《盂兰盆经(汉译藏)》
释迦牟尼佛 说 · 索达吉堪布(汉译藏) 译
第1课
སངས་རྒྱས་ཤཀྱཱ་ཐུབ་པ་ལ་ཕྱག་འཚལ་ལོ།།
༄༅། །ཕ་མ་སྐྱོབ་པའི་མདོ་ཞེས་བྱ་བ་བཞུགས་སོ། །
མཁན་པོ་བསོད་དར་རྒྱས་ཀྱིས་བསྒྱུར།
༄༅། །ཕ་མ་སྐྱོབ་པའི་མདོ་ཞེས་བྱ་བ་བཞུགས་སོ། །
འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །
དེའི་ཚེ། བཙུན་པ་མོའུ་འགལ་གྱི་བུས་ད་གཟོད་མངོན་ཤེས་ལྔ་ཐོབ་ནས་ཕ་མ་གཉིས་ཐར་བ་ལ་བཀོད་དེ་ནུ་ཞོས་གསོས་པ་དང་སྐྱེད་སྲིང་བའི་དྲིན་གཟོ་བར་དགོངས་སོ། །དེ་ནས་འཕགས་པའི་ལམ་གྱི་སྤྱན་ལ་བརྟེན་ནས་འཇིག་རྟེན་ཐམས་ཅད་གཟིགས་པར་བྱས་པ་ན། རང་གི་མ་དེ་ཉིད་ཡི་དྭགས་ཀྱི་གནས་སུ་ལྷུངས་ཏེ་བཟའ་བ་དང་བཏུང་བ་ཅི་ཡང་མ་རྙེད་ནས་ལུས་རིད་པར་གྱུར་ཅིང་། ལྤགས་པ་དང་རུས་པ་ཡང་ཕན་ཚུན་འབྲེལ་ཙམ་དུ་གནས་པར་མཐོང་ངོ་། །
དེའི་ཚེ། མོའུ་འགལ་གྱི་བུ་སེམས་ཤིན་ཏུ་སྐྱོ་ནས་མྱུར་དུ་ལྷུང་བཟེད་ཟས་ཀྱིས་བཀང་སྟེ་མའི་དྲུང་ག་ལ་བ་དེར་དོང་ངོ་། །དེར་དོང་ནས་མ་ལ་ཟས་བྱིན་ནོ། །མས་ཀྱང་ལྷུང་བཟེད་ཀྱི་ཟས་མཐོང་མ་ཐག་ལག་པ་གཡོན་པས་ལྷུང་བཟེད་བཀག་ཅིང་། གཡས་པས་བླངས་ནས་བཟའ་བར་རྩོམ་པ་ན། ཟས་ཁར་མ་ཐོན་གོང་དུ་མེ་མདག་འབའ་ཞིག་ཏུ་གྱུར་ཏེ་བཟའ་བའི་ཐབས་མ་མཆིས་སོ། །དེར་བཙུན་པ་མོའུ་འགལ་གྱི་བུས་སྨྲེ་སྔགས་ཆེན་པོ་འདོན་པ་དང་། གདུང་བའི་ཡིད་ཀྱིས་མཆི་མ་བཞུར་གྱིན་སླར་ཡང་བཅོམ་ལྡན་འདས་ལ་ཚུལ་དེ་ཇི་ལྟ་བ་བཞིན་དུ་གསོལ་ཏོ། །
དེ་ནས་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་བཀའ་སྩལ་པ། ཁྱེད་ཀྱི་མའི་ཉེས་པའི་རྩ་བ་ཤིན་ཏུ་ཟབ་པས་ཁྱེད་གང་ཟག་གཅིག་པུས་འདྲེན་པར་ནུས་པ་མ་ཡིན་ནོ། །ཁྱེད་ཀྱིས་མ་ལ་བཀུར་སྟི་བགྱིད་པའི་ཚུལ་དེས་འགྲོ་བ་རྣམས་ཀྱི་སེམས་གཡོ་ཞིང་འགུལ་བར་བྱེད་པ་ཡིན་མོད། དེ་ལྟ་ན་ཡང་། གནམ་གྱི་ལྷ་དང་། སའི་ལྷ་དང་། འདྲེ་གདོན་དང་། ཕྱི་རོལ་པ་དང་། ནང་པ་དང་། རྒྱལ་ཆེན་རིགས་བཞི་ལ་སོགས་པས་སྐྱོབ་པར་མི་ནུས་སོ། །དེའི་ཕྱིར། ཕྱོགས་བཅུའི་དགེ་འདུན་རྣམས་ཀྱི་བྱིན་མཐུ་ལ་བརྟེན་ན་གཟོད་ཐར་བ་འཐོབ་པར་འགྱུར་རོ། །བདག་གིས་དེ་ཉིད་སྐྱོབ་པའི་ཐབས་ལེགས་པར་བསྟན་པས་འཇིགས་པ་དང་སྡུག་བསྔལ་ཐམས་ཅད་འབྲལ་བར་འགྱུར་རོ། །
ཡང་བཅོམ་ལྡན་འདས་ཀྱིས་མོའུ་འགལ་གྱི་བུ་ལ་བཀའ་སྩལ་པ། ཕྱོགས་བཅུའི་དགེ་འདུན་རྣམས་ཀྱིས་དགག་དབྱེ་མཛད་པའི་དུས་ཏེ། གྲོ་བཞིན་ཟླ་བའི་ཚེས་བཅོ་ལྔ་ལ། གང་ཟག་གང་ཞིག་གིས་སྔོན་བདུན་རྒྱུད་ཚུན་གྱི་ཕ་མ་དང་། ད་ལྟའི་ཕ་མ་རྣམས་སྡུག་བསྔལ་ལས་སྒྲོལ་བའི་སླད་དུ། བཟའ་བ་དང་། རོ་བརྒྱ་ལྡན་པའི་འབྲས་བུ་ལྔ་དང་། བཏུང་བ་དང་། འཇིག་རྟེན་དུ་རོ་བཅུད་ལྡན་པའི་ཟས་སོགས་ཀྱིས་བཀང་བའི་སྣོད་དང་། འབྲི་མར་གྱི་མར་མེ་དང་། མལ་སྟན་བཅས་ཕྱོགས་བཅུའི་དགེ་འདུན་རྣམས་ལ་དབུལ་བར་བྱའོ། །
ཉིན་དེར། འཕགས་པའི་དགེ་འདུན་རྣམས་ཏེ། རི་གསེབ་ཀྱི་བསམ་གཏན་པའམ། འབྲས་བུ་བཞི་ཐོབ་པ་བའམ། ཤིང་དྲུང་དུ་སྤྱོད་པ་བའམ། མངོན་ཤེས་དྲུག་ལ་དབང་བསྒྱུར་ཏེ་ཉན་རང་དུ་སྤྲུལ་བའམ། ས་བཅུའི་སེམས་དཔའ་ཆེན་པོ་རྣམས་ཐབས་ལ་མཁས་པའི་དགེ་སློང་དུ་སྤྲུལ་བ་བཅས་དགེ་འདུན་རྣམས་ཀྱིས་ཀྱང་ཐུགས་དགོངས་གཅིག་པས་གང་ཕུལ་བའི་བསོད་སྙོམས་དེ་དག་ཡོངས་སུ་བཞེས་པར་བྱའོ། །
དེ་ལྟར་ཚུལ་ཁྲིམས་རྣམ་པར་དག་པ་དང་། འཕགས་པའི་ལམ་ལ་གནས་པའི་དགེ་འདུན་རྣམས་ཀྱི་བསོད་ནམས་ནི་རྒྱ་མཚོ་ཆེན་པོ་བཞིན་ནོ། །དེ་ལ་བརྟེན་ནས་ད་ལྟའི་ཕ་མ་དང་།
གཉེན་ཉེ་འཁོར་བཅས་ངན་སོང་གསུམ་གྱི་སྡུག་བསྔལ་ལས་ཐར་ཏེ་ཟས་གོས་རྣམས་ལྷུན་གྱིས་གྲུབ་པར་འགྱུར་བ་དང་། ད་ལྟའི་ཕ་མ་རྣམས་བདེ་ཞིང་སྐྱིད་ལ་ཚེ་རིང་བ་དང་། བདུན་རྒྱུད་ཚུན་གྱི་ཕ་མ་རྣམས་ཀྱང་འཕྲུལ་དགའ་སོགས་ལྷ་ཡུལ་དུ་སྐྱེས་ནས་ལྷའི་བདེ་བ་ཕུན་སུམ་ཚོགས་པ་ལ་སྤྱད་པར་འགྱུར་རོ། །
དེའི་ཚེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྱོགས་བཅུའི་དགེ་འདུན་རྣམས་ཀྱིས་ཐོག་མར་སྦྱིན་བདག་རྣམས་ལ་སྔགས་བཟླས་ཏེ་བདུན་རྒྱུད་ཚུན་གྱི་ཕ་མ་རྣམས་ལ་བསྔོ་སྨོན་བྱའོ། །དེ་ནས་བསམ་གཏན་ལ་གནས་ཏེ་ཟས་ལ་རོལ་བར་བྱའོ། །ཟས་ལ་རོལ་བའི་དུས་སུ་ཡང་ཐོག་མར་དགོན་པ་དང་མཆོད་རྟེན་གྱི་དྲུང་དུ་དེ་བཞིན་གཤེགས་པའི་སྐུ་གཟུགས་ལ་མཆོད་པར་བྱའོ། །དེ་ལྟར་དགེ་འདུན་རྣམས་ཀྱིས་སྔགས་བཟླས་པ་དང་བསྔོ་སྨོན་བྱས་ཏེ་གཟོད་ཟས་ལ་སྤྱད་པར་བྱའོ། །
དེའི་ཚེ། དགེ་སློང་མོའུ་འགལ་གྱི་བུ་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཡི་རངས་པར་གྱུར་ཏོ། །དེ་ནས་དགེ་སློང་མོའུ་འགལ་གྱི་བུའི་གདུང་བ་དང་། སྨྲེ་སྔགས་ཐམས་ཅད་རྒྱུན་ཆད་དེ་ཤེས་པ་རང་བཞིན་དུ་གནས་པར་གྱུར་ཏོ། །ནམ་ཞིག་དུས་གང་གི་ཚེ། མོའུ་འགལ་གྱི་བུའི་མ་ཉིད་ཡི་དྭགས་ཀྱི་གནས་ནས་བསྐལ་པར་མྱོང་དགོས་པའི་སྡུག་བསྔལ་ལས་ཡོངས་སུ་གྲོལ་བར་གྱུར་ཏོ། །
དེ་ནས་མོའུ་འགལ་གྱི་བུས་སངས་རྒྱས་ལ་འདི་སྐད་དུ་གསོལ་པ། བདག་གི་མ་ཉིད་ནི་དཀོན་མཆོག་གསུམ་དང་དགེ་འདུན་གྱི་བྱིན་རླབས་ལ་བརྟེན་ནས་གྲོལ་བར་གྱུར་གྱི། མ་འོངས་འཇིག་རྟེན་རྣམས་སུ། སངས་རྒྱས་ཀྱི་སློབ་མ་དག་གིས་ཆོ་ག་འདི་ལྟ་བུས་ད་ལྟའི་ཕ་མའམ། བདུན་རྒྱུད་ཚུན་གྱི་ཕ་མ་རྣམས་སྐྱོབ་པར་ནུས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱེད་ཀྱིས་དྲིས་པ་ནི་ཤིན་ཏུ་ལེགས་སོ། །བདག་གིས་འདི་ལྟར་འཆད་པར་དགོངས་བཞིན་པ་ལ།
སླར་ཡང་། ཁྱེད་ཀྱིས་དྲིས་པ་ནི་ཆེས་ལེགས་སོ། །རིགས་ཀྱི་བུ། དགེ་སློང་དང་། དགེ་སློང་མ་དང་། རྒྱལ་པོ་དང་། རྒྱལ་སྲས་དང་། བློན་པོ་དང་། མདུན་ན་འདོན་དང་། ཡུལ་དཔོན་ཆེན་པོ་དང་།
ཡུལ་དཔོན་ཆུང་ངུ་དང་། ཡུལ་མི་མང་པོ་གང་ཞིག་གིས་བྱས་པ་ཤེས་ཤིང་དྲིན་གཟོ་བར་འདོད་པས། ད་ལྟའི་ཕ་མ་དང་། བདུན་རྒྱུད་ཚུན་གྱི་ཕ་མའི་ཆེད་དུ། གྲོ་བཞིན་ཟླ་བའི་ཚེས་བཅོ་ལྔའམ། སངས་རྒྱས་ཐུགས་མཉེས་པའི་དུས་ཞེས་སམ། དགེ་འདུན་གྱིས་དགག་དབྱེ་མཛད་པའི་དུས་དེར། རོ་བཅུད་བརྒྱ་ལྡན་གྱི་བཟའ་བ་དང་བཏུང་བ་རྣམས་སྣོད་དུ་བླུགས་ནས་ཕྱོགས་བཅུའི་དགེ་འདུན་རྣམས་ལ་ཕུལ་བ་དང་། དེ་དག་གིས་ཀྱང་བསྔོ་བ་དང་སྨོན་ལམ་ལེགས་པར་བྱས་པས། ད་ལྟའི་ཕ་མ་རྣམས་ཚེ་ལོ་བརྒྱ་ཐུབ་པ་དང་། ནད་མེད་པ་དང་། སྡུག་བསྔལ་གྱི་ཉེས་པ་ཐམས་ཅད་མི་འབྱུང་བ་དང་། བདུན་རྒྱུད་ཚུན་གྱི་ཕ་མ་རྣམས་ཀྱང་ཡི་དྭགས་སོགས་ཀྱི་སྡུག་བསྔལ་ལས་ཐར་ཏེ། ལྷ་དང་མིའི་བདེ་བ་ཁྱད་པར་ཅན་འཐོབ་པར་འགྱུར་རོ། །
དེ་བས་ན། སངས་རྒྱས་ཀྱི་རྗེས་སུ་ཞུགས་པའི་སློབ་མ་བྱས་པ་ཤེས་ཤིང་དྲིན་གཟོ་བར་འདོད་པ་དག་གིས་དུས་རྟག་ཏུ་ད་ལྟའི་ཕ་མ་ནས་བདུན་རྒྱུད་ཚུན་གྱི་ཕ་མ་རྣམས་ཡིད་ལ་དྲན་པར་བྱས་ཏེ། ལོ་རེ་རེར་བཞིན་ཟླ་བདུན་པའི་ཚེས་བཅོ་ལྔ་ལ། སྣོད་བཟའ་བཏུང་གིས་བཀང་སྟེ་སངས་རྒྱས་དང་དགེ་འདུན་རྣམས་ལ་ཕུལ་ནས་བསྔོ་སྨོན་བྱའོ། །དེ་ལྟར་བགྱིས་པས་ཕ་མ་རྣམས་ཀྱིས་བརྩེ་བས་སྐྱོང་བའི་དྲིན་ལན་བསབ་པར་འགྱུར་རོ། །དེའི་ཕྱིར། གང་དག་སངས་རྒྱས་ཀྱི་རྗེས་སུ་ཞུགས་པ་ཐམས་ཅད་ཀྱིས་ཆོས་འདི་ཉིད་ཉམས་སུ་ལེན་པར་བྱའོ། །
དེའི་ཚེ། དགེ་སློང་མོའུ་འགལ་གྱི་བུ་དང་། འཁོར་རྣམ་པ་བཞི་སྟེ་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་བཅས་འཇིག་རྟེན་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱི་གསུངས་པ་ལ་མངོན་པར་བསྟོད་དོ། །ཕ་མ་སྐྱོབ་པའི་མདོ་ཞེས་བྱ་བ་རྫོགས་སོ།། །།
མདོ་འདི་ཉིད་སྔོན་ནས་ད་ལྟའི་བར་དུ་དར་ཁྱབ་ཤིན་ཏུ་ཆེ་ཞིང་། ལོ་ཙཱ་བ་ཆོས་སྲུང་གིས་བསྒྱུར་གནང་མཛད་པའི་རྒྱ་ནག་གི་དཔེ་ལས་བོད་ཀྱི་བན་དེ་བསོད་དར་རྒྱས་ཀྱིས་བོད་སྐད་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༩ རྡོ་རྗེ་ཕ་ལམ་གྱི་ཕྲེང་རྡོག་༣༦༥
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡ བསླབ་བྱ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༢ འོད་དཔག་མེད་ཀྱི་ཞིང་ཡིད་ལ་བྱེད་པའི་མདོ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༣ ས་ཡི་སྙིང་པོའི་རྩ་བའི་སྨོན་ལམ་གྱི་མདོ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༤ བཀྲ་ཤིས་པའི་མདོ་ཞེས་བྱ་བ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༥ ཕ་མའི་དྲིན་ལན་གཞལ་དཀའ་བའི་མདོ་ཞེས་བྱ་བ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༦ ཕ་མ་སྐྱོབ་པའི་མདོ་ཞེས་བྱ་བ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༧ བུ་མོ་མ་ཏཾ་གའི་མདོ་ཞེས་བྱ་བ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༨ ལུང་དག་ལྡན་ཞེས་བྱ་བ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༩ སངས་རྒྱས་འདའ་ཁའི་ཞལ་ཆེམས་ཀྱི་མདོ་ཞེས་བྱ་བ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༠ རབ་བྱེད་ཞེ་གཉིས་པའི་མདོ་ཞེས་བྱ་བ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༡ རབ་ཏུ་བྱུང་བའི་ཕན་ཡོན་ལ་བསྟོད་པ་ཚིགས་སུ་བཅད་པའི་མདོ་ཞེས་བྱ་བ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༢ བདེ་ཆེན་ཞིང་སྦྱོང་གི་བསྟན་བཅོས་ཚིགས་བཅད་མའི་རྣམ་པར་བཤད་པ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༣ རྒྱ་ནག་རི་བོ་རྩེ་ལྔའི་གནས་བཤད་མཐོང་ལྡན།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༤ སྙིང་གཏམ་སྙིང་གི་ཐིག་ལེའི་འགྲེལ་བ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༥ དྲན་ངོགས་ཀྱི་ནུབ་བསྐྱོད།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༦ དྲན་ངོགས་ཀྱི་རྨི་སྣང་།
འབྲེལ་ཡོད་ཀློག་དེབ།
只有你自己能看到