纽约佛学会

《赞僧功德经(汉译藏)》

释迦牟尼佛 说 · 索达吉堪布(汉译藏) 译

第1课

སངས་རྒྱས་ཤཀྱཱ་ཐུབ་པ་ལ་ཕྱག་འཚལ་ལོ།།

༄༅། །རབ་ཏུ་བྱུང་བའི་ཕན་ཡོན་ལ་བསྟོད་པ་ཚིགས་སུ་བཅད་པའི་མདོ་ཞེས་བྱ་བ་བཞུགས་སོ། །

མཁན་པོ་བསོད་དར་རྒྱས་ཀྱིས་བསྒྱུར།

༄༅། །རབ་ཏུ་བྱུང་བའི་ཕན་ཡོན་ལ་བསྟོད་པ་ཚིགས་སུ་བཅད་པའི་མདོ་ཞེས་བྱ་བ་བཞུགས་སོ། །

རིང་མོ་ལུང་ལས་བསྡུས་པར་བསྟན། །དགེ་འདུན་དཀོན་མཆོག་ཞིང་ལ་བསྟོད། །ཚངས་པ་བརྒྱ་བྱིན་ལ་སོགས་པས། །ཚངས་དབྱངས་སྙན་པོས་དགེ་འདུན་བསྟོད། །ས་ཡི་ལྷ་མོ་བརྟན་མ་སོགས། །དགེ་འདུན་དཀོན་མཆོག་རྣམས་ལ་བསྟོད། །ང་ཡི་བསྟན་མཇུག་རབ་བྱུང་རྣམས། །དགེ་འདུན་དཀོན་མཆོག་རྟག་ཏུ་གནས། །དགེ་འདུན་འཕེལ་བར་བསྟན་པ་དར། །བླ་མེད་བྱང་ཆུབ་འབྲས་བུ་ཐོབ། །མ་རུངས་སྙིགས་མའི་འཇིག་རྟེན་འདིར། །རྒྱལ་བའི་འདུས་སྡེ་གཙང་མར་གནས། །འགའ་ཞིག་འབྲས་བུ་བཞི་འདོད་དང་། །འགའ་ཞིག་འབྲས་བུ་མངོན་འགྱུར་བ། །གང་ཟག་ཟུང་བཞི་ཡ་བརྒྱད་སོགས། །མཐུན་པའི་དགེ་འདུན་རྒྱུན་ཆད་མེད། །འགའ་ཞིག་སྦྱང་བའི་ཡོན་ཏན་ཅན། །ལ་ལ་དབེན་པར་ཞི་བར་གནས། །དེ་ཀུན་རང་གི་སྲོག་བཞིན་དུ། །ཕྲ་བའི་ཚུལ་ཁྲིམས་ཡང་དག་སྲུང་། །འགའ་ཞིག་ཟབ་རྒྱས་ཤེས་རབ་སློབ། །འགའ་ཞིག་ཏིང་འཛིན་བསམ་གཏན་སྒོམ། །ཐམས་ཅད་དགེ་འདུན་སྡེར་འདུས་ཏེ། །ཆུ་བརྒྱ་རྒྱ་མཚོར་གཞོལ་བ་བཞིན། །དཀོན་མཆོག་ཁྱད་འཕགས་དགེ་འདུན་གྱིས། །སེམས་ཅན་རྣམས་ལ་དགེ་རྩ་སྐྲུན། །ལྷ་མིའི་འབྲས་བུ་ཡང་དག་སྟེར། །བསྟན་ལ་རབ་བྱུང་ཀུན་ལས་འཕགས། །དྭངས་པའི་ཡིད་ཀྱིས་ཆུ་འཁྱོར་གང་། །དེར་འཕུལ་བསོད་ནམས་དཔག་ཏུ་མེད། །རྡུལ་ཕྲན་གྲངས་ནི་གཞལ་བར་ནུས། །དགེ་འདུན་ལ་མཆོད་ཚད་ཡོད་མིན། །གང་ཞིག་མྱུར་དུ་སྐྱེ་འཆི་ཡི། །རྒུད་པའི་ཆུ་བོ་བརྒལ་འདོད་པས། །དགེ་འདུན་སྡེ་ལ་བསྟེན་ནས་སུ། །དགེ་རྩ་ཡང་དག་བསྐྲུན་པར་བྱ། །བསོད་ནམས་དཔལ་གྱི་ཞིང་མཆོག་ཏུ། །དགེ་བའི་ས་བོན་གང་བཏབ་པ། །འབྲས་བུ་དཔག་མེད་འཐོབ་འགྱུར་ཏེ། །སྤྲིན་པར་ཆར་ཆུ་སྦྲུམ་པ་བཞིན། །སྦྱིན་བདག་གཉིས་འཛིན་མེད་སེམས་ཀྱིས། །མཐོ་དམན་མི་གཞལ་འདྲ་མཉམ་དུ། །དགེ་འདུན་མཆོད་པའི་གང་ཟག་ལ། །ལྷ་མིའི་འབྲས་བུ་ཡང་དག་ཐོབ། །དཔག་མེད་ཡོན་ཏན་གྱིས་བརྒྱན་པའི། །བརྩེ་ཆེན་སྟོན་པའི་རྗེས་འཇུག་རྣམས། །ཐལ་བས་གཡོག་པའི་མེ་བཞིན་དུ། །ཐ་མལ་མིག་གིས་མཐོང་བར་དཀའ། །འགའ་ཞིག་ལྟར་སྣང་ཚུལ་འཆལ་ཡང་། །ནང་གསང་ཡོན་ཏན་དཔག་མེད་ལྡན། །དད་གུས་མཆོད་གནས་འཕགས་ཆེན་རྣམས། །བྱིས་པས་གཏིང་དཔོག་མི་ནུས་སོ། །འགའ་ཞིག་ཕྱི་ཚུལ་སྤྱོད་ལམ་བཙུན། །འགའ་ཞིག་འདོད་པ་མ་སྤོང་བ། །ཕྱི་ཚུལ་སོ་སོ་སྐྱེ་བོར་སྣང་། །ནང་གི་དེ་ཉིད་འཕགས་པར་གནས། །ཨ་མྲའི་འབྲས་བུ་རིགས་བཞི་ལྟར། །སྨིན་དང་མ་སྨིན་འབྱེད་པར་དཀའ། །རྒྱལ་བའི་སྲས་ཀྱང་དེ་བཞིན་ཏེ། །ཚུལ་ཁྲིམས་ལྡན་མིན་དབྱེ་བར་དཀའ། །དེས་ན་ཀུན་ལ་ནན་གྱིས་སྐུལ། །དགེ་འདུན་དཀོན་མཆོག་སྨོད་མི་བྱ། །སྡུག་བསྔལ་མཚོ་ལས་བརྒལ་འདོད་པས། །རྟག་ཏུ་ཞིང་བཟང་སོ་ནམ་བྱ། །རྒྱུན་དུ་བདེ་བ་མྱོང་འདོད་པས། །དགེ་སློང་སྡེ་ལ་མཆོད་པ་དབུལ། །སོ་སྐྱེས་དམན་པའི་སེམས་ཉིད་ཀྱིས། །རྒྱལ་བའི་སྲས་རྣམས་གཞལ་མི་བྱ། །དད་ལྡན་ཕོ་མོ་གང་ཞིག་གིས། །དད་པའི་སེམས་ནི་མང་བསྐྱེད་དེ། །མཉམ་དུ་དགེ་འདུན་མཆོད་བྱས་ན། །རྣམ་སྨིན་དཔག་ཏུ་མེད་པ་ཐོབ། །རབ་བྱུང་སྡེ་ལ་ལོག་ལྟ་བ། །ངན་སོང་གནས་སུ་ངེས་པར་ལྟུང་། །སྟོན་པའི་ཞལ་ནས་ཚངས་དབྱངས་སྒྲས། །བསྒྲགས་པའི་བདེན་ཚིག་བསླུ་བ་མེད། །རལ་གྲིས་ལྕེ་ནི་གཅོད་པ་དང་། །གཏུན་གྱིས་རང་ལུས་འཐག་བླ་ཡི། །སྐད་ཅིག་ཙམ་དུ་ཞེ་སྡང་གིས། །རབ་བྱུང་རྣམས་ལ་སྨོད་མི་བྱ། །ལྕགས་གོང་འབར་བ་ཟོས་པ་ཡིས། །ཁ་ནས་མེ་ལྕེ་མཆེད་བླ་ཡི། །སྤྲོས་བཅས་དམོད་པའི་ཚིག་དག་གིས། །རབ་བྱུང་རྣམས་ལ་བརྙས་མི་བྱ། །རལ་གྲི་རྣོན་པོས་རང་ལུས་ཀྱི། །ལྷུ་ཚིགས་ཤ་ལྤགས་གཅོད་བླ་ཡི། །བྱིས་བློ་རྡུང་རྡེག་འཕྱ་སྨོད་ཀྱིས། །དགེ་སློང་རྣམས་ལ་བརྙས་མི་བྱ། །ལག་པས་མིག་གཉིས་དྲུས་ནས་ནི། །བསྐལ་མང་ལོང་བར་གྱུར་བླ་ཡི། །ཆགས་བྲལ་སྤྱོད་པའི་གང་ཟག་ལ། །ལོག་པའི་མིག་གིས་བལྟ་མི་བྱ། །དགོན་དང་འདུ་ཁང་བཤིག་པ་དང་། །རིང་སྲེལ་མཆོད་རྟེན་སྲེག་བླ་ཡི། །རྩུབ་མོའི་ཚིག་གིས་དགེ་འདུན་ལ། །སྐུར་བ་གདབས་པར་མི་བྱའོ། །མཆོད་རྟེན་བཤིགས་པས་རང་ལྟུང་ནས། །བསྐལ་པ་དཔག་མེད་སྡུག་བསྔལ་མྱོང་། །དགེ་འདུན་སྐྱོན་སྨྲའི་ཉེས་པ་ཡིས། །གྲངས་མེད་སེམས་ཅན་རྣམས་ཀྱང་ལྟུང་། །དེས་ན་མཁས་པས་ལེགས་དཔྱད་དེ། །དགེ་འདུན་སྨོད་པར་མི་བྱ་བར། །ངག་གི་ཉེས་པ་ལེགས་སྲུང་ནས། །ཚུལ་འཆལ་ཡིན་མིན་བརྗོད་མི་བྱ། །ཚིག་རྩུབ་ངག་གིས་དགེ་སྦྱོང་སྨོད། །དམྱལ་བའི་སྡུག་བསྔལ་བཟོད་མེད་མྱོང་། །ཐར་ནས་མི་ལུས་ཐོབ་གྱུར་ཀྱང་། །འོན་ལོང་ལྐུགས་པ་ཉིད་དུ་འགྱུར། །འཇིག་རྟེན་བླུན་རྨོངས་འགའ་ཞིག་གིས། །བཙུན་པ་བཙུན་མར་སྐྱོན་བརྗོད་པས། །ངན་སོང་གནས་སུ་ལྟུང་ནས་ནི། །བསྐལ་མང་སྡུག་བསྔལ་མཚོ་རུ་བྱིང་། །བརྩེ་ཆེན་སྟོན་པ་ཉིད་ཀྱིས་ཀྱང་། །དགེ་འདུན་རྣམས་ལ་གུས་ཕྱག་མཛད། །སངས་རྒྱས་རྣམས་ཀྱང་དེ་ལྟར་ན། །སོ་སོའི་སྐྱེ་བོས་སྨོས་ཅི་འཚལ། །འཇིག་རྟེན་དད་ལྡན་མང་པོ་ཡིས། །རབ་བྱུང་བཀུར་ཞིང་དད་ན་ཡང་། །དེ་ཡི་སྐྱོན་དག་ཐོས་པའི་ཚེ། །ལོག་ལྟ་སྐྱེས་ནས་སྤོང་བར་བྱེད། །དེས་ནི་སྐལ་ལྡན་དགེ་རྩ་འཇོམས། །རབ་བྱུང་སྡེ་ཡང་བརླག་པར་བྱེད། །བསྐལ་བཟང་སངས་རྒྱས་སྟོང་མི་མཇལ། །དེས་ན་མཁས་པས་བརྟག་པར་བྱ། །དགེ་སློང་ཀོ་ཀ་ལི་ཀ་ཡིས། །རབ་བྱུང་རྣམས་ལ་སྐུར་བཏབ་པས། །པད་ཆེན་ལྟར་གས་དམྱལ་བར་ལྟུང་། །ལྕེ་ཞིང་རྨོས་ནས་ཁྲི་ཚལ་གཏུབ། །འོད་སྲུང་སློབ་མས་འཇིག་རྟེན་པ། །མང་པོར་སྐུར་བ་བཏབ་པ་ཡི། །ལས་ཀྱིས་ལུས་ངན་དོར་མ་ཐག །ལྕེ་རྨོས་དམྱལ་བའི་སྡུག་བསྔལ་མྱོང་། །དགེ་སྦྱོང་ཁྲོས་པས་གཞན་སྨོད་ན། །ངག་གི་རྣམ་སྨིན་དཔག་མེད་མྱོང་། །ཁྲིམས་མེད་ཁྱིམ་པས་རབ་བྱུང་ལ། །སྨོད་པས་ངན་ལྟུང་སྨོས་ཅི་དགོས། །དེས་ན་མཁས་པས་རྩི་ཤིང་དང་། །སོ་ཕག་སོགས་ཀྱང་མི་སྨོད་ན། །ཆགས་བྲལ་དགེ་ལ་གཞོལ་བ་ཡི། །རབ་བྱུང་གཙང་མར་སྨོས་ཅི་དགོས། །འདོད་པའི་མེ་ཡིས་སེམས་བསྲེགས་ཏེ། །གཙང་མའི་ཚུལ་ཁྲིམས་གོས་གྱུར་ཀྱང་། །མི་རིང་མྱུར་དུ་བཤགས་བྱས་ན། །སླར་ཡང་འཕགས་པའི་གྲལ་དུ་ཚུད། །གང་ཞིག་ལོག་ལམ་ཞུགས་གྱུར་ཀྱང་། །མིག་ལྡན་སླར་ཡང་ལམ་རྙེད་བཞིན། །དགེ་སྦྱོང་ཚུལ་ཁྲིམས་རལ་ན་ཡང་། །གནས་སྐབས་ཡིན་གྱི་མཐར་སོར་ཆུད། །གང་ཞིག་ས་བདེར་འགྱེལ་བ་ན། །རྐང་ལྡན་མྱུར་དུ་ལྡང་བ་བཞིན། །དགེ་སྦྱོང་ཚུལ་ཁྲིམས་སྐྱོན་ཞུགས་ཀྱང་། །མི་རིང་སླར་ཡང་གསོ་བར་འགྱུར། །དཔེར་ན་འཇིག་རྟེན་གསེར་གྱི་སྣོད། །ཆག་ཀྱང་རིན་ཐང་སྲིད་ན་མཐོ། །ཤིང་སྣོད་ཆག་མེད་ཕུན་ཚོགས་ཀྱང་། །དེ་ཡིས་གསེར་སྣོད་འགྲན་དུ་མེད། །དགེ་སྦྱོང་ཁྲིམས་འཆལ་གཅིག་གིས་ཀྱང་། །ཐོག་མའི་ངེས་འབྱུང་ཡོན་ཏན་དེར། །བྱེ་བ་ཕྲག་བརྒྱའི་ཁྱིམ་པ་ཡི། །ཡོན་ཏན་རྣམས་ཀྱིས་འགྲན་དུ་མེད། །རབ་བྱུང་རྣམས་ཀྱིས་རྒྱལ་བ་ཡི། །བརྒྱུད་འཛིན་ཕྱི་རབས་བསྟན་པ་སྤེལ། །ཡོན་ཏན་འབུམ་ལྡན་ཁྱིམ་པ་ཡིས། །བསྟན་པ་ཅུང་ཙམ་སྤེལ་མི་ནུས། །རབ་བྱུང་ཚུལ་འཆལ་ཐ་ཆད་ཀྱང་། །མཆོད་པས་བདེ་འབྲས་དཔག་མེད་ཐོབ། །སྟོན་པས་དེ་ཡི་རྒྱུར་བསྔགས་པས། །ལྷ་དང་མི་ཡིས་གཙུག་ཏུ་བཀུར། །དེ་ཕྱིར་གཞན་ལ་ནན་སྐུལ་གྱིས། །དགེ་འདུན་དཀོན་མཆོག་སྨད་མི་བྱ། །ཚེ་འདིའི་བག་ཆགས་ངན་གོམས་ཀྱིས། །ཕྱི་མའི་དགེ་འབྲས་བརླག་པར་བྱེད། །ལུས་ངག་ཡིད་གསུམ་མི་དགེའི་ལས། །འཇིག་རྟེན་ལྷ་མིའི་ས་བོན་འཇོམས། །ངན་སོང་གནས་གསུམ་ལྟུང་ནས་སུ། །བསྐལ་པ་དུང་ཕྱུར་ངལ་གསོ་མེད། །རབ་བྱུང་རྣམས་ལ་དད་བྱས་ནས། །སྐུར་འདེབས་ཉེས་པ་མི་གསོག་པར། །རྟག་ཏུ་ངག་གི་ཉེས་པ་སྤོང་། །དགེ་འདུན་དཀོན་མཆོག་སྨད་མི་བྱ། །རབ་བྱུང་སྨོད་པའི་ཉེས་པ་རྣམས། །མྱུར་དུ་དྭངས་པའི་ཡིད་ཀྱིས་བཤགས། །དེ་ལ་བརྟེན་པའི་ངན་སེམས་ཀྱིས། །མ་འོངས་སྡུག་མྱོང་བཤགས་པར་བྱ། །སྐད་ཅིག་རབ་བྱུང་བསོད་ནམས་ཚོགས། །ས་ཆེན་འདིར་ཡང་མི་ཤོང་ན། །ལོ་ཟླ་ཞག་གི་ཕྲེང་བ་རུ། །ཚུལ་ཁྲིམས་ལེགས་སྲུང་སྨོས་ཅི་དགོས། །ཚུལ་ཁྲིམས་སྲུང་བའི་བསོད་ནམས་གང་། །རྒྱལ་བས་བསྐལ་པར་བརྗོད་མི་འཛད། །བསོད་ནམས་མཁའ་མཉམ་ཚད་མེད་པ། །སོ་སྐྱེས་དེའི་མཐའ་ག་ལ་ཤེས། །ཡོན་ཏན་གྱིས་བརྒྱན་རྒྱལ་བ་ཡི། །དགེ་འདུན་དཀོན་མཆོག་ཤེས་པར་བྱ། །དེས་ན་ཁྱིམ་པ་སྐྱེ་བོ་ཡིས། །རབ་བྱུང་རྡུང་དང་བརྙས་མི་བྱ། །དགེ་སྦྱོང་ཚུལ་འཆལ་མཐོང་ན་ཡང་། །དག་སྣང་སྦྱོང་ཞིང་ངན་བརྗོད་སྤོང་། །དྲི་ལྡན་མེ་ཏོག་ཚལ་ཞུགས་ན། །ལོ་འདབ་སྐམ་པོ་འདེམས་མིན་བཞིན། །རྒྱ་ཆེར་རྣམ་དག་བསྟན་པའི་མཚོར། །ཚུལ་ལྡན་བརྩོན་བཅས་མང་དུ་བཞུགས། །དེ་ན་སྤྱོད་འཆལ་འགའ་ཡོད་ཀྱང་། །ཁྱིམ་པས་སྐུར་འདེབས་རིགས་མ་ཡིན། །ལོ་ཏོག་རྒྱས་པའི་ཞིང་བཟང་ན། །རྩྭ་དང་ལྡུམ་བུ་འགའ་ཡོད་ཀྱང་། །གུས་པས་སོ་ནམ་ལེན་པ་ལས། །རྟོག་པས་དེ་དག་འདེམས་མིན་བཞིན། །སྟོན་པས་ཀུན་ལ་འདི་སྐད་དུ། །གང་འདོད་དགེ་སྦྱོང་མི་བརྙས་ཤིང་། །དད་འདུན་གུས་པས་བསྟེན་བྱས་ན། །ལྷ་ཡི་བདེ་འབྲས་མྱོང་བར་གསུངས། །ཐུབ་དབང་ཉི་མ་རིང་ནས་ནུབ། །དགེ་འདུན་སྒྲོན་མེའི་ཆོས་འོད་སྣང་། །ཀླུ་ཡི་རྒྱལ་པོས་ཆར་ཕབ་སྟེ། །ས་ཆེན་མྱུ་གུ་ཡོངས་སྨིན་བཞིན། །མཐུན་པའི་དགེ་འདུན་དེ་བཞིན་ཏེ། །དམ་ཆོས་སྦྲང་ཆར་འཇོ་བ་ཡིས། །སྐམ་རིད་སེམས་ཅན་བརླན་བྱས་ཏེ། །དགེ་བའི་ས་བོན་ལེགས་པར་སྨིན། །བསྐལ་མང་ཞིང་ལས་ཐོབ་པ་ཡི། །སྟོན་པའི་རྗེས་འཇུག་དགེ་འདུན་རྨད། །འཕགས་ཆེན་ཆོས་ཀྱི་རྒྱ་མཚོར་གནས། །ཐར་བ་བདུད་རྩིའི་བཅུད་ལ་རོལ། །མ་འོངས་བསྟན་པ་འཛིན་སྐྱོང་མཛད། །ཕྱོགས་བཅུའི་ཞིང་ཁམས་དར་བར་བྱེད། །སེམས་ཅན་རྣམས་ལ་ཕན་བདེ་ཡི། །སངས་རྒྱས་ཆོས་འཁོར་ནུབ་མི་གཞུག །ནམ་ཞིག་བསྟན་པ་ནུབ་པའི་ཚེ། །ཀུན་དགའ་ར་བ་འདུ་ཁང་ཞིག །མཆོད་རྟེན་ག་འུ་སྐུ་གཟུགས་ནུབ། །མཆོད་པར་འདོད་ཀྱང་མཆོད་ཡུལ་མེད། །གྱང་རིས་རབ་བྱུང་མི་མཐོང་ན། །དངོས་སུ་ཆོས་ཐོས་སྨོས་ཅི་དགོས། །མི་ལུས་རྙེད་དཀའ་ད་རེས་ཐོབ། །བསྟན་པར་འཕྲད་དཀའ་ད་རེས་མཇལ། །རྨད་བྱུང་བསོད་ནམས་ཞིང་ས་ལ། །མ་འོངས་དགེ་རྩ་ཅིས་མི་བསྐྲུན། །མཚན་མོར་ལམ་རིང་བགྲོད་པ་ལ། །དགོས་པའི་ལམ་རྒྱགས་སྟ་གོན་བཞིན། །མ་འོངས་ཉེན་འཕྲང་ལམ་རྒྱགས་སུ། །བསོད་ནམས་ཞིང་མཆོག་ཅིས་མི་རྨོ། །དེས་ན་ཀུན་གྱིས་ལེགས་དཔྱད་དེ། །མདོར་གསུངས་དགེ་འདུན་མཆོད་པར་བྱ། །དེ་སྐད་དགེ་འདུན་བསྟོད་པ་ཡི། །མཁར་ཁྱབ་བསོད་ནམས་དཔག་མེད་པ། །སེམས་ཅན་ཐམས་ཅད་ལ་བསྔོས་པས། །མ་འོངས་བྱམས་པར་འཕྲད་གྱུར་ཅིག །

བོད་ཀྱི་བན་དེ་བསོད་དར་རྒྱས་ཀྱིས་མ་ཧཱ་ཙི་ནའི་སྐད་ནས་བོད་སྐད་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༩ རྡོ་རྗེ་ཕ་ལམ་གྱི་ཕྲེང་རྡོག་༣༦༥

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡ བསླབ་བྱ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༢ འོད་དཔག་མེད་ཀྱི་ཞིང་ཡིད་ལ་བྱེད་པའི་མདོ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༣ ས་ཡི་སྙིང་པོའི་རྩ་བའི་སྨོན་ལམ་གྱི་མདོ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༤ བཀྲ་ཤིས་པའི་མདོ་ཞེས་བྱ་བ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༥ ཕ་མའི་དྲིན་ལན་གཞལ་དཀའ་བའི་མདོ་ཞེས་བྱ་བ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༦ ཕ་མ་སྐྱོབ་པའི་མདོ་ཞེས་བྱ་བ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༧ བུ་མོ་མ་ཏཾ་གའི་མདོ་ཞེས་བྱ་བ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༨ ལུང་དག་ལྡན་ཞེས་བྱ་བ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༩ སངས་རྒྱས་འདའ་ཁའི་ཞལ་ཆེམས་ཀྱི་མདོ་ཞེས་བྱ་བ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༠ རབ་བྱེད་ཞེ་གཉིས་པའི་མདོ་ཞེས་བྱ་བ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༡ རབ་ཏུ་བྱུང་བའི་ཕན་ཡོན་ལ་བསྟོད་པ་ཚིགས་སུ་བཅད་པའི་མདོ་ཞེས་བྱ་བ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༢ བདེ་ཆེན་ཞིང་སྦྱོང་གི་བསྟན་བཅོས་ཚིགས་བཅད་མའི་རྣམ་པར་བཤད་པ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༣ རྒྱ་ནག་རི་བོ་རྩེ་ལྔའི་གནས་བཤད་མཐོང་ལྡན།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༤ སྙིང་གཏམ་སྙིང་གི་ཐིག་ལེའི་འགྲེལ་བ།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༥ དྲན་ངོགས་ཀྱི་ནུབ་བསྐྱོད།

མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༦ དྲན་ངོགས་ཀྱི་རྨི་སྣང་།

འབྲེལ་ཡོད་ཀློག་དེབ།

记笔记

这段是(可多选,也可不选)

这段有错

你选中的(位置已自动记录)

哪里不对?(可多选)

称呼与邮箱都可以不填。只用于就这一条联系你,不做他用、不进任何名单,别人看不到你提的内容。