《杂阿含经(汉译藏)》
释迦牟尼佛 说 · 索达吉堪布(汉译藏) 译
第1课
མཁན་པོ་བསོད་དར་རྒྱས་ཀྱིས་བསྒྱུར།
༼༡༽འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་འདི་ལྟ་སྟེ། གཟུགས་མི་རྟག་པའོ། །དེ་བཞིན་དུ་བལྟ་བ་ནི་ཡང་དག་པའི་ལྟ་བའོ། །ཡང་དག་པའི་ལྟ་བ་ནི་ངེས་པར་འབྱུང་བའོ། །ངེས་པར་འབྱུང་བ་ནི་དགའ་བ་དང་ཆགས་པ་ཟད་པའོ། །དགའ་བ་དང་ཆགས་པ་ཟད་པ་ནི་སེམས་རྣམ་པར་གྲོལ་བ་ཞེས་བྱའོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་མི་རྟག་པའོ། །དེ་བཞིན་དུ་བལྟ་བ་ནི་ཡང་དག་པའི་ལྟ་བའོ། །ཡང་དག་པའི་ལྟ་བ་ནི་ངེས་པར་འབྱུང་བའོ། །ངེས་པར་འབྱུང་བ་ནི་དགའ་བ་དང་ཆགས་པ་ཟད་པའོ། །དགའ་བ་དང་ཆགས་པ་ཟད་པ་ནི་སེམས་རྣམ་པར་གྲོལ་བ་ཞེས་བྱའོ། །དགེ་སློང་དག་འདི་ལྟ་སྟེ། དེ་ལྟར་སེམས་རྣམ་པར་གྲོལ་བའི་བདག་ཉིད་མངོན་པར་རྟོགས་པར་འདོད་པའི་བདག་ཉིད་མངོན་པར་རྟོགས་པར་བྱ་སྟེ། བདག་གི་སྐྱེ་བ་ནི་ཟད། ཚངས་པར་སྤྱོད་པ་ནི་བསྒྲུབས། བྱ་བ་རྣམས་ནི་བྱས་སོ། །བདག་གིས་འབྱུང་བར་འགྱུར་བའི་སྐྱེ་བ་མི་ལེན་པ་ཡང་ཤེས་སོ། །དེ་བཞིན་དུ་སྡུག་བསྔལ་དང་། སྟོང་པ་དང་། བདག་མེད་པ་རྣམས་ཀྱང་མི་རྟག་པའོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱི་གསུངས་པ་ལ་མངོན་པར་བསྟོད་དོ། །
༼༢༽འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་འདི་ལྟ་སྟེ། གཟུགས་ཡང་དག་པ་ཡིད་ལ་བྱས་ཤིང་གཟུགས་མི་རྟག་པ་ཇི་ལྟ་བ་བཞིན་བལྟ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་གཟུགས་ཡང་དག་པ་ཡིད་ལ་བྱས་ཤིང་གཟུགས་མི་རྟག་པ་ཇི་ལྟ་བ་བཞིན་དུ་བལྟས་པས། གཟུགས་ལ་འདོད་པ་ཡོངས་སུ་སྤང་བར་འགྱུར་རོ། །འདོད་པ་རྣམ་པར་སྤངས་བས་སེམས་གྲོལ་བ་ཞེས་བྱའོ། །དེ་བཞིན་དུ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་ཀྱང་དེ་ལྟར་དུ་བལྟ་བའོ། །རྣམ་པར་ཤེས་པ་ཡང་དག་པ་ཡིད་ལ་བྱས་ཤིང་རྣམ་པར་ཤེས་པ་མི་རྟག་པ་ཤེས་པར་ཡོངས་སུ་བལྟ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རྣམ་པར་ཤེས་པ་ཡིད་ལ་བྱས་ཤིང་རྣམ་པར་ཤེས་པ་མི་རྟག་པ་ཇི་ལྟ་བ་བཞིན་དུ་བལྟས་པས། རྣམ་པར་ཤེས་པ་ལ་འདོད་པ་ཡོངས་སུ་སྤང་བར་འགྱུར་རོ། །འདོད་པ་རྣམ་པར་སྤངས་བས་སེམས་གྲོལ་བ་ཞེས་བྱའོ། །དེ་ལྟར་སེམས་རྣམ་པར་གྲོལ་བའི་བདག་ཉིད་མངོན་པར་རྟོགས་པར་འདོད་པའི་བདག་ཉིད་མངོན་པར་རྟོགས་པར་བྱ་སྟེ། བདག་གི་སྐྱེ་བ་ནི་ཟད། ཚངས་པར་སྤྱོད་པ་ནི་བསྒྲུབས། བྱ་བ་རྣམས་ནི་བྱས་སོ། །བདག་གིས་འབྱུང་བར་འགྱུར་བའི་སྐྱེ་བ་མི་ལེན་པ་ཡང་ཤེས་སོ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱི་གསུངས་པ་ལ་མངོན་པར་བསྟོད་དོ། །
༼༣༽འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་འདི་ལྟ་སྟེ། གཟུགས་མ་ཤེས་པ་དང་། གཟུགས་མ་རྟོགས་པ་དང་། གཟུགས་མ་སྤངས་བ་དང་། གཟུགས་ལ་འདོད་པ་དང་མ་བྲལ་ན། སྡུག་བསྔལ་གཅོད་པར་མི་ནུས་སོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་མ་ཤེས་པ་དང་། མ་རྟོགས་པ་དང་། མ་སྤངས་བ་དང་། འདོད་པ་དང་མ་བྲལ་བ་ན། སྡུག་བསྔལ་སྤོང་བར་མི་ནུས་སོ། །དགེ་སློང་དག་འདི་ལྟ་སྟེ། གཟུགས་ཡོངས་སུ་ཤེས་པ་དང་། གཟུགས་ཡོངས་སུ་རྟོགས་པ་དང་། གཟུགས་ཡོངས་སུ་སྤངས་བ་དང་། གཟུགས་ལ་འདོད་པ་ཡོངས་སུ་རྣམ་པར་བྲལ་ན། སྡུག་བསྔལ་རྣམས་གཅོད་པར་ནུས་སོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་ཡོངས་སུ་ཤེས་པ་དང་། ཡོངས་སུ་རྟོགས་པ་དང་། ཡོངས་སུ་སྤངས་བ་དང་། འདོད་པ་དང་ཡོངས་སུ་བྲལ་བར་གྱུར་ན། སྡུག་བསྔལ་ཐམས་ཅད་ཡོངས་སུ་སྤོང་བར་འགྱུར་རོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱི་གསུངས་པ་ལ་མངོན་པར་བསྟོད་དོ། །
༼༤༽འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་འདི་ལྟ་སྟེ། གཟུགས་ཡོངས་སུ་མ་ཤེས་པ་དང་། གཟུགས་ཡོངས་སུ་མ་རྟོགས་པ་དང་། གཟུགས་ཡོངས་སུ་མ་སྤངས་བ་དང་། གཟུགས་ལ་འདོད་པ་ཡོངས་སུ་མ་བྲལ་བས། སེམས་ཡོངས་སུ་རྣམ་པར་གྲོལ་བར་མི་འགྱུར་རོ། །དེ་ལྟ་ན། སྐྱེ་བའི་འཇིགས་པ་དང་། རྒ་བའི་འཇིགས་པ་དང་། ན་བའི་འཇིགས་པ་དང་། འཆི་བའི་འཇིགས་པ་ལས་ཡོངས་སུ་བརྒལ་བར་མི་ནུས་སོ། །དེ་བཞིན་དུ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་ཡོངས་སུ་མ་ཤེས་པ་དང་། ཡོངས་སུ་མ་རྟོགས་པ་དང་། ཡོངས་སུ་མ་སྤངས་བ་དང་། འདོད་པ་ཡོངས་སུ་མ་བྲལ་ན། སེམས་ཡོངས་སུ་རྣམ་པར་གྲོལ་བར་མི་འགྱུར་རོ། །དེ་ལྟ་ན། སྐྱེ་བའི་འཇིགས་པ་དང་། རྒ་བའི་འཇིགས་པ་དང་། ན་བའི་འཇིགས་པ་དང་། འཆི་བའི་འཇིགས་པ་ལས་ཡོངས་སུ་བརྒལ་བར་མི་ནུས་སོ། །དགེ་སློང་དག་འདི་ལྟ་སྟེ། གཟུགས་ཡོངས་སུ་ཤེས་པ་དང་། གཟུགས་ཡོངས་སུ་རྟོགས་པ་དང་། གཟུགས་ཡོངས་སུ་སྤངས་བ་དང་། གཟུགས་ལ་འདོད་པ་ཡོངས་སུ་རྣམ་པར་བྲལ་བས་ན། སེམས་ཡོངས་སུ་རྣམ་པར་གྲོལ་བར་འགྱུར་རོ། །དེ་ལྟ་ན། སྐྱེ་བའི་འཇིགས་པ་དང་། རྒ་བའི་འཇིགས་པ་དང་། ན་བའི་འཇིགས་པ་དང་། འཆི་བའི་འཇིགས་པ་ལས་ཡོངས་སུ་བརྒལ་བར་འགྱུར་རོ། །དེ་བཞིན་དུ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་ཡོངས་སུ་ཤེས་པ་དང་། ཡོངས་སུ་རྟོགས་པ་དང་། ཡོངས་སུ་སྤངས་བ་དང་། འདོད་པ་དང་ཡོངས་སུ་བྲལ་བར་གྱུར་ན། སེམས་ཡོངས་སུ་རྣམ་པར་གྲོལ་བར་འགྱུར་རོ། །དེ་ལྟ་ན། སྐྱེ་བའི་འཇིགས་པ་དང་། རྒ་བའི་འཇིགས་པ་དང་། ན་བའི་འཇིགས་པ་དང་། འཆི་བའི་འཇིགས་པ་ལས་ཡོངས་སུ་གྲོལ་བར་འགྱུར་རོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱི་གསུངས་པ་ལ་མངོན་པར་བསྟོད་དོ། །
༼༥༽འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་འདི་ལྟ་སྟེ། གཟུགས་ཡོངས་སུ་མ་ཤེས་པ་དང་། གཟུགས་ཡོངས་སུ་མ་རྟོགས་པ་དང་། འདོད་པ་ཡོངས་སུ་མ་བྲལ་བ་དང་། སེམས་ཡོངས་སུ་མ་གྲོལ་བས། སྡུག་བསྔལ་ཡོངས་སུ་སྤངས་བར་མི་ནུས་སོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་ཡོངས་སུ་མ་ཤེས་པ་དང་། ཡོངས་སུ་མ་རྟོགས་པ་དང་། འདོད་པ་ཡོངས་སུ་མ་སྤངས་བ་དང་། སེམས་ཡོངས་སུ་མ་གྲོལ་བས། སྡུག་བསྔལ་ཡོངས་སུ་སྤངས་བར་མི་ནུས་སོ། །དེ་ལྟ་ན། གཟུགས་ཡོངས་སུ་ཤེས་པ་དང་། གཟུགས་ཡོངས་སུ་རྟོགས་པ་དང་། འདོད་པ་ཡོངས་སུ་སྤངས་བ་དང་། སེམས་ཡོངས་སུ་གྲོལ་བས། སྡུག་བསྔལ་ཡོངས་སུ་སྤོང་བར་ནུས་སོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་ཡོངས་སུ་ཤེས་པ་དང་། ཡོངས་སུ་རྟོགས་པ་དང་། འདོད་པ་ཡོངས་སུ་སྤངས་བ་དང་། སེམས་ཡོངས་སུ་གྲོལ་བས། སྡུག་བསྔལ་ཡོངས་སུ་སྤོང་བར་ནུས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱི་གསུངས་པ་ལ་མངོན་པར་བསྟོད་དོ། །
༼༦༽འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་འདི་ལྟ་སྟེ། གཟུགས་ཡོངས་སུ་མ་ཤེས་པ་དང་། གཟུགས་ཡོངས་སུ་མ་རྟོགས་པ་དང་། འདོད་པ་ཡོངས་སུ་མ་སྤངས་བ་དང་། སེམས་ཡོངས་སུ་མ་གྲོལ་བས། སྐྱེ་བའི་འཇིགས་པ་དང་། རྒ་བའི་འཇིགས་པ་དང་། ན་བའི་འཇིགས་པ་དང་། འཆི་བའི་འཇིགས་པ་ལས་ཡོངས་སུ་བརྒལ་བར་མི་ནུས་སོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་ཡོངས་སུ་མ་ཤེས་པ་དང་། ཡོངས་སུ་མ་རྟོགས་པ་དང་། འདོད་པ་ཡོངས་སུ་མ་སྤངས་བ་དང་། སེམས་ཡོངས་སུ་མ་བྲལ་བས། སྐྱེ་བའི་འཇིགས་པ་དང་། རྒ་བའི་འཇིགས་པ་དང་། ན་བའི་འཇིགས་པ་དང་། འཆི་བའི་འཇིགས་པ་ལས་ཡོངས་སུ་བརྒལ་བར་མི་ནུས་སོ། །དགེ་སློང་དག་འདི་ལྟ་སྟེ། གཟུགས་ཡོངས་སུ་ཤེས་པ་དང་། ཡོངས་སུ་རྟོགས་པ་དང་། འདོད་པ་ཡོངས་སུ་སྤངས་བ་དང་། སེམས་ཡོངས་སུ་བྲལ་བས། སྐྱེ་བའི་འཇིགས་པ་དང་། རྒ་བའི་འཇིགས་པ་དང་། ན་བའི་འཇིགས་པ་དང་། འཆི་བའི་འཇིགས་པ་ལས་ཡོངས་སུ་བརྒལ་བར་ནུས་སོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་ཡོངས་སུ་ཤེས་པ་དང་། ཡོངས་སུ་རྟོགས་པ་དང་། འདོད་པ་ཡོངས་སུ་སྤངས་བ་དང་། སེམས་ཡོངས་སུ་གྲོལ་བས། སྐྱེ་བའི་འཇིགས་པ་དང་། རྒ་བའི་འཇིགས་པ་དང་། ན་བའི་འཇིགས་པ་དང་། འཆི་བའི་འཇིགས་པ་ལས་ཡོངས་སུ་བརྒལ་བར་ནུས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱི་གསུངས་པ་ལ་མངོན་པར་བསྟོད་དོ། །
༼༧༽འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་འདི་ལྟ་སྟེ། གཟུགས་ལ་དགའ་ཞིང་ཆགས་པ་ན། སྡུག་བསྔལ་ལ་དགའ་ཞིང་ཆགས་པར་འགྱུར་རོ། །སྡུག་བསྔལ་ལ་དགའ་ཞིང་ཆགས་པར་གྱུར་ན། སྡུག་བསྔལ་ལས་ཐར་བར་མི་འགྱུར་རོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་ལ་དགའ་ཞིང་ཆགས་པ་ན། སྡུག་བསྔལ་ལ་དགའ་ཞིང་ཆགས་པར་འགྱུར་རོ། །སྡུག་བསྔལ་ལ་དགའ་ཞིང་ཆགས་པར་གྱུར་ན། སྡུག་བསྔལ་ལས་ཐར་བར་མི་འགྱུར་རོ། །དགེ་སློང་དག་འདི་ལྟ་སྟེ། གཟུགས་ལ་མི་དགའ་ཞིང་མ་ཆགས་པ་ན། སྡུག་བསྔལ་ལ་མི་དགའ་ཞིང་མ་ཆགས་པར་འགྱུར་རོ། །སྡུག་བསྔལ་ལ་མི་དགའ་ཞིང་མ་ཆགས་པར་གྱུར་པ་ན། སྡུག་བསྔལ་ལས་ཐར་བར་འགྱུར་རོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་ལ་མི་དགའ་ཞིང་མ་ཆགས་པ་ན། སྡུག་བསྔལ་ལ་མི་དགའ་ཞིང་མ་ཆགས་པར་འགྱུར་རོ། །སྡུག་བསྔལ་ལ་མི་དགའ་ཞིང་མ་ཆགས་པར་གྱུར་པ་ན། སྡུག་བསྔལ་ལས་ཐར་བར་འགྱུར་རོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱི་གསུངས་པ་ལ་མངོན་པར་བསྟོད་དོ། །
མི་རྟག་སྡུག་བསྔལ་སྟོང་བདག་མེད། །
ཡང་དག་ཡིད་ལ་བྱེད་པ་ཡིན། །
མ་ཤེས་ལ་སོགས་བཞི་པོ་དང་། །
གཟུགས་ལ་དགའ་ཞིང་ཆགས་པའོ། །
༼༨༽འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་འདི་ལྟ་སྟེ། འདས་པའི་གཟུགས་མི་རྟག་པ་དང་། མ་འོངས་པའི་གཟུགས་མི་རྟག་པར་གྱུར་ན། ད་ལྟའི་གཟུགས་མི་རྟག་པར་སྨོས་མ་དགོས་སོ། །ཉན་ཐོས་ཀྱི་སློབ་བུ་རྣམས་ཀྱིས་འདི་ལྟར་བལྟ་བར་བྱ་སྟེ། འདས་པའི་གཟུགས་ལ་མ་ཆགས་པ་དང་། མ་འོངས་པའི་གཟུགས་ལ་མི་དགའ་བས། ད་ལྟའི་གཟུགས་ལ་ངེས་པར་འབྱུང་བ་དང་། འདོད་པ་དང་བྲལ་བ་དང་། འགོག་པ་ལ་མངོན་པར་ཕྱོགས་པར་འགྱུར་རོ། །དེ་བཞིན་དུ་འདས་པ་དང་། མ་འོངས་པའི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་མི་རྟག་པར་གྱུར་ན། ད་ལྟ་བའི་རྣམ་པར་ཤེས་པ་སོགས་སྨོས་མ་དགོས་སོ། །ཉན་ཐོས་ཀྱི་སློབ་བུ་རྣམས་ཀྱིས་འདི་ལྟར་བལྟ་བར་བྱ་སྟེ། འདས་པའི་རྣམ་པར་ཤེས་པ་ལ་མ་ཆགས་པ་དང་། མ་འོངས་པའི་རྣམ་པར་ཤེས་པ་ལ་མི་དགའ་བར་གྱུར་ན། ད་ལྟའི་རྣམ་པར་ཤེས་པ་ལ་ངེས་པར་འབྱུང་བ་དང་། འདོད་པ་དང་བྲལ་བ་དང་། འགོག་པ་ལ་མངོན་པར་ཕྱོགས་པར་འགྱུར་རོ། །མི་རྟག་པ་ཇི་བཞིན་དུ། སྡུག་བསྔལ་དང་། སྟོང་པ་དང་། བདག་མེད་པ་རྣམས་ཀྱང་དེ་བཞིན་ནོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱི་གསུངས་པ་ལ་མངོན་པར་བསྟོད་དོ། །
༼༩༽འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་འདི་ལྟ་སྟེ། གཟུགས་མི་རྟག་པའོ། །མི་རྟག་པ་ནི་སྡུག་བསྔལ་ལོ། །སྡུག་བསྔལ་ནི་བདག་མེད་པའོ། །བདག་མེད་པ་ནི་བདག་གི་བ་མེད་པའོ། །དེ་བཞིན་དུ་བལྟ་བ་ནི་ཡང་དག་པའི་ལྟ་བའོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་མི་རྟག་པའོ། །མི་རྟག་པ་ནི་སྡུག་བསྔལ་ལོ། །སྡུག་བསྔལ་ནི་བདག་མེད་པའོ། །བདག་མེད་པ་ནི་བདག་གི་བ་མེད་པའོ། །དེ་བཞིན་དུ་བལྟ་བ་ནི་ཡང་དག་པའི་ལྟ་བའོ། །ཉན་ཐོས་ཀྱི་སློབ་བུ་རྣམས་ཀྱིས་འདི་ལྟར་བལྟ་བར་བྱ་སྟེ། གཟུགས་ལ་ངེས་པར་འབྱུང་བར་བྱའོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་ལ་ཡང་ངེས་པར་འབྱུང་བར་བྱའོ། །ངེས་པར་འབྱུང་བས་མི་དགའ་བར་འགྱུར་རོ། །མི་དགའ་བས་རྣམ་པར་གྲོལ་བར་འགྱུར་རོ། །རྣམ་པར་གྲོལ་བས་ཡང་དག་པའི་ཡེ་ཤེས་སྐྱེ་འོ། །བདག་གི་སྐྱེ་བ་ནི་ཟད། ཚངས་པར་སྤྱོད་པ་ནི་བསྒྲུབས། བྱ་བ་རྣམས་ནི་བྱས་སོ། །བདག་གིས་འབྱུང་བར་འགྱུར་བའི་སྐྱེ་བ་མི་ལེན་པ་ཡང་ཤེས་སོ། །
དེའི་ཚེ་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱི་གསུངས་པ་ལ་མངོན་པར་བསྟོད་དོ། །
༼༡༠༽འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་འདི་ལྟ་སྟེ། གཟུགས་མི་རྟག་པའོ། །མི་རྟག་པ་ནི་སྡུག་བསྔལ་ལོ། །སྡུག་བསྔལ་བ་ནི་བདག་མེད་པའོ། །བདག་མེད་པ་ནི་བདག་གི་བ་མེད་པའོ། །དེ་བཞིན་དུ་བལྟ་བ་ནི་ཡང་དག་པའི་ལྟ་བའོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་མི་རྟག་པའོ། །མི་རྟག་པ་ནི་སྡུག་བསྔལ་ལོ། །སྡུག་བསྔལ་བ་ནི་བདག་མེད་པའོ། །བདག་མེད་པ་ནི་བདག་གི་བ་མེད་པའོ། །དེ་བཞིན་དུ་བལྟ་བ་ནི་ཡང་དག་པའི་ལྟ་བའོ། །ཉན་ཐོས་ཀྱི་སློབ་བུ་རྣམས་ཀྱིས་འདི་ལྟར་བལྟ་བར་བྱ་སྟེ། གཟུགས་རྣམ་པར་གྲོལ་བས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་གྲོལ་བར་འགྱུར་རོ། །དེ་བཞིན་དུ་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། གདུང་བ་དང་། སྐྱོ་བ་དང་། སྡུག་བསྔལ་བ་དང་། ཉོན་མོངས་པ་རྣམས་ཀྱང་གྲོལ་བར་འགྱུར་རོ་ཞེས་བདག་གིས་སྨྲའོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱི་གསུངས་པ་ལ་མངོན་པར་བསྟོད་དོ། །
༼༡༡༽འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་འདི་ལྟ་སྟེ། གཟུགས་མི་རྟག་པ་སྟེ། གཟུགས་རྣམས་རྒྱུ་དང་རྐྱེན་ལས་སྐྱེས་པས་དེ་ཡང་མི་རྟག་པའོ། །མི་རྟག་པའི་རྒྱུ་དང་མི་རྟག་པའི་རྐྱེན་ལས་སྐྱེས་པའི་གཟུགས་རྣམས་ཅིའི་ཕྱིར་ན་རྟག་པར་འགྱུར་ཏེ་མི་འགྱུར་རོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་ཀྱང་མི་རྟག་པའོ། །མི་རྟག་པའི་རྒྱུ་དང་མི་རྟག་པའི་རྐྱེན་ལས་སྐྱེས་པའི་རྣམ་པར་ཤེས་པ་རྣམས་ཅིའི་ཕྱིར་ན་རྟག་པར་འགྱུར་ཏེ་མི་འགྱུར་རོ། །དགེ་སློང་དག གཟུགས་མི་རྟག་པ་དེ་བཞིན་དུ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་ཀྱང་མི་རྟག་པའོ། །མི་རྟག་པ་ནི་སྡུག་བསྔལ་ལོ། །སྡུག་བསྔལ་བ་ནི་བདག་མེད་པའོ། བདག་མེད་པ་ནི་བདག་གི་བ་མེད་པའོ། །ཉན་ཐོས་ཀྱི་སློབ་བུ་རྣམས་ཀྱིས་འདི་ལྟར་བལྟ་བར་བྱ་སྟེ། གཟུགས་ལ་ངེས་པར་འབྱུང་བ་དང་། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་ལ་ངེས་པར་འབྱུང་བར་བྱའོ། ངེས་པར་འབྱུང་བས། དགའ་བར་མི་འགྱུར་རོ། །དགའ་བར་མ་གྱུར་ན། རྣམ་པར་གྲོལ་བར་འགྱུར་རོ། །རྣམ་པར་གྲོལ་བ་ན། འདི་ལྟར་མངོན་པར་རྟོགས་པར་བྱ་སྟེ། བདག་གི་སྐྱེ་བ་ནི་ཟད། ཚངས་པར་སྤྱོད་པ་ནི་བསྒྲུབས། བྱ་བ་རྣམས་ནི་བྱས་སོ། བདག་གིས་འབྱུང་བར་འགྱུར་བའི་སྐྱེ་བ་མི་ལེན་པ་ཡང་ཤེས་སོ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱི་གསུངས་པ་ལ་མངོན་པར་བསྟོད་དོ། །
༼༡༢༽འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་འདི་ལྟ་སྟེ། གཟུགས་མི་རྟག་པ་སྟེ། གཟུགས་རྣམས་རྒྱུ་དང་རྐྱེན་ལས་སྐྱེས་པས་དེ་ཡང་མི་རྟག་པའོ། །མི་རྟག་པའི་རྒྱུ་དང་མི་རྟག་པའི་རྐྱེན་ལས་སྐྱེས་པའི་གཟུགས་རྣམས་ཅིའི་ཕྱིར་ན་རྟག་པར་འགྱུར་ཏེ་མི་འགྱུར་རོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་ཀྱང་མི་རྟག་པའོ། །མི་རྟག་པའི་རྒྱུ་དང་མི་རྟག་པའི་རྐྱེན་ལས་སྐྱེས་པའི་རྣམ་པར་ཤེས་པ་རྣམས་ཅིའི་ཕྱིར་ན་རྟག་པར་འགྱུར་ཏེ་མི་འགྱུར་རོ། །དགེ་སློང་དག གཟུགས་མི་རྟག་པ་དེ་བཞིན་དུ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་ཀྱང་མི་རྟག་པའོ། །མི་རྟག་པ་ནི་སྡུག་བསྔལ་ལོ། །སྡུག་བསྔལ་བ་ནི་བདག་མེད་པའོ། །བདག་མེད་པ་ནི་བདག་གི་བ་མེད་པའོ། །དེ་བཞིན་དུ་བལྟ་བ་ནི་ཡང་དག་པའི་ལྟ་བའོ། །ཉན་ཐོས་ཀྱི་སློབ་བུ་རྣམས་ཀྱིས་འདི་ལྟར་བལྟ་བར་བྱ་སྟེ། གཟུགས་རྣམ་པར་གྲོལ་བས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་གྲོལ་བར་འགྱུར་རོ། །དེ་བཞིན་དུ་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། གདུང་བ་དང་། སྐྱོ་བ་དང་། སྡུག་བསྔལ་བ་དང་། ཉོན་མོངས་པ་རྣམས་ཀྱང་གྲོལ་བར་འགྱུར་རོ་ཞེས་བདག་གིས་སྨྲའོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱི་གསུངས་པ་ལ་མངོན་པར་བསྟོད་དོ། །
༼༡༣༽འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་འདི་ལྟ་སྟེ། སེམས་ཅན་རྣམས་གཟུགས་ཀྱི་རོ་ལ་མངོན་པར་ཆགས་པར་མ་གྱུར་ན། གཟུགས་ཀྱིས་གོས་པར་མི་འགྱུར་རོ། །འོན་ཀྱང་། སེམས་ཅན་དེ་དག་གཟུགས་ཀྱི་རོ་ལ་ཆགས་པའི་ཕྱིར། དེས་གོས་པར་འགྱུར་རོ། །དེ་བཞིན་དུ། སེམས་ཅན་རྣམས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ལ་ཆགས་པར་མ་གྱུར་ན། སེམས་ཅན་དེ་དག་རྣམ་པར་ཤེས་པས་གོས་པ་མི་འགྱུར་རོ། །འོན་ཀྱང་། སེམས་ཅན་དེ་དག་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་ཀྱི་རོ་ལ་ཆགས་པའི་ཕྱིར། སེམས་ཅན་དེ་དག་རྣམ་པར་ཤེས་པས་གོས་པ་འགྱུར་རོ། །དགེ་སློང་དག འདི་ལྟ་སྟེ། སེམས་ཅན་རྣམས་ལ་གཟུགས་ཀྱིས་སྐྱོན་དུ་མ་གྱུར་ན། སེམས་ཅན་དེ་དག་གཟུགས་ལས་ངེས་པར་འབྱུང་བར་མི་འགྱུར་ན་ཡང་། སེམས་ཅན་དེ་དག་ལ་སྐྱོན་དུ་གྱུར་བའི་ཕྱིར། སེམས་ཅན་དེ་དག་གཟུགས་ལས་ངེས་པར་འབྱུང་བར་བྱའོ། །དེ་བཞིན་དུ། སེམས་ཅན་རྣམས་ལ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་ཀྱིས་སྐྱོན་དུ་མ་གྱུར་ན། སེམས་ཅན་དེ་དག་ངེས་པར་འབྱུང་བར་མི་འགྱུར་ན་ཡང་། སེམས་ཅན་དེ་དག་ལ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་ཀྱིས་སྐྱོན་དུ་གྱུར་བའི་ཕྱིར། སེམས་ཅན་དེ་དག་རྣམ་པར་ཤེས་པ་ལས་ངེས་པར་འབྱུང་བར་བྱའོ། །དགེ་སློང་དག འདི་ལྟ་སྟེ། སེམས་ཅན་རྣམས་ལ་གཟུགས་ལས་ངེས་པར་འབྱུང་བ་མེད་ན། སེམས་ཅན་དེ་དག་གཟུགས་ལས་ངེས་པར་འབྱུང་བར་མི་འགྱུར་་ན་ཡང་། སེམས་ཅན་རྣམས་གཟུགས་ལས་ངེས་པར་འབྱུང་བའི་ཕྱིར། སེམས་ཅན་དེ་དག་གཟུགས་ལས་ངེས་པར་འབྱུང་བར་བྱའོ། །དེ་བཞིན་དུ། སེམས་ཅན་རྣམས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ལས་ངེས་པར་འབྱུང་བ་མེད་ན། སེམས་ཅན་དེ་དག་རྣམ་པར་ཤེས་པ་ལས་ངེས་པར་འབྱུང་བར་མི་འགྱུར་ན་ཡང་། སེམས་ཅན་རྣམས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་ལས་ངེས་པར་འབྱུང་བ་ཡོད་པའི་ཕྱིར། སེམས་ཅན་དེ་དག་རྣམ་པར་ཤེས་པ་ལས་ངེས་པར་འབྱུང་བར་བྱའོ། །དགེ་སློང་དག བདག་གིས་ཕུང་པོ་ལྔ་ཡི་རོ་ལ་རོ་རུ་ཆགས་པ་དང་། སྐྱོན་ལ་སྐྱོན་དུ་བལྟ་བ་དང་། ངེས་པར་འབྱུང་བ་ལ་ངེས་པར་འབྱུང་བ་རུ་ཡང་དག་པར་ཇི་ལྟར་བ་བཞིན་དུ་མ་ཤེས་ན། འདོད་པའི་ལྷ་རྣམས་དང་། བདུད་རྣམས་དང་། ཚངས་པ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་གཞན་ལྷ་དང་མི་རྣམས་ཀྱི་ནང་ནས་རྣམ་པར་གྲོལ་བ་དང་། ངེས་པར་འབྱུང་བ་དང་། འདོད་པ་དང་བྲལ་བར་མི་འགྱུར་ཞིང་། རྟག་ཏུ་ཕྱིན་ཅི་ལོག་ལ་གནས་པར་འགྱུར་རོ། །དེ་ལྟ་ན། བདག་གིས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་མི་འགྱུར་རོ། །དགེ་སློང་དག བདག་གིས་ཕུང་པོ་ལྔ་ཡི་རོ་ལ་རོ་རུ་ཆགས་པ་དང་། སྐྱོན་ལ་སྐྱོན་དུ་བལྟ་བ་དང་། ངེས་པར་འབྱུང་བ་ལ་ངེས་པར་འབྱུང་བ་ཇི་ལྟར་བ་བཞིན་དུ་ཡོངས་སུ་ཤེས་པས། འདོད་པའི་ལྷ་རྣམས་དང། བདུད་རྣམས་དང་། ཚངས་པ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་གཞན་ལྷ་དང་མི་རྣམས་ཀྱི་ནང་ནས་རྣམ་པར་གྲོལ་བ་དང་། ངེས་པར་འབྱུང་བ་དང་། འདོད་པ་དང་བྲལ་བར་གྱུར་བས། མདུད་པ་ཐམས་ཅད་ལས་གྲོལ་བར་གྱུར་ཅིང་། དུས་རྟག་ཏུ་ཕྱིན་ཅི་ལོག་ལ་གནས་པར་མི་འགྱུར་རོ། །དེ་ལྟ་ན། བདག་གིས་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པར་འགྱུར་རོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱི་གསུངས་པ་ལ་མངོན་པར་བསྟོད་དོ། །
༼༡༤༽འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་འདི་ལྟ་སྟེ། སྔོན་བདག་གིས་གཟུགས་ཀྱི་རོ་ལ་དོན་དུ་གཉེར་བ་དང་། རྣམ་པར་སྤྱོད་པ་དང་། གཟུགས་ཀྱི་རོ་ལ་རྗེས་སུ་རྟོགས་པས། ཡང་དག་པའི་ཤེས་རབ་ཀྱིས་གཟུགས་ཀྱི་རོ་ཇི་ལྟ་བ་བཞིན་དུ་མཐོང་ངོ་། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་རོ་ལ་དོན་དུ་གཉེར་བ་དང་། རྣམ་པར་སྤྱོད་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་རོ་ལ་རྗེས་སུ་རྟོགས་པས། ཡང་དག་པའི་ཤེས་རབ་ཀྱིས་རྣམ་པར་ཤེས་པའི་རོ་ཇི་ལྟ་བ་བཞིན་དུ་མཐོང་ངོ་། །དགེ་སློང་དག སྔོན་བདག་གིས་གཟུགས་ཀྱི་སྐྱོན་ལ་དོན་དུ་གཉེར་བ་དང་། རྣམ་པར་སྤྱོད་པ་དང་། གཟུགས་ཀྱི་སྐྱོན་ལ་རྗེས་སུ་རྟོགས་པས། ཡང་དག་པའི་ཤེས་རབ་ཀྱིས་གཟུགས་ཀྱི་སྐྱོན་ཇི་ལྟ་བ་བཞིན་དུ་མཐོང་ངོ་། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་སྐྱོན་ལ་དོན་དུ་གཉེར་བ་དང་། རྣམ་པར་སྤྱོད་པ་དང་། རྣམ་པར་ཤེས་པའི་སྐྱོན་ལ་རྗེས་སུ་རྟོགས་པས། ཡང་དག་པའི་ཤེས་རབ་ཀྱིས་རྣམ་པར་ཤེས་པའི་སྐྱོན་ཇི་ལྟ་བ་བཞིན་དུ་མཐོང་ངོ་། །དགེ་སློང་དག བདག་གིས་གཟུགས་རྣམ་པར་བྲལ་བ་ལ་དོན་དུ་གཉེར་བ་དང་། རྣམ་པར་སྤྱོད་པ་དང་། གཟུགས་རྣམ་པར་བྲལ་བ་ལ་རྗེས་སུ་རྟོགས་པས། ཡང་དག་པའི་ཤེས་རབ་ཀྱིས་གཟུགས་རྣམ་པར་བྲལ་བ་ཇི་ལྟ་བ་བཞིན་དུ་མཐོང་ངོ་། ། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་རྣམ་པར་བྲལ་བ་ལ་དོན་དུ་གཉེར་བ་དང་། རྣམ་པར་སྤྱོད་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་རྣམ་པར་བྲལ་བ་ལ་རྗེས་སུ་རྟོགས་པས། ཡང་དག་པའི་ཤེས་རབ་ཀྱིས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་རྣམ་པར་བྲལ་བ་ཇི་ལྟ་བ་བཞིན་དུ་མཐོང་ངོ་། །དགེ་སློང་དག བདག་གིས་ཕུང་པོ་ལྔ་ཡི་རོ་ལ་རོ་རུ་ཆགས་པ་དང་། སྐྱོན་ལ་སྐྱོན་དུ་བལྟ་བ་དང་། ངེས་པར་འབྱུང་བ་ལ་ངེས་པར་འབྱུང་བ་རུ་ཡང་དག་པར་ཇི་ལྟ་བ་བཞིན་དུ་མ་ཤེས་ན། འདོད་པའི་ལྷ་རྣམས་དང་། བདུད་རྣམས་དང་། ཚངས་པ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་གཞན་ལྷ་དང་མི་རྣམས་ཀྱི་ནང་ནས་རྣམ་པར་གྲོལ་བ་དང་། ངེས་པར་འབྱུང་བ་དང་། འདོད་པ་དང་བྲལ་བར་མི་འགྱུར་ཞིང་། རྟག་ཏུ་ཕྱིན་ཅི་ལོག་པ་ལ་གནས་པར་འགྱུར་རོ། །དེ་ལྟ་ན། བདག་གིས་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པར་མི་འགྱུར་རོ། །དགེ་སློང་དག བདག་གིས་ཕུང་པོ་ལྔ་ཡི་རོ་ལ་རོ་རུ་ཆགས་པ་དང་། སྐྱོན་ལ་སྐྱོན་དུ་བལྟ་བ་དང་། ངེས་པར་འབྱུང་བ་ལ་ངེས་པར་འབྱུང་བ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པས། འདོད་པའི་ལྷ་རྣམས་དང། བདུད་རྣམས་དང་། ཚངས་པ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་གཞན་ལྷ་དང་མི་རྣམས་ཀྱི་ནང་ནས་རྣམ་པར་གྲོལ་བ་དང་། ངེས་པར་འབྱུང་བ་དང་། འདོད་པ་དང་བྲལ་བར་གྱུར་བས། མདུད་པ་ཐམས་ཅད་ལས་གྲོལ་བར་གྱུར་ཅིང་། དུས་རྟག་ཏུ་ཕྱིན་ཅི་ལོག་ལ་གནས་པར་མི་འགྱུར་རོ། །དེ་ལྟ་ན། བདག་གིས་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པར་འགྱུར་རོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱི་གསུངས་པ་ལ་མངོན་པར་བསྟོད་དོ། །
འདས་དང་རྣམ་པ་བཞི་རུ་བཤད། །
ངེས་པར་འབྱུང་དང་རྣམ་པར་གྲོལ། །
རྒྱུ་རྐྱེན་གཉིས་སུ་བཤད་པ་སྟེ། །
རོ་ཡང་རྣམ་པ་གཉིས་སུའོ། །
༼༡༥༽འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀྱི་དྲུང་དུ་དགེ་སློང་ཞིག་འོངས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་རབ་ཏུ་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། དེ་ནས་བཅོམ་ལྡན་འདས་ལ་དགེ་སློང་དེས་འདི་སྐད་དུ་གསོལ་ཏོ། །ཨེ་མ་བཅོམ་ལྡན་འདས། ཆོས་ཀྱི་གནད་བསྡུས་པའི་སྒོ་ནས་བདག་ལ་བསྟན་དུ་གསོལ། བདག་གིས་ལེགས་པར་མཉན་ནས་དབེན་པའི་གནས་སུ་ཕྱོགས་གཅིག་ཏུ་བསྡད་ནས་བག་མེད་པ་སྤོང་བའི་སྒོ་ནས་སྒོམ་པར་བྱའོ། །བག་མེད་པ་སྤངས་ནས་སླར་ཡང་འདི་ལྟར་ཡིད་ལ་བྱ་སྟེ། རིགས་ཀྱི་བུ་གང་ཞིག་རབ་ཏུ་བྱུང་ནས་སྐྲ་དང་ཁ་སྤུ་འབྲེག ལུས་ལ་ཆོས་གོས་གསོལ། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་། བླ་ན་མེད་པའི་ཚངས་པར་སྤྱོད་པ་མཐར་ཕྱིན་པའི་ཆེད་དུ་ཆོས་རྣམས་ཀྱི་ཆོས་ཉིད་མངོན་སུམ་དུ་རྟོགས་པར་བྱ་སྟེ། བདག་གི་སྐྱེ་བ་ནི་ཟད། ཚངས་པར་སྤྱོད་པ་ནི་བསྒྲུབས། བྱ་བ་རྣམས་ནི་བྱས་སོ། །བདག་གིས་འབྱུང་བར་འགྱུར་བའི་སྐྱེ་བ་མི་ལེན་པར་ཡང་ཤེས་སོ། །དེའི་ཚེ། བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་ལ་བཀའ་སྩལ་པ། ལེགས་སོ། །ལེགས་སོ། །དགེ་སློང་ཁྱེད་ཀྱི་སྨྲས་པ་དེ་ཤིན་ཏུ་ལེགས་སོ། །ཁྱེད་ཀྱིས་བདག་ལ་འདི་སྐད་དུ། ཆོས་ཀྱི་གནད་བསྡུས་པའི་སྒོ་ནས་བདག་ལ་བསྟན་དུ་གསོལ། བདག་གིས་ལེགས་པར་མཉན་ནས་དབེན་པའི་གནས་སུ་ཕྱོགས་གཅིག་ཏུ་བསྡད་ནས་བག་མེད་པ་སྤོང་བའི་སྒོ་ནས་སྒོམ་པར་བྱའོ། །བག་མེད་པ་སྤངས་ནས་སླར་ཡང་འདི་ལྟར་ཡིད་ལ་བྱ་སྟེ། རིགས་ཀྱི་བུ་གང་ཞིག་རབ་ཏུ་བྱུང་ནས་སྐྲ་དང་ཁ་སྤུ་འབྲེག ལུས་ལ་ཆོས་གོས་གསོལ། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་། བླ་ན་མེད་པའི་ཚངས་པར་སྤྱོད་པ་མཐར་ཕྱིན་པའི་ཆེད་དུ་ཆོས་རྣམས་ཀྱི་ཆོས་ཉིད་མངོན་སུམ་དུ་རྟོགས་པར་བྱ་སྟེ། བདག་གི་སྐྱེ་བ་ནི་ཟད། ཚངས་པར་སྤྱོད་པ་ནི་བསྒྲུབས། བྱ་བ་རྣམས་ནི་བྱས་སོ། །བདག་གིས་འབྱུང་བར་འགྱུར་བའི་སྐྱེ་བ་མི་ལེན་པར་ཡང་ཤེས་སོ་ཞེས་སྨྲས་པ་ཡིན་ནམ། དགེ་སློང་འདི་ལྟ་སྟེ། ཉོན་མོངས་པ་ལ་རྗེས་སུ་ཞུགས་པས། སྐྱེ་བ་ནས་ཤི་བའི་བར་དུ་རྗེས་སུ་ཞུགས་པར་འགྱུར་རོ། །སྐྱེ་བ་ནས་ཤི་བའི་བར་དུ་རྗེས་སུ་ཞུགས་པས། ལེན་པའི་སྟོབས་ཀྱིས་ཀུན་ནས་འཆིང་བར་འགྱུར་རོ། །དགེ་སློང་འདི་ལྟ་སྟེ། ཉོན་མོངས་པའི་རྗེས་སུ་མ་ཞུགས་པས། སྐྱེ་བ་ནས་ཤི་བའི་བར་དུ་ཉོན་མོངས་པའི་རྗེས་སུ་མི་ཞུགས་པར་འགྱུར་རོ། །སྐྱེ་བ་ནས་ཤི་བའི་བར་དུ་ཉོན་མོངས་པའི་རྗེས་སུ་མ་ཞུགས་པས། ལེན་པ་ལས་ཡོངས་སུ་ཐར་བར་འགྱུར་རོ། །དགེ་སློང་དེས་བཅོམ་ལྡན་འདས་ལ་གསོལ་བ། བཅོམ་ལྡན་འདས་ལགས་སོ། །བདག་གིས་ཤེས་སོ། །བདེ་བར་གཤེགས་པ་ལགས་སོ། །བདག་གིས་ཤེས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་ལ་བཀའ་སྩལ་པ། ངས་བསྡུས་པའི་སྒོ་ནས་བསྟན་པ་གང་ཡིན་པའི་དོན་དེ་ཁྱེད་ཀྱིས་སླར་ཡང་རྒྱས་པའི་ཚིག་གིས་སྟོན་ཅིག དགེ་སློང་དེས་གསོལ་བ། བཅོམ་ལྡན་འདས། གཟུགས་ལ་ཉོན་མོངས་པ་རྗེས་སུ་ཞུགས་པས། སྐྱེ་བ་ནས་ཤི་བའི་བར་དུ་གཟུགས་ལ་ཉོན་མོངས་པ་རྗེས་སུ་ཞུགས་པར་འགྱུར་རོ། །ཉོན་མོངས་པ་རྗེས་སུ་ཞུགས་ཤིང་སྐྱེ་བ་ནས་ཤི་བའི་བར་དུ། ཉོན་མོངས་པ་རྗེས་སུ་ཞུགས་པས། ལེན་པའི་སྟོབས་ཀྱིས་ཀུན་ནས་འཆིང་བར་འགྱུར་རོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་ལ་ཉོན་མོངས་པ་རྗེས་སུ་ཞུགས་ཤིང་སྐྱེ་བ་ནས་ཤི་བའི་བར་དུ་ཉོན་མོངས་པ་རྗེས་སུ་ཞུགས་པར་འགྱུར་རོ། །ཉོན་མོངས་པ་རྗེས་སུ་ཞུགས་ཤིང་སྐྱེ་བ་ནས་ཤི་བའི་བར་དུ་ཉོན་མོངས་པ་རྗེས་སུ་ཞུགས་པས། ལེན་པའི་སྟོབས་ཀྱིས་ཀུན་ནས་འཆིང་བར་འགྱུར་རོ། །བཅོམ་ལྡན་འདས། གཟུགས་ལ་ཉོན་མོངས་པ་རྗེས་སུ་མ་ཞུགས་ཤིང་སྐྱེ་བ་ནས་ཤི་བའི་བར་དུ་ཉོན་མོངས་པ་རྗེས་སུ་མ་ཞུགས་པར་འགྱུར་རོ། །ཉོན་མོངས་པ་རྗེས་སུ་མ་ཞུགས་ཤིང་སྐྱེ་བ་ནས་ཤི་བའི་བར་དུ་ཉོན་མོངས་པ་རྗེས་སུ་མ་ཞུགས་པས། ལེན་པ་ལས་ཡོངས་སུ་ཐར་བར་འགྱུར་རོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་ལ་ཉོན་མོངས་པ་རྗེས་སུ་མ་ཞུགས་ཤིང་སྐྱེ་བ་ནས་ཤི་བའི་བར་དུ་ཉོན་མོངས་པ་རྗེས་སུ་མ་ཞུགས་པས། ལེན་པ་ལས་ཡོངས་སུ་ཐར་བར་འགྱུར་རོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་བསྡུས་པའི་སྒོ་ནས་གསུངས་པའི་དོན་སླར་ཡང་རྒྱས་པའི་ཚིག་གིས་བསྟན་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་ལ་བཀའ་སྩལ་པ། ལེགས་སོ། །ལེགས་སོ། །དགེ་སློང་འདི་ལྟ་སྟེ། ཁྱེད་ཀྱིས་ངས་བསྡུས་པའི་སྒོ་ནས་བསྟན་པའི་དོན་དེ་རྒྱས་པའི་ཚིག་གིས་ལེགས་པར་སྨྲས་པའོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ལ་ཉོན་མོངས་པ་རྗེས་སུ་ཞུགས་པས། སྐྱེ་བ་ནས་ཤི་བའི་བར་དུ་ཉོན་མོངས་པ་ཞུགས་པར་འགྱུར་རོ། །ཉོན་མོངས་པ་རྗེས་སུ་ཞུགས་ཤིང་སྐྱེ་བ་ནས་ཤི་བའི་བར་དུ། ཉོན་མོངས་པ་རྗེས་སུ་ཞུགས་པས། ལེན་པའི་སྟོབས་ཀྱིས་ཀུན་ནས་འཆིང་བར་འགྱུར་རོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་ལ་ཉོན་མོངས་པ་རྗེས་སུ་ཞུགས་པས། སྐྱེ་བ་ནས་ཤི་བའི་བར་དུ་ཉོན་མོངས་པ་རྗེས་སུ་ཞུགས་པར་འགྱུར་རོ། །ཉོན་མོངས་པ་རྗེས་སུ་ཞུགས་ཤིང་སྐྱེ་བ་ནས་ཤི་བའི་བར་དུ། ཉོན་མོངས་པ་རྗེས་སུ་ཞུགས་པས། ལེན་པའི་སྟོབས་ཀྱིས་ཀུན་ནས་འཆིང་བར་འགྱུར་རོ། །དགེ་སློང་འདི་ལྟ་སྟེ། གཟུགས་ལ་ཉོན་མོངས་པ་རྗེས་སུ་མ་ཞུགས་པས། སྐྱེ་བ་ནས་ཤི་བའི་བར་དུ་ཉོན་མོངས་པ་ཞུགས་པར་མི་འགྱུར་རོ། །ཉོན་མོངས་པ་རྗེས་སུ་མ་ཞུགས་ཤིང་སྐྱེ་བ་ནས་ཤི་བའི་བར་དུ་ཉོན་མོངས་པ་རྗེས་སུ་མ་ཞུགས་པས། ལེན་པ་ལས་ཡོངས་སུ་ཐར་བར་འགྱུར་རོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་ཉོན་མོངས་པ་ལ་རྗེས་སུ་མ་ཞུགས་པས། སྐྱེ་བ་ནས་ཤི་བའི་བར་དུ་ཉོན་མོངས་པ་རྗེས་སུ་ཞུགས་པར་མི་འགྱུར་རོ། །ཉོན་མོངས་པ་རྗེས་སུ་མ་ཞུགས་ཤིང་སྐྱེ་བ་ནས་ཤི་བའི་བར་དུ་ཉོན་མོངས་པ་རྗེས་སུ་མ་ཞུགས་པས། ལེན་པ་ལས་ཡོངས་སུ་ཐར་བར་འགྱུར་རོ། །དེའི་ཚེ་དགེ་སློང་དེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཐོས་ནས། རྗེས་སུ་ཡི་རངས་སྟེ་སེམས་དགའ་བ་ཆེན་པོས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་རབ་ཏུ་ཕྱག་འཚལ་ནས་ཕྱིན་ཏོ། །དེ་ནས་དགེ་སློང་དེ་དབེན་པའི་གནས་སུ་རང་ཉིད་གཅིག་པུ་བག་མེད་པ་ཡོངས་སུ་སྤངས་ནས་རྩེ་གཅིག་ཏུ་སྒོམ་པར་བྱས་པའོ། །བག་མེད་པ་ཡོངས་སུ་སྤངས་ནས་རྩེ་གཅིག་ཏུ་སྒོམ་པར་བྱས་པས། ཡིད་ལ་འདི་ལྟར་བྱས་པ་སྟེ། རིགས་ཀྱི་བུ་གང་ཞིག་རབ་ཏུ་བྱུང་ནས་སྐྲ་དང་ཁ་སྤུ་འབྲེག ལུས་ལ་ཆོས་གོས་གསོལ། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་། བླ་ན་མེད་པའི་ཚངས་པར་སྤྱོད་པ་མཐར་ཕྱིན་པའི་ཆེད་དུ་ཆོས་རྣམས་ཀྱི་ཆོས་ཉིད་མངོན་སུམ་དུ་རྟོགས་པར་བྱ་སྟེ། བདག་གི་སྐྱེ་བ་ནི་ཟད། ཚངས་པར་སྤྱོད་པ་ནི་བསྒྲུབས། བྱ་བ་རྣམས་ནི་བྱས་སོ། །བདག་གིས་འབྱུང་བར་འགྱུར་བའི་སྐྱེ་བ་མི་ལེན་པར་ཡང་ཤེས་སོ། །དེའི་ཚེ། དགེ་སློང་དེ་དགྲ་བཅོམ་པའི་གོ་འཕང་ཐོབ་སྟེ་སེམས་རྣམ་པར་གྲོལ་བར་གྱུར་ཏོ། །
༼༡༦༽འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ། དགེ་སློང་ཞིག་བཅོམ་ལྡན་འདས་ཀྱི་དྲུང་དུ་འོངས་ནས་གོང་ལྟར་དུ་དྲི་བ་རྣམས་བསྡུས་པར་བརྗོད་དོ། །དེ་ལྟ་ནའང་། དེའི་ཁྱད་པར་ནི་འདི་ལྟ་སྟེ། ཉོན་མོངས་པ་རྗེས་སུ་ཞུགས་ཤིང་སྐྱེ་བ་ནས་ཤི་བའི་བར་དུ་ཉོན་མོངས་པ་རྗེས་སུ་ཞུགས་པས། འཁོར་བར་སྐྱེ་བའི་གྲངས་འཕེལ་བར་འགྱུར་རོ། །ཉོན་མོངས་པ་རྗེས་སུ་མ་ཞུགས་ཤིང་སྐྱེ་བ་ནས་ཤི་བའི་བར་དུ་ཉོན་མོངས་པ་རྗེས་སུ་མ་ཞུགས་པས། འཁོར་བར་སྐྱེ་བའི་གྲངས་འཕེལ་བར་མི་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་ལ་བཀའ་སྩལ་པ། དགེ་སློང་འདི་ལྟ་སྟེ། ཁྱེད་ཀྱིས་དོན་བསྡུས་པའི་སྒོ་ནས་ངས་བསྟན་པ་གང་ཡིན་པའི་དོན་དེ་རྒྱས་པའི་ཚིག་གིས་སྟོན་ཅིག དགེ་སློང་དེས་བཅོམ་ལྡན་འདས་ལ་འདི་སྐད་དུ་གསོལ་དོ། །བཅོམ་ལྡན་འདས། གཟུགས་ལ་ཉོན་མོངས་པ་རྗེས་སུ་ཞུགས་པས། སྐྱེ་བ་ནས་ཤི་བའི་བར་དུ་ཉོན་མོངས་པ་རྗེས་སུ་ཞུགས་པར་འགྱུར་རོ། །ཉོན་མོངས་པ་རྗེས་སུ་ཞུགས་ཤིང་སྐྱེ་བ་ནས་ཤི་བའི་བར་དུ་ཉོན་མོངས་པ་རྗེས་སུ་ཞུགས་པས་འཁོར་བར་སྐྱེ་བའི་གྲངས་འཕེལ་བར་འགྱུར་རོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་ལ་ཉོན་མོངས་པ་རྗེས་སུ་ཞུགས་པས། སྐྱེ་བ་ནས་ཤི་བའི་བར་དུ་ཉོན་མོངས་པ་རྗེས་སུ་ཞུགས་པར་འགྱུར་རོ། །ཉོན་མོངས་པ་རྗེས་སུ་ཞུགས་ཤིང་སྐྱེ་བ་ནས་ཤི་བའི་བར་དུ་ཉོན་མོངས་པ་རྗེས་སུ་ཞུགས་པས། འཁོར་བར་སྐྱེས་པའི་གྲངས་འཕེལ་བར་འགྱུར་རོ། །བཅོམ་ལྡན་འདས། གཟུགས་ལ་ཉོན་མོངས་པ་རྗེས་སུ་མ་ཞུགས་པས། སྐྱེ་བ་ནས་ཤི་བའི་བར་དུ་ཉོན་མོངས་པ་རྗེས་སུ་ཞུགས་པར་མི་འགྱུར་རོ། །ཉོན་མོངས་པ་རྗེས་སུ་མ་ཞུགས་ཤིང་སྐྱེ་བ་ནས་ཤི་བའི་བར་དུ་ཉོན་མོངས་པ་རྗེས་སུ་མ་ཞུགས་པས། འཁོར་བར་སྐྱེ་བའི་གྲངས་འཕེལ་བར་མི་འགྱུར་རོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་ལ་ཉོན་མོངས་པ་རྗེས་སུ་མ་ཞུགས་པས། སྐྱེ་བ་ནས་ཤི་བའི་བར་དུ་ཉོན་མོངས་པ་རྗེས་སུ་ཞུགས་པར་མི་འགྱུར་རོ། །ཉོན་མོངས་པ་རྗེས་སུ་མ་ཞུགས་ཤིང་སྐྱེ་བ་ནས་ཤི་བའི་བར་དུ་ཉོན་མོངས་པ་རྗེས་སུ་མ་ཞུགས་པས། འཁོར་བར་སྐྱེ་བའི་གྲངས་འཕེལ་བར་མི་འགྱུར་རོ། །དེ་བཞིན་དུ་བཅོམ་ལྡན་འདས། བདག་གིས་དོན་བསྡུས་པའི་སྒོ་ནས་ཉིད་ཀྱིས་གསུངས་པའི་དོན་རྒྱས་པར་སྨྲས་པའོ། །ཞེས་པ་ནས་དགྲ་བཅོམ་པའི་གོ་འཕང་ཐོབ་སྟེ་སེམས་རྣམ་པར་གྲོལ་བའི་བར་དུའོ། །
༼༡༧༽འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ། དགེ་སློང་ཞིག་སྟན་ལས་ལངས་ཏེ་ཆོས་གོས་ཕྲག་པ་གཡས་སུ་གཟར་ནས་བཅོམ་ལྡན་འདས་ག་ལ་བར་དེར་ལོགས་སུ་ཐལ་མོ་སྦྱར་བར་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་དུ་གསོལ་ཏོ། །ལེགས་སོ། །བཙུན་པ་བཅོམ་ལྡན་འདས། བདག་ལ་ཕན་པའི་ཕྱིར་ཆོས་ཀྱི་སྙིང་པོ་བསྟན་དུ་གསོལ། བདག་གིས་ལེགས་པར་མཉན་ནས་དབེན་པའི་གནས་སུ་ཕྱོགས་གཅིག་ཏུ་བསྡད་ནས་བག་མེད་པ་སྤོང་བའི་སྒོ་ནས་སྒོམ་པར་བྱའོ། །བག་མེད་པ་སྤངས་ནས་སླར་ཡང་འདི་ལྟར་ཡིད་ལ་བྱ་སྟེ། རིགས་ཀྱི་བུ་གང་ཞིག་རབ་ཏུ་བྱུང་ནས་སྐྲ་དང་ཁ་སྤུ་འབྲེག ལུས་ལ་ཆོས་གོས་གསོལ། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་། བླ་ན་མེད་པའི་ཚངས་པར་སྤྱོད་པ་མཐར་ཕྱིན་པའི་ཆེད་དུ་ཆོས་རྣམས་ཀྱི་ཆོས་ཉིད་མངོན་སུམ་དུ་རྟོགས་པར་བྱ་སྟེ། བདག་གི་སྐྱེ་བ་ནི་ཟད། ཚངས་པར་སྤྱོད་པ་ནི་བསྒྲུབས། བྱ་བ་རྣམས་ནི་བྱས་སོ། །བདག་གིས་འབྱུང་བར་འགྱུར་བའི་སྐྱེ་བ་མི་ལེན་པར་ཡང་ཤེས་སོ། །དེའི་ཚེ། བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་ལ་བཀའ་སྩལ་པ། ལེགས་སོ། །ལེགས་སོ། །ཁྱེད་ཀྱིས་བདག་ལ་བཅོམ་ལྡན་འདས། བདག་གི་ཆེད་དུ་ཆོས་ཀྱི་སྙིང་པོ་བསྟན་དུ་གསོལ། ཆོས་ཀྱི་སྙིང་པོ་བསྟན་པའི་དོན་དེ་ཚིག་རྒྱས་པའི་སྒོ་ནས་བསྟན་དུ་གསོལ། བདག་གིས་བག་མེད་པ་ཡོངས་སུ་སྤངས་ནས་དབེན་པའི་གནས་ཤིག་ཏུ་བརྩོན་པ་ཆེན་པོས་ཉམས་སུ་བླང་བར་བྱའོ་ཞེས་པ་ནས་སྐྱེ་བ་ཕྱི་མ་མི་ལེན་པའི་བར་དུ་སྨྲས་པ་ཡིན་ནམ། དགེ་སློང་གིས་གསོལ་བ། བཅོམ་ལྡན་འདས། དེ་ལྟར་དུ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་ལ་བཀའ་སྩལ་པ། ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་ཁྱེད་ལ་བསྟན་པར་བྱའོ། །དགེ་སློང་། འདི་ལྟ་སྟེ། ཁྱེད་ཀྱིས་བདག་དང་མི་མཐུན་པའི་ཆོས་མྱུར་དུ་སྤང་བར་བྱའོ། །ཆོས་དེ་སྤངས་ནས་ཆོས་ཀྱི་དོན་ལ་བརྟེན་པས་ཕན་པར་འགྱུར་ཞིང་ཡུན་རིང་དུ་བདེ་བ་ལ་གནས་པར་འགྱུར་རོ། །དེའི་ཚེ། དགེ་སློང་དེས་བཅོམ་ལྡན་འདས་ལ་གསོལ་བ། ལགས་སོ་བཅོམ་ལྡན་འདས། དེ་ལྟར་དུ་ཤེས་སོ། ལགས་སོ་བདེ་བར་གཤེགས་པ། དེ་ལྟར་དུ་ཤེས་སོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་ལ་བཀའ་སྩལ་པ། ཅིའི་ཕྱིར་ན་བདག་གིས་ཆོས་ཀྱི་སྙིང་པོ་བསྟན་པའི་དོན་དེ་སླར་ཡང་རྒྱས་པའི་ཚིག་གིས་བསྟན་པར་བྱས་སོ། །དེ་ནས་དགེ་སློང་དེས་བཅོམ་ལྡན་འདས་ལ་གསོལ་བ། བཙུན་པ་བཅོམ་ལྡན་འདས། གཟུགས་བདག་དང་མི་མཐུན་པ་མྱུར་དུ་སྤང་བར་བྱའོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་བདག་དང་མི་མཐུན་པས། མྱུར་དུ་སྤང་བར་བྱའོ། །དེས་ཆོས་ཀྱི་དོན་ལ་བརྟེན་པས་ཕན་པར་འགྱུར་ཞིང་ཡུན་རིང་དུ་བདེ་བ་ལ་གནས་པར་འགྱུར་རོ། །དེའི་ཕྱིར། བཙུན་པ་བཅོམ་ལྡན་འདས། བདག་གིས་ཉིད་ཀྱིས་གསུངས་པའི་ཆོས་ཀྱི་སྙིང་པོའི་དོན་དེ་ཚིག་རྒྱས་པའི་སྒོ་ནས་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་ལེགས་སོ། །ལེགས་སོ། །དགེ་སློང་འདི་ལྟ་སྟེ། ཁྱེད་ཀྱིས་བདག་གི་ཆོས་ཀྱི་སྙིང་པོའི་དོན་དེ་ཚིག་རྒྱས་པའི་སྒོ་ནས་བསྟན་པ་ལེགས་སོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་བདག་དང་མི་མཐུན་པས། མྱུར་དུ་སྤང་བར་བྱའོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་བདག་དང་མི་མཐུན་པས། མྱུར་དུ་སྤང་བར་བྱའོ། །དེ་སྤངས་ནས་ཀྱང་། དེས་ཆོས་ཀྱི་དོན་ལ་བརྟེན་པས་ཕན་པར་འགྱུར་ཞིང་ཡུན་རིང་དུ་བདེ་བ་ལ་གནས་པར་འགྱུར་རོ། །དེའི་ཚེ། དགེ་སློང་དེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཐོས་ནས། རྗེས་སུ་ཡི་རངས་ཏེ་སེམས་དགའ་བ་ཆེན་པོས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་རབ་ཏུ་ཕྱག་འཚལ་ནས་ཕྱིན་ཏོ། །དེ་ནས་དགེ་སློང་དེ་དབེན་པའི་གནས་གཅིག་ཏུ་བག་མེད་པ་སྤོང་བའི་སྒོ་ནས་སྒོམ་པར་བྱས་སོ། །བག་མེད་པ་སྤངས་ནས་སླར་ཡང་འདི་ལྟར་ཡིད་ལ་བྱས་ཏེ། རིགས་ཀྱི་བུ་གང་ཞིག་རབ་ཏུ་བྱུང་ནས་སྐྲ་དང་ཁ་སྤུ་འབྲེག ལུས་ལ་ཆོས་གོས་གསོལ། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་། བླ་ན་མེད་པའི་ཚངས་པར་སྤྱོད་པ་མཐར་ཕྱིན་པའི་ཆེད་དུ་ཆོས་རྣམས་ཀྱི་ཆོས་ཉིད་མངོན་སུམ་དུ་རྟོགས་པར་བྱས་ཏེ། བདག་གི་སྐྱེ་བ་ནི་ཟད། ཚངས་པར་སྤྱོད་པ་ནི་བསྒྲུབས། བྱ་བ་རྣམས་ནི་བྱས་སོ། །བདག་གིས་འབྱུང་བར་འགྱུར་བའི་སྐྱེ་བ་མི་ལེན་པ་ཡང་ཤེས་སོ། །དེའི་ཚེ། དགེ་སློང་དེ་ལ་དགྲ་བཅོམ་པའི་གོ་འཕང་ཐོབ་སྟེ་སེམས་རྣམ་པར་གྲོལ་བར་གྱུར་ཏོ། །
༼༡༨༽འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ། དགེ་སློང་ཞིག་སྟན་ནས་ལངས་ཏེ་ཆོས་གོས་ཕྲག་པ་གཡས་སུ་གཟར་ནས་བཅོམ་ལྡན་འདས་ལ་མགོ་བོས་རབ་ཏུ་ཕྱག་འཚལ་ཏེ་གུས་པས་བཏུད་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དགེ་སློང་དེས་བཅོམ་ལྡན་འདས་ལ་འདི་སྐད་དུ་གསོལ་དོ། །ལེགས་སོ། །བཙུན་པ་བཅོམ་ལྡན་འདས། བདག་ལ་ཕན་པའི་ཕྱིར་ཆོས་ཀྱི་སྙིང་པོ་བསྟན་དུ་གསོལ། བདག་གིས་ལེགས་པར་མཉན་ནས་དབེན་པའི་གནས་སུ་ཕྱོགས་གཅིག་ཏུ་བསྡད་དེ་བག་མེད་པ་སྤོང་བའི་སྒོ་ནས་སྒོམ་པར་བྱའོ། །བག་མེད་པ་སྤངས་ནས་སླར་ཡང་འདི་ལྟར་ཡིད་ལ་བྱ་སྟེ། རིགས་ཀྱི་བུ་གང་ཞིག་རབ་ཏུ་བྱུང་ནས་སྐྲ་དང་ཁ་སྤུ་འབྲེག ལུས་ལ་ཆོས་གོས་གསོལ། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་། བླ་ན་མེད་པའི་ཚངས་པར་སྤྱོད་པ་མཐར་ཕྱིན་པའི་ཕྱིར་དུ་ཆོས་རྣམས་ཀྱི་ཆོས་ཉིད་མངོན་སུམ་དུ་རྟོགས་པར་བྱ་སྟེ། བདག་གི་སྐྱེ་བ་ནི་ཟད། ཚངས་པར་སྤྱོད་པ་ནི་བསྒྲུབས། བྱ་བ་རྣམས་ནི་བྱས་སོ། །བདག་གིས་འབྱུང་བར་འགྱུར་བའི་སྐྱེ་བ་མི་ལེན་པ་ཡང་ཤེས་སོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་ལ་བཀའ་སྩལ་པ། ལེགས་སོ། །ལེགས་སོ། །ཁྱེད་ཀྱིས་བདག་ལ་བཅོམ་ལྡན་འདས། བདག་གི་ཆེད་དུ་ཆོས་ཀྱི་སྙིང་པོ་བསྟན་དུ་གསོལ། ཆོས་ཀྱི་སྙིང་པོ་བསྟན་པའི་དོན་དེ་ཚིག་རྒྱས་པའི་སྒོ་ནས་བསྟན་དུ་གསོལ། བདག་གིས་བག་མེད་པ་ཡོངས་སུ་སྤངས་ནས་དབེན་པའི་གནས་ཤི་ཏུ་བརྩོན་པ་ཆེན་པོས་ཉམས་སུ་བླང་བར་བྱའོ་ཞེས་པ་ནས་སྐྱེ་བ་ཕྱི་མ་མི་ལེན་པའི་བར་དུ་སྨྲས་པ་ཡིན་ནམ། དེའི་ཚེ། དགེ་སློང་གིས་གསོལ་བ། བཅོམ་ལྡན་འདས། དེ་ལྟར་དུ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་ལ་བཀའ་སྩལ་པ། ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་ཁྱེད་ལ་བསྟན་པར་བྱའོ། །དགེ་སློང་། འདི་ལྟ་སྟེ། ཆོས་གང་ཞིག་ཁྱེད་དང་མི་མཐུན་པ་དང་གཞན་དང་ཡང་མི་མཐུན་པ་དེ་མྱུར་དུ་སྤང་བར་བྱའོ། །སྤངས་བར་བྱས་ནས་ཀྱང་། དེས་ཆོས་ཀྱི་དོན་ལ་བརྟེན་པས་ཕན་པར་འགྱུར་ཞིང་ཡུན་རིང་དུ་བདེ་བ་ལ་གནས་པར་འགྱུར་རོ། །དེའི་ཚེ། དགེ་སློང་དེས་བཅོམ་ལྡན་འདས་ལ་གསོལ་བ། ལགས་སོ་བཅོམ་ལྡན་འདས། དེ་ལྟར་དུ་ཤེས་སོ། །ལགས་སོ་བདེ་བར་གཤེགས་པ། དེ་ལྟར་དུ་ཤེས་སོ། ། བཅོམ་ལྡན་འདས་ཀྱིས་དགེ་སློང་ལ་བཀའ་སྩལ་པ། ཅིའི་ཕྱིར་ན་བདག་གིས་ཆོས་ཀྱི་སྙིང་པོ་བསྟན་པའི་དོན་དེ་སླར་ཡང་རྒྱས་པའི་ཚིག་གིས་བསྟན་པར་བྱ། དགེ་སློང་དེས་བཅོམ་ལྡན་འདས་ལ་གསོལ་བ། བཙུན་པ་བཅོམ་ལྡན་འདས། གཟུགས་བདག་དང་མི་མཐུན་པ། བདག་གི་བ་དང་མི་མཐུན་པ། གཞན་དང་ཡང་མི་མཐུན་པ་དེ་མྱུར་དུ་སྤང་བར་བྱའོ། །སྤངས་བར་བྱས་ནས་ཀྱང་། དེས་ཆོས་ཀྱི་དོན་ལ་བརྟེན་པས་ཕན་པར་འགྱུར་ཞིང་ཡུན་རིང་དུ་བདེ་བ་ལ་གནས་པར་འགྱུར་རོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་བདག་དང་མི་མཐུན་པ། བདག་གི་བ་དང་མི་མཐུན་པ། གཞན་དང་ཡང་མི་མཐུན་པ་དེ་མྱུར་དུ་སྤང་བར་བྱའོ། །སྤངས་བར་བྱས་ནས་ཀྱང་། དེས་ཆོས་ཀྱི་དོན་ལ་བརྟེན་པས་ཕན་པར་འགྱུར་ཞིང་ཡུན་རིང་དུ་བདེ་བ་ལ་གནས་པར་འགྱུར་རོ། །དེའི་ཚེ། དགེ་སློང་དེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཐོས་ནས། རྗེས་སུ་ཡི་རངས་ཏེ་སེམས་དགའ་བ་ཆེན་པོས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་རབ་ཏུ་ཕྱག་འཚལ་ནས་ཕྱིན་ཏོ། །དེ་ནས་དགེ་སློང་དེ་དབེན་པའི་གནས་གཅིག་ཏུ་བག་མེད་པ་སྤོང་བའི་སྒོ་ནས་སྒོམ་པར་བྱས་སོ། །བག་མེད་པ་སྤངས་ནས་སླར་ཡང་འདི་ལྟར་ཡིད་ལ་བྱས་ཏེ། རིགས་ཀྱི་བུ་གང་ཞིག་རབ་ཏུ་བྱུང་ནས་སྐྲ་དང་ཁ་སྤུ་འབྲེག ལུས་ལ་ཆོས་གོས་གསོལ། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་། བླ་ན་མེད་པའི་ཚངས་པར་སྤྱོད་པ་མཐར་ཕྱིན་པའི་ཆེད་དུ་ཆོས་རྣམས་ཀྱི་ཆོས་ཉིད་མངོན་སུམ་དུ་རྟོགས་པར་བྱས་ཏེ། བདག་གི་སྐྱེ་བ་ནི་ཟད། ཚངས་པར་སྤྱོད་པ་ནི་བསྒྲུབས། བྱ་བ་རྣམས་ནི་བྱས་སོ། །བདག་གིས་འབྱུང་བར་འགྱུར་བའི་སྐྱེ་བ་མི་ལེན་པར་ཡང་ཤེས་སོ། །དེའི་ཚེ། དགེ་སློང་དེ་ལ་དགྲ་བཅོམ་པའི་གོ་འཕང་ཐོབ་སྟེ་སེམས་རྣམ་པར་གྲོལ་བར་གྱུར་ཏོ། །
༼༡༩༽འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ། དགེ་སློང་ཞིག་སྟན་ནས་ལངས་ཏེ་བཅོམ་ལྡན་འདས་ལ་མགོ་བོས་རབ་ཏུ་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་འདི་སྐད་དུ་གསོལ་དོ། །བཙུན་པ་བཅོམ་ལྡན་འདས། བདག་ལ་ཕན་པའི་ཕྱིར་ཆོས་ཀྱི་སྙིང་པོ་བསྟན་དུ་གསོལ། བདག་གིས་ལེགས་པར་མཉན་ནས་དབེན་པའི་གནས་སུ་ཕྱོགས་གཅིག་ཏུ་བསྡད་དེ་བག་མེད་པ་སྤོང་བའི་སྒོ་ནས་སྒོམ་པར་བྱའོ། །བག་མེད་པ་སྤངས་ནས་སླར་ཡང་འདི་ལྟར་ཡིད་ལ་བྱ་སྟེ། རིགས་ཀྱི་བུ་གང་ཞིག་རབ་ཏུ་བྱུང་ནས་སྐྲ་དང་ཁ་སྤུ་འབྲེག ལུས་ལ་ཆོས་གོས་གསོལ། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་། བླ་ན་མེད་པའི་ཚངས་པར་སྤྱོད་པ་མཐར་ཕྱིན་པའི་ཕྱིར་དུ་ཆོས་རྣམས་ཀྱི་ཆོས་ཉིད་མངོན་སུམ་དུ་རྟོགས་པར་བྱ་སྟེ། བདག་གི་སྐྱེ་བ་ནི་ཟད། ཚངས་པར་སྤྱོད་པ་ནི་བསྒྲུབས། བྱ་བ་རྣམས་ནི་བྱས་སོ། །བདག་གིས་འབྱུང་བར་འགྱུར་བའི་སྐྱེ་བ་མི་ལེན་པར་ཡང་ཤེས་སོ། །དེའི་ཚེ། བཅོམ་ལྡན་འདས་ཀྱིས་དགེ་སློང་ལ་བཀའ་སྩལ་པ། ལེགས་སོ། །ལེགས་སོ། །ཁྱེད་ཀྱིས་བཅོམ་ལྡན་འདས། བདག་གི་ཆེད་དུ་ཆོས་ཀྱི་སྙིང་པོ་བསྟན་དུ་གསོལ། ཆོས་ཀྱི་སྙིང་པོ་བསྟན་པའི་དོན་དེ་ཚིག་རྒྱས་པའི་སྒོ་ནས་བསྟན་དུ་གསོལ། བདག་གིས་བག་མེད་པ་ཡོངས་སུ་སྤངས་ནས་དབེན་པའི་གནས་ཤིག་ཏུ་བརྩོན་པ་ཆེན་པོས་ཉམས་སུ་བླང་བར་བྱའོ་ཞེས་པ་ནས་སྐྱེ་བ་ཕྱི་མ་མི་ལེན་པའི་བར་དུ་སྨྲས་པ་ཡིན་ནམ། དེའི་ཚེ། དགེ་སློང་གིས་གསོལ་བ། བཅོམ་ལྡན་འདས། དེ་ལྟར་དུ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་ལ་བཀའ་སྩལ་པ། ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་ཁྱེད་ལ་བསྟན་པར་བྱའོ། །དགེ་སློང་། འདི་ལྟ་སྟེ། ཐ་བ་དང་འབྲེལ་བའི་ཆོས་མྱུར་དུ་སྤང་བར་བྱའོ། །སྤངས་བར་བྱས་ནས་ཀྱང་། དེས་ཆོས་ཀྱི་དོན་ལ་བརྟེན་པས་ཕན་པར་འགྱུར་ཞིང་ཡུན་རིང་དུ་བདེ་བ་ལ་གནས་པར་འགྱུར་རོ། །དེའི་ཚེ། དགེ་སློང་དེས་བཅོམ་ལྡན་འདས་ལ་གསོལ་བ། ལགས་སོ་བཅོམ་ལྡན་འདས། དེ་ལྟར་དུ་ཤེས་སོ། །ལགས་སོ་བདེ་བར་གཤེགས་པ། དེ་ལྟར་དུ་ཤེས་སོ། ། བཅོམ་ལྡན་འདས་ཀྱིས་དགེ་སློང་ལ་བཀའ་སྩལ་པ། ཅིའི་ཕྱིར་ན་བདག་གིས་ཆོས་ཀྱི་སྙིང་པོ་བསྟན་པའི་དོན་དེ་སླར་ཡང་རྒྱས་པའི་ཚིག་གིས་བསྟན་པར་བྱ། དགེ་སློང་དེས་བཅོམ་ལྡན་འདས་ལ་གསོལ་བ། བཙུན་པ་བཅོམ་ལྡན་འདས། གཟུགས་ནི་ཐ་བ་དང་འབྲེལ་བའི་ཆོས་ཡིན་ལ་ཐ་བ་དང་འབྲེལ་བའི་ཆོས་གང་ཡིན་པ་དེ་མྱུར་དུ་སྤང་བར་བྱའོ། །སྤངས་བར་བྱས་ནས་ཀྱང་། དེས་ཆོས་ཀྱི་དོན་ལ་བརྟེན་པས་ཕན་པར་འགྱུར་ཞིང་ཡུན་རིང་དུ་བདེ་བ་ལ་གནས་པར་འགྱུར་རོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་ཐ་བ་དང་འབྲེལ་བའི་ཆོས་ཡིན་ལ་ཐ་བ་དང་འབྲེལ་བའི་ཆོས་གང་ཡིན་པ་དེ་མྱུར་དུ་སྤང་བར་བྱའོ། །སྤངས་བར་བྱས་ནས་ཀྱང་། དེས་ཆོས་ཀྱི་དོན་ལ་བརྟེན་པས་ཕན་པར་འགྱུར་ཞིང་ཡུན་རིང་དུ་བདེ་བ་ལ་གནས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་ལེགས་སོ། །ལེགས་སོ། ། དགེ་སློང་འདི་ལྟ་སྟེ། ཁྱེད་ཀྱིས་བདག་གིས་ཆོས་ཀྱི་སྙིང་པོའི་དོན་དེ་ཚིག་རྒྱས་པའི་སྒོ་ནས་བསྟན་པ་ལེགས་སོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ནི་ཐ་བ་དང་འབྲེལ་བའི་ཆོས་ཡིན་པས་མྱུར་དུ་སྤང་བར་བྱའོ། །སྤངས་བར་བྱས་ནས་ཀྱང་། དེས་ཆོས་ཀྱི་དོན་ལ་བརྟེན་པས་ཕན་པར་འགྱུར་ཞིང་ཡུན་རིང་དུ་བདེ་བ་ལ་གནས་པར་འགྱུར་རོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་ཐ་བ་དང་འབྲེལ་བའི་ཆོས་ཡིན་པས་དེ་མྱུར་དུ་སྤང་བར་བྱའོ། །སྤངས་བར་བྱས་ནས་ཀྱང་། དེས་ཆོས་ཀྱི་དོན་ལ་བརྟེན་པས་ཕན་པར་འགྱུར་ཞིང་ཡུན་རིང་དུ་བདེ་བ་ལ་གནས་པར་འགྱུར་རོ། །དེའི་ཚེ། དགེ་སློང་དེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཐོས་ནས། རྗེས་སུ་ཡི་རངས་ཏེ་སེམས་དགའ་བ་ཆེན་པོས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་རབ་ཏུ་ཕྱག་འཚལ་ནས་ཕྱིན་ཏོ། །དེ་ནས་དགེ་སློང་དེ་དབེན་པའི་གནས་ཤིག་ཏུ་བག་མེད་པ་སྤོང་བའི་སྒོ་ནས་སྒོམ་པར་བྱས་ནས་དགྲ་བཅོམ་པའི་གོ་འཕང་ཐོབ་སྟེ་སེམས་རྣམ་པར་གྲོལ་བར་གྱུར་ཏོ། །
༼༢༠༽འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ། དགེ་སློང་ཞིག་སྟན་ནས་ལངས་ཏེ་བཅོམ་ལྡན་འདས་ལ་མགོ་བོས་རབ་ཏུ་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་འདི་སྐད་དུ་གསོལ་དོ། །བཙུན་པ་བཅོམ་ལྡན་འདས། བདག་ལ་ཕན་པའི་ཕྱིར་ཆོས་ཀྱི་སྙིང་པོ་བསྟན་དུ་གསོལ། བདག་གིས་ལེགས་པར་མཉན་ནས་དབེན་པའི་གནས་སུ་ཕྱོགས་གཅིག་ཏུ་བསྡད་དེ་བག་མེད་པ་སྤོང་བའི་སྒོ་ནས་སྒོམ་པར་བྱའོ། །བག་མེད་པ་སྤངས་ནས་སླར་ཡང་འདི་ལྟར་ཡིད་ལ་བྱ་སྟེ། རིགས་ཀྱི་བུ་གང་ཞིག་རབ་ཏུ་བྱུང་ནས་སྐྲ་དང་ཁ་སྤུ་འབྲེག ལུས་ལ་ཆོས་གོས་གསོལ། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་། བླ་ན་མེད་པའི་ཚངས་པར་སྤྱོད་པ་མཐར་ཕྱིན་པའི་ཕྱིར་དུ་ཆོས་རྣམས་ཀྱི་ཆོས་ཉིད་མངོན་སུམ་དུ་རྟོགས་པར་བྱ་སྟེ། བདག་གི་སྐྱེ་བ་ནི་ཟད། ཚངས་པར་སྤྱོད་པ་ནི་བསྒྲུབས། བྱ་བ་རྣམས་ནི་བྱས་སོ། །བདག་གིས་འབྱུང་བར་འགྱུར་བའི་སྐྱེ་བ་མི་ལེན་པ་ཡང་ཤེས་སོ། །དེའི་ཚེ། བཅོམ་ལྡན་འདས་ཀྱིས་དགེ་སློང་ལ་བཀའ་སྩལ་པ། ལེགས་སོ། །ལེགས་སོ། །ཁྱེད་ཀྱིས་བཅོམ་ལྡན་འདས། བདག་གི་ཆེད་དུ་ཆོས་ཀྱི་སྙིང་པོ་བསྟན་དུ་གསོལ། ཆོས་ཀྱི་སྙིང་པོ་བསྟན་པའི་དོན་དེ་ཚིག་རྒྱས་པའི་སྒོ་ནས་བསྟན་དུ་གསོལ། བདག་གིས་བག་མེད་པ་ཡོངས་སུ་སྤངས་ནས་དབེན་པའི་གནས་ཤིག་ཏུ་བརྩོན་པ་ཆེན་པོས་ཉམས་སུ་བླང་བར་བྱའོ་ཞེས་པ་ནས་སྐྱེ་བ་ཕྱི་མ་མི་ལེན་པའི་བར་དུ་སྨྲས་པ་ཡིན་ནམ། དེའི་ཚེ། དགེ་སློང་གིས་གསོལ་བ། བཅོམ་ལྡན་འདས། དེ་ལྟར་དུ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་ལ་བཀའ་སྩལ་པ། ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་ཁྱེད་ལ་བསྟན་པར་བྱའོ། །དགེ་སློང་། འདི་ལྟ་སྟེ། ཀུན་ནས་ཉོན་མོངས་པ་དང་འབྲེལ་བའི་ཆོས་མྱུར་དུ་སྤང་བར་བྱའོ། །སྤངས་བར་བྱས་ནས་ཀྱང་། ཆོས་ཀྱི་དོན་ལ་བརྟེན་པས་ཕན་པར་འགྱུར་ཞིང་ཡུན་རིང་དུ་བདེ་བ་ལ་གནས་པར་འགྱུར་རོ། །དེའི་ཚེ། དགེ་སློང་དེས་བཅོམ་ལྡན་འདས་ལ་གསོལ་བ། ལགས་སོ་བཅོམ་ལྡན་འདས། དེ་ལྟར་དུ་ཤེས་སོ། །ལགས་སོ་བདེ་བར་གཤེགས་པ། དེ་ལྟར་དུ་ཤེས་སོ། ། བཅོམ་ལྡན་འདས་ཀྱིས་དགེ་སློང་ལ་བཀའ་སྩལ་པ། ཅིའི་ཕྱིར་ན་བདག་གིས་ཆོས་ཀྱི་སྙིང་པོ་བསྟན་པའི་དོན་དེ་སླར་ཡང་རྒྱས་པའི་ཚིག་གིས་བསྟན་པར་བྱ། དགེ་སློང་དེས་བཅོམ་ལྡན་འདས་ལ་གསོལ་བ། བཙུན་པ་བཅོམ་ལྡན་འདས། གཟུགས་ནི་ཀུན་ནས་ཉོན་མོངས་པ་དང་འབྲེལ་བའི་ཆོས་ཡིན་ནོ། །ཀུན་ནས་ཉོན་མོངས་པ་དང་འབྲེལ་བའི་ཆོས་གང་ཡིན་པ་དེ་མྱུར་དུ་སྤང་བར་བྱའོ། །སྤངས་བར་བྱས་ནས་ཀྱང་། ཆོས་ཀྱི་དོན་ལ་བརྟེན་པའི་ཕན་པར་འགྱུར་ཞིང་ཡུན་རིང་དུ་བདེ་བ་ལ་གནས་པར་འགྱུར་རོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་ཀུན་ནས་ཉོན་མོངས་པ་དང་འབྲེལ་བའི་ཆོས་ཡིན་ནོ། །ཀུན་ནས་ཉོན་མོངས་པ་དང་འབྲེལ་བའི་ཆོས་གང་ཡིན་པ་དེ་མྱུར་དུ་སྤང་བར་བྱའོ། །སྤངས་བར་བྱས་ནས་ཀྱང་། ཆོས་ཀྱི་དོན་ལ་བརྟེན་པས་ཕན་པར་འགྱུར་ཞིང་ཡུན་རིང་དུ་བདེ་བ་ལ་གནས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་ལེགས་སོ། །ལེགས་སོ། །དགེ་སློང་འདི་ལྟ་སྟེ། ཁྱེད་ཀྱིས་བདག་གིས་ཆོས་ཀྱི་སྙིང་པོའི་དོན་དེ་ཚིག་རྒྱས་པའི་སྒོ་ནས་བསྟན་པ་ལེགས་སོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ནི་ཀུན་ནས་ཉོན་མོངས་པ་དང་འབྲེལ་བའི་ཆོས་ཡིན་པས་མྱུར་དུ་སྤང་བར་བྱའོ། །སྤངས་བར་བྱས་ནས་ཀྱང་། ཆོས་ཀྱི་དོན་ལ་བརྟེན་པའི་ཕན་པར་འགྱུར་ཞིང་ཡུན་རིང་དུ་བདེ་བ་ལ་གནས་པར་འགྱུར་རོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་ཀུན་ནས་ཉོན་མོངས་པ་དང་འབྲེལ་བའི་ཆོས་ཡིན་པས་དེ་མྱུར་དུ་སྤང་བར་བྱའོ། །སྤངས་བར་བྱས་ནས་ཀྱང་། ཆོས་ཀྱི་དོན་ལ་བརྟེན་པས་ཕན་པར་འགྱུར་ཞིང་ཡུན་རིང་དུ་བདེ་བ་ལ་གནས་པར་འགྱུར་རོ། །དེའི་ཚེ། དགེ་སློང་དེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཐོས་ནས། རྗེས་སུ་ཡི་རངས་ཏེ་སེམས་དགའ་བ་ཆེན་པོས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་རབ་ཏུ་ཕྱག་འཚལ་ནས་ཕྱིན་ཏོ། །དེ་ནས་དགེ་སློང་དེ་དབེན་པའི་གནས་ཤིག་ཏུ་བག་མེད་པ་སྤོང་བའི་སྒོ་ནས་སྒོམ་པར་བྱས་ནས་དགྲ་བཅོམ་པའི་གོ་འཕང་ཐོབ་སྟེ་སེམས་རྣམ་པར་གྲོལ་བར་གྱུར་ཏོ། །
༼༢༡༽འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ། དགེ་སློང་ཞིག་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ལ་མགོ་བོས་རབ་ཏུ་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་འདི་སྐད་དུ་གསོལ་དོ། །བཙུན་པ་བཅོམ་ལྡན་འདས། བདག་ལ་ཕན་པའི་ཕྱིར་ཆོས་ཀྱི་སྙིང་པོ་བསྟན་དུ་གསོལ། བདག་གིས་ལེགས་པར་མཉན་ནས་དབེན་པའི་གནས་སུ་ཕྱོགས་གཅིག་ཏུ་བསྡད་དེ་བག་མེད་པ་སྤང་བའི་སྒོ་ནས་བསྒོམ་པར་བྱའོ། །བག་མེད་པ་སྤངས་ནས་སླར་ཡང་འདི་ལྟར་ཡིད་ལ་བྱ་སྟེ། རིགས་ཀྱི་བུ་གང་ཞིག་རབ་ཏུ་བྱུང་ནས་སྐྲ་དང་ཁ་སྤུ་འབྲེག ལུས་ལ་ཆོས་གོས་གསོལ། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་། བླ་ན་མེད་པའི་ཚངས་པར་སྤྱོད་པ་མཐར་ཕྱིན་པའི་ཕྱིར་དུ་ཆོས་རྣམས་ཀྱི་ཆོས་ཉིད་མངོན་སུམ་དུ་རྟོགས་པར་བྱ་སྟེ། བདག་གི་སྐྱེ་བ་ནི་ཟད། ཚངས་པར་སྤྱོད་པ་ནི་བསྒྲུབས། བྱ་བ་རྣམས་ནི་བྱས་སོ། །བདག་གིས་འབྱུང་བར་འགྱུར་བའི་སྐྱེ་བ་མི་ལེན་པ་ཡང་ཤེས་སོ། །དེའི་ཚེ། བཅོམ་ལྡན་འདས་ཀྱིས་དགེ་སློང་ལ་བཀའ་སྩལ་པ། ལེགས་སོ། །ལེགས་སོ། །ཁྱེད་ཀྱིས་བདག་ལ་བཅོམ་ལྡན་འདས། བདག་གི་ཆེད་དུ་ཆོས་ཀྱི་སྙིང་པོ་བསྟན་དུ་གསོལ། ཆོས་ཀྱི་སྙིང་པོ་བསྟན་པའི་དོན་དེ་ཚིག་རྒྱས་པའི་སྒོ་ནས་བསྟན་དུ་གསོལ། བདག་གིས་བག་མེད་པ་ཡོངས་སུ་སྤངས་ནས་དབེན་པའི་གནས་ཤིག་ཏུ་བརྩོན་པ་ཆེན་པོས་ཉམས་སུ་བླང་བར་བྱའོ་ཞེས་པ་ནས་སྐྱེ་བ་ཕྱི་མ་མི་ལེན་པའི་བར་དུ་སྨྲས་པ་ཡིན་ནམ། དེའི་ཚེ། དགེ་སློང་གིས་གསོལ་བ། བཅོམ་ལྡན་འདས། དེ་ལྟར་དུ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་ལ་བཀའ་སྩལ་པ། ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་ཁྱེད་ལ་བསྟན་པར་བྱའོ། །དགེ་སློང་། འདི་ལྟ་སྟེ། སེམས་གཡོ་བ་ལ་བདུད་ཀྱིས་རྣམ་པར་འཆིང་བར་འགྱུར་རོ། །སེམས་མི་གཡོ་བས་བདུད་དགའ་རབ་དབང་ཕྱུག་ལས་རྣམ་པར་གྲོལ་བར་འགྱུར་རོ། །དེའི་ཚེ། དགེ་སློང་དེས་བཅོམ་ལྡན་འདས་ལ་གསོལ་བ། ལགས་སོ་བཅོམ་ལྡན་འདས། དེ་ལྟར་དུ་ཤེས་སོ། །ལགས་སོ་བདེ་བར་གཤེགས་པ། དེ་ལྟར་དུ་ཤེས་སོ། ། བཅོམ་ལྡན་འདས་ཀྱིས་དགེ་སློང་ལ་བཀའ་སྩལ་པ། ཅིའི་ཕྱིར་ན་བདག་གིས་ཆོས་ཀྱི་སྙིང་པོ་བསྟན་པའི་དོན་དེ་སླར་ཡང་རྒྱས་པའི་ཚིག་གིས་བསྟན་པར་བྱ། དགེ་སློང་དེས་བཅོམ་ལྡན་འདས་ལ་གསོལ་བ། བཙུན་པ་བཅོམ་ལྡན་འདས། གཟུགས་ལ་དམིགས་ནས་སེམས་གཡོ་བ་ན་བདུད་ཀྱིས་རྣམ་པར་འཆིང་བར་འགྱུར་རོ། །སེམས་མི་གཡོ་བས་བདུད་དགའ་རབ་དབང་ཕྱུག་ལས་རྣམ་པར་གྲོལ་བར་འགྱུར་རོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་ལ་དམིགས་ནས་སེམས་གཡོ་བ་ན་བདུད་ཀྱིས་རྣམ་པར་འཆིང་བར་འགྱུར་རོ། །སེམས་མི་གཡོ་བས་བདུད་དགའ་རབ་དབང་ཕྱུག་ལས་རྣམ་པར་གྲོལ་བར་འགྱུར་རོ། །དེའི་ཕྱིར། བདག་གིས་ཁྱེད་ཀྱིས་བསྟན་པའི་ཆོས་ཀྱི་སྙིང་པོའི་དོན་དེ་ཚིག་རྒྱས་པའི་སྒོ་ནས་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་ལེགས་སོ། །ལེགས་སོ། །དགེ་སློང་འདི་ལྟ་སྟེ། ཁྱེད་ཀྱིས་བདག་གིས་ཆོས་ཀྱི་སྙིང་པོའི་དོན་དེ་ཚིག་རྒྱས་པའི་སྒོ་ནས་བསྟན་པ་ལེགས་སོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ལ་དམིགས་ནས་སེམས་གཡོ་བ་ན་བདུད་ཀྱིས་རྣམ་པར་འཆིང་བར་འགྱུར་རོ། །སེམས་མི་གཡོ་བས་བདུད་དགའ་རབ་དབང་ཕྱུག་ལས་རྣམ་པར་གྲོལ་བར་འགྱུར་རོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་ལ་དམིགས་ནས་སེམས་གཡོ་བ་ན་བདུད་ཀྱིས་རྣམ་པར་འཆིང་བར་འགྱུར་རོ། །སེམས་མི་གཡོ་བས་བདུད་དགའ་རབ་དབང་ཕྱུག་ལས་རྣམ་པར་གྲོལ་བར་འགྱུར་རོ་ཞེས་པ་ནས་བདག་གིས་འབྱུང་བར་འགྱུར་བའི་སྐྱེ་བ་མི་ལེན་པར་ཡང་ཤེས་སོ་ཞེས་པའི་བར་དུའོ། །དེ་ནས་སེམས་རྣམ་པར་གྲོལ་ནས་དགྲ་བཅོམ་པའི་གོ་འཕང་ཐོབ་པའོ། །
༼༢༢༽འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ། དགེ་སློང་ཇེའུ་པོ་ཞེས་བྱ་བ་བཅོམ་ལྡན་འདས་ཀྱི་གནས་ག་ལ་བ་དེར་འོངས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་རབ་ཏུ་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ ། དེ་ནས་དགེ་སློང་དེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་དོ། །བཙུན་པ་བཅོམ་ལྡན་འདས། ཁྱེད་ཀྱིས་དགེ་སློང་རྣམས་ལ་སེམས་རྣམ་པར་གྲོལ་བར་བྱའོ་ཞེས་གསུངས་ན། བཅོམ་ལྡན་འདས་ཁྱེད་ཀྱིས་དགེ་སློང་རྣམས་ལ་ཅིའི་ཕྱིར་སེམས་རྣམ་པར་གྲོལ་བར་བྱ་ཞེས་གསུངས་པ་ལགས། དེའི་ཚེ། བཅོམ་ལྡན་འདས་ཀྱིས་བཙུན་པ་ཇེའུ་པོ་ལ་བཀའ་སྩལ་པ། ལེགས་སོ། །ལེགས་སོ། །ཁྱེད་ཀྱིས་དེ་བཞིན་གཤེགས་པ་ལ་སེམས་རྣམ་པར་གྲོལ་བ་ཞེས་པའི་དྲི་བ་འདྲི་བར་བྱེད་པ་ནི་ཤིན་ཏུ་ལེགས་སོ། །བཙུན་པ་ཇེའུ་པོ། ཁྱེད་ཀྱིས་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་ཁྱེད་ལ་བསྟན་པར་བྱའོ། །བཙུན་པ་ཇེའུ་པོ། གཟུགས་རྣམས་ལ་ཡོངས་སུ་བརྟག་པར་བྱ་སྟེ། དེ་ཡང་འདི་ལྟ་སྟེ། འདས་པ་དང་། མ་འོངས་བ་དང་། ད་ལྟ་དང་། ནང་དང་། ཕྱི་དང་། རགས་པ་དང་། ཕྲ་བ་དང་། མཛེས་པ་དང་། བཙོག་པ་དང་། རིང་བ་དང་། ཉེ་བའི་གཟུགས་རྣམས་ལ་ཡོངས་སུ་བརྟགས་ནས་ཐམས་ཅད་མི་རྟག་པའི་རང་བཞིན་དུ་ཤེས་པར་བྱའོ། །དེ་ལྟར་མི་རྟག་པ་ཉིད་དུ་ཡོངས་སུ་ཤེས་པས། གཟུགས་ལ་སྲེད་པ་སྤང་བར་འགྱུར་རོ། །གང་ཞིག་གཟུགས་ལ་སྲེད་པ་ཡོངས་སུ་སྤངས་བས། སེམས་རྣམ་པར་གྲོལ་བར་འགྱུར་རོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་ལ་ཡོངས་སུ་བརྟག་པར་བྱ་སྟེ། འདས་པ་དང་། མ་འོངས་བ་དང་། ད་ལྟ་དང་། ནང་དང་། ཕྱི་དང་། རགས་པ་དང་། ཕྲ་བ་དང་། མཛེས་པ་དང་། བཙོག་པ་དང་། རིང་བ་དང་། ཉེ་བའི་ཆོས་དེ་དག་ལ་ཡོངས་སུ་བརྟགས་པས་དེ་དག་ཐམས་ཅད་མི་རྟག་པར་ཤེས་པར་འགྱུར་རོ། །མི་རྟག་པ་ཡོངས་སུ་ཤེས་པས་རྣམ་པར་ཤེས་པ་སོགས་ལ་སྲེད་པ་སྤང་བར་འགྱུར་རོ། །གང་ཞིག་རྣམ་པར་ཤེས་པ་སོགས་ལ་སྲེད་པ་ཡོངས་སུ་སྤངས་བས་སེམས་རྣམ་པར་གྲོལ་བར་འགྱུར་རོ་ཞེས་བདག་སྨྲའོ། །བཙུན་པ་ཇེའུ་པོ། དེ་ལྟར་དགེ་སློང་དག་གི་སེམས་རྣམ་པར་གྲོལ་བས་སེམས་རྣམ་པར་གྲོལ་བར་བྱ་ཞེས་དེ་བཞིན་གཤེགས་པ་སྨྲའོ། །དེ་ཅིའི་ཕྱིར་ཞེ་ན། འདོད་པའི་སྲེད་པ་ཡོངས་སུ་སྤོང་བའི་ཕྱིར་རོ། །གང་ཞིག་འདོད་པའི་སྲེད་པ་ཡོངས་སུ་སྤངས་བས་སེམས་རྣམ་པར་གྲོལ་བར་འགྱུར་རོ་ཞེས་དེ་བཞིན་གཤེགས་པ་སྨྲའོ། །དེའི་ཚེ། དགེ་སློང་ཇེའུ་པོས་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་ཐོས་ནས་སེམས་རབ་ཏུ་དགའ་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱིན་ཏོ། །དེའི་ཚེ། དགེ་སློང་ཇེའུ་པོས་དེ་བཞིན་གཤེགས་པའི་གདམས་པ་ཡོངས་སུ་རྟོགས་ནས་དབེན་པའི་གནས་སུ་ཕྱོགས་གཅིག་ཏུ་བསྡད་དེ་བག་མེད་པ་སྤོང་བའི་སྒོ་ནས་ནན་ཏན་གྱིས་ཡང་དག་པའི་དོན་ལ་ཞུགས་སོ་ཞེས་པ་ནས་སྐྱེ་བ་ཕྱི་མ་མི་ལེན་པའི་བར་དུའོ། །དེ་ནས་སེམས་རྣམ་པར་གྲོལ་ནས་དགྲ་བཅོམ་པའི་གོ་འཕང་ཐོབ་པའོ། །
༼༢༣༽འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀ་ལན་ཏ་ཀའི་སྨྱུག་མའི་ཚལ་ན་བཞུགས་སོ། །དེའི་ཚེ། བཙུན་པ་སྒྲ་གཅན་འཛིན་བཅོམ་ལྡན་འདས་ག་ལ་བ་དེར་སོང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་རབ་ཏུ་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ །དེ་ནས་བཅོམ་ལྡན་འདས་ལ་གསོལ་བ། བཅོམ་ལྡན་འདས། ཇི་ལྟར་བྱས་ཏེ་བདག་གི་རྣམ་པར་ཤེས་པ་དང་། ལུས་དང་། ཕྱི་རོལ་གྱི་དངོས་པོ་རྣམས་ཡོངས་སུ་ཤེས་ཤིང་མཐོང་ནས་བདག་དང་། བདག་གི་བ་དང་། བདག་ཏུ་ང་རྒྱལ་བ་བཅས་ཀྱི་འཆིང་བ་རྣམས་མེད་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཙུན་པ་སྒྲ་གཅན་འཛིན་ལ་བཀའ་སྩལ་པ། ལེགས་སོ། །ལེགས་སོ། །ཁྱེད་ཀྱིས་བདག་ལ་བཅོམ་ལྡན་འདས། ཇི་ལྟར་བྱས་ཏེ་བདག་གི་རྣམ་པར་ཤེས་པ་དང་། ལུས་དང་། ཕྱི་རོལ་གྱི་དངོས་པོ་རྣམས་ཡོངས་སུ་ཤེས་ཤིང་མཐོང་ནས་བདག་དང་། བདག་གི་བ་དང་། བདག་ཏུ་ང་རྒྱལ་བ་བཅས་ཀྱི་འཆིང་བ་རྣམས་མེད་པར་འགྱུར་རོ་ཞེས་དྲིས་པ་ཡིན་ནམ། བཙུན་པ་སྒྲ་གཅན་འཛིན་གྱིས་གསོལ་བ། བཅོམ་ལྡན་འདས། དེ་ལྟར་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཙུན་པ་སྒྲ་གཅན་འཛིན་ལ་བཀའ་སྩལ་པ། ཁྱེད་ཀྱིས་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་ཁྱེད་ལ་བསྟན་པར་བྱའོ། །བཙུན་པ་སྒྲ་གཅན་འཛིན། འདི་ལྟ་སྟེ། འདས་པ་དང་། མ་འོངས་བ་དང་། ད་ལྟ་དང་། ནང་དང་། ཕྱི་དང་། རགས་པ་དང་། ཕྲ་བ་དང་། མཛེས་པ་དང་། བཙོག་པ་དང་། རིང་བ་དང་། ཉེ་བའི་གཟུགས་རྣམས་ལ་ཡོངས་སུ་བརྟགས་པས་དེ་དག་ཐམས་ཅད་བདག་མ་ཡིན་པ་དང་། བདག་ལས་གཞན་མ་ཡིན་པ་དང་། བདག་ཤེས་རིག་གི་སྐྱེས་བུ་མི་ལྡན་པའོ་ཞེས་མཉམ་པ་ཉིད་ཀྱི་ཤེས་རབ་ཀྱིས་ཡོངས་སུ་བལྟ་བར་བྱའོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་ལ་ཡོངས་སུ་བརྟགས་པར་བྱ་སྟེ། འདས་པ་དང་། མ་འོངས་བ་དང་། ད་ལྟ་དང་། ནང་དང་། ཕྱི་དང་། རགས་པ་དང་། ཕྲ་བ་དང་། མཛེས་པ་དང་། བཙོག་པ་དང་། རིང་བ་དང་། ཉེ་བའི་ཆོས་དེ་དག་ལ་ཡོངས་སུ་བརྟགས་པས་དེ་དག་ཐམས་ཅད་ཀྱང་བདག་མ་ཡིན་པ་དང་། བདག་ལས་གཞན་མ་ཡིན་པ་དང་། བདག་ཤེས་རིག་གི་སྐྱེས་བུ་མི་ལྡན་པའོ་ཞེས་མཉམ་པ་ཉིད་ཀྱི་ཤེས་རབ་ཀྱིས་ཡོངས་སུ་བལྟ་བར་བྱའོ། །བཙུན་པ་སྒྲ་གཅན་འཛིན། དགེ་སློང་གང་ཞིག་དེ་ལྟར་ཤེས་པ་དང་། དེ་ལྟར་མཐོང་བར་བྱའོ། །གང་ཞིག་དེ་ལྟར་ཤེས་པ་དང་། དེ་ལྟར་དུ་མཐོང་བས་རྣམ་པར་ཤེས་པ་དང་། ལུས་དང་། ཕྱི་རོལ་གྱི་དངོས་པོ་རྣམས་ལ་བདག་དང་། བདག་གི་བ་དང་། བདག་ཏུ་ང་རྒྱལ་བ་བཅས་ཀྱི་འཆིང་བ་རྣམས་མེད་པར་འགྱུར་རོ། །བཙུན་པ་སྒྲ་གཅན་འཛིན། དགེ་སློང་གང་ཞིག་བདག་གི་རྣམ་པར་ཤེས་པ་དང་། ལུས་དང་། ཕྱི་རོལ་གྱི་དངོས་པོ་རྣམས་ལ་བདག་དང་། བདག་གི་བ་དང་། བདག་ཏུ་ང་རྒྱལ་བ་བཅས་ཀྱི་འཆིང་བ་རྣམས་མེད་པས། དགེ་སློང་དེ་ལ་ནི་འདོད་པའི་སྲེད་པ་རྣམས་བཅད་པ་དང་། ཉོན་མོངས་པའི་མདུད་པ་རྣམས་གྲོལ་བ་དང་། སྒྲིབ་པ་རྣམ་པར་དག་པ་དང་། སྡུག་བསྔལ་ཐམས་ཅད་ཀྱིས་མཐའ་ཟད་པ་ཞེས་བྱའོ། །དེའི་ཚེ། བཙུན་པ་སྒྲ་ཅན་འཛིན་གྱིས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཐོས་ནས། སེམས་རབ་ཏུ་དགའ་ནས་ཉམས་སུ་བླངས་པར་བྱས་སོ། །
༼༢༤༽འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀ་ལན་ཏ་ཀའི་སྨྱུག་མའི་ཚལ་ན་བཞུགས་སོ། །དེའི་ཚེ། བཅོམ་ལྡན་འདས་ཀྱིས་སྒྲ་གཅན་འཛིན་ལ་བཀའ་སྩལ་པ། དགེ་སློང་། ཇི་ལྟར་བྱས་ན་བདག་གི་རྣམ་པར་ཤེས་པ་དང་། ལུས་དང་། ཕྱི་རོལ་གྱི་དངོས་པོ་རྣམས་ཡོངས་སུ་ཤེས་ཤིང་མཐོང་ནས་བདག་དང་། བདག་གི་བ་དང་། བདག་ཏུ་ང་རྒྱལ་བ་བཅས་ཀྱི་འཆིང་བ་རྣམས་མེད་པར་འགྱུར་རོ། །སྒྲ་ཅན་འཛིན་གྱིས་གསོལ་བ། བཅོམ་ལྡན་འདས་ནི་ཆོས་ཀྱི་བདག་པོ་དང་། འདྲེན་པར་གྱུར་པ་དང་། མགོན་དུ་གྱུར་པ་ཡིན་ནོ། ། ལགས་སོ། །བཅོམ་ལྡན་འདས། ཉིད་ཀྱིས་དགེ་སློང་རྣམས་ལ་དེའི་དོན་བསྟན་དུ་གསོལ། དགེ་སློང་རྣམས་ཀྱིས་ཐོས་ནས་ཀྱང་ཚུལ་བཞིན་དུ་ཉམས་སུ་ལེན་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཙུན་པ་སྒྲ་གཅན་འཛིན་ལ་བཀའ་སྩལ་པ། ཁྱེད་ཀྱིས་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་ཁྱེད་ལ་བསྟན་པར་བྱའོ། །དེ་ནས་སྒྲ་གཅན་འཛིན་གྱིས་གསོལ་བ། ལགས་སོ། །དེ་དེ་བཞིན་དུ་འཛིན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཙུན་པ་སྒྲ་གཅན་འཛིན་ལ་བཀའ་སྩལ་པ། སྒྲ་གཅན་འཛིན། འདི་ལྟ་སྟེ། འདས་པ་དང་། མ་འོངས་བ་དང་། ད་ལྟ་དང་། ནང་དང་། ཕྱི་དང་། རགས་པ་དང་། ཕྲ་བ་དང་། མཛེས་པ་དང་། བཙོག་པ་དང་། རིང་བ་དང་། ཉེ་བའི་གཟུགས་རྣམས་ལ་ཡོངས་སུ་བརྟགས་པས་དེ་དག་ཐམས་ཅད་བདག་མ་ཡིན་པ་དང་། བདག་ལས་གཞན་མ་ཡིན་པ་དང་། བདག་ཤེས་རིག་གི་སྐྱེས་བུ་མི་ལྡན་པའོ་ཞེས་མཉམ་པ་ཉིད་ཀྱི་ཤེས་རབ་ཀྱིས་ཡོངས་སུ་བལྟ་བར་བྱའོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་ལ་ཡོངས་སུ་བརྟགས་པར་བྱ་སྟེ། འདས་པ་དང་། མ་འོངས་པ་དང་། ད་ལྟ་དང་། ནང་དང་། ཕྱི་དང་། རགས་པ་དང་། ཕྲ་བ་དང་། མཛེས་པ་དང་། བཙོག་པ་དང་། རིང་བ་དང་། ཉེ་བའི་ཆོས་དེ་དག་ལ་ཡོངས་སུ་བརྟགས་པས་དེ་དག་ཐམས་ཅད་ཀྱང་བདག་མ་ཡིན་པ་དང་། བདག་ལས་གཞན་མ་ཡིན་པ་དང་། བདག་ཤེས་རིག་གི་སྐྱེས་བུ་མི་ལྡན་པའོ་ཞེས་མཉམ་པ་ཉིད་ཀྱི་ཤེས་རབ་ཀྱིས་ཡོངས་སུ་བལྟ་བར་བྱའོ། །དགེ་སློང་གང་གིས་དེ་ལྟར་ཤེས་པ་དང་། དེ་ལྟར་དུ་མཐོང་བས་རྣམ་པར་ཤེས་པ་དང་། ལུས་དང་། ཕྱི་རོལ་གྱི་དངོས་པོ་རྣམས་ལ་བདག་དང་། བདག་གི་བ་དང་། བདག་ཏུ་ང་རྒྱལ་བ་བཅས་ཀྱི་འཆིང་བ་རྣམས་མེད་པར་འགྱུར་རོ། །སྒྲ་ཅན་འཛིན། དེ་ལྟར་དུ་ཤེས་པ་དང་། དེ་ལྟར་དུ་མཐོང་བས། རྣམ་པར་ཤེས་པ་དང་། ལུས་དང་། ཕྱི་རོལ་གྱི་དངོས་པོ་རྣམས་ལ་བདག་དང་། བདག་གི་བ་དང་། བདག་ཏུ་ང་རྒྱལ་བ་བཅས་ཀྱི་འཆིང་བ་རྣམས་མེད་པར་འགྱུར་བས། སོམ་ཉི་ལས་ཡོངས་སུ་བརྒལ་བ་དང་། མཚན་མ་ལས་ཡོངས་སུ་འདས་པ་དང་། ཞི་བ་དང་། རྣམ་པར་གྲོལ་བར་འགྱུར་རོ། །དགེ་སློང་། དེ་ལ་ནི་འདོད་པའི་སྲེད་པ་རྣམས་བཅད་པ་དང་། ཉོན་མོངས་པའི་མདུད་པ་རྣམས་གྲོལ་བ་དང་། སྒྲིབ་པ་རྣམ་པར་དག་པ་དང་། སྡུག་བསྔལ་ཐམས་ཅད་ཀྱི་མཐའ་ཟད་པ་ཞེས་བྱའོ། །དེའི་ཚེ། བཙུན་པ་སྒྲ་ཅན་འཛིན་གྱིས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཐོས་ནས། རྗེས་སུ་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱི་གསུངས་པ་ལ་མངོན་པར་བསྟོད་དོ། །དེ་ལྟར་ཉོན་མོངས་པའི་རྗེས་སུ་འབྲེལ་བ་དང་། འཁོར་བའི་གྲངས་རྣམ་པར་འཕེལ་བ་དང་། བདག་མ་ཡིན་པ་དང་། དེ་ཉིད་མ་ཡིན་པ་དང་། མདུད་པས་འཆིང་བ་དང་། ཉོན་མོངས་པས་གོས་པ་དང་། བདུད་ཀྱིས་གཡོ་བ་དང་། ཇེའུ་པོ་ཞེས་པའི་མདོ་དང་། སྒྲ་གཅན་འཛིན་གྱིས་ཞུས་པའི་མདོ་གཉིས་ཞེས་བསྟན་པའོ། །
༼༢༥༽འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ། དགེ་སློང་ཞིག་བཅོམ་ལྡན་འདས་ག་ལ་བ་དེར་འོངས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་རབ་ཏུ་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ ། དེ་ནས་དགེ་སློང་དེས་བཅོམ་ལྡན་འདས་ལ་གསོལ་བ། བཅོམ་ལྡན་འདས། ཉིད་ཀྱིས་མང་དུ་ཐོས་པ་ཞེས་གསུངས་ན། མང་དུ་ཐོས་པ་དེ་གང་ལགས། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་ལ་བཀའ་སྩལ་བ། ལེགས་སོ། །ལེགས་སོ། །ཁྱེད་ཀྱིས་བདག་ལ་མང་དུ་ཐོས་པའི་དོན་འདྲི་བ་ཡིན་ནམ། དགེ་སློང་དེས་བཅོམ་ལྡན་འདས་ལ་གསོལ་བ། ལགས་སོ། །བཅོམ་ལྡན་འདས། དེ་ལྟར་དུ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་ལ་བཀའ་སྩལ་བ། ཁྱེད་ཀྱིས་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་ཁྱེད་ལ་བསྟན་པར་བྱའོ། །དགེ་སློང་། འདི་ལྟ་སྟེ། གང་ཞིག་གཟུགས་ངེས་པར་འབྱུང་བ་དང་། འདོད་པ་དང་བྲལ་བ་དང་། འགོག་པར་འགྱུར་བ་དང་། ཞི་བར་འགྱུར་བའི་ཆོས་སུ་ཐོས་པར་གྱུར་ན། དེ་ལ་མང་དུ་ཐོས་པ་ཞེས་བྱའོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་ཀྱང་ངེས་པར་འབྱུང་བ་དང་། འདོད་པ་དང་བྲལ་བ་དང་། འགོག་པར་འགྱུར་བ་དང་། ཞི་བར་འགྱུར་བའི་ཆོས་སུ་ཐོས་པར་གྱུར་ན། དེ་ལ་མང་དུ་ཐོས་པ་ཞེས་བྱའོ། །དགེ་སློང་། འདི་ལྟ་སྟེ། དེ་ལ་དེ་བཞིན་གཤེགས་པས་གསུངས་བའི་མང་དུ་ཐོས་པ་ཞེས་བྱའོ། །དེའི་ཚེ། དགེ་སློང་དེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཐོས་ནས། སེམས་རབ་ཏུ་དགའ་སྟེ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་རང་གི་གནས་སུ་ཕྱིན་ཏོ། །
༼༢༦༽འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ། དགེ་སློང་ཞིག་བཅོམ་ལྡན་འདས་ག་ལ་བ་དེར་འོངས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་རབ་ཏུ་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ ། དེ་ནས་དགེ་སློང་དེས་བཅོམ་ལྡན་འདས་ལ་གསོལ་བ། བཅོམ་ལྡན་འདས། ཉིད་ཀྱིས་ཆོས་སྨྲ་བའི་དགེ་བའི་བཤེས་གཉེན་ཞེས་གསུངས་ན། ཆོས་སྨྲ་བའི་དགེ་བའི་བཤེས་གཉེན་དེ་གང་ལགས། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་ལ་བཀའ་སྩལ་བ། ལེགས་སོ། །ལེགས་སོ། །ཁྱེད་ཀྱིས་བདག་ལ་ཆོས་སྨྲ་བའི་དགེ་བའི་བཤེས་གཉེན་གྱི་དོན་འདྲི་བ་ཡིན་ནམ། དགེ་སློང་དེས་བཅོམ་ལྡན་འདས་ལ་གསོལ་བ། ལགས་སོ། །བཅོམ་ལྡན་འདས། དེ་ལྟར་དུ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་ལ་བཀའ་སྩལ་བ། ཁྱེད་ཀྱིས་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་ཁྱེད་ལ་བསྟན་པར་བྱའོ། །དགེ་སློང་། འདི་ལྟར་ཤེས་པར་བྱ་སྟེ། གང་ཞིག་གཟུགས་ངེས་པར་འབྱུང་བ་དང་། འདོད་པ་དང་བྲལ་བ་དང་། འགོག་པར་འགྱུར་བ་དང་། ཞི་བར་འགྱུར་བའི་ཆོས་སུ་སྨྲ་བར་གྱུར་ན། དེ་ལ་ཆོས་སྨྲ་བའི་དགེ་བའི་བཤེས་གཉེན་ཞེས་བྱའོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་ཀྱང་ངེས་པར་འབྱུང་བ་དང་། འདོད་པ་དང་བྲལ་བ་དང་། འགོག་པར་འགྱུར་བ་དང་། ཞི་བར་འགྱུར་བའི་ཆོས་སུ་སྨྲ་བར་གྱུར་ན། དེ་ལ་ཆོས་སྨྲ་བའི་དགེ་བའི་བཤེས་གཉེན་ཞེས་བྱའོ། །དགེ་སློང་། འདི་ལྟ་སྟེ། དེ་ལ་དེ་བཞིན་གཤེགས་པས་གསུངས་བའི་ཆོས་སྨྲ་བའི་དགེ་བའི་གཤེས་གཉེན་ཞེས་བྱའོ། །དེའི་ཚེ། དགེ་སློང་དེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཐོས་ནས། སེམས་རབ་ཏུ་དགའ་སྟེ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་རང་གི་གནས་སུ་ཕྱིན་ཏོ། །
༼༢༧༽འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ། དགེ་སློང་ཞིག་བཅོམ་ལྡན་འདས་ག་ལ་བ་དེར་འོངས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་རབ་ཏུ་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ ། དེ་ནས་དགེ་སློང་དེས་བཅོམ་ལྡན་འདས་ལ་གསོལ་བ། བཅོམ་ལྡན་འདས། ཉིད་ཀྱིས་ཆོས་ཀྱི་རྗེས་སུ་འབྲངས་བ་དང་ཆོས་ཀྱི་རྗེས་སུ་ཞུགས་པ་ཞེས་གསུངས་ན། ཆོས་ཀྱི་རྗེས་སུ་འབྲངས་བ་དང་ཆོས་ཀྱི་རྗེས་སུ་ཞུགས་པ་དེ་གང་ལགས། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་ལ་བཀའ་སྩལ་བ། ལེགས་སོ། །ལེགས་སོ། །ཁྱེད་ཀྱིས་བདག་ལ་ཆོས་ཀྱི་རྗེས་སུ་འབྲངས་བ་དང་ཆོས་ཀྱི་རྗེས་སུ་ཞུགས་པ་ཞེས་པའི་དོན་འདྲི་བ་ཡིན་ནམ། དགེ་སློང་དེས་བཅོམ་ལྡན་འདས་ལ་གསོལ་བ། ལགས་སོ། །བཅོམ་ལྡན་འདས། དེ་ལྟར་དུ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་ལ་བཀའ་སྩལ་བ། ཁྱེད་ཀྱིས་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་ཁྱེད་ལ་བསྟན་པར་བྱའོ། །དགེ་སློང་། འདི་ལྟ་སྟེ། གང་ཞིག་གཟུགས་ངེས་པར་འབྱུང་བ་དང་། འདོད་པ་དང་བྲལ་བ་དང་། འགོག་པར་འགྱུར་བ་དེ་ལ་ཆོས་ཀྱི་རྗེས་སུ་འབྲངས་བ་དང་ཆོས་ཀྱི་རྗེས་སུ་ཞུགས་པ་ཞེས་བྱའོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་ཀྱང་ངེས་པར་འབྱུང་བ་དང་། འདོད་པ་དང་བྲལ་བ་དང་། འགོག་པར་འགྱུར་བ་དེ་ལ་ཆོས་ཀྱི་རྗེས་སུ་འབྲངས་བ་དང་ཆོས་ཀྱི་རྗེས་སུ་ཞུགས་པ་ཞེས་བྱའོ། །དགེ་སློང་། འདི་ལྟ་སྟེ། དེ་ལ་དེ་བཞིན་གཤེགས་པས་གསུངས་བའི་ཆོས་ཀྱི་རྗེས་སུ་འབྲངས་བ་དང་ཆོས་ཀྱི་རྗེས་སུ་ཞུགས་པ་ཞེས་བྱའོ། །དེའི་ཚེ། དགེ་སློང་དེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཐོས་ནས། སེམས་རབ་ཏུ་དགའ་སྟེ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་རང་གི་གནས་སུ་ཕྱིན་ཏོ། །
༼༢༨༽འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ། དགེ་སློང་གཅིག་བཅོམ་ལྡན་འདས་ག་ལ་བ་དེར་འོངས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་རབ་ཏུ་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ ། དེ་ནས་དགེ་སློང་དེས་བཅོམ་ལྡན་འདས་ལ་གསོལ་བ། བཅོམ་ལྡན་འདས། ཉིད་ཀྱིས་ཆོས་མཐོང་ནས་མྱ་ངན་ལས་འདས་པ་ཐོབ་པར་གསུངས་ན། དགེ་སློང་གང་གིས་ཆོས་མཐོང་ནས་མྱ་ངན་ལས་འདས་པ་ཐོབ་པ་དེ་གང་ལགས། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་ལ་བཀའ་སྩལ་བ། ལེགས་སོ། །ལེགས་སོ། །ཁྱེད་ཀྱིས་ཆོས་མཐོང་ནས་མྱ་ངན་ལས་འདས་པ་ཐོབ་པའི་དོན་འདྲི་བ་ཡིན་ནམ། དགེ་སློང་དེས་བཅོམ་ལྡན་འདས་ལ་གསོལ་བ། ལགས་སོ། །བཅོམ་ལྡན་འདས། དེ་ལྟར་དུ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་ལ་བཀའ་སྩལ་བ། ཁྱེད་ཀྱིས་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་ཁྱེད་ལ་བསྟན་པར་བྱའོ། །དགེ་སློང་། འདི་ལྟ་སྟེ། གང་ཞིག་གཟུགས་ངེས་པར་འབྱུང་བ་དང་། འདོད་པ་དང་བྲལ་བ་དང་། འགོག་པར་འགྱུར་བ་དང་། ཟག་པའི་ཉོན་མོངས་པ་མི་འབྱུང་བ་དང་། སེམས་ཡང་དག་པར་གྲོལ་བ་ལ་ཆོས་སུ་མཐོང་ནས་མྱ་ངན་ལས་འདས་པའི་དགེ་སློང་ཞེས་བྱའོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་ཀྱང་ངེས་པར་འབྱུང་བ་དང་། འདོད་པ་དང་བྲལ་བ་དང་། འགོག་པར་འགྱུར་བ་དང་། ཟག་པའི་ཉོན་མོངས་པ་མི་འབྱུང་བ་དང་། སེམས་ཡང་དག་པར་གྲོལ་བ་ལ་ཆོས་སུ་མཐོང་ནས་མྱ་ངན་ལས་འདས་པའི་དགེ་སློང་ཞེས་བྱའོ། །དེའི་ཚེ། དགེ་སློང་དེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཐོས་ནས། སེམས་རབ་ཏུ་དགའ་སྟེ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་རང་གི་གནས་སུ་ཕྱིན་ཏོ། །
༼༢༩༽འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ། དགེ་སློང་ཟན་མེས་ནེའུ་ཐུའུ་ཞེས་པ་ཞིག་བཅོམ་ལྡན་འདས་ག་ལ་བ་དེར་འོངས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་རབ་ཏུ་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ ། དེ་ནས་དགེ་སློང་དེས་བཅོམ་ལྡན་འདས་ལ་གསོལ་བ། བཅོམ་ལྡན་འདས། ཉིད་ཀྱིས་ཆོས་སྨྲ་བའི་དགེ་བའི་བཤེས་གཉེན་ཞེས་གསུངས་ན། ཆོས་སྨྲ་བའི་དགེ་བའི་བཤེས་གཉེན་དེ་གང་ལགས། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་ལ་བཀའ་སྩལ་བ། ཁྱེད་ཀྱིས་ཆོས་སྨྲ་བའི་དགེ་བའི་བཤེས་གཉེན་གྱི་དོན་འདྲི་བ་ཡིན་ནམ། དགེ་སློང་དེས་བཅོམ་ལྡན་འདས་ལ་གསོལ་བ། ལགས་སོ། །བཅོམ་ལྡན་འདས། དེ་ལྟར་དུ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་ལ་བཀའ་སྩལ་བ། ཁྱེད་ཀྱིས་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་ཁྱེད་ལ་བསྟན་པར་བྱའོ། །དགེ་སློང་། འདི་ལྟ་སྟེ། གང་ཞིག་གཟུགས་ངེས་པར་འབྱུང་བ་དང་། འདོད་པ་དང་བྲལ་བ་དང་། འགོག་པར་འགྱུར་བ་ན། དེ་ལ་ཆོས་སྨྲ་བའི་དགེ་བའི་བཤེས་གཉེན་ཞེས་བྱའོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་ཀྱང་ངེས་པར་འབྱུང་བ་དང་། འདོད་པ་དང་བྲལ་བ་དང་། འགོག་པར་གྱུར་བ་ན། དེ་ལ་ཆོས་སྨྲ་བའི་དགེ་བའི་བཤེས་གཉེན་ཞེས་བྱའོ། །དེའི་ཚེ། དགེ་སློང་དེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཐོས་ནས། སེམས་རབ་ཏུ་དགའ་སྟེ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་རང་གི་གནས་སུ་ཕྱིན་ཏོ། །མང་དུ་ཐོས་པ་དང་། ཆོས་སྨྲ་བ་དང་། ཆོས་སུ་ཞུགས་པ་དང་། མྱ་ངན་ལས་འདས་པ་དང་། ཟན་མེས་ནེའུ་ཐུའུ་ཡིས་སྤྲིངས་པའི་ཆོས་སྨྲ་བའི་དགེ་བའི་བཤེས་གཉེན་ཞེས་པ་བྱ་བའོ།།
༼༣༠༽འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀ་ལན་ཏ་ཀའི་སྨྱུག་མའི་ཚལ་ན་བཞུགས་སོ། །དེའི་ཚེ། བཙུན་པ་ཤཱ་རིའི་བུ་བྱ་རྒོད་ཕུང་པོའི་རི་བོ་ལ་བཞུགས་སོ། །ཡང་དུས་གཅིག་ན། ཁྱིམ་བདག་གི་བུ་གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རི་ཞེས་བྱ་བ། ཉིན་རེ་ལྟར། ཡུལ་བྱ་རྒོད་ཕུང་པོའི་རི་བོར་བཙུན་པ་ཤཱ་རིའི་བུ་ག་ལ་བ་དེར་སྤྲོ་གསེང་དུ་ཕྱིན་ཏོ། །གང་གི་ཚེ་དེར་ཕྱིན་ནས་ཀྱང་ཁམས་འདྲི་བ་སྔོན་དུ་སོང་ནས་ཕྱོགས་གཅིག་ཏུ་འདུག་གོ ། དེ་ནས་གྲོ་བཞིན་སྐྱེས་ཀྱིས་ཤཱ་རིའི་བུ་ལ་གསོལ་བ། དགེ་སྦྱོང་དང་བྲམ་ཟེ་གང་ཞིག་མི་རྟག་པ་དང་། འགྱུར་སླ་བ་དང་། བདེ་བ་མ་ཡིན་པའི་གཟུགས་ལ། འདི་ནི་བདག་ལས་མཆོག་གོ། འདི་ནི་བདག་དང་མཉམ་པའོ། །འདི་ནི་བདག་ལས་དམན་པའོ་ཞེས་སྨྲ་ན། དེ་ཅིའི་ཕྱིར་དགེ་སྦྱོང་དང་། བྲམ་ཟེ་དེ་དག་གིས་དེ་ལྟར་དུ་སེམས་པ་ནི་ཡང་དག་པ་མ་མཐོང་བ་ཡིན། དེ་བཞིན་དུ་དགེ་སྦྱོང་དང་། བྲམ་ཟེ་གང་ཞིག་མི་རྟག་པ་དང་། འགྱུར་སླ་བ་དང་། བདེ་བ་མ་ཡིན་པའི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་ལ་ཡང་འདི་ནི་བདག་ལས་མཆོག་གོ། འདི་ནི་བདག་དང་མཉམ་པའོ། །འདི་ནི་བདག་ལས་དམན་པའོ་ཞེས་སྨྲ་ན། དེ་ཅིའི་ཕྱིར་དགེ་སྦྱོང་དང་། བྲམ་ཟེ་དེ་དག་གིས་དེ་ལྟར་དུ་སེམས་པ་ནི་ཡང་དག་པ་མ་མཐོང་བ་ཡིན། དེ་ནས་ཤཱ་རིའི་བུས་གྲོ་བཞིན་སྐྱེས་ལ་བརྗོད་པ། དགེ་སྦྱོང་དང་བྲམ་ཟེ་གང་གིས་མི་རྟག་པ་དང་། འགྱུར་སླ་བ་དང་། བདེ་བ་མ་ཡིན་པའི་གཟུགས་ལ་འདི་ནི་བདག་ལས་མཆོག་གོ། འདི་ནི་བདག་དང་མཉམ་པའོ། །འདི་ནི་བདག་ལས་དམན་པའོ་ཞེས་སྨྲ་ན། དེ་ཅིའི་ཕྱིར་ཡང་དག་པ་མཐོང་བ་མ་ཡིན་པའོ། །དེ་བཞིན་དུ་མི་རྟག་པ་དང་། འགྱུར་སླ་བ་དང་། བདེ་བ་མ་ཡིན་པའི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་ལ་འདི་ནི་བདག་ལས་མཆོག་གོ། འདི་ནི་བདག་དང་མཉམ་པའོ། །འདི་ནི་བདག་ལས་དམན་པའོ་ཞེས་སྨྲ་ན། དེ་ཅིའི་ཕྱིར་ཡང་དག་པ་མཐོང་བ་མ་ཡིན་པ་ཞེས་སྨྲ་ན། གྲོ་བཞིན་སྐྱེས། ཁྱེད་ཀྱིས་ཅི་སྙམ་དུ་སེམས། གཟུགས་རྟག་པ་ཡིན་ནམ་འོན་ཏེ་མི་རྟག་པ་ཡིན། སྨྲས་པ། དེ་ནི་མི་རྟག་པའོ། །བརྗོད་པ། གྲོ་བཞིན་སྐྱེས། མི་རྟག་པ་དེ་སྡུག་བསྔལ་བ་ཡིན་ནམ། སྨྲས་པ། དེ་ནི་སྡུག་བསྔལ་བའོ། །བརྗོད་པ། གྲོ་བཞིན་སྐྱེས། མི་རྟག་པ་དང་སྡུག་བསྔལ་བ་ནི་འགྱུར་སླ་བའི་ཆོས་ཡིན་ན། ཁྱེད་ཀྱིས་ཅི་སྙམ་དུ་སེམས། འཕགས་པའི་སློབ་མ་རྣམས་ཀྱིས་གཟུགས་ལ་བདག་དང་། བདག་ལས་གཞན་པ་དང་། བདག་ཤེས་རིག་གི་སྐྱེས་བུ་ལྡན་པར་མཐོང་ངམ། སྨྲས་པ། དེ་ནི་མ་མཐོང་ངོ་། །བརྗོད་པ། །གྲོ་བཞིན་སྐྱེས། ཁྱེད་ཀྱིས་ཅི་སྙམ་དུ་སེམས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་རྟག་པ་ཡིན་ནམ་འོན་ཏེ་མི་རྟག་པ་ཡིན། སྨྲས་པ། དེ་ནི་མི་རྟག་པའོ། །བརྗོད་པ། མི་རྟག་པ་དེ་སྡུག་བསྔལ་བ་ཡིན་ནམ། སྨྲས་པ། དེ་ནི་སྡུག་བསྔལ་བའོ། །བརྗོད་པ། གྲོ་བཞིན་སྐྱེས། མི་རྟག་པ་དང་སྡུག་བསྔལ་བའི་རྣམ་པར་ཤེས་པ་འགྱུར་བའི་ཆོས་ཡིན་ན། ཁྱེད་ཀྱིས་ཅི་སྙམ་དུ་སེམས། འཕགས་པའི་སློབ་མ་རྣམས་ཀྱིས་རྣམ་པར་ཤེས་པ་ལ་བདག་དང་། བདག་ལས་གཞན་པ་དང་། བདག་ཤེས་རིག་གི་སྐྱེས་བུ་ལྡན་པར་མཐོང་ངམ། སྨྲས་པ། དེ་ནི་མ་མཐོང་ངོ་། །བརྗོད་པ། གྲོ་བཞིན་སྐྱེས། འདི་ལྟ་སྟེ། འདས་པ་དང་། མ་འོངས་བ་དང་། ད་ལྟ་དང་། ནང་དང་། ཕྱི་དང་། རགས་པ་དང་། ཕྲ་བ་དང་། མཛེས་པ་དང་། བཙོག་པ་དང་། རིང་བ་དང་། ཉེ་བའི་གཟུགས་ལ་ཡོངས་སུ་བརྟགས་པས་དེ་དག་ཐམས་ཅད་བདག་མ་ཡིན་པ་དང་། བདག་ལས་གཞན་མ་ཡིན་པ་དང་། བདག་ཤེས་རིག་གི་སྐྱེས་བུ་མི་ལྡན་པའོ་ཞེས་ཤེས་རབ་ཀྱིས་ཡོངས་སུ་བལྟ་བར་བྱའོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་ལ་ཡོངས་སུ་བརྟག་པར་བྱ་སྟེ། འདས་པ་དང་། མ་འོངས་བ་དང་། ད་ལྟ་དང་། ནང་དང་། ཕྱི་དང་། རགས་པ་དང་། ཕྲ་བ་དང་། མཛེས་པ་དང་། བཙོག་པ་དང་། རིང་བ་དང་། ཉེ་བའི་ཆོས་དེ་དག་ལ་ཡོངས་སུ་བརྟགས་པས་དེ་དག་ཐམས་ཅད་ཀྱང་བདག་མ་ཡིན་པ་དང་། བདག་ལས་གཞན་མ་ཡིན་པ་དང་། བདག་ཤེས་རིག་གི་སྐྱེས་བུ་མི་ལྡན་པའོ་ཞེས་ཤེས་རབ་ཀྱིས་ཡོངས་སུ་བལྟ་བར་བྱའོ། །གྲོ་བཞིན་སྐྱེས། འདི་ལྟ་སྟེ། གང་ཞིག་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་ལ་ངེས་པར་འབྱུང་བ་དང་། འདོད་པ་དང་བྲལ་བ་དང་། འགོག་པར་གྱུར་བ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ལྟ་བ་དང་ལྡན་པས་བདག་གི་སྐྱེ་བ་ནི་ཟད། ཚངས་པར་སྤྱོད་པ་ནི་བསྒྲུབས། བྱ་བ་རྣམས་ནི་བྱས་སོ། །བདག་གིས་འབྱུང་བར་འགྱུར་བའི་སྐྱེ་བ་མི་ལེན་པར་ཡང་ཤེས་སོ། །དེའི་ཚེ། བཙུན་པ་ཤཱ་རིའི་བུས་དེ་སྐད་དུ་མདོ་འདི་བསྟན་ནས་ཁྱིམ་བདག་གི་བུ་གྲོ་བཞིན་སྐྱེས་རྡུལ་དང་དྲི་མ་བྲལ་ཏེ་ཆོས་ལ་ཆོས་ཀྱི་མིག་ཐོབ་པར་གྱུར་ཏོ། །དེའི་ཚེ། ཁྱིམ་བདག་གི་བུ་གྲོ་བཞིན་སྐྱེས་ཀྱིས་ཆོས་མཐོང་བ་དང་ཆོས་ཐོབ་པས། གཞན་རྣམས་དང་ཆོས་རྣམས་ལ་འཇིགས་པ་དང་དངངས་པ་མེད་པ་འཐོབ་བོ། །དེ་ནས་གྲོ་བཞིན་སྐྱེས་སྟན་ནས་ལངས་ཏེ་ཆོས་གོས་ཕྲག་པ་གཡས་པར་གཟར་ཞིང་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་བཙུན་པ་ཤཱ་རིའི་བུ་ལ་འདི་སྐད་དུ་གསོལ་ཏོ། །ཤཱ་རིའི་བུ། བདག་ནི་ད་ལྟར་ཐར་བ་ཡང་དག་པ་ཐོབ་པས། དེང་ནས་བཟུང་སྟེ་བདག་གིས་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་དགེ་བསྙེན་དུ་གྱུར་བས། དེང་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ་དཀོན་མཆོག་གསུམ་ལ་ཡང་དག་པར་སྐྱབས་སུ་འགྲོའོ། །དེའི་ཚེ། ཁྱིམ་བདག་གི་བུ་གྲོ་བཞིན་སྐྱེས་དེས་འཕགས་པ་ཤཱ་རིའི་བུས་གསུང་ཐོས་ནས་སེམས་རབ་ཏུ་དགའ་ཞིང་མགོ་བོས་ཕྱག་འཚལ་ནས་རང་གི་གནས་སུ་ཕྱིན་ཏོ། །
བོད་ཀྱི་བན་དེ་བསོད་དར་རྒྱས་ཀྱིས་མ་ཧཱ་ཙི་ནའི་སྐད་ནས་བོད་སྐད་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་དགེའོ། །
只有你自己能看到