུག་བྱང་།

མགོ་བརྗོད།

དྲན་ངོགས་ཀྱི་ནུབ་བསྐྱོད་ཅེས་པའི་དེབ་འདི་ནི། གཙོ་བོ་ཆོས་རྗེ་འཇིགས་མེད་ཕུན་ཚོགས་དཔལ་བཟང་པོ་ཉིད་ཕྱི་ལོ་༡༩༩༣ལོར་ནུབ་ཕྱོགས་ཀྱི་རྒྱལ་ཁབ་རྣམས་སུ་བྱོན་ནས། དམ་པའི་ཆོས་གསུངས་པའི་གདམས་ཁྲིད་རྩ་ཆེན་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་ཞིག་ཡིན། དེ་ཡང་ཆ་འཕྲིན་སངས་པོ་མེད་པའི་དུས་སྐབས་ཀྱི་བོད་ཡུལ་ནས་ཚན་རྩལ་ཆེས་ཆེར་དར་རྒྱས་སུ་སོང་བའི་ཨ་རི་དང་ཁེ་ན་ཏ། ཧྥ་རན་སི་སོགས་སུ་བྱོན་ཏེ། ཁམས་དབང་མོས་པ་མི་འདྲ་བའི་གདུལ་བྱ་རྣམས་ཀྱི་བློ་དང་བསྟུན་ནས་དམ་པའི་ཆོས་ཀྱི་མཛད་པ་རྒྱ་ཆེར་བསྐྱངས་པ་ནི། མི་ཕལ་བ་ཞིག་ལ་མཚོན་ན། ཡུལ་དེའི་རིག་གནས་དང་སྲོལ་རྒྱུན་ལ་གོམས་དཀའ་བ་སོགས་ཀྱིས་ཤིན་ཏུ་འགྲུབ་ཁག་པའི་བྱ་གཞག་རྒྱ་ཆེན་ཞིག་ཡིན་ན་ཡང་། ཆོས་རྗེ་ཉིད་ནི་ཐུན་མིན་གྱི་མཁྱེན་རབ་དང་ཉམས་རྟོགས་ཁྱད་འཕགས་མངའ་བའི་བདག་ཉིད་ཅན་ཡིན་པས། སྐབས་དེར་ནུབ་ཕྱོགས་ཀྱི་མི་མང་པོའི་ཡིད་དབང་ཕྲོགས་པར་མ་ཟད། ཁོ་ཚོ་ཕན་བདེའི་ལམ་ལ་བཀོད་པས་དད་གུས་དང་བསྟོད་བསྔགས་ཀྱང་ཚད་མེད་ཐོབ།

ཁོང་མི་ཡུལ་དུ་བགྲང་བྱ་༧༡ལ་བཞུགས་པའི་རྣམ་ཐར་གྱི་ཁྲོད་དུ། ནུབ་ཕྱོགས་སུ་བསྐྱོད་པའི་མཛད་རིམ་འདི་དག་ཞིབ་ཅིང་ཕྲ་བའི་སྒོ་ནས་ཤེས་མཁན་ཤིན་ཏུ་ཉུང་བས། བདག་གིས་སྐབས་དེར་མཐོང་ཆོས་སུ་གྱུར་པའི་ཉིན་ཐོའི་སྐོར་གྱི་ཡིག་ཆ་དང་། ཕྱིས་སུ་འབད་པ་ཆེན་པོས་བརྒྱུད་ལམ་སྣ་ཚོགས་ཀྱི་སྒོ་ནས་རྙེད་པའི་ཞལ་གསུང་རྩ་ཆེན་རྣམས་ཡི་གེར་བཀོད་དེ། རྒྱ་ཆེའི་ཀློག་པ་པོ་རྣམས་ལ་གཟིགས་འབུལ་བགྱི་བའི་འདུན་པ་རིང་ནས་བདོག་ཀྱང་། ཆོས་ཁྲིད་དང་རྣམ་གཡེང་གི་ལས་དུ་མས་གཞན་དབང་དུ་གྱུར་ནས་ད་ལྟའི་བར་དུ་ལུས་སོང་།

ད་ལོ་ནི་ཆོས་རྗེ་ཉིད་ནུབ་ཕྱོགས་སུ་བྱོན་ཏེ་འགྲོ་དོན་མཛད་ནས་ལོ་འཁོར་སུམ་ཅུ་ལོན་པ་དང་། ཁོང་གི་གཟུགས་སྐུའི་བཀོད་པ་ཞི་བའི་དབྱིངས་སུ་བསྡུས་ནས་ལོ་འཁོར་ཉི་ཤུ་ལོན་པའི་དམིགས་བསལ་གྱི་དུས་ཚོད་ཅིག་ཡིན་པས། བདག་གིས་ཀྱང་བྱ་བ་གཞན་རྣམས་ལོགས་སུ་བཞག་སྟེ། ཕྱི་ལོ་༢༠༢༢ལོའི་ཟླ་༡༢པ་ནས་བོད་རྒྱ་ཡིག་རིགས་གཉིས་ཀྱིས་མཉམ་དུ་རྩོམ་སྒྲིག་བྱེད་པའི་མགོ་བཟུང་ཞིང་། དེ་དང་ལྷན་དུ་རྒྱལ་སྤྱིའི་ལོ་ཙཱ་ཚན་ཆུང་ལ་དབྱིན་ཡིག་དང་ཉི་ཧོང་གི་ཡི་གེ་སོགས་སུ་སྒྱུར་དུ་བཅུག དེ་ལྟར་ཉིན་རེ་བཞིན་ཕལ་ཆེར་ཆུ་ཚོད་བཅུ་ལྷག་རེར་བྱ་བ་བསྒྲུབས་པས། བར་མཚམས་ཤིག་ཏུ་ལུས་པོ་མི་བདེ་བར་གྱུར་ནས་གཤག་བཅོས་ཐེངས་གཅིག་ཀྱང་བྱེད་དགོས་བྱུང་། སྨན་ཁང་ནས་བཅོས་ཐོན་བྱུང་མ་ཐག མི་རྟག་པའི་འདུ་ཤེས་དྲག་པོས་བསྐུལ་ཏེ་སླར་ཡང་མུ་མཐུད་དུ་རྩོམ་སྒྱུར་དང་ཟིན་འབེབས་བགྱིས་སྟབས། ཕྱི་ལོ་༢༠༢༣ལོའི་ཟླ་༤པའི་མཇུག་ཏུ་ཁྱོན་ཡོངས་ནས་རྩོམ་སྒྲིག་ལེགས་འགྲུབ་བྱུང་།

དེ་རྗེས་ཕྱི་ཟླ་དྲུག་པའི་ནང་མཁན་རིན་པོ་ཆེ་ཚུལ་ཁྲིམས་བློ་གྲོས་མཆོག་ལ་གཟིགས་འབུལ་བགྱིད་སྐབས། ཁོང་གིས་ད་ལོའི་བླ་མ་ཡིད་བཞིན་ནོར་བུ་ཞིང་ལ་གཤེགས་ནས་ལོ་འཁོར་ཉི་ཤུ་ལོན་པའི་འདས་མཆོད་ཀྱི་དུས་སུ། དགེ་འདུན་པ་རྣམས་ལ་དྲན་རྟེན་དུ་དབུལ་ན་ལེགས་ཚུལ་གསུངས་པ་དང་། མཁན་བརྩོན་འགྲུས་མཐར་ཕྱིན་དང་མཁན་དབང་ཕྱུག་རྩེ་རྒྱལ་སོགས་ད་སྐབས་ཀྱི་སྒར་སྤྱིའི་གཙོ་འགན་པ་རྣམས་ཀྱིས་ཀྱང་། དེབ་འདི་ཉིད་ལ་མཐོང་ཆེན་གནང་སྟེ་འདས་མཆོད་ཀྱི་དུས་སུ་མང་ཙམ་དཔར་ནས་སློབ་རྒྱུད་ཡོངས་ལ་སྐྱེས་སུ་དབུལ་དགོས་པར་གསུངས། དེ་མིན། ལོ་འདིའི་འདས་མཆོད་ཚན་ཆུང་གིས་ཀྱང་ཞུ་དག་ཐེངས་གཅིག་གནང་ཞིང་དཔར་སྐྲུན་གྱི་གཙོ་འགན་བཞེས། ཁྱད་པར་དུ་སྤྲུལ་པའི་སྐུ་མཆོག་བསྟན་འཛིན་རྒྱ་མཚོས་ཆེས་ཞིབ་ཕྲའི་སྒོ་ནས་ཞུ་དག་གནང་ཞིང་། ཁོང་གིས་རྗེ་ཉིད་ཀྱི་རྣམ་ཐར་རྩོམ་སྒྲིག་གི་ཉམས་མྱོང་སྟེང་ནས་གྲོས་གཞི་གལ་ཆེན་བཏོན་བྱུང་།

ཕྱི་ཟླ་བདུན་པའི་མགོར། བདག་གིས་ཁོང་ཚོས་ཞུ་དག་བགྱིས་པ་དང་དགོངས་འཆར་གནང་བ་རྣམས་ལ་སླར་ཡང་ཞིབ་མོའི་བློས་དཔྱད་དེ་གཏན་ལ་ཕབ་ནས་མཇུག་ལེགས་པར་གྲུབ་པ་ཡིན།

སྒྲིག་སྦྱོར་གྱི་གོ་རིམ་ཧྲིལ་པོའི་ཁྲོད་དུ། ཆོས་རྗེ་ཉིད་ཀྱི་གསུང་གི་སྒྲ་ཕབ་ལ་ཡང་ནས་བསྐྱར་དུ་ཐེངས་མང་པོར་མཉན་ཅིང་། ཐོག་མར་བོད་ཡིག་ཏུ་ལེགས་པར་གཏན་འབེབས་བྱས་རྗེས། སླར་ཡང་རྒྱ་ཡིག་ཏུ་བསྒྱུར་བ་ཡིན་ལ། གསུང་ཆོས་ཁྲོད་ཀྱི་གླེང་གཞི་དང་འབྲེལ་ཡོད་ཀྱི་ཚིག་དོན་མི་གསལ་བ་འགའ་རེ་ནི་ཁུངས་དག་ལོ་རྒྱུས་རྣམས་ལ་གཏུགས་ནས་བདེན་པར་གཏན་ལ་ཕབ་སྟེ་བཀོད་པ་ཡིན། པར་སྒྲིག་བྱེད་སྐབས། ས་ཚུགས་སོ་སོའི་འདྲ་པར་རྣམས་ནི་སྐབས་དེའི་དུས་ཚོད་ཀྱི་གོ་རིམ་ལྟར་ནང་དོན་དང་བསྟུན་ནས་འོས་བབས་སུ་བསྒྲིགས་ཡོད་པར་མ་ཟད། བར་བཅུག་སྐུ་པར་རྣམས་ལས་འགའ་ཞིག་ནི་སྐབས་དེ་དུས་ཀྱི་བརྙན་ཕབ་ལས་བཏུས་པ་ཡིན་པས་དྭངས་ཚད་དེ་ཙམ་མི་མཐོ་ཡང་། དངོས་ཡོད་ལོ་རྒྱུས་ཀྱི་དན་དཔང་འཁྲུལ་མེད་དུ་འཁུམས་པས་རིན་ཐང་ཆེ་བར་སྙམ་ནས་ཆེད་དུ་བཞག་པ་ཡིན།

རྗོད་བྱེད་ཚིག་གི་ཐད་ལ་སྔོན་བྱོན་དམ་པ་རྣམས་ཀྱི་ཞལ་ནས། འཆད་རྩོད་གཉིས་ལ་མ་ངེས་པ། །སྲིད་ཕྱིར་མི་འཁྲུལ་རྩོམ་པ་སྟེ། །ཞེས་གསུངས་པ་ལྟར། འཆད་རྩོད་གཉིས་ནི་སྒོ་ཅུང་ཟད་ཡངས་པོ་ཡིན་པས་མ་ངེས་པ་འབྱུང་སྲིད་ཀྱང་། རྩོམ་པ་ནི་དེ་ལས་ལྡོག་སྟེ་འཁྲུལ་བ་དང་བྲལ་བ་ཡིན་དགོས་པར་གསུངས་མོད། འོན་ཀྱང་ཆོས་རྗེ་ཉིད་ཀྱིས་ཆོས་འཆད་པའི་སྐབས་ཀྱི་གསུང་ཚིག་རྣམས་ནི། བཅས་བཅོས་དང་འཕྲི་སྣོན་ཆེར་མི་དགོས་པར་ཐད་ཀར་ཡི་གེར་བཀོད་ཀྱང་མི་འགྲིག་པ་མེད་པས། གསུང་སྒྲོས་ལེགས་ཤིང་ངོ་མཚར་བ་ཞིག་ཡིན་པ་ཀུན་གྱིས་བལྟས་པ་ཙམ་གྱིས་རྟོགས་པར་འགྱུར་ངེས།

ཁོང་གི་ཞལ་གདམས་ཀྱི་བར་མཚམས་རྣམས་སུ། ང་རང་གིས་དྲན་སོས་པའི་གནས་ཚུལ་འགའ་རེ་བཀོད་ཡོད་ཅིང་། དེ་དག་ཀྱང་། རྫུན་དང་འདྲེས་པའི་ཟོལ་ཚིག་གིས། །བླ་མ་ལའང་བསྟོད་མི་བྱ། །ཞེས་པའི་གདམས་ངག་རྩ་བར་བཟུང་ཞིང་དྲན་པ་མངོན་དུ་བཞག་ནས་བདེན་པ་བདེན་ཐུབ་ཏུ་བཀོད་པ་ལས། གཞན་གནས་ཚུལ་གསལ་ལ་མི་གསལ་བའི་སྐོར་ནི་བཏང་སྙོམས་སུ་བཞག་པ་ཡིན། རྗེས་སོར་རྗེ་ཉིད་ཀྱི་དབང་ཆོག་ཟིན་དེབ་ཅིག་ཀྱང་ལོགས་སུ་བསྡུ་སྒྲིག་བྱ་རྩིས་ཡོད་པས། དབང་བསྐུར་གྱི་ཆོ་ག་དང་འབྲེལ་བའི་གསུང་རྣམས་དེབ་འདིར་མ་བཀོད་པ་ཡིན།

རྗེ་ཉིད་ཀྱིས་ཕྱི་ལོགས་སུ་བྱོན་པའི་ཟླ་བ་གསུམ་གྱི་རིང་ལ་ཕལ་ཆེར་ཉིན་གཅིག་ཙམ་ལའང་སྐུ་ངལ་གསོས་མེད་དེ། ཡང་ན་དབང་ལུང་ཁྲིད་གསུམ་གནང་བཞིན་ཡོད་ལ། ཡང་ན་དེ་དག་གི་ཆེད་དུ་ལམ་ལ་ཞུགས་པ་སོགས་མདོར་ན་རླངས་འཁོར་དང་གནམ་གྲུར་བཞུགས་པའི་དུས་ཚོད་བསྡོམས་ཚེ། ཕལ་ཆེར་ཆུ་ཚོད་བརྒྱ་ཕྲག་ལྷག་ལས་བརྒལ་ཅིང་། ཆོས་ཀྱི་མཛད་སྒོ་ཆེ་ཆུང་༨༥ཙམ་སྤེལ་འདུག་པས། དེ་འདྲའི་ཚགས་དམ་པའི་དུས་ཚོད་བཀོད་སྒྲིག་གི་འོག་ཏུ། སྐུ་ཚེགས་འོ་བརྒྱལ་ལ་ཅི་མི་སྙམ་པར་ཐམས་ཅད་ལ་འདི་ཕྱི་གཉིས་ཕན་གྱི་བསྟན་འགྲོའི་དོན་ཆེན་མཛད་པ་ནི། སེམས་ཅན་ལ་བརྩེ་བ་དང་ཐུགས་བསྐྱེད་རྒྱ་ཆེ་ཞིང་བླ་ན་མེད་པ་ཞིག་གི་ཉེ་རྒྱུ་ལས་བྱུང་བ་མ་གཏོགས། སྐྱེ་བོ་ཕལ་བ་ཞིག་གིས་རྩ་བ་ནས་འགྲུབ་མི་སྲིད་པ་ཡིན།

སྐབས་དེར་རྗེ་ཉིད་ཀྱིས་ནུབ་ཕྱོགས་པ་རྣམས་ཀྱི་ཁམས་དབང་མོས་པ་ལ་དགོངས་ཏེ། བོད་ཡུལ་གྱི་དགེ་འདུན་པ་རྣམས་ལའང་འཐོབ་པར་དཀའ་བའི་གསང་སྔགས་ཀྱི་ཟབ་ཆོས་མང་པོ་ཞིག་ལྷག་ལུས་མེད་པར་བསྩལ་བ་ནི། ཁོང་གི་སྐུ་ཚེ་གང་གི་དམིགས་བསལ་གྱི་མཛད་ཚུལ་ཐེངས་དང་པོ་དེ་ཡིན་ལ་ཐེངས་ཕྱི་མའང་ཡིན་པར་འདུག འབྱུང་འགྱུར་དེབ་འདིའི་ནང་གི་གསང་སྔགས་ཀྱི་ཆོས་སྐོར་རྣམས་ཉམས་སུ་ལེན་པར་འདོད་པ་དག་གིས་ནི། ཐོག་མར་ངེས་པར་དུ་བརྒྱུད་པ་དང་ལྡན་པའི་བླ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཐོབ་ན་ད་གཟོད་ཉམས་སུ་ལེན་ཆོག་ཅིང་། དེ་ལས་གཞན་དུ་ནི་ཕན་པ་ལས་ཀྱང་གནོད་པར་འགྱུར་བ་ཡིན་པས་ཅིས་ཀྱང་བག་ཟོན་མཛད་པར་ཞུ།

དེང་སྐབས། ལག་འཕྲིན་དང་དྲྭ་རྒྱའི་མྱུར་ཀློག་ལ་གོམས་པའི་ཀློག་པ་པོ་རྣམས་ནི། ལེགས་བཤད་ཐར་ཐོར་ཙམ་དང་ངོ་མཚར་གྱི་གཏམ་རྒྱུད་ཐུང་ངུ་འགའ་རེས་རང་གི་བྱིས་བློ་ཚིམ་པར་བྱེད་པ་ལས། འདི་འདྲའི་གཞུང་ཆེན་པོ་ལ་སུན་པ་མེད་ཅིང་ངང་རྒྱུད་རིང་པོའི་སྒོ་ནས་གཟིགས་ཀློག་བྱེད་མཁན་ཧ་ཅང་ཉུང་ནའང་། ཐར་བ་དོན་དུ་གཉེར་བའི་གང་ཟག་ལ་མཚོན་ན། ཆོས་རྗེ་ཉིད་ཀྱི་རིག་ཀློང་ནས་བརྡོལ་བའི་གདམས་ངག་ཟབ་མོ་འདི་རྣམས་ཀྱི་རིན་ཐང་ནི། གསེར་སྲང་སྟོང་གིས་ཀྱང་གཞལ་དུ་མི་བཏུབ་ཅིང་། ལྷག་པར་དུ་ཆོས་རྗེ་ཉིད་ཀྱི་ཞལ་མཇལ་མ་མྱོང་མཁན་རྣམས་ཀྱིས་དེབ་འདིར་བཀོད་པའི་གདམས་ངག་རྣམས་ལ་ལྟ་ཀློག་བྱས་ན། རྗེ་ཉིད་ཀྱི་ཞལ་མངོན་སུམ་དུ་མཇལ་ཞིང་གསུང་དངོས་སུ་ཐོས་པ་དང་གཉིས་སུ་མེད་པ་ལྟ་བུར་འགྱུར་བ་ཡིན།

དེབ་འདི་ནི་དུས་རབས་ཤིག་གི་བོད་ཀྱི་རླབས་ཆེ་བའི་སྐྱེས་ཆེན་དམ་པ་གང་གིས་བསྟན་འགྲོའི་དོན་མཛད་པའི་དངོས་ཟིན་རྣལ་མ་ཞིག་ཡིན་པས། འཇིག་རྟེན་པ་ཞིག་ལ་མཚོན་ན། མཐོང་སྣེའམ་ཟུར་ངོས་གཞན་ཞིག་ནས་ནང་ཆོས་ལ་རྒྱུས་ལོན་དང་ཤེས་རྟོགས་བྱ་ཆོག་ལ། ཉམས་ལེན་པ་ཞིག་ལ་མཚོན་ན། རང་ལ་དགོས་པའི་དམར་ཁྲིད་ཀྱི་མན་ངག་ཅི་དགར་བླང་ཆོག་ཅིང་། བསྟན་འགྲོའི་དོན་མཛད་མཁན་ཞིག་ལ་མཚོན་ན། མཛད་རྣམ་འདི་ལ་བརྟེན་ནས་བློ་སྐྱེད་དང་གོ་རྟོགས་གསར་བ་རྙེད་ཐུབ་པ་མ་ཟད། བརྒྱུད་པ་འཛིན་པའི་སློབ་མ་ཞིག་ལ་མཚོན་ན། ཆོས་རྗེ་ཉིད་ཀྱི་མཛད་རྗེས་ལ་རྒྱུས་ལོན་བྱས་པ་བརྒྱུད་དེ། བསྟན་པ་དང་སེམས་ཅན་གྱི་དོན་དུ་སྙིང་སྟོབས་བསྐྱེད་ཐུབ་པར་འགྱུར་སྲིད་པ་སོགས་དགེ་མཚན་ཤིན་ཏུ་ཆེན་པོ་ལྡན་པ་ཡིན།

མཇུག་ཏུ། དྲན་ངོགས་ཀྱི་ནུབ་བསྐྱོད་ཅེས་པའི་དེབ་འདིའི་འབྲེལ་ཡོད་ལས་ཀར་ཞུགས་པའི་མི་སྣ་ཚང་མ་སྟེ། ཡིག་གཏག་པ་དང་སྒྲིག་སྦྱོར་བ། ཞུ་དག་པ། པར་སྒྲིག་མཁན། དཔེ་སྐྲུན་བྱེད་མཁན་བཅས་དང་། གཞན་སྒྲ་གཟུགས་དང་པར་རིས་མཁོ་འདོན་གནང་མཁན་ཚང་མར་བཀའ་དྲིན་ཆེ་ཞུ་ཞིང་། ཁོ་ཚོའི་རྒྱབ་སྐྱོར་དང་གྲོགས་དན་ལ་བརྟེན་ནས། དེབ་འདི་ཉིད་ལྷག་ཏུའང་ཕུན་སུམ་ཚོགས་ཤིང་གསོན་ཉམས་ལྡན་པ་ཞིག་ཏུ་གྱུར་བ་ཡིན།

དེ་ལྟར་རང་ངོས་ནས་ཅུང་ཞིབ་ཅིང་ཕྲ་བའི་སྒོ་ནས་བགྱིས་པ་ལའང་ནོངས་པའི་ཆ་གང་མང་མང་ཞིག་མཆིས་སྲིད་པས། དེ་དག་ཐམས་ཅད་ལྷ་དང་བླ་མའི་སྤྱན་སྔར་ཡོངས་སུ་བཤགས་པར་བྱས་ན་དག་ཚངས་དམ་པ་བསྩལ་དུ་གསོལ་ཅིང་། འདིར་འབད་པའི་དགེ་བ་གང་རང་གཞན་འབྲེལ་ཐོགས་ཐམས་ཅད་མྱུར་དུ་ངེས་དོན་བླ་མ་དམ་པའི་གོ་འཕང་འཐོབ་པའི་རྒྱུར་གྱུར་ཅིག

ཅེས་བསོད་དར་རྒྱས་ཀྱིས་བོད་རབ་རྒྱན་ཆུ་མོ་ཡོས་ཀྱི་ལོའི་ཟླ་བ་ལྔ་པའི་ཚེས་བཅུ་བདུན་ཉིན་༼ཕྱི་ལོ་༢༠༢༣ལོའི་ཟླ་༧པའི་ཚེས་༥༽ལ་གུ་རུའི་གཏེར་གནས་བྱིན་རླབས་ཅན་འཇའ་འོད་ཕུག་པ་རུ་སྦྱར་བ་དགེའོ།། །།

ཐོ་ཁེ་ཡོ། ཉིན་གཅིག ཆོས་ཁྲིད་གཅིག

ཧཱ་ཝ་ཡེ། ཉིན་བཞི། ཆོས་ཁྲིད་བཞི། དབང་གསུམ།

བྷོལ་དྷེར། ཉིན་བརྒྱད། ཆོས་ཁྲིད་ལྔ།

རི་བོ་རཱོ་ཁཱེས། ཉིན་བདུན། ཆོས་ཁྲིད་བཅུ། དབང་གཉིས།

ནཱ་ཕཱ་ལུང་། ཉིན་བཅུ་དྲུག ཆོས་ཁྲིད་བཅུ་གཅིག དབང་དགུ

ཝ་ཧྲིང་ཐོན། ཉིན་དགུ། ཆོས་ཁྲིད་དྲུག དབང་གཉིས།

ཉིའུ་ཡོག ཉིན་བརྒྱད། ཆོས་ཁྲིད་དྲུག དབང་གསུམ།

བྷོ་སི་ཐིན། ཉིན་བརྒྱད། ཆོས་ཁྲིད་བཞི། དབང་ལྔ།

ཧཱ་ལི་ཧྥ་ཁི་སི། ཉིན་དྲུག ཆོས་ཁྲིད་དྲུག དབང་གཉིས།

མོན་ཐི་ཕཱ་ལེར། ཉིན་བརྒྱད། ཆོས་ཁྲིད་བདུན། དབང་གསུམ།

ཧོང་ཀོང་། ཉིན་བཞི། ཆོས་ཁྲིད་གཅིག དབང་གསུམ།

ཐའེ་ཝན། ཉིན་བདུན། ཆོས་ཁྲིད་ལྔ། དབང་ལྔ།

ཁྲེང་ཏུའུ། ཉིན་བདུན། ཆོས་ཁྲིད་གཉིས། དབང་གསུམ།

ཉིན་༡༠༥ལ་བྱོན་བཞུགས་མཛད།

དབང་ཐེངས་༤༠ལ་བསྐུར།

ཆོས་ཁྲིད་ཐེངས་༦༨ལ་གསུངས།

དུས་ཚོད་༢༠༠ལྷག་ལ་རླངས་འཁོར་དང་གནམ་གྲུར་བཞུགས།

གྲོང་ཁྱེར་༡༤ལ་བྱོན།

སྤྱི་ལེ་༤༡༦༨༠ལ་ཕེབས་པས། སའི་གོ་ལར་སྐོར་བ་ཐེངས་གཅིག་མཛད་པ་དང་འདྲའོ། །

རྗེ་བཙུན་བླ་མ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་ཕྱག་འཚལ་ལོ། །

དེ་ལ་འདིར་མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་སྨྲོས་ན་༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་གང་ཉིད། ཕྱི་ལོ་༡༩༩༣ལོར་ནུབ་ཕྱོགས་ཀྱི་རྒྱལ་ཁབ་རྣམས་སུ་བྱོན་ནས་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྐོར་རགས་བསྡུས་ཤིག་རབ་བྱེད་བཅུའི་སྒོ་ནས་གཏན་ལ་འབེབ་པར་བྱེད་པ་ལ། ལྷ་དང་བླ་མ་ཆོས་སྐྱོང་སྲུང་མ་རྣམས་ཀྱིས་བྱིན་གྱིས་བརླབས་ཤིང་གནང་བ་བསྩལ་ཏུ་གསོལ།

记笔记

这段是(可多选,也可不选)

这段有错

你选中的(位置已自动记录)

哪里不对?(可多选)

称呼与邮箱都可以不填。只用于就这一条联系你,不做他用、不进任何名单,别人看不到你提的内容。