第1课
༄༅། །སྙིང་གཏམ་སྙིང་གི་ཐིག་ལེའི་འགྲེལ་བ་བཞུགས་སོ། །
མཁན་པོ་བསོད་དར་རྒྱས་ཀྱིས་མཛད།
དཀར་ཆག
སྙིང་གཏམ་སྙིང་གི་ཐིག་ལེ་ཞེས་བྱ་བ་བཞུགས་སོ། །
སྙིང་གཏམ་སྙིང་གི་ཐིག་ལེའི་འབྲུ་འགྲེལ་དོན་གསལ་མེ་ལོང་ཞེས་བྱ་བ་བཞུགས་སོ། །
སྙིང་གཏམ་སྙིང་གི་ཐིག་ལེའི་རྣམ་བཤད་འཇམ་དབྱངས་བླ་མའི་ཞལ་ལུང་ཀུན་ཕན་ཉི་མའི་འོད་ཟེར་ཞེས་བྱ་བ་བཞུགས་སོ། །
༄༅། །སྙིང་གཏམ་སྙིང་གི་ཐིག་ལེ་ཞེས་བྱ་བ་བཞུགས་སོ། །
རབ་འབྱམས་སྲས་བཅས་རྒྱལ་བའི་གསང་གསུམ་ཀུན། །གཅིག་བསྡུས་མཚན་དཔེའི་གཟུགས་སུ་སྨིན་པའི་སྐུ། །གཞོན་ནུ་སྨྲ་བའི་ཉི་མ་གང་དེ་ཡིས། །ཁྱོད་བློ་བྱང་ཆུབ་ལམ་དུ་བསྒྱུར་བར་མཛོད། །མཐའ་ཀླས་འགྲོ་བའི་མོས་བློ་དང་འཚམ་པའི། །ཟབ་ཡངས་ཆོས་ཚུལ་དཔག་གིས་མི་ལང་ཡང་། །གནད་དུ་དྲིལ་ནས་ཉམས་སུ་ལེན་པའི་ཚུལ། །སྙིང་གཏམ་སྙིང་པོ་སྙིང་འདྲའི་གྲོགས་ལ་གདམས། །ཚེ་འདིར་ཞེན་ལ་ཆོས་པའི་སྐལ་བ་བྲལ། །འདོད་ལ་སྤྱད་ཅིང་སྤྱད་ཅིང་སྲེད་པ་འཕེལ། །ཟིན་པའི་དུས་མེད་རྙེད་བདེ་གྲགས་བསྟོད་རྣམས། །རྨི་ལམ་ཉོ་ཚོང་འདྲ་བས་སྐྱུར་ལ་ཐོངས། །གང་ལ་བརྟེན་ན་ཡོན་ཏན་ཚོགས་འཕེལ་ཞིང་། །ཉེས་སྐྱོན་མཐའ་དག་རྒྱང་དུ་སྐྲོད་བྱེད་པའི། །མཚན་ཉིད་ལྡན་པའི་བཤེས་གཉེན་དམ་པ་དེ། །མཉེས་པ་གསུམ་གྱིས་སྟེན་དང་བསམ་དོན་འགྲུབ། །ཇི་ལྟར་མཁའ་དབུས་སྐྱེད་མོས་ཚལ་འདོད་བཞིན། །མངོན་པར་མཐོ་དང་ངེས་ལེགས་ཕུན་ཚོགས་ཀུན། །ཚུལ་ཁྲིམས་བྲལ་ལ་འབྱུང་བའི་སྐབས་མེད་པས། །དྲན་ཤེས་བག་ཡོད་ལྡན་པས་རང་རྒྱུད་ཐུལ། །ཐོག་མེད་སྲིད་པར་མ་རིག་མུན་ཀློང་དུ། །བཤེས་བྲལ་སྨྱོན་པ་བཞིན་དུ་ད་བར་འཁྱམས། །ད་ནི་ཞི་བདེའི་ཁང་བཟང་འཚོལ་བའི་ཕྱིར། །གསུང་རབ་རྒྱ་མཚོ་མཉན་ལ་སྤྲོ་བར་རིགས། །ཐོས་པ་ཙམ་གྱིས་སྒྲོ་འདོགས་མི་ཆོད་ཅིང་། །སྟོན་དང་བསྟན་ལ་ཡིད་ཆེས་རྙེད་དཀའ་བས། །རྩོད་འཆད་རྩོམ་པའི་བྱ་བ་བརྒྱ་ཕྲག་གིས། །བསམ་བྱུང་ཤེས་རབ་ཐུགས་ཀྱི་བཅུད་དུ་སྟེན། །གཞུང་ལུགས་རབ་འབྱམས་སྨྲ་བའི་སྟོན་ཆེན་ཡང་། །རང་རྒྱུད་མ་བཏུལ་ནེ་ཙོའི་འདོན་པ་འདྲ། །འཆི་བ་བཙན་ཐབས་འོང་ན་འགྱོད་པའི་རྒྱུ། །གདམས་དོན་སྙིང་ལ་སྟེན་ཅིག་སྙིང་གྲོགས་རྣམས། །མང་མང་རྒྱལ་བའི་ཆོས་ཚུལ་རབ་འབྱམས་ཀུན། །རང་རྒྱུད་འདུལ་བ་ཁོ་ནའི་ཐབས་སུ་གདམས། །ཚིག་ལ་མ་འཆེལ་དོན་གྱི་ཟབ་གནད་མཆོག །སྙིང་གི་བཅུད་དུ་སྟིམས་ཞེས་སླར་ཡང་བསྐུལ། །རྙེད་དཀའི་རྟེན་འདི་ཨུ་དུམ་ཝ་ར་འདྲ། །ནོར་བུ་འབུམ་ལས་ལྷག་པའི་དོན་འབྲས་ལྡན། །ཕྱི་ནས་འདི་འདྲ་ཤིན་ཏུ་རྙེད་དཀའ་བས། །དོན་ཆེན་འདུན་མ་སྒྲུབ་ལ་མ་གཡེལ་ཅིག །འཆི་བདག་དགྲ་ཆེན་ནམ་མཁའི་ཐོག་འདྲ་བ། །ནམ་ཙམ་ཐོན་པ་སུས་ཀྱང་དཔོག་མི་ནུས། །ལོ་དང་ཟླ་བར་སྡོད་པའི་ལོང་མེད་ཀྱིས། །ད་ལྟ་ད་ལྟར་དགེ་ཆོས་སྒྲུབ་རེ་རན། །ལུས་ཅན་ལས་ཀྱི་འབྲས་བུ་ཆུད་མི་ཟ། །རྣམ་སྨིན་ཐོག་ཏུ་བབས་ཚེ་བཅོས་སུ་མེད། །ད་ལྟ་སྐལ་ལྡན་རང་དབང་ཡོད་དུས་འདིར། །རང་གིས་རང་ཉིད་བསླུས་ན་སུ་ཡིས་སྐྱོབ། །བཟོད་དཀའ་འཁོར་བའི་སྡུག་བསྔལ་བྱེ་བྲག་རྣམས། །དྲན་པ་ཙམ་གྱིས་བ་སྤུ་གཡོ་ནུས་ན། །བགྲང་ཡས་དུཿཁས་ལུས་སེམས་གདུང་བའི་ཚེ། །ཅི་འདྲ་ཡིན་ཞེས་རང་ལ་གྲོས་མོལ་མཛོད། །འདི་འདྲའི་འཇིགས་ཆེན་ཤིན་ཏུ་ཐར་དཀའ་ལས། །འདྲེན་པའི་ནུས་ལྡན་གཞན་ནས་རྙེད་མི་སྲིད། །བསླུ་མེད་མཁྱེན་བརྩེ་ནུས་པའི་བདག་ཉིད་ཅན། །རིན་ཆེན་རྣམ་གསུམ་སྐྱབས་སུ་བརྟེན་པར་རིགས། །སྲིད་གསུམ་སྡུག་བསྔལ་རང་བདེ་འདོད་ལས་བྱུང་། །བདེ་དགེ་མཐའ་དག་གཞན་ཕན་སེམས་ལས་འཁྲུངས། །དེ་ཕྱིར་ལྷ་མིའི་སྟོན་པའི་རྗེས་བསྙེགས་ཏེ། །བླ་མེད་བྱང་ཆུབ་སེམས་མཆོག་བསྐྱེད་པར་རིགས། །རང་རྒྱུད་རིག་ཁམས་ཤེལ་དཀར་ཨཱ་དར་ཤ །གློ་བུར་སྒྲིབ་པའི་རྡུལ་གྱིས་ཆེར་གཡོགས་ན། །ཟབ་གསལ་ཏིང་འཛིན་གཟུགས་བརྙན་འཆར་དཀའ་བས། །སྟོབས་བཞིའི་རས་དཀར་ངལ་བས་བསྐྱོད་པར་འོས། །སྣང་གྲག་རིག་པ་ལྷ་སྔགས་ཆོས་ཉིད་ངང་། །ཡེ་ནས་ཡིན་པར་ཤེས་པའི་ལྟ་བ་དང་། །མ་བྲལ་སྒོམ་པའི་མདེའུ་ཁ་བསྒྱུར་བྱས་ནས། །ཚར་གཅོད་རྗེས་སུ་འཛིན་ལ་དབང་སྒྱུར་མཛོད། །སྲོག་རྩོལ་བྱེད་བཅིང་ལུས་ཀྱི་འཕྲུལ་འཁོར་གྱིས། །བདེ་གསལ་མི་རྟོག་གྲོགས་སུ་འགུགས་ནུས་ན། །འོད་གསལ་སྒྱུ་མའི་ལུས་ལ་དབང་འབྱོར་ཕྱིར། །རྫོགས་རིམ་ཐུགས་ཀྱི་ཐིག་ལེར་བསྟིམ་པར་རིགས། །སྙིགས་ལྔའི་མུན་པ་ལྷག་པར་བདོ་སྐབས་སུ། །ཐེག་བརྒྱད་རྒྱུ་སྐར་འོད་ཀྱིས་འཇོམས་དཀའ་བས། །ཡང་གསང་སྙིང་ཐིག་ཉི་མའི་ཟེར་ཕྲེང་འབུམ། །དད་གསུམ་རྟ་བདུན་ཁྱོགས་ཀྱིས་འདྲེན་པར་རིགས། །གང་ཤར་རིག་པ་མ་བཅོས་རྒྱ་ཡན་ལ། །རང་བབས་རང་བཞག་ངང་དུ་ལྟོས་ཤིག་དང་། །ཡེ་སྟོང་རྩ་བྲལ་རང་གསལ་ངོ་ཤེས་ན། །ས་ལམ་ཅིག་ཆོད་འབྲས་བུའི་གཏན་སྲིད་ཟིན། །ཅོག་གཞག་ངང་ནས་བཞུགས་སྟངས་གཟིགས་སྟངས་ཀྱིས། །རང་སྣང་དབྱིངས་ཐིག་རིག་པར་ལོངས་སྤྱད་ན། །གཟུང་འཛིན་འཁོར་བའི་མུན་པ་དབྱིངས་སུ་ཡལ། །སྣང་བཞི་མཐར་འཁྱོལ་འཕོ་ཆེན་འོད་སྐུར་སྨིན། །དེ་སྐད་གྲོང་ཚིག་དུམ་ཆོད་སྙིང་གི་གཏམ། །བློ་གསལ་དགྱེས་པའི་སྙན་ཚིག་བདོག་མིན་ཡང་། །ཐོལ་བྱུང་ཀློང་རྡོལ་འདེམ་ག་སྤངས་པ་འདི། །སྔ་འགྱུར་རིག་འཛིན་བརྒྱུད་པའི་རང་གཤིས་ལགས། །དགེ་བ་འདི་ཡིས་མ་ལུས་འགྲོ་བ་རྣམས། །སྐུ་བཞིའི་རྒྱལ་ཐབས་མཆོག་ལ་དབང་འབྱོར་ཞིང་། །བདག་ཀྱང་འཇམ་དཔལ་གཞོན་ནུའི་སྙིང་སྟོབས་དང་། །སྐད་ཅིག་ཙམ་ཡང་འབྲལ་བར་མ་གྱུར་ཅིག །
ཅེས་པ་འདི་ནི་རྒྱ་ནག་རི་བོ་རྩེ་ལྔའི་ཡང་དབེན་ལྷ་མཆོག་འཇམ་དཔལ་གཞོན་ནུས་རྒྱལ་སྲས་ཁྲི་ཕྲག་གཅིག་ལ་ཟབ་རྒྱས་ཆོས་འཁོར་བསྐོར་བའི་རི་རྩེར་ངག་དབང་བློ་གྲོས་མཚུངས་མེད་པས་དུས་ཚོད་སྐར་མ་ཉེར་གསུམ་གྱི་ཡུན་ལ་ཤར་མར་སྤེལ་བ་དགེ །མེ་ཡོས་ཟླ་༥ཚེས་༣ལའོ། །
༄༅། །སྙིང་གཏམ་སྙིང་གི་ཐིག་ལེའི་འབྲུ་འགྲེལ་དོན་གསལ་མེ་ལོང་ཞེས་བྱ་བ་བཞུགས་སོ། །
བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །
དེ་ལ་འདིར་གང་ཟག་གཅིག་མངོན་པར་འཚང་རྒྱ་བའི་ལམ་ཚང་ལ་ནོར་བ་མེད་པ་སྟོན་བྱེད་ཀྱི་བསྟན་བཅོས་སྙིང་གཏམ་སྙིང་གི་ཐིག་ལེ་ཞེས་བྱ་བ་འདི་ཉིད་འཆད་པ་ལ། ཐོག་མར་དགེ་བ་བརྩམ་པའི་ཡན་ལག་ལ་འཇུག་པའི་བྱ་བ་དང་། བར་དུ་དགེ་བ་བརྩམ་བྱའི་ལུས་ཕུན་སུམ་ཚོགས་པ་དང་། ཐ་མར་དགེ་བ་བརྩམས་པའི་མཇུག་རྫོགས་པའི་བྱ་བ་བཟང་པོ་དང་གསུམ་ལས། དང་པོ་ལ་མཚན་བསྟན་པ།
མཆོད་པར་བརྗོད་པ། བརྩམ་པར་དམ་བཅའ་བ་དང་གསུམ་ལས། དང་པོ་ནི། སྙིང་གཏམ་སྙིང་གི་ཐིག་ལེ་ཞེས་གསུངས་པའི་དོན་ཏེ། འདིར་ཐིག་ལེ་ཞེས་པའི་སྐད་དོད་ལ། ཏི་ལ་ཀ་ཞེས་པའི་སྒྲ་ལས་སྙིང་པོའམ་བཅུད་དུ་འཇུག་པས། གདུལ་བྱ་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་ཡོངས་སུ་གདམས་པའི་སྙིང༵་གཏམ༵་འདི་ནི་མན་ངག་ཐམས་ཅད་ཀྱི་ནང་ནས་སྙིང་བཅུད་ལྟ་བུ་སྟེ། དཔེར་ན་རང་གི་ལུས་ཟུངས་ཐམས་ཅད་ཀྱི་ནང་ནས་ཤིན་ཏུ་གཅེས་པའི་སྙིང༵་གི༵་ཐི༵ག་ལེ༵འམ་སྙིང་གི་བཅུད་བཏོན་ནས་གཞན་ལ་ཕངས་པ་མེད་པའི་སྒོ་ནས་ཕན་པར་སྟེར་བའི་དཔེར་བསྟན་པའོ། །
གཉིས་པ་ནི། རབ་འབྱམས་སྲས་བཅས་སོགས་ཏེ། ཕྱོགས་བཅུའི་ཞིང་ར༵བ་འབྱ༵མས་ན་བཞུགས་པའི་སྲ༵ས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅ༵ས་པའི་རྒྱལ༵་བ༵་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པའི་གས༵ང་གསུ༵མ་གྱི་ཡོན་ཏན་མ་ལུས་པ་ཀུ༵ན་གཅི༵ག་ཏུ་བསྡུ༵ས་པའི་བདག་ཉིད་དེ། གདུལ་བྱ་རྣམས་ཀྱི་སྣང་ཚུལ་གྱི་ངོར་མཚ༵ན་དང་དཔེ༵་བྱད་བཟང་པོའི་གཟུ༵གས་སུ༵་སྨི༵ན་ནས་འགྲོ་ལ་ཕན་པར་མཛད་པ༵འི་གཟུགས་ཀྱི་སྐུ༵་བགྲེས་རྒུད་བྲལ་བ་གཞོ༵ན་ནུ༵འི་ཚུལ་འཆང་སྨྲ༵་བའི༵་ཉི༵་མ༵་སྟེ། འཇམ་དཔལ་ཡེ་ཤེས་སེམས་དཔའ་ཞེས་སྲིད་ན་ཡོངས་སུ་གྲགས་པ་ག༵ང་དེ༵་ཡི༵ས་ནི། རྩོམ་པ་པོ་ཁོ་བོའི་རྗེས་སུ་འཇུག་པར་འདོད་པའི་སྐལ་ལྡན་གྱི་སློབ་བུ་ཁྱེ༵ད་རྣམས་དང་། གཞན་ཡང་དེང་དུས་སྐྱེ་བོ་ཕལ་མོ་ཆེས་ཚུལ་ཁྲིམས་དང་ཐོས་བསམ་སྒོམ་པ་སོགས་དོན་དུ་མི་གཉེར་ཞིང་། དོན་མེད་མནོག་ཆུང་གི་འཇིག་རྟེན་ཆོས་བརྒྱད་ལ་ཉིན་མཚན་ཁོར་མོར་འཕྱན་པ་རྣམས་ཀྱི་ཡང་བློ༵་ཁ་བྱ༵ང་ཆུ༵བ་ཆེན་པོའི་ལ༵མ་དུ༵་བསྒྱུ༵ར་ཅིང་མི་ལུས་རིན་པོ་ཆེ་རྒྱལ་བའི་བསྟན་པ་དང་འཕྲད་པའི་དོན་འབྲས་མཆིས་པ༵ར་མཛོ༵ད་ཅིག་ཅེས་པའོ། །
གསུམ་པ་ནི། མཐའ་ཀླས་འགྲོ་བའི་སོགས་ཏེ། སྤྱིར་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱིས་ནམ་མཁའི་མཐ༵འ་ཀླ༵ས་པའི་འགྲོ༵་བ༵་མཆོག་དམན་རབ་འབྲིང་རྣམས་ཀྱི་ཁམས་དབང་མོ༵ས་པ་བསམ་གྱིས་མི་ཁྱབ་པའི་བློ༵་དང༵་འཚ༵མ་པ༵འི་སྒོ་ནས་ཤིན་ཏུ་ཟ༵བ་པ་སྔགས་ཀྱི་སྡེ་སྣོད་དང་། ཡ༵ངས་པ་མཚན་ཉིད་ཐེག་པའི་ཆོ༵ས་ཚུལ༵་དཔ༵ག་གི༵ས་མི༵་ལ༵ང་བ་ཞིག་གསུངས་ན་ཡ༵ང་། ཚེ་ཐུང་བ་སོགས་སྙིགས་མ་ལྔ་བདོའི་སྐབས་འདིར་དེ་དག་ཆ་ཚང་བ་ལྟ་ཅི། ཕལ་ཆེར་གྱིས་ཐ་ན་མདོ་སྔགས་ཀྱི་གཞུང་ཆེན་པོ་གཅིག་ལའང་བསླབ་པར་མི་ནུས་པས་ན། འདིར་མདོ་སྔགས་དགོངས་འགྲེལ་ཐམས་ཅད་ཀྱི་གན༵ད་གཅིག་ཏུ༵་དྲིལ༵་ན༵ས་ཉ༵མས་སུ༵་ལེ༵ན་པ༵འི་ཚུ༵ལ་ཚང་ལ་ནོར་བ་མེད་པ་ནི་སྙི༵ང་གཏ༵མ་སྙིང་གི་ཐིག་ལེ་འདི་ཉིད་དེ། ཁོ་བོའི་མན་ངག་ཐམས་ཅད་ཀྱི་སྙི༵ང་པོ༵འི་དྭངས་བཅུད་ལྟ་བུ་ཡིན་པས། སྐབས་འདིར་སྙིང༵་དང་འདྲ༵་བའི་གྲོ༵གས་པོ་སྟེ་སྐལ་ལྡན་གྱི་སློབ་བུ་ཁྱེད་རྣམས་ལ༵་འདོ༵མས་པར་བྱེད་ན།
འདི་ནི་མདོ་སྔགས་ཀྱི་ལམ་ཆ་ཚང་བ་ཚིག་ཉུང་ལ་དོན་འདུས་པའི་སྒོ་ནས་སྟོན་བྱེད་ཀྱི་མན་ངག་ཡིན་པས་མཁས་བླུན་སུ་ཡིན་ཡང་། གོ་ལོ་ཐོས་ལོ་ཙམ་གྱིས་མི་གཞག་པར་ཀུན་གྱིས་དེ་ལྟར་རང་རྒྱུད་ལ་སྦྱར་ཏེ་ཉམས་སུ་ལེན་པར་མཛོད་ཅིག་དང་། གནས་སྐབས་མཐར་ཐུག་གི་དོན་འབྲས་ཕུན་སུམ་ཚོགས་པ་དང་ལྡན་པར་འགྱུར་རོ་ཞེས་པའོ། །
གཉིས་པ་བར་དུ་དགེ་བ་བརྩམ་བྱའི་ལུས་ཕུན་སུམ་ཚོགས་པ་ལ་གཉིས་ཏེ། ལམ་གྱི་རྟེན་བཤད་པ་དང་། ལམ་གྱི་སྙིང་པོ་ཉམས་སུ་ལེན་ཚུལ་དངོས་བཤད་པའོ། །དང་པོ་ལ་གཉིས། འགལ་རྐྱེན་བསལ་བ་དང་། མཐུན་རྐྱེན་སྒྲུབ་པའོ། །དང་པོ་འདོད་པ་ཆེ་ཞིང་ཆོག་མི་ཤེས་པ་སྤང་བ་ནི། ཚེ་འདིར་ཞེན་ལ་སོགས་ཏེ། སློབ་དཔོན་དབྱིག་གཉེན་གྱིས། བསྲིང་གཉིས་ལྡན་ཆོག་མི་ཤེས་དང་། །འདོད་ཆེན་ཅན་ལ་མ་ཡིན་ནོ། །ཞེས་པ་ལྟར་གལ་ཏེ་ཚེ༵་འ༵དི་སྣང་ཁོ་ནར་ཞེ༵ན་ཏེ་དགྲ་འདུལ་གཉེན་སྐྱོང་སོགས་ལ་འབད་ན༵་ཆོ༵ས་པ༵འི་གཟུགས་བརྙན་ཙམ་ལས་ཆོས་ཡང་དག་སྒྲུབ་པའི་སྐལ༵་བ༵་དང་ཡོངས་སུ་བྲལ༵་ཞིང་། དེར་མ་ཟད་ཡུལ་འདོ༵ད་པའི་ལོངས་སྤྱོད་རྣམས་ལ༵་ཅི་ཙམ་ལོངས་སུ་སྤྱ༵ད་ཅི༵ང་སྤྱ༵ད་ན་སླར་ཡང་ཚིམ་པའི་སྐབས་མེད་ཅི༵ང་། ཇི་ལྟར་ལན་ཚྭའི་ཆུ་འཐུང་བ་བཞིན་དེ་ལས་ཀྱང་སྲེད༵་པ༵་འཕེ༵ལ་བར་འགྱུར་བས་ན། ཟི༵ན་པ༵འི་དུ༵ས་མེ༵ད་ཅིང་ནོར་སོགས་རྙེ༵ད་པ་དང་རང་ཉིད་རྟག་ཏུ་བདེ༵་ཞིང་ཀུན་ལ་སྙན་པར་གྲ༵གས་ཏེ་འགྲོ་བ་མང་པོས་བསྟོ༵ད་པ་སོགས་དོན་དུ་གཉེར་བ་དང་། དེ་དག་གི་ཟློག་ཕྱོགས་བཞི་པོ་རྣ༵མས་སྤང་བར་འདོད་པའི་འཇིག་རྟེན་ཆོས་བརྒྱད་ལ་རྒྱུན་དུ་སྙེག་པ་ནི། དཔེར་ན་རྨི༵་ལ༵མ་གྱི་དུས་སུ་རྟ་གླང་སོགས་ཉོ༵་ཚོ༵ང་སྣ་ཚོགས་བྱས་ཏེ་རྒྱལ་ཕམ་བྱུང་བ་ལ་སེམས་དགའ་སྡུག་མང་པོ་སྣང་ཡང་། སད་པའི་སྐབས་ན་ཅིར་ཡང་མ་གྲུབ་པ་དང་འདྲ༵་བ༵ས་ན། དེ་དག་ཐམས་ཅད་ཆམ་གྱིས་སྐྱུ༵ར་ལ༵་ཟས་གོས་ངན་ངོན་ཙམ་ལ་བརྟེན་ནས་བཀའ་གདམས་གོང་མའི་རྣམ་ཐར་ལྟར། ཚེ་འདི་སྣང་རྣམས་བློས་ཐོ༵ངས་ཤིག་ཅེས་འདི་སྣང་ལ་ཞེན་པ་ཐར་ལམ་གྱི་སྤང་བྱར་བསྟན་ཏོ། །
གཉིས་པ་མཐུན་རྐྱེན་སྒྲུབ་པ་བཤེས་གཉེན་བསྟེན་པ་ནི། གང་ལ་བསྟེན་ན་སོགས་ཏེ། དེ་ཡང་རིག་འཛིན་འཇིགས་གླིང་གིས། ཇི་ལྟར་མ་ལ་ཡ་ཡི་ནགས་ཀློང་དུ། །རྣམ་པར་འཁྱམས་པའི་སྡོང་དུམ་ཕལ་བ་ཡང་། །ཡལ་འདབ་བརླན་པས་ཙན་དན་དྲི་བསུང་ལྟར། །གང་ལ་བསྟེན་ན་དེ་ཡི་རྗེས་སུ་འགྲོ། །ཞེས་པ་ལྟར། བཀའ་དྲིན་སངས་རྒྱས་ལས་ཀྱང་ལྷག་པའི་བླ་མ་དགེ་བའི་བཤེས་གཉེན་ག༵ང་ཞིག་ལ༵་རང་གིས་རྟག་ཏུ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེ༵ན་པར་བྱས་ན༵། རང་རྒྱུད་ལ་སྔོན་མེད་པའི་ཐོས་བསམ་སྒོམ་པ། བྱམས་སྙིང་རྗེ་སོགས་ཡོ༵ན་ཏ༵ན་གྱི་ཚོ༵གས་བསམ་གྱིས་མི་ཁྱབ་པ་ཡར་ཟླ་བཞིན་འཕེ༵ལ་བར་འགྱུར་ཞི༵ང་། རྒྱུ་ཉོན་མོངས་པའི་ཉེས༵་པ་ལས་བྱུང་བའི་མི་དགེ་བ་དང་སྡུག་བསྔལ་གྱི་སྐྱོན༵་མཐ༵འ་ད༵ག་རྣམ་པར་གྲོལ་བའམ་རྒྱ༵ང་དུ༵་སྐྲོ༵ད་པར་བྱེ༵ད་པ་སོགས་ཕན་ཡོན་བརྗོད་ཀྱིས་མི་ལང་བ་ཞིག་ཐོབ་པས་ན། སོར་བྱང་སྔགས་གསུམ་རང་རང་གི་གཞུང་ལས་བཤད་པ༵འི་མཚ༵ན་ཉི༵ད་དང་ལྡ༵ན་པ༵འི་དགེ་བའི་བཤེ༵ས་གཉེ༵ན་ད༵མ་པ༵་དེ༵་ལ། རབ་སྒྲུབ་པ། འབྲིང་ཞབས་ཏོག ཐ་མ་ཟང་ཟིང་སྟེ་མཉེ༵ས་པ༵་གསུ༵མ་གྱི༵་སྒོ་ནས་སྐྱོ་ངལ་སྤངས་ལ་ཡོངས་སུ་སྟེ༵ན་པར་གྱིས་ཤིག་ད༵ང་། རང་གི་གནས་སྐབས་དང་མཐར་ཐུག་གི་བས༵མ་པའི་དོ༵ན་མ་ལུས་པ་ཐམས་ཅད་གེགས་མེད་ཡིད་བཞིན་དུ་འགྲུ༵བ་པར་འགྱུར་རོ་ཞེས་སོ། །
གཉིས་པ་ལམ་དངོས་ཉམས་སུ་ལེན་ཚུལ་ལ་གཉིས་ཏེ། ལམ་གྱི་རིམ་པ་དང་། བྱེ་བྲག་སྒོམ་པ་སླར་རྒྱས་པར་བཤད་པའོ། །དང་པོ་ནི། སློབ་དཔོན་དབྱིག་གཉེན་གྱིས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་པའི་དོན་ལྟར་བཞི་སྟེ། གཞི་ཚུལ་ཁྲིམས་རྣམ་དག་ལ་གནས་པ། ཐོས་པའི་ཤེས་རབ་འཚོལ་བ། ཐོས་དོན་ལ་བསམ་པ། བསམ་དོན་སྒོམ་པར་བྱེད་པའོ། །དང་པོ་ནི།
ཇི་ལྟར་མཁའ་དབུས་སོགས་ཏེ། དེ་ཡང་མགོན་པོ་ཀླུ་སྒྲུབ་ཀྱིས། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལེགས་པར་གསུངས། །ཞེས་པ་ལྟར། གལ་ཏེ་གཞི་ཚུལ་ཁྲིམས་རིན་པོ་ཆེ་མེད་ན་དཔེ་ཇི༵་ལྟ༵ར་རྟེན་མེད་མཁ༵འ་དབྱིངས་སྟོང་པའི་དབུ༵ས་སུ་ཡིད་འཕྲོག་མེ་ཏོག་སྣ་ཚོགས་ཀྱི་སྐྱེ༵ད་མོ༵ས་ཚ༵ལ་ཉམས་དགའ་བ་ཞིག་བསྐྲུན་ནས། དེ་ལ་ལོངས་སུ་སྤྱད་པར་འདོ༵ད་པ་བཞི༵ན་དུ། མངོ༵ན་པ༵ར་མཐོ༵་བ་གནས་སྐབས་ལྷ་མིའི་བདེ་འབྲས་ད༵ང་ངེ༵ས་པར་ལེག༵ས་པ་མཐར་ཐུག་སངས་རྒྱས་ཀྱི་ཡོན་ཏན་ཕུན༵་སུམ་ཚོ༵གས་པ་ཀུན༵་གྱི་ནང་ནས་སྣ་གཅིག་ཀྱང་། ཚུ༵ལ་ཁྲིམ༵ས་རྣམ་པར་བྲ༵ལ་བའི་གང་ཟག་དེ་ལ༵་འབྱུ༵ང་བ༵འི་གོ་སྐ༵བས་ཐོབ་པ་མེ༵ད་པ༵འི་ཕྱིར་ན། དགེ་བའི་དམིགས་རྣམས་མི་བརྗེད་པའི་དྲ༵ན་པ་དང་། སྒོ་གསུམ་ལ་ཡང་ཡང་བརྟག་པའི་ཤེ༵ས་བཞིན། གཟོབ་པ་ལྷུར་ལེན་པའི་བ༵ག་ཡོ༵ད་བཅས་ལྡ༵ན་པ༵འི་སྒོ་ནས་སྙིགས་དུས་འདིར་བསླབ་པ་སྣ་གཅིག་ཉིན་མཚན་གཅིག་ཙམ་དུ་བསྲུངས་ཀྱང་ཕན་ཡོན་ཚད་མེད་པའི་ཚུལ་སོགས་བསམ་སྟེ། ར༵ང་རྒྱུད༵་མ་རུངས་པ་དེ་ཉིད་ཐུ༵ལ་ཅིག་ཅེས་པའོ། །
གཉིས་པ་ནི། ཐོག་མེད་སྲིད་པའི་སོགས་ཏེ། འཇམ་མགོན་མི་ཕམ་རིན་པོ་ཆེས། དམ་པ་ཆོས་འདི་སྟོན་པ་མཆོག་གིས་ཀྱང་། །སྐུ་སྲོག་ལན་མང་བཏང་ནས་བཙལ་བ་ཡིན། །ཐོས་ན་དོན་ཆེ་འདི་འདྲ་གཞན་ན་མེད། །ཐོས་དུས་ལེགས་པར་ཉན་ན་མི་འཐད་དམ། །ཞེས་པ་ལྟར་ཐོས་པ་མ་བཙལ་ན། ཚེ་རབས་ཡ་མཐའ་ཐོ༵ག་མ་མེ༵ད་པ་ནས་ལས་ཉོན་གྱི་ལྕགས་སྒྲོག་དམ་པོས་བར་མེད་དུ་བཅིངས་ཏེ། ཁམས་གསུམ་སྲི༵ད་པ༵འི་བཙོན་ར༵་ཆེན་པོར་འཕྱན་ནས། བླང་དོར་མི་ཤེས་པའི་མ༵་རི༵ག་མུ༵ན་ནག་རབ་ཏུ་འཁྲིགས་པའི་ཀློ༵ང་ཆེན་དུ༵། ཐར་ལམ་སྟོན་པའི་བླ་མ་དགེ་བའི་བཤེ༵ས་གཉེན་སོགས་དང་བྲ༵ལ་ཏེ། ལུས་སེམས་རྣལ་དུ་མི་གནས་པའི་སྨྱོ༵ན་པ༵་ཇི་བཞི༵ན་དུ༵་ད༵་ལྟའི་བ༵ར་དུ་འཁྱ༵མས་པ་ནས། ད༵་ལྟ་དལ་འབྱོར་གྱི་མི་ལུས་ཐོབ། མཚན་ལྡན་གྱི་བླ་མ་མཇལ། ཟབ་མོའི་གདམས་པ་ཐོབ་པའི་དུས་འདིར་ནི༵། ཇི་ལྟར་ཁམས་གསུམ་འཁོར་བའི་སྡུག་བསྔལ་མ་ལུས་པ་ཞི༵་ཞིང་གཏན་གྱི་བདེ༵་བ་དམ་པ་ནི་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཡིན་ལ། དེ་ལྟ་བུའི་ཁ༵ང་བཟ༵ང་ཉམས་དགའ་བ་འཚོ༵ལ་པའམ་ཐོབ་པ༵འི་ཕྱིར༵་དུ། སྟོན་པ་ཐུགས་རྗེ་ཅན་དང་རྗེས་འཇུག་མཁས་གྲུབ་རྣམས་ཀྱི་ཟབ་དང་རྒྱ་ཆེ་བའི་གསུ༵ང་ར༵བ་རྒྱ༵་མཚོ༵་ལྟ་བུ་རྣམས་ལ་སྐོམ་པ་ཆུ་ལ་འཁྲེང་བའི་འདུ་ཤེས་ཀྱིས་དཀའ་བ་བརྒྱ་ཕྲག་གི་སྒོ་ནས་རྩེ་གཅིག་ཏུ་མཉ༵ན་པ་ལ༵་སྤྲོ༵་བ༵་རབ་ཏུ་བསྐྱེད་པར་བྱ་རི༵གས་སོ། །ཞེས་པའོ། །
གསུམ་པ་ཐོས་དོན་ལ་བསམ་པ་ནི། ཐོས་པ་ཙམ་གྱིས་སོགས་ཏེ། དེ་ཡང་གུང་ཐང་བསྟན་པའི་སྒྲོན་མེས། ཐོས་མང་ཉམས་སུ་མ་བླངས་ན། །རང་གི་རྒྱུད་ལ་མི་ཕན་ཏེ། །ཆུ་ནང་ལོ་བརྒྱར་གནས་པ་ཡི། །རྡོ་ཡི་རང་བཞིན་སྐམ་པོ་ཡིན། །ཞེས་པ་ལྟར། སྤྱིར་ཐོས་པ་ལ་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད་ཀྱང་། དེའི་དོན་ཉམས་སུ་མ་བླངས་ན་ཐོ༵ས་པ༵་ཁོ་ན་ཙ༵མ་གྱི༵ས་ནི་གནས་ལུགས་ཡང་དག་པའི་དོན་ལ་ཕྱིན་ཅི་ལོག་གི་སྒྲོ༵་འདོ༵གས་ངན་པ་རྩ་བ་ནས་མི༵་ཆོ༵ད་ཅི༵ང་། ཁྱད་པར་དུ་བདག་ཅག་གི་སྟོ༵ན་པ་མཉམ་མེད་ཐུབ་པའི་དབང་པོ་དེ་ཉིད་གཞན་ཕྱི་རོལ་མུ་སྟེགས་པའི་སྟོན་པ་སོགས་གང་དང་ཡང་མི་འདྲ་བར་གདུལ་བྱ་རྣམས་ལ་བདེན་པར་སྨྲ་བ་ཉག་གཅིག་གི་ཚད་མའི་སྐྱེས་བུ་ཁོ་ན་ཡིན་པ་དང༵་། དེས་ལེགས་པར་གསུངས་པ་བསྟ༵ན་པ་དམ་པའི་ཆོས་ཀྱང་རྣམ་པར་གྲོལ་བའི་འཇུག་ངོགས་བླ་ན་མེད་པའི་དཔྱད་གསུམ་རྣམ་པར་དག་པ་ཡིན་པ་ལ༵། གཞན་གང་གིས་ཀྱང་མི་འཕྲོག་པའི་ཡི༵ད་ཆེ༵ས་བརྟན་པོ་ནི་དེང་གི་དུས་འདིར་ཤིན་ཏུའང་རྙེད༵་པར་དཀ༵འ་བ༵ས་ན། དུས་རྟག་ཏུ་རྒོལ་བ་ཚར་གཅོད་པའི་རྩོ༵ད་པ་དང་། སྐལ་ལྡན་རྗེས་སུ་འཛིན་པའི་འཆ༵ད་པ། གཉིས་ཀའི་དོན་དུ་རྩོ༵མ་པ་སྟེ་མཁས་པ༵འི་བྱ༵་བ༵་གསུམ་པོ་འདི་འབད་པ་བརྒྱ༵་ཕྲ༵ག་གི༵་སྒོ་ནས་བསྟེན་ཏེ། ཐོས་དོན་ལ་ཡང་ཡང་སེམས་པའི་བས༵མ་བྱུ༵ང་གི་ཤེས༵་ར༵བ་དྲི་མ་མེད་པ་དེ་ཉིད་རང་གི་ཐུག༵ས་ཀྱི༵་བཅུད༵་དུའ༵མ་རྒྱན་དུ་སྟེན༵་པར་མཛོད་ཅིག་དང་། སྟོན་པ་དང་བསྟན་པ་རིན་པོ་ཆེ་ལ་གཞན་གང་གིས་ཀྱང་གཡོ་བར་མི་ནུས་པའི་ཡིད་ཆེས་བརྟན་པོ་སྐྱེ་བར་འགྱུར་རོ། །ཞེས་པའོ། །
བཞི་པ་བསམ་དོན་བསྒོམ་པ་ནི། གཞུང་ལུགས་རབ་འབྱམས་སོགས་ཏེ། དེ་ཡང་ཇི་སྐད་དུ། དཔེར་ན་མི་ཞིག་རྒྱ་མཚོའི་ཆུས་ཁྱེར་ན། །དེ་ནི་སྐོམ་བཞིན་འཆི་བའི་དུས་བྱེད་འགྱུར། །དེ་བཞིན་ཐོས་མང་སྲེད་པས་བག་མེད་པ། །ཆོས་ཀྱི་རྒྱ་མཚོར་གནས་བཞིན་ངན་འགྲོར་འགྲོ། །ཞེས་པ་ལྟར། མདོ་སྔགས་རིག་གནས་དང་བཅས་པའི་གཞུ༵ང་ལུ༵གས་ར༵བ་འབྱ༵མས་ཀྱི་གནས་ལ་མཁས་ཤིང་ཚེ་གང་གཞན་ལ་ཆོས་སྨྲ༵་བའི༵་དགེ་བའི་བཤེས་གཉེན་དུ་གྲགས་ཤིང་མངོན་པར་རློམ་པའི་སྟོ༵ན་པ་ཆེ༵ན་པོ་རྣམས་ཡིན་ཡ༵ང་། དོན་ཐོས་བསམ་གྱིས་ར༵ང་གི་རྒྱུ༵ད་ལ་ཡང་ཡང་གོམས་པར་བྱས་ཏེ་ཉོན་མོངས་པའི་དགྲ་ཆེན་དེ་མ༵་བཏུ༵ལ་བ་ཞིག་ན། ཇི་ལྟར་བྱ་ནེ༵་ཙོ༵་ལ་མི་སྐད་བསླབས་ཏེ་འོན་པ༵འི་སྒྲ་ཙམ་ཞིག་ཀློག་ཤེས་པ་དང་འདྲ༵་བས་ན། ནམ་ཞིག་འཆི༵་བའི་སྣང་བ༵་མི་འདོད་བཞིན་དུ་བཙ༵ན་ཐ༵བས་སུ་འོ༵ང་བའི་དུས་ན༵། རང་གི་རང་ལ་ངས་བླང་དོར་གྱི་གནས་ཤེས་ཀྱང་ཉམས་སུ་མ་བླངས་ཤིང་། ང་རྒྱལ་དང་མཁས་རློམ་གྱིས་མི་ཚེ་ཐལ་བས། ད་ནི་ངན་སོང་དུ་མི་ལྟུང་བའི་གདེང་ཙམ་ཡང་མི་འདུག་སྙམ་དུ་འགྱོ༵ད་པ༵་ཆེན་པོ་སྐྱེ་བའི་རྒྱུ༵་རུ་ངེས་པས། ཟབ་མོའི་གད༵མས་ངག་གི་དོ༵ན་རྣམས་རང་རྒྱུད་འདུལ་བའི་ཐབས་སུ་སྤྱོད་ལམ་ཀུན་ཏུ་སྙི༵ང་གི་དཀྱིལ་ལ༵་སྟེ༵ན་ཅི༵ག་ཅེས་སྙི༵ང་དང་འདྲ་བའི་གྲོ༵གས་པོའམ་སྐལ་ལྡན་གྱི་སློབ་བུ་རྣ༵མས་ལ་ནན་ཏན་དུ་བསྐུལ་བའོ། །
གཉིས་པ་བྱེ་བྲག་སྒོམ་པ་སླར་རྒྱས་པར་བཤད་པ་ལ་གཉིས། མདོར་བསྟན་དང་རྒྱས་བཤད་དོ། །དང་པོ་ནི། མང་མང་སོགས་ཏེ། དེ་ཡང་མ༵ང་མ༵ང་ཞེས་ཐོག་མའི་ཟུང་ལྡན་དུ་བྱས་ཏེ། རྒྱ༵ལ་བ༵་རྫོགས་པའི་སངས་རྒྱས་ཀྱིས་གདུལ་བྱ་རྣམས་ལ། ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་སོགས་ཆོ༵ས་ཚུ༵ལ་ར༵བ་འབྱ༵མས་ཤིག་གསུངས་པ་ཀུ༵ན་ཀྱང་། དོན་དུ་སེམས་ཅན་སོ་སོའི་ར༵ང་རྒྱུ༵ད་ཀྱི་དུག་གསུམ་འདུ༵ལ་བ༵འི་གཉེན་པོ་ཁོ༵་ན༵འི་ཐ༵བས་སུ༵་གད༵མས་པ་ཡིན་པས་ན། རྟོན་པ་བཞི་ཕྱིན་ཅི་ལོག་ཏུ་གྱུར་ནས་ཚི༵ག་ཙམ་ལ༵་མ༵་འཆེ༵ལ་བར་འོག་ནས་འཆད་པའི་བསྒོམ་བྱ་དོ༵ན་གྱི༵་ཟ༵བ་གན༵ད་མཆོ༵ག་ཏུ་གྱུར་པ་རྣམས། དུས་ཀུན་སྙི༵ང་གི༵་བཅུ༵ད་དུ༵་བསྟི༵མས་ལ་ཉམས་སུ་ལེན་པར་བྱའོ་ཞེ༵ས་འདི་ཉིད་ཤིན་ཏུ་གལ་ཆེ་བས་སླ༵ར་ཡ༵ང་སྒོམ་ཚུལ་རྒྱས་པ་ལ་མཚམས་སྦྱར་ཏེ་བསྐུ༵ལ་བའོ། །
གཉིས་པ་སྒོམ་ཚུལ་རྒྱས་པར་བཤད་པ་ལ། ཐུན་མོང་ཕྱིའི་སྔོན་འགྲོ། ཐུན་མིན་ནང་གི་སྔོན་འགྲོ། ཉམས་ལེན་དངོས་གཞིའི་རིམ་པ་དང་གསུམ་ལས། དང་པོ་ལ་བཞི་སྟེ། དལ་འབྱོར་རྙེད་དཀའ། ཚེ་མི་རྟག ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་བསྟན་པའོ། །དང་པོ་ནི་རྙེད་དཀའི་རྟེན་འདི་སོགས་ཏེ། དེ་ཡང་རྒྱུ་དཔེ་གྲངས་གསུམ་གང་ནས་ཀྱང་རྙེད༵་པར་ཤིན་ཏུ་དཀ༵འ་ཞིང་དལ་བརྒྱད་འབྱོར་བཅུ་ཚང་བའི་མི་ཡི་ལུས་རྟེ༵ན་ཁྱད་པར་ཅན་འདི༵་ནི། དཔེ་ཇི་ལྟར་འཇིག་རྟེན་ན་འབྱུང་བར་དཀོན་པ་མེ་ཏོག་ཨུ༵་དུ༵མ་ཝ༵་ར༵འམ་བོད་སྐད་དུ་མཆོག་འཕགས་ཞེས་ཡོངས་སུ་གྲགས་པ་དང་འདྲ༵་ཞིང་། དེའང་གལ་ཏེ་ཡིད་བཞིན་ནོ༵ར་བུ༵་འབུ༵མ་ཕྲག་གཅིག་དུས་གཅིག་ལ་རྙེད་ཀྱང་དེས་ཟས་གོས་ཙམ་སྟེར་གྱི། མི་ལུས་རིན་ཆེན་འདིས་ནི་དེ་ལ༵ས་ཀྱང་ཆེས་ལྷག༵་པའི༵་སངས་རྒྱས་ཀྱི་གོ་འཕང་དམ་པ་སྟེར་བའི་དོ༵ན་འབྲ༵ས་ཕུན་སུམ་ཚོགས་པ་དང་ལྡ༵ན་པ་ཡིན་པས། སྐབས་འདི་ཙམ་མ་གཏོགས་ཕྱི༵་ན༵ས་འདི༵་འདྲ༵འི་ལུས་རྟེན་ཁྱད་པར་ཅན་ཡང་ནས་ཡང་དུ་ཤི༵ན་ཏུ༵འང་རྙེད༵་པར་དཀ༵འ་བ༵ས་ན། ཐར་འདོད་རྣམས་ཀྱིས་བསམ་མནོ་རྣལ་དུ་བཏང་སྟེ་དོ༵ན་ཆེ༵ན་ཚེ་རབས་གཏན་གྱི་འདུ༵ན་མ༵་སངས་རྒྱས་ཀྱི་གོ་འཕང་སྒྲུ༵བ་པ་ལ༵་ཉིན་མཚན་ཀུན་ཏུ་མ༵་གཡེ༵ལ་བར་དལ་འབྱོར་རྙེད་དཀའ་འདི་སྒོམ་པ་ལ་བརྩོན་ཅི༵ག་ཅེས་པའོ། །
གཉིས་པ་ཚེ་མི་རྟག་པ་ནི། འཆི་བདག་དགྲ་ཆེན་སོགས་ཏེ། དལ་འབྱོར་གྱི་ལུས་རྟེན་དེ་ཡང་ཡུན་རིང་དུ་མི་སྡོད་པར་ནམ་ཞིག་འཆི༵་བད༵ག་གཤིན་རྗེའི་དགྲ༵་ཆེ༵ན་དེ་ཉིད་ཇི་ལྟར་ན༵མ་མཁ༵འ་ནས་གནམ་ལྕགས་ཀྱི་ཐོ༵ག་བབས་པ་དང་འདྲ༵་བ༵ར་དུས་ན༵མ་ཙ༵མ་ཞིག་ལ་ཐོ༵ན་པ༵་དང་། འཆི་ལུགས་ཇི་ལྟ་བུ་ཡིན་པ་སོགས་ནི་རང་རེ་སུ༵ས་ཀྱ༵ང་དཔ༵ག་པར་མི༵་ནུ༵ས་པས། ད་དུང་རང་ཉིད་མི་འཆི་སྙམ་དུ་ལེ་ལོ་ཕྱི་བཤོལ་གྱི་ངང་ལོ༵་ད༵ང་ཟླ༵་བ༵་མང་པོར་འཇིག་རྟེན་འདིར་སྡོ༵ད་པ༵འི་ཁོམ་ལོ༵ང་མེ༵ད་ཀྱི༵། དེས་ན་ད༵་ལྟ༵་ད༵་ལྟ༵་ཉིད་དུ་ཡང་དག་པའི་དགེ༵་ཆོ༵ས་ཤིག་སྒྲུབ༵་རེ༵་ར༵ན་ཞེས་ཚེ་མི་རྟག་པ་བསྒོམ་པར་བསྐུལ་བའོ། །
གསུམ་པ་ལས་རྒྱུ་འབྲས་ནི། ལུས་ཅན་ལས་ཀྱི་སོགས་ཏེ། དེ་ཡང་ལུ༵ས་ཅ༵ན་ཏེ་སེམས་ཅན་རྣམས་ཀྱིས་བསགས་པའི་དགེ་སྡིག་ལ༵ས་ཀྱི༵་འབྲ༵ས་བུ༵་རྣམས་ནི་བསྐལ་པ་བརྒྱར་སོང་ཡང་ནམ་ཡང་ཆུ༵ད་མི༵་ཟ༵་བར་རང་བྱས་རང་ལ་སྨིན་པར་ངེས་ཤིང་། དེ་ལྟར་རང་གིས་ལས་སྣ་ཚོགས་བྱས་པའི་རྣ༵མ་སྨི༵ན་གྱི་འབྲས་བུ་དངོས་སུ་ཐོ༵ག་ཏུ༵་བ༵བས་པའི་ཚེ༵་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དངོས་བྱོན་ཀྱང་བཅོ༵ས་སུ༵་མེ༵ད་པར་གསུངས་པས། ད༵་ལྟ༵་རྒྱུ་འབྲས་བླང་དོར་ཤེས་པའི་སྐ༵ལ་བ་དང་ལྡ༵ན་ཞིང་། དམ་པའི་ཆོས་སྒྲུབ་པའི་མཐུན་རྐྱེན་ཚང་ནས་ར༵ང་དབ༵ང་ཡོ༵ད་པའི་དུ༵ས་འདི༵ར། རྒྱུ་འབྲས་ཀྱི་གནད་ཟབ་མོ་ལ་ཡིད་ཆེས་ཡོད། ཚུལ་བཞིན་ཉམས་སུ་མི་ལེན་པར་རང་མགོ་ར༵ང་གི༵ས་བསྐོར་ནས་ར༵ང་ཉི༵ད་བསླུ༵ས་པར་གྱུར་ན༵་གཞན་སུ༵་ཞིག་གི་མཐུ་ཡི༵ས་སྐྱོ༵བ་པར་འགྱུར་ཏེ། སྟོན་པ་ཐུགས་རྗེ་ཅན་བྱོན་ཀྱང་སྐྱོབ་པར་མི་ནུས་པས་སོ། །
བཞི་པ་འཁོར་བའི་སྡུག་བསྔལ་ནི། བཟོད་དཀའ་འཁོར་བའི་སོགས་ཏེ། དེ་ཡང་ཤིན་ཏུ་བཟོ༵ད་པར་དཀ༵འ་བའི་ཁམས་གསུམ་འཁོ༵ར་བ༵འི་རྒྱ་མཚོར་འཕྱན་པའི་སེམས་ཅན་རྣམས་ཀྱི་སྡུ༵ག་བསྔ༵ལ་སྤྱི་དང་བྱེ༵་བྲ༵ག་ངན་སོང་གནས་གསུམ་གྱི་སྡུག་བསྔལ་ཆ་ཤས་ཙམ་རེ་རི་མོར་བྲིས་པ་མཐོང་བ་དང་། གཞན་གྱིས་སྨྲས་པ་ཐོས་པ་རྣ༵མས་སེམས་ལ་དྲ༵ན་པར་བྱས་པ༵་ཙ༵མ་གྱི༵ས་ཀྱང་བློ་ལྡན་རྣམས་མི་བཟད་པའི་འཇིགས་པ་སྐྱེས་ཏེ་ལུས་ཀྱི་བ༵་སྤུ༵་རྣམས་ཀྱང་གཡོ༵་བར་ནུ༵ས་པ་ཡིན་ན༵། དངོས་སུ་བགྲ༵ང་ཡ༵ས་པའི་དུ༵་ཁ༵ཿསྟེ་སྡུག་བསྔལ་དེ་དག་གིས་ལུ༵ས་སེ༵མས་རབ་ཏུ་གདུ༵ང་བར་བྱེད་པ༵འི་ཚེ༵་ན་བཟོད་དམ་མི་བཟོད་ཅི༵་འདྲ༵་ཡི༵ན་ཞེ༵ས་ད་ལྟ་ཉིད་ནས་དེ་དག་གི་སྡུག་བསྔལ་གྱི་རྣམ་གྲངས་དང་། ཚེ་ཚད་སོགས་ལ་བསམ་སྟེ་རང་གིས་ར༵ང་ལ༵་ཉིན་རེ་བཞིན་དུ་གྲོ༵ས་མོ༵ལ་མཛོ༵ད་ཅིག་དང་། གཟོད་འཁོར་བ་ལས་ངེས་པར་འབྱུང་བར་འགྱུར་རོ་ཞེས་པའོ། །
གཉིས་པ་ཐུན་མིན་ནང་གི་སྔོན་འགྲོ་ལ། སྐྱབས་འགྲོ་དང་། སེམས་བསྐྱེད། སྡིག་སྒྲིབ་སྦྱོང་བ་གསུམ་ལས། དང་པོ་སྐྱབས་འགྲོ་ནི། འདི་འདྲའི་འཇིགས་ཆེན་སོགས་ཏེ། གོང་དུ་བཤད་པའི་འདི༵་འདྲ༵འི་འཁོར་བའི་རྒྱ་མཚོར་ཐོག་མེད་ནས་ཉོན་མོངས་པའི་ཆུ་སྲིན་གྱིས་ལུས་ཟོས་པའི་འཇི༵གས་པ་ཆེ༵ན་པོ་ལས་ཤི༵ན་ཏུ༵་ཐ༵ར་བར་དཀ༵འ་བ་ལ༵ས། རང་ཉིད་འདྲེ༵ན་པ༵འི་ནུས༵་པ་དང་ལྡ༵ན་པ་ནི། གཞ༵ན་ལྷ་ཀླུ་མཐུ་བོ་ཆེ་དང་། སྡེ་བརྒྱད་མི་མ་ཡིན་སོགས་གང་ན༵ས་ཀྱང་སྐྱབས་སུ་བརྟེན་འོས་པ་ཞིག་འཇིག་རྟེན་གྱི་ཁམས་འདིར་རྙེ༵ད་པའི་གོ་སྐབས་མི༵་སྲི༵ད་པས། དུས་ཀུན་བསླུ༵་བ་མེ༵ད་པ་གནས་སྐབས་སངས་རྒྱས་ཆོས་དགེ་འདུན་དང་། མཐར་ཐུག་གི་སྐྱབས་ཡུལ་མཁྱེ༵ན་བརྩེ༵་ནུ༵ས་གསུམ་གྱི་ཡོན་ཏན་ཚད་མེད་པ༵འི་བད༵ག་ཉི༵ད་ཅ༵ན་སངས་རྒྱས་བཅོམ་ལྡན་འདས་ཏེ། དཀོན་མཆོག་རི༵ན་པོ་ཆེ༵་རྣ༵མ་པ་གསུ༵མ་གྱི་ཡོན་ཏན་རྗེས་སུ་དྲན་པའི་སྒོ་ནས་ཁ་ཙམ་མིན་པར་སྙིང་ཐག་པ་ནས་རྟག་ཏུ་སྐྱ༵བས་སུ༵་བརྟེ༵ན་པ༵ར་བྱ་རི༵གས་སོ་ཞེས་པའོ། །
གཉིས་པ་སེམས་བསྐྱེད་ནི། སྲིད་གསུམ་སྡུག་བསྔལ་སོགས་ཏེ། དེ་ཡང་འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས་ཀྱི་སྲི༵ད་པ་གསུ༵མ་ན་མི་འདོད་པའི་སྡུ༵ག་བསྔ༵ལ་ཇི་སྙེད་ཅིག་ཡོད་པ་ཐམས་ཅད་ནི། ཚེ་རབས་ཐོག་མ་མེད་པ་ནས་ར༵ང་ཉིད་བདེ༵་ན་སྐྱིད་ན་ཅི་མ་རུང་སྙམ་པའི་གཅེས་པར་བཟུང་བའི་འདོ༵ད་པ་འདི་ཁོ་ན་ལ༵ས་བྱུ༵ང་བ་ཡིན་ཞིང་། གནས་སྐབས་མཐར་ཐུག་གི་བདེ༵་བ་དང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ༵་བའི་དངོས་པོ་མཐ༵འ་ད༵ག་ནི། གཞན་འགྲོ་བ་སེམས་ཅན་ཐམས་ཅད་གཅེས་པར་བཟུང་བའི་གཞ༵ན་ཕ༵ན་བྱང་ཆུབ་ཀྱི་སེམ༵ས་རིན་པོ་ཆེ་ལ༵ས་འཁྲུ༵ངས་པ་ཡིན་པར་གསུངས་སོ། །དེ༵་ཕྱི༵ར་འཇིག་རྟེན་ལྷ༵་མི༵འི་གཙོས་འགྲོ་བ་ཡོངས་ཀྱི་གཙུག་རྒྱན་དམ་པ་སྟོན༵་པ༵་ཐུགས་རྗེ་ཅན་དེ་ཉིད་ཀྱིས་སྔོན་སློབ་པ་ལམ་གྱི་གནས་སྐབས་སུ་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་བཞིན་དུ། རང་རེ་རྣམས་ཀྱིས་ཀྱང་དེའི་རྗེ༵ས་སུ་བསྙེ༵གས་ཏེ༵་གཞན་དོན་དུ་བླ༵་ན་མེ༵ད་པ་རྫོགས་པའི་བྱ༵ང་ཆུ༵བ་དང་མཚུངས་ལྡན་དུ་གྱུར་བའི་སེམ༵ས་མཆོ༵ག་ཁྱད་པར་ཅན་དེ་ཉིད་ད་ལྟ་ཉིད་ནས་བསྐྱེ༵ད་པ༵ར་བྱ་རི༵གས་སོ་ཞེས་པའོ། །
གསུམ་པ་སྡིག་སྒྲིབ་སྦྱོང་བ་ནི། རང་རྒྱུད་རིག་ཁམས་སོགས་ཏེ། དེ་ཡང་གདུལ་བྱ་མཆོག་དམན་རབ་འབྲིང་རང་ར༵ང་གི་རྒྱུ༵ད་ན་རི༵ག་ཁ༵མས་བདེ་བར་གཤེགས་པའི་སྙིང་པོ་ཞེས་ངོ་བོ་ཡེ་ནས་དག་པ་ཤེ༵ལ་དཀ༵ར་གྱི་ཨ༵་ད༵ར་ཤ༵འམ་ཤེལ་གྱི་མེ་ལོང་དྲི་མ་མེད་པ་ལྟ་བུ་རང་བཞིན་གདོད་ནས་རྣམ་པར་དག་པའི་ཚུལ་དུ་ཡོད་ན་ཡང་། གནས་སྐབས་གློ༵་བུ༵ར་འཁྲུལ་སྣང་གི་ལས་དང་། ཉོན་མོངས་ཤེས་བྱ་བག་ཆགས་ཀྱི་སྒྲི༵བ་པ༵་མཐུག་པོའི་རྡུ༵ལ་གྱི༵ས་ཆེས་ཆེ༵ར་གཡོ༵གས་པར་གྱུར་ན༵་ཟ༵བ་པ་རྫོགས་རིམ་དང་གས༵ལ་བ་བསྐྱེད་རིམ་གྱི་ཏི༵ང་འཛི༵ན་གཟུ༵གས་བརྙ༵ན་ལྟ་བུ་དེ་འཆ༵ར་བའམ་རང་གི་རྒྱུད་ལ་སྐྱེ་བར་ཤིན་ཏུ་དཀ༵འ་བས༵་ན། དུས་ཀུན་ཏུ་རྟེན་དང་། སུན་འབྱིན། སྡོམ་པ། ཀུན་ཏུ་སྤྱོད་པའི་སྟོ༵བས་བཞི༵འི་ར༵ས་དཀ༵ར་ང༵ལ་བ༵ས་བསྐྱོ༵ད་པ༵འམ་སྟོབས་བཞི་ཚང་བའི་སྒོ་ནས་སྒྲིབ་སྦྱོང་བྱེད་པར་འོ༵ས་སོ་ཞེས་པའོ། །
གསུམ་པ་དངོས་གཞི་སྒོམ་པའི་རིམ་པ་ལ། ཕྱི་བསྐྱེད་པའི་རིམ་པ། ནང་རྫོགས་པའི་རིམ་པ། གསང་བ་རྫོགས་པ་ཆེན་པོ་དང་གསུམ་མོ། །དང་པོ་ནི། སྣང་གྲག་རིག་པ་སོགས་ཏེ། དེ་ཡང་སྣ༵ང་བ་སྣ་ཚོགས་སྐུའི་རང་བཞིན། སྒྲ་གྲ༵ག་ཐམས་ཅད་གསུང་གི་རོལ་བ། རི༵ག་པ༵་སྟེ་སེམས་ཀྱི་དྲན་རྟོག་ཐམས་ཅད་ཐུགས་ཀྱི་ངོ་བོར་ཤར་བ་སྟེ། མདོར་ན་གཟུང་བ་ཡུམ། འཛིན་པ་ཡབ། རོལ་བ་གཉིས་སུ་མེད་པའི་དཀྱིལ་འཁོར་ཆེན་པོ་ལྷ༵་སྔ༵གས་ཆོ༵ས་ཉི༵ད་ཀྱི་རང་བཞིན་སྣང་སྲིད་དག་མཉམ་ཆེན་པོའི་ང༵ང་དེར་དབྱེར་མེད་བདེ་བ་ཆེན་པོ་ཡེ༵་གདོད་མ་ན༵ས་གཤིས་ཇི་བཞིན་ཡི༵ན་པ༵་ལ། གཏན་ཚིགས་ཀྱི་སྒོ་ནས་དེ་ལྟར་ཡིན་པར་ཤེ༵ས་པ༵འི་ལྟ༵་བ༵་ཐག་བཅད་པ་ད༵ང་མ༵་བྲ༵ལ་བའི་སྒོ༵མ་པ་དང་། སྤྱོད་པ༵འི་མདེ༵འུ་ལྟ་བུའི་ཁ༵་ལོ་བསྒྱུ༵ར་བར་བྱ༵ས་ན༵ས། རྒོལ་བ་ཚ༵ར་གཅོ༵ད་པ་དང་སྐལ་ལྡན་རྗེ༵ས་སུ༵་འཛི༵ན་པའི་ཚུལ་གྱིས་ཞི་རྒྱས་དབང་དྲག་གི་འཕྲིན་ལས་རབ་འབྱམས་ལ༵་དབ༵ང་བསྒྱུ༵ར་བར་བྱས་ནས་སེམས་ཅན་ཐམས་ཅད་ལ་ཕན་པ་རྒྱ་ཆེར་མཛོ༵ད་ཅིག་ཅེས་པའོ། །
གཉིས་པ་རྫོགས་རིམ་ནི། སྲོག་རྩོལ་བྱེད་བཅིང་སོགས་ཏེ། དེ་ཡང་སྲོ༵ག་ནི་རླུང་དང་རྩོ༵ལ་བ་ནི་འགོག་པར་འཇུག་པས། རླུང་འགོག་པ་དང་། རྩ་དག་པར་བྱེ༵ད་པ། ཐིག་ལེ་བཅི༵ང་བ་སོགས་ཐབས་གྲོལ་གང་རུང་ལ་བརྟེན་པའི་ལུ༵ས་ཀྱི༵་འཕྲུ༵ལ་འཁོ༵ར་སྣ་ཚོགས་ཀྱི༵་མན་ངག་ལ་བརྟེན་ནས་བདེ༵་གས༵ལ་རྣམ་པར་མི༵་རྟོ༵ག་པའི་ཡེ་ཤེས་དེ་ཉིད་གྲོ༵གས་སུ༵་འགུ༵གས་པའམ་ཉམས་སུ་ལེན་པར་ནུ༵ས་ན༵། རྣམ་སྨིན་ཤ་ཁྲག་ལས་གྲུབ་པའི་ཟག་བཅས་ཀྱི་ལུས་འདི་ཡང་དབྱིངས་སུ་ཡལ་ཏེ། སྟོང་བ་འོ༵ད་གས༵ལ་དང་སྣང་བ་སྒྱུ༵་མ༵་ལྟ་བུའི་ལུ༵ས་གྲུབ་པ་ན། དམིགས་པ་ཙམ་གྱིས་ཀྱང་འཕྲིན་ལས་རབ་འབྱམས་ལ༵་མངའ་དབ༵ང་འབྱོ༵ར་བའི་ཕྱི༵ར་དུ་གཞན་ལས་ཆེས་ཟབ་པའི་མཚན་བཅས་རྫོ༵གས་རི༵མ་འདི་ཉིད་ཐུ༵གས་ཀྱི༵་ཐི༵ག་ལེ༵ར་བསྟི༵མ་པའམ་སྙིང་ནས་བསྒོམ་པ༵ར་བྱ་རི༵གས་སོ་ཞེས་གདམས་པའོ། །
གསུམ་པ་རྫོགས་པ་ཆེན་པོ་ལ། ཉམས་སུ་ལེན་པར་བསྐུལ་བ་དང་དངོས་གཞི་ཁྲིད་ཀྱི་རིམ་པ་གཉིས་ལས། དང་པོ་ནི། སྙིགས་ལྔའི་མུན་པ་སོགས་ཏེ། དེ་ལ་འདིར་ཚེ་དང་དུས་དང་ལྟ་བ་དང་ཉོན་མོངས་དང་སེམས་ཅན་ཏེ་སྙི༵གས་མ་ལྔ༵འི་མུ༵ན་པ༵་མཐུག་པོ་དེ་ཉིད་ལྷ༵ག་པ༵ར་བདོ༵་བ་སྟེ་ཆེས་ཆེར་འཁྲིགས་པའི་སྐ༵བས་སུ༵་ནི། འོད་གསལ་རྫོགས་པ་ཆེན་པོ་མ་གཏོགས་པར། དེ་ལས་གཞན་པའི་ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའི་ཐེག་པ་དང་། ཀྲི་ཡ་ཨུ་པ་ཡོ་གའི་ཕྱི་རྒྱུད་སྡེ་གསུམ་དང་། མ་ཧ་དང་ཨ་ནུ་སྟེ་རྩོལ་བཅས་ཐེ༵ག་པ་བརྒྱ༵ད་པོ་ནི་རྒྱུ༵་སྐ༵ར་གྱི་འོ༵ད་དང་འདྲ་བས་ན། དེ་ཉིད་ཀྱི༵ས་གོང་གི་མུན་པ་མཐུག་པོ་དེ་འཇོ༵མས་པར་ཤིན་ཏུ་དཀ༵འ་བ༵ས། འདིར་ཡ༵ང་གས༵ང་བླ་ན་མེད་པ་རྩོལ་མེད་རྫོགས་པ་ཆེན་པོ་སྙི༵ང་ཐི༵ག་གི་གདམས་པ་ཟབ་མོ་བྱིན་རླབས་དང་དངོས་གྲུབ་ཀྱི་ཉི༵་མ༵འི་ཟེ༵ར་ཕྲེ༵ང་འབུ༵མ་དུ་བརྡལ་བ་དེ་ཉིད། དང་འདོད་ཡིད་ཆེས་པའི་ད༵ད་གསུ༵མ་རྟ༵་བདུ༵ན་ཁྱོ༵གས་ཀྱི༵ས་རང་གི་ཡིད་ཀྱི་མཁའ་དབྱིངས་སུ་འདྲེ༵ན་པ༵ར་བྱ་རི༵གས་སོ་ཞེས་ནན་ཏན་དུ་བསྐུལ་བའོ། །
གཉིས་པ་དངོས་གཞི་ལ་གཉིས་ཏེ། ཀ་དག་ཁྲེགས་ཆོད་དང་། ལྷུན་གྲུབ་ཐོད་རྒལ་ལོ། །དང་པོ་ནི་གང་ཤར་རིག་པ་སོགས་ཏེ། དེ་ཡང་དྲིན་ལྡན་རྩ་བའི་བླ་མའི་མན་ངག་ཟབ་མོ་ལ་བརྟེན་ནས་དགེ་མི་དགེ་སོགས་ག༵ང་ཇི་སྙེད་ཅིག་ཤ༵ར་བའི་རི༵ག་པ༵་རྣམས་ཀྱི་རྗེས་སུ་མི་འབྲང་བར། མ༵་བཅོ༵ས་མཉམ་པ་ཉིད་ཀྱི་ངང་དུ་ཐ་མལ་གྱི་ཤེས་པ་རྒྱ༵་ཡ༵ན་པ་དེ་ལ༵་བཅས་བཅོས་སྤུ་ཙམ་ཡང་མི་བྱེད་པར་ར༵ང་བ༵བས་ར༵ང་བཞ༵ག་གི་ང༵ང་དུ༵་ཤེས་པ་ཁོ་རང་གི་ངོ་བོ་ལ་ཁོ་རང་གིས་ཅེར་གྱིས་ལྟོ༵ས་ཤི༵ག་ད༵ང་། དེའི་ངོ་བོ་ཡེ༵་སྟོ༵ང་རྩ༵་བྲ༵ལ་སྨྲ་བསམ་བརྗོད་ལས་འདས་པ་ཀ་དག་ཆོས་ཀྱི་སྐུ་དང་། ར༵ང་གས༵ལ་འགག་པ་མེད་པ་ལྷུན་གྲུབ་ལོངས་སྤྱོད་རྫོགས་སྐུ། དེ་ལྟར་སྟོང་གསལ་གཉིས་མེད་དུ་ངོ༵་ཤེ༵ས་པ་ནི་ཐུགས་རྗེ་ཀུན་ཁྱབ་སྤྲུལ་བའི་སྐུ་མངོན་དུ་འགྱུར་བས་ན༵། ས༵་བཅུ་ལ༵མ་ལྔའི་ཡོན་ཏན་ཐམས་ཅད་རིམ་མིན་ཅི༵ག་ཅར་དུ་ཆོ༵ད་དེ་མཐར་ཐུག་གི་འབྲ༵ས་བུ༵་བླ་ན་མེད་པ་ཆོས་སྐུའི་གཏ༵ན་སྲི༵ད་ཟི༵ན་པར་འགྱུར་རོ་ཞེས་པའོ། །
གཉིས་པ་ལྷུན་གྲུབ་ཐོད་རྒལ་ནི། ཅོག་གཞག་ངང་ནས་སོགས་ཏེ། ཁྲེགས་ཆོད་ཅོ༵ག་གཞ༵ག་ཆེན་པོའི་ལྟ་བའི་ང༵ང་ན༵ས་བཞུ༵གས་སྟ༵ངས་གསུམ་དང་གཟི༵གས་སྟ༵ངས་གསུམ་གང་རུང་གི་གནད་ཀྱི༵ས་ནམ་མཁའ་རྐྱེན་བྲལ་ལ་བལྟས་པས་ར༵ང་སྣ༵ང་དུ་དབྱི༵ངས་རྣམ་དག་གི་སྒྲོན་མའི་ནང་ཐི༵ག་ལེ་སྟོང་སྒྲོན། དེའི་དབུས་སུ་རི༵ག་པ༵་རྡོ་རྗེ་ལུ་གུ་རྒྱུད་རྣམས་འཆར་བས་དེ་ལ་ཞེན་པ་མེད་པར་ལོ༵ངས་སྤྱ༵ད་ན༵། ཕྱི་གཟུ༵ང་བ་དང་ནང་འཛི༵ན་པའི་མ་དག་འཁོ༵ར་བ༵འི་འཁྲུལ་སྣང་གི་མུ༵ན་པ༵་རྣམས་ཆོས་ཉིད་བསལ་གཞག་མེད་པའི་དབྱི༵ངས་སུ༵་ཡ༵ལ་ཏེ་ཆོས་ཉིད་མངོན་སུམ། ཉམས་གོང་འཕེལ། རིག་པ་ཚད་ཕེབས། ཆོས་ཉིད་ཟད་པ་སྟེ་སྣང༵་བ་བ༵ཞི་མཐ༵ར་འཁྱོ༵ལ་ཏེ་གདོད་མའི་ས་མཆོག་འཇའ་ལུས་འཕོ༵་བ་ཆེ༵ན་པོའི་སྐུ་སྟེ་ཤིན་ཏུ་དྭངས་བ་འོ༵ད་ཀྱི་སྐུ༵ར་སྨི༵ན་ནས་འགྲོ་བའི་ཁམས་ལ་མཛད་ཕྲིན་ནམ་མཁའ་ཇི་སྲིད་ཀྱི་བར་དུ་རྟག་ཁྱབ་ལྷུན་འགྲུབ་ཀྱི་ཚུལ་དུ་འཆར་བར་འགྱུར་རོ་ཞེས་པའོ། །
གསུམ་པ། ཐ་མར་དགེ་བ་བསྟན་བཅོས་ཀྱི་མཇུག་གྲུབ་པའི་བྱ་བ་བཟང་པོ་ལ། ཇི་ལྟར་བརྩམ་པའི་ཚུལ་དང་། དེ་ལྟར་བརྩམས་པའི་དགེ་བ་གཞན་དོན་དུ་བསྔོ་བ་དང་། རྩོམ་པའི་ཡུལ་སོགས་བཤད་པ་དང་གསུམ་ལས། དང་པོ། དེ་སྐད་གྲོང་ཚིག་སོགས་ཏེ། དེ་ལྟར་མདོ་དང་སྔགས་ཀྱི་ལམ་རིམ་ཆ་ཚང་བར་མན་ངག་ཟབ་མོའི་སྒོ་ནས་དེ༵་སྐད༵་དུ་སྨྲས་པ་འདིས། ཧ་ཅང་གོ་སླ་བའི་གྲོང༵་པའི་ཚི༵ག་རྣམས་དུ༵མ་ཆོ༵ད་དམ་ཚིགས་བཅད་དུ་བྱས་པའི་ཁོ་བོའི་སྙིང༵་གི༵་གཏ༵མ་འདིར། བློ༵་གྲོས་གས༵ལ་བའི་མཁས་པ་རྣམས་དགྱེ༵ས་པ༵འི་སྙ༵ན་ངག་གིས་བརྒྱན་པའི་ཚི༵ག་ཕྲེང་གི་མཛེས་རྒྱན་བདོ༵ག་པ་སྟེ་ཡོད་པ་མི༵ན་ན་ཡ༵ང་། གློ་བུར་མ་བཅོས་ཐོ༵ལ་བྱུ༵ང་གི་ཚུལ་དུ་རིག་སྟོང་ཆོས་སྐུའི་ཀློ༵ང་ལས་རྩོལ་མེད་དུ་རྡོ༵ལ་བ་ཤར་མར་ཡི་གེར་བཀོད་པ་ལས། ཚིག་དང་དོན་གྱི་གནད་ལ་འགྲིག་དང་མི་འགྲིག་གིས་དཔྱད་པ་མང་པོའི་འདེ༵མས་ཀ༵་སྤ༵ངས་བ༵་སྟེ་འདེམས་སྒྲིག་མི་བྱེད་པ་འདི༵་ནི། གསང་སྔགས་སྔ༵་འགྱུ༵ར་བའི་གྲུབ་བརྙེས་རི༵ག་འཛི༵ན་བརྒྱུ༵ད་པ་དང་བཅས་པ༵འི་ར༵ང་གཤི༵ས་སམ་འགྲོ་ལུགས་ཐུན་མོང་མ་ཡིན་པ་ཞིག་ལ༵གས་སོ་ཞེས་པའོ། །
གཉིས་པ། དགེ་བ་འདི་ཡིས་སོགས་ཏེ། དེ་ལྟར་བརྩམས་པའི་ལེགས་བྱས་དགེ༵་བའི་རྩ་བ༵་འདི༵་ཡི༵ས་མཐུ་ལ་བརྟེན་པས། འཇིག་རྟེན་གྱི་ཁམས་མ༵་ལུ༵ས་པ་ན་གནས་པའི་མཐའ་ཡས་པའི་འགྲོ༵་བ༵་རྣམ༵ས་གནས་སྐབས་སུ་ལྷ་མིའི་བདེ་འབྲས་ཐོབ་ཅིང་མཐར་ཐུག་སྐུ༵་བཞི༵་ཡེ་ཤེས་ལྔའི་བདག་ཉིད་སངས་རྒྱས་ཀྱི་ཡོན་ཏན་རྒྱ་མཚོ་ལྟ་བུའི་རྒྱ༵ལ་ཐ༵བས་མཆོ༵ག་ཏུ་གྱུར་བ་ལ༵་མངའ་དབ༵ང་འབྱོ༵ར་ཞི༵ང་། རྩོམ་པ་པོ་བད༵ག་ཀྱ༵ང་དེང་ནས་བཟུང་སྟེ་འགྲོ་ཁམས་མ་སྟོང་བར་དུ་རྒྱལ་སྲས་འཇ༵མ་དཔ༵ལ་གཞོ༵ན་ནུ༵ས་ནམ་མཁའ་ཇི་སྲིད་དུ་འགྲོ་དོན་མཛད་པར་དམ་བཅས་པ་ལྟ་བུའི་ཞུམ་པ་མེད་པའི་སྙི༵ང་སྟོ༵བས་མཆོག་ད༵ང་། ཐ་ན་སྐ༵ད་ཅི༵ག་ཙ༵མ་དུ་ཡ༵ང་འབྲ༵ལ་བ༵ར་མ༵་གྱུར་ཅིང་། བསྟན་འགྲོའི་དོན་ཆེན་འབད་མེད་ལྷུན་གྱིས་འགྲུབ་པར་གྱུ༵ར་ཅི༵ག་ཅེས་པའོ། །
གསུམ་པ་ནི། ཞེས་བྱ་བ་འདི་ནི་སོགས་ཏེ། དེ་ལ་སྙིང་གཏམ་སྙིང་གི་ཐིག་ལེ་ཞེ༵ས་བྱ༵་བ༵་འདི༵་ཉིད་མཛད་པའི་ཡུལ་ནི༵་འཇམ་དབྱངས་སྤྲུལ་བའི་ཞིང་མཆོག་རྒྱ༵་ན༵ག་རི༵་བོ༵་རྩེ༵་ལྔ༵འི་ཤར་རིའི་རྒྱུད་དུ་གཏོགས་པའི་ཡ༵ང་དབེ༵ན་ལྷ༵་མཆོ༵ག་རྗེ་བཙུན་འཇ༵མ་དཔ༵ལ་གཞོ༵ན་ནུ༵ས་འཁོར་རྒྱ༵ལ་སྲ༵ས་ཁྲི༵་ཕྲ༵ག་གཅི༵ག་ལ༵་ཟ༵བ་པ་ཇི་ལྟ་བ་དང་། རྒྱ༵ས་པ་ཇི་སྙེད་པའི་ཆོ༵ས་ཀྱི༵་འཁོ༵ར་ལོ༵་བསྐོ༵ར་སའི་རྒྱལ་སྲས་ཁྲི་གླིང་ཞེས་གྲགས་པ༵འི་རི༵་རྩེ༵་ཉམས་དགའ་བ་དེར་ང༵ག་དབ༵ང་བློ༵་གྲོ༵ས་མཚུ༵ངས་མེ༵ད་མཆོག་གིས་ཆུ༵་ཚོ༵ད་སྐ༵ར་མ༵་ཉེ༵ར་གསུ༵མ་གྱི༵་ཡུ༵ན་ལ༵་ཤ༵ར་མ༵ར་སྤེ༵ལ་བ༵་དགེ༵འོ། །
ཞེས་ཚིག་འགྲེལ་མདོར་བསྡུས་ཙམ་རྗེ་བླ་མའི་ཞལ་རྒྱུན་ལྟར་མགོན་པོ་གང་གི་ཞབས་རྡུལ་སྤྱི་བོར་ཐོབ་པའི་སྐལ་བ་ཅན་བསོད་ནམས་དར་རྒྱས་སུ་འབོད་པས་སྦྱར་བ་དགེའོ། །ཕྱིས་སུ་རང་ལོ་རེ་གསུམ་པར་ཞུ་དག་ཅུང་ཟད་བགྱིས་ཏེ་སླར་གཏན་ལ་ཕབ་པའོ། ། ། །
༄༅། །སྙིང་གཏམ་སྙིང་གི་ཐིག་ལེའི་རྣམ་བཤད་འཇམ་དབྱངས་བླ་མའི་ཞལ་ལུང་ཀུན་ཕན་ཉི་མའི་འོད་ཟེར་ཞེས་བྱ་བ་བཞུགས་སོ། །
ལྷ་མཆོག་འཇམ་དཔལ་གཞོན་ནུ་དང་ངོ་བོ་དབྱེར་མེད་པའི་འཇམ་དབྱངས་བླ་མའི་ཞབས་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །
མཚར་སྡུག་ཉི་མ་འབུམ་གྱི་གཟི་བྱིན་ལས། །
སྲིད་པའི་རྨོངས་མུན་ཀུན་ནས་སེལ་མཛད་པ། །
ཤེས་རབ་འཁྲི་ཤིང་ཕྱག་ན་གཡོ་བ་ཡི། །
ལྷག་པའི་ལྷ་དེས་ཁོ་བོ་འབྲལ་མེད་སྐྱོངས། །
བརྒྱུད་གསུམ་དགོངས་བཅུད་མན་ངག་བདུད་རྩིའི་རོས། །
རབ་མྱོས་ཅིར་སྣང་བདེ་ཆེན་དཀྱིལ་འཁོར་དུ། །
ཐབས་མཆོག་རྡོ་རྗེའི་གར་གྱིས་དགྱེས་རོལ་བའི། །
གྲུབ་མཆོག་རིག་འཛིན་བརྒྱུད་པའི་ཚོགས་ལ་འདུད། །
གཞན་ཡང་མཁས་བཙུན་གྲུབ་པའི་རྣམ་ཐར་གྱིས། །
རིས་མེད་བསྟན་དང་འགྲོ་བའི་དཔལ་གྱུར་ཏེ། །
གང་འདུལ་ཞིང་ན་ཡེ་ཤེས་སྒྱུ་མའི་འཕྲུལ། །
འཕགས་བོད་མཁས་གྲུབ་རྣམས་ཀྱི་བཀའ་དྲིན་དྲན། །
ཁྱད་པར་ཐུགས་བསྐྱེད་ཟླ་བའི་ཟེར་ཕྲེང་གིས། །
ཐུབ་བསྟན་ཀུན་ད་དཀར་པོའི་འཛུམ་རླབས་བརྒྱས། །
ནོར་འཛིན་གསེར་གྱི་ཐིག་ལེ་འཁྱུད་མཛད་པའི། །
མི༵་ཕ༵མ་ཕྱོ༵གས་ལ༵ས་རྣམ༵་རྒྱལ༵་དུས་ཀུན་བསྙེན། །
མཚན་དཔེའི་མེ་ཏོག་རི་མོ་འབུམ་གྱི་གཟུགས། །
སྨྲ་བའི་ཉི་མ་བསམ་བཞིན་མི་ཡི་གར། །
བཀའ་དྲིན་འཁོར་མེད་ཨ༵་ཡི་མཚན་ཅན་དེའི། །
ཞབས་རྡུལ་གསེར་གྱི་པདྨོ་གཙུག་ཏུ་ངོམས། །
གསང་ཆེན་རྡོ་རྗེའི་ཚིག་གི་དགོངས་དོན་འདི། །
རྟོག་གེའི་འདམ་དུ་བསྲེ་བར་མི་འོས་ཀྱང་། །
འཇམ་མགོན་ཉིད་ཀྱིས་གསུང་གིས་དབུགས་དབྱུང་དང་། །
རང་བློ་ལེགས་པར་བཤད་ལ་གོམས་ཕྱིར་འབྲི། །
ཞེས་ཚིགས་སུ་བཅད་པའི་གཏམ་ཅུང་ཟད་ཀྱིས་མདུན་བསུས་ཏེ། དེ་ལ་འདིར་གང་བརྗོད་པར་བྱ་བ་ནི། མགོན་པོ་འཇམ་པའི་དབྱངས་ཀྱི་ཉེ་བརྒྱུད་ཁྱད་པར་ཅན། བཀའ་དང་བསྟན་བཅོས་ཡོངས་ཀྱི་སྙིང་པོ་གཅིག་ཏུ་དྲིལ་བ། གང་ཟག་གཅིག་མངོན་པར་འཚང་རྒྱ་བའི་ལམ་ཚང་ལ་ནོར་བ་མེད་པའི་ཉེ་ལམ་རྨད་དུ་བྱུང་བ། ཟབ་ཅིང་རྒྱ་ཆེ་བ་མན་ངག་གི་བསྟན་བཅོས་སྙིང་གཏམ་སྙིང་གི་ཐིག་ལེ་ཞེས་བྱ་བ་འདི་ཉིད་འཆད་པར་བྱེད་པ་ལ། ཐོག་མར་དགེ་བ་རྩོམ་པ་ཡན་ལག་ལ་འཇུག་པའི་བྱ་བ་བཟང་པོ་དང་། བར་དུ་དགེ་བ་བརྩམ་བྱ་བསྟན་བཅོས་ཀྱི་ལུས་ཕུན་སུམ་ཚོགས་པ་དང་། ཐ་མར་དགེ་བ་བསྟན་བཅོས་ཀྱི་མཇུག་རྫོགས་པའི་བྱ་བ་བཟང་པོ་དང་གསུམ་ལས། དང་པོ་ལ་གཞུང་གི་ལུས་རྣམ་པར་གཞག་པའམ་ཐ་སྙད་རྟོགས་པའི་ཕྱིར་མཚན་བསྟན་པ་དང་། རྩོམ་པ་ལ་བར་ཆད་མི་འབྱུང་ཞིང་དམ་པའི་རྗེས་འཇུག་ཏུ་ཤེས་པའི་ཆེད་དུ་མཆོད་པར་བརྗོད་པ། རྩོམ་པ་མཐར་ཕྱིན་ཅིང་དགོས་པ་མཐོང་བའི་དོན་དུ་དམ་བཅའ་བའོ། །
དང་པོ་ནི། སྙིང་གཏམ་སྙིང་གི་ཐིག་ལེ་ཞེས་གསུངས་པའི་དོན་ཏེ། སྤྱིར་བསྟན་བཅོས་ཀྱི་མཚན་འདོགས་པ་ལ། མདོ་དགོངས་འགྲེལ་གྱི་འགྲེལ་བ་ལས། གསུང་རབ་ཏུ་གཏོགས་པ་ཐམས་ཅད་ཀྱི་མིང་ནི་རྣམ་པ་བཞི་ལས་འགྱུར་ཏེ། ཡུལ་དང་དཔེ་དང་གང་ཟག་དང་དོན་ལས་སོ། །ཞེས་བཞིར་གསུངས་སོ། །དེ་ཡང་ག་ཡ་གོ་རིའི་མདོ་དང་། ཀོ་ས་ལའི་རྒྱན་ལྟ་བུ་ཡུལ་དང་། སཱ་ལུ་ལྗང་པའི་མདོ་ལྟ་བུ་དཔེ་དང་། ཙནྡྲ་པའི་མདོ་ལྟ་བུ་གང་ཟག་དང་། ཚད་མའི་མདོ་ལྟ་བུ་དོན་ནོ། །
མཁས་པ་འགས་འདིར་མ་འདུས་པའང་བཞེད་དེ། རིགས་པ་དྲུག་ཅུ་པ་ལྟ་བུ་གཞུང་ཚད་དང་། མེ་ཏོག་ཕྲེང་རྒྱུད་ལྟ་བུ་སྡེབ་སྦྱོར་གྱི་མིང་སོགས་གསུངས་ལ། ཇོ་བོའི་ལམ་ཡིག་ལས་ནི་ཇོ་བོས་བྱང་ཆུབ་ལམ་གྱི་སྒྲོན་མ་བྱ་བ་མཛད་ནས། ཁྱེད་བོད་ན་མཚན་གྱི་འདོགས་ལུགས་ཇི་ལྟ་བུ་ཡོད་ཅེས་བཀའ་རྨེད་པ་ལ། བོད་སྟོན་རྣམས་ཀྱིས་དོན་ལ་མཚན་དུ་གསོལ་བ་དང་། དཔེ་དང་ཡུལ་དང་ཞུ་བ་པོ་ལ་སོགས་པ་འདོགས་ཞུས་པས། ཨ་ལེ། བོད་ན་རྒྱ་གར་ན་མེད་པའི་གཏམ་མང་པོ་ཡོད་གསུངས་ནས་གནོད་སྦྱིན་ཨ་ཤ་བསད་པའི་གཏམ་རྒྱུད་སོགས་གསུངས་ཏེ། ཆོས་ཐམས་ཅད་དོན་ལ་མཚན་དུ་གསོལ་བ་ཡིན་པར་ཡང་གསུངས་སོ། །
དེས་ན་འདིར་སྔ་མ་ལྟར་ཕྱེ་ན་དཔེའི་སྒོ་ནས་བཏགས་པ་ཡིན་ཏེ། ཇི་ལྟར་ན། འདིར་ཐིག་ལེ་ཞེས་པའི་སྐད་དོད་ལ་ཏི་ལ་ཀ་ཞེས་པའི་སྒྲ་ལས་སྙིང་པོའམ་དྭངས་བཅུད་ཀྱི་དོན་ཏེ། གདུལ་བྱ་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་གདམས་པའི་སྙིང༵་གཏ༵མ་འདི་ནི་མན་ངག་ཐམས་ཅད་ཀྱི་ནང་ནས་སྙིང་བཅུད་ལྟ་བུ་ཡིན་ཏེ། དཔེར་ན་རང་གི་ལུས་ཟུངས་ཐམས་ཅད་ལས་ཤིན་ཏུ་གཅེས་པའི་སྙིང༵་གི༵་ཐི༵ག་ལེ༵འམ་སྙིང་བཅུད་བཏོན་ཏེ་གཞན་ལ་ཕན་པར་སྟེར་བའི་དཔེའོ། །
གཞན་ཡང་བརྗོད་བྱ་དང་རྗོད་བྱེད་འབྲེལ་ཏེ་གཞི་མཐུན་དུ་བསྡུས་པས་དོན་གྱིས་ཀྱང་དེ་ལྟར་འདོགས་རིགས་ཤིང་། དགོས་པ་དང་འབྲེལ་བའང་ཡིན་ཏེ། ལངྐར་གཤེགས་པ་ལས། མིང་དུ་གདགས་པར་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །དེ་བས་རྨོངས་པ་བསལ་བའི་ཕྱིར། །མགོན་པོས་མིང་དུ་གདགས་པར་མཛད། །ཅེས་གསུངས་སོ། །
དེས་ན་དོན་ལྡན་གྱི་མིང་དེས་དབང་པོ་རབ་ལ་དོན་ཕྱིན་ཅི་མ་ལོག་པར་གོ་བ་དང་། འབྲིང་ལ་རྣམ་པ་ཙམ། ཐ་མས་ཀྱང་བརྡའི་དུས་སུ་མིང་དོན་འབྲེལ་བ་ཤེས། ཐ་སྙད་ཀྱི་དུས་སུ་མིང་ལས་དོན་རྟོགས་ཤིང་། དོན་མཐོང་བ་ལས་མིང་དྲན་པར་འགྱུར་བ་སོགས་དགོས་པ་ཡོད་དོ། །
དེའང་གཞུང་འདི་ཉིད་ནི་འཆོས་སྐྱོབ་གཉིས་དང་ལྡན་ཞིང་སྐྱོན་བྲལ་ཡོན་ཏན་ཚང་བའི་བསྟན་བཅོས་ཡང་དག་ཡིན་ཏེ། དེའི་མཚན་ཉིད་ཚང་བའི་ཕྱིར་ཏེ། ཇི་ལྟར་ན། རྣམ་བཤད་རིགས་པ་ལས། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང་། །ངན་འགྲོའི་སྲིད་ལས་སྐྱོབ་བྱེད་གང་ཡིན་པ། །འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་དང་། ས་སྡེ་ལས། དོན་མེད་དོན་ལོག་དོན་དང་ལྡན། །ཐོས་རྩོད་སྒྲུབ་པ་ལྷུར་ལེན་དང་། །ངན་གཡོ་བརྩེ་བྲལ་སྡུག་བསྔལ་སྤོང་། །བསྟན་བཅོས་དྲུག་བྲལ་གསུམ་དུ་འདོད། །ཅེས་གསུངས་ཏེ། རིག་བྱེད་བཞི་སོགས་ཡང་དག་པའི་དོན་མེད་པ་དང་། རྟག་ཆད་དུ་ལྟ་བས་གྲོལ་ཞེས་སོགས་དོན་ལོག་པ་དང་། སྙན་ངག་ལ་སོགས་པ་ཐོས་པ་ལྷུར་ལེན་པའི་བསྟན་བཅོས་དང་། གཡུལ་ལས་རྣམ་པར་རྒྱལ་བ་ལ་སོགས་ངན་གཡོ་དང་། ཕྱུགས་ཀྱི་མཆོད་སྦྱིན་ཆོས་སུ་སྨྲ་བ་སོགས་བརྩེ་བ་དང་བྲལ་བའི་བསྟན་བཅོས་ཏེ་ངན་པ་དྲུག་དང་བྲལ་ཞིང་། ཉན་རང་དང་། བྱང་སེམས། བླ་ན་མེད་པའི་གོ་འཕང་འགྲུབ་པར་ངེས་པ་སྟེ་ཡོན་ཏན་གསུམ་དང་ལྡན་པའི་བསྟན་བཅོས་ནི་ཡང་དག་པར་གསུངས་པ་གང་ཞིག འདི་ལ་དེ་ལྟར་ཚང་བའི་ཕྱིར་རོ། །
གཉིས་པ་མཆོད་པར་བརྗོད་པ་ནི། རྩ་བར།
རབ་འབྱམས་སྲས་བཅས་རྒྱལ་བའི་གསང་གསུམ་ཀུན། །
གཅིག་བསྡུས་མཚན་དཔེའི་གཟུགས་སུ་སྨིན་པའི་སྐུ། །
གཞོན་ནུ་སྨྲ་བའི་ཉི་མ་གང་དེ་ཡིས། །
ཁྱོད་བློ་བྱང་ཆུབ་ལམ་དུ་བསྒྱུར་བར་མཛོད། །
ཅེས་གསུངས་པའི་དོན་ཏེ། ཕྱོགས་བཅུའི་འཇིག་རྟེན་དཔག་ཏུ་མེད་པའི་ཞིང་རབ༵་འབྱམ༵ས་ན་བཞུགས་པའི་སྲས༵་བྱང་ཆུབ་སེམས་དཔའི་ཚོགས་དང་བཅ༵ས་པའི་རྒྱ༵ལ་བ༵་རྫོགས་པའི༵་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པའི་གས༵ང་གསུམ༵་གྱི་ཡོན་ཏན་མ་ལུས་ཤིང་ལུས་པ་མེད་པ་ཀུན༵་གཅི༵ག་ཏུ་བསྡུ༵ས་པའི་བདག་ཉིད་ཅན་གང་ཞིག་ནི། དུས་གསུམ་སངས་རྒྱས་ཀྱི་ངོ་བོར་བཞུགས་པ་ཡང་ཡིན་ཏེ། དཔའ་བར་འགྲོ་བ་ལས། དེ་བཞིན་གཤེགས་པ་ཀླུའི་རིག་མཆོག་སྒྲོན་མེའི་ངོ་བོར་སངས་རྒྱས་ཟིན་པ་དང་། སོར་ཕྲེང་ལ་ཕན་པའི་མདོ་ལས། ད་ལྟ་དེ་བཞིན་གཤེགས་པ་མོས་པ་རབ་ཏུ་དགའ་བའི་སྙིང་པོས་ཆོས་འཁོར་སྐོར་བཞིན་པ་དང་། ཞིང་གི་ཡོན་ཏན་བསྟན་པ་ལས་མ་འོངས་པར་དེ་བཞིན་གཤེགས་པ་ཀུན་ཏུ་གཟིགས་ཞེས་བྱར་འཚང་རྒྱ་བར་གསུངས་སོ། །དེ་དག་མི་འགལ་ཏེ། ཡེ་ནས་སངས་རྒྱས་སུ་ཟིན་ཀྱང་ཕྱི་མ་རྣམས་སླར་འཚང་རྒྱ་ཚུལ་སྟོན་པ་ཡིན་པར་གསུངས་པས་སོ། །
དེའང་ངེས་པའི་དོན་དུ་ན་དམིགས་མེད་ཟུང་འཇུག་ཆེན་པོ་ཆོས་སྐུའི་རང་ཞལ་ལ་མཚན་མའི་འདུ་བྱེད་བྲལ་ནའང་། སྔོན་གྱི་ཐུགས་བསྐྱེད་དང་སྨོན་ལམ་རྣམ་པར་དག་པ་རྟེན་འབྱུང་བསླུ་བ་མེད་པའི་དབང་གིས་གདུལ་བྱའི་སྣང་ཚུལ་གྱི་ངོར་མཚ༵ན་དང་དཔེ༵་བྱད་བཟང་པོའི༵་གཟུག༵ས་སུ༵་སྨི༵ན་ནས་འགྲོ་ལ་ཕན་པར་མཛད་པའི༵་གཟུགས་ཀྱི་སྐུ༵་གང་ཞིག རྣམ་པ་བགྲེས་རྒུད་དང་བྲལ་བ་རྒྱལ་སྲས་གཞོ༵ན་ནུའི༵་ཚུལ་འཆང་སྨྲ༵་བ༵འི་ཉི༵་མ༵་སྟེ་འཇམ་དཔལ་ཡེ་ཤེས་སེམས་དཔའོ། །དེ་ལ་འཕགས་པ་གྲོལ་སྡེས་ས་བརྒྱད་པ་ཡིན་པར་གསུངས་སོ། །མི་ཕམ་ཆོས་རྗེས། རྣམ་པ་ས་བཅུའི་སེམས་དཔའ་ཆེན་པོའི་ཚུལ་དུ་སྣང་ནས་འཁོར་བ་ཇི་སྲིད་དུ་རྟག་བརྟན་བགྲེས་རྒུད་བྲལ་བའི་གཞོན་ནུའི་གཟུགས་སུ་བཞུགས་པས་ན། གཞོན་ནུར་གྱུར་པ་ཞེས་བྱ་ལ། ཞེས་སོ། །
དེ་ནི་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་མཁྱེན་པའི་རང་གཟུགས་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་གཅིག་ཏུ་བཟླུམས་པ་ཡིན་ཏེ། མཚན་ཡང་དག་པར་བརྗོད་པ་ལས། བཅོམ་ལྡན་འདས་ཀྱི་ཡེ་ཤེས་སྐུ། །གཙུག་ཏོར་ཆེན་པོ་ཚིག་གི་བདག །ཡེ་ཤེས་སྐུ་སྟེ་རང་བྱུང་བ། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི། །ཞེས་གསུངས་ཤིང་། དེའི་ཚིག་རྐང་ཐ་མ་གཉིས་ཀྱི་དོན་སྒེག་པའི་རྡོ་རྗེའི་འགྲེལ་བ་ལས། ཡེ་ཤེས་སེམས་དཔའ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ན་གནས་པའི་ཕྱིར་རོ། །དེ་ས་བཅུའི་དབང་ཕྱུག་གི་སེམས་དཔའ་ནི་མ་ཡིན་ནོ། །དེ་ལྟ་ན་སུ་ཞིག་ཡིན་ཞེ་ན། གཉིས་སུ་མེད་པའི་ཡེ་ཤེས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཉིད་འཇམ་དཔལ་ཡེ་ཤེས་སེམས་དཔའ་སྟེ། ཞེས་སོ། །
དེས་ན་འཇམ་དཔལ་ཡེ་ཤེས་སེམས་དཔའ་གང༵་དེ༵་ཡི༵ས་ནི་ཁོ་བོའི་རྗེས་སུ་འཇུག་པར་འདོད་པའི་སྐལ་ལྡན་གྱི་སློབ་བུ་ཁྱོ༵ད་རྣམས་དང་། གཞན་ཡང་སྙིགས་མ་ལྔ་བདོའི་དུས་འདིར་ཕལ་མོ་ཆེ་ནི་ཚུལ་ཁྲིམས་དང་ཐོས་བསམ་སོགས་དོན་དུ་མི་གཉེར་ཞིང་ཆོས་བརྒྱད་ཁོ་ནར་བསྙེགས་ཏེ་དོན་མེད་མནོག་ཆུང་གི་འཇིག་རྟེན་བྱ་གཞག་ལ་བར་མེད་སྤྱོད་ནས་མི་ཚེ་སྟོང་ཟད་དུ་གྱུར་ཅིང་། ཉིན་མཚན་ཁོར་མོ་ཡུག་ཏུ་རྣམ་གཡེང་དང་འདུ་འཛིའི་ངང་དུ་འཕྱན་པ་རྣམས་ཀྱི་ཡང་བློ༵་ཁ་བྱང༵་ཆུ༵བ་ཆེན་པོའི་ལ༵མ་དུ༵་བསྒྱུར༵་ཅིང་མི་ལུས་རིན་པོ་ཆེ་ཐོབ་ནས་རྒྱལ་བའི་བསྟན་པ་དང་འཕྲད་པའི་དོན་འབྲས་མཆིས་པ༵ར་མཛོ༵ད་ཅིག ཅེས་འཇམ་དཔལ་དབྱངས་ཀྱི་ཐུགས་རྒྱུད་བསྐུལ་བའི་ཤིས་པར་བརྗོད་པའོ། །
དེའང་སྤྱིར་བསྟན་བཅོས་ལ་ཐོག་མར་འཇུག་པའི་སྒོ་གསུམ་གསུངས་ཏེ། དབྱངས་ཅན་ཏམྦུ་རའི་རྒྱུད་ལས་དྲངས་པ་སྙན་ངག་མེ་ལོང་ལས། ཤིས་བརྗོད་ཕྱག་བྱ་དངོས་པོ་ནི། །ངེས་པར་བསྟན་པའང་དེ་ཡི་སྒོ། །ཞེས་ཤིས་བརྗོད་དང་། ཕྱག་བྱ་བ། དངོས་པོའི་ངེས་བསྟན་གསུམ་ལས་འདིར་དང་པོ་སྟེ། ཇི་ལྟར་ན་དཔག་བསམ་འཁྲི་ཤིང་ལས། གང་ཐུགས་དྲི་བྲལ་ཤེལ་ལ་ཆགས་ཚོན་འཛིན་པ་མིན་པ་ཉིད། །ཡིད་ནི་སྙིང་རྗེས་བརླན་ལ་གང་གི་སྐྱོན་རྣམས་མ་ལུས་སྐམས། །གང་གི་ཁྲོ་བ་མེད་ལ་རང་གིས་འཁོར་བའི་དགྲ་མངོན་བཅོམ། །ཀུན་མཁྱེན་དེ་ཡིས་ཁྱེད་ལ་དགེ་ལེགས་གཡོ་བ་མེད་གྱུར་ཅིག །ཅེས་པ་བཞིན་ནོ། །
དེ་ལྟར་མཆོད་པར་བརྗོད་པ་ལ་སྤྱིར་དགོས་པ་ཡོད་དེ། མདོ་རྒྱ་ཆེར་རོལ་བ་ལས། བསོད་ནམས་ལྡན་པའི་མི་ཡི་བསམ་པ་རྣམས་ཀྱང་འགྲུབ། །ཅེས་དང་། ཀླུ་སྒྲུབ་ཀྱིས། བསྟན་བཅོས་བྱེད་པོས་སྟོན་པ་ལ། །མཆོད་པར་བརྗོད་པ་འབྲས་མེད་མིན། །སྟོན་པ་དང་ནི་བསྟན་བཅོས་ལ། །དད་འདུན་བསྐྱེད་པར་བྱ་ཕྱིར་རོ། །ཞེས་སོ། །གཞན་ཡང་ཇི་སྐད་དུ། བསྟན་བཅོས་བྱེད་པའི་དམ་པ་ཡིས། །སྟོན་པ་ལ་ནི་མཆོད་བརྗོད་བྱ། །བསྟན་པ་སྤེལ་ཕྱིར་དག་པའི་ཚིག །འདི་ལ་འཐད་པ་བཟང་པོ་མཐོང་། །ཞེས་སོ། །
འདིར་འཇམ་དཔལ་ལ་མཆོད་པར་བརྗོད་པའི་དགོས་པ་ཡོད་དེ། མདོ་ལས། དེ་བཞིན་གཤེགས་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་མཚན་བསྐལ་པའམ་བསྐལ་པ་ལས་ལྷག་པར་བརྗོད་པ་ལས། སྐྱེས་བུ་གང་ཞིག་གིས་འཇམ་དཔལ་ཞེས་བརྗོད་ན་དེ་ཉིད་དེ་བས་བསོད་ནམས་ཆེན་པོར་འགྱུར་རོ། །ཞེས་དང་། འཇམ་དཔལ་རྩ་བའི་རྟོག་པ་ལས། འཇམ་དཔལ་ཞེས་བྱ་ཁྱོད་ཀྱི་མིང་དྲན་པ། །ཡོན་ཏན་བསམ་མི་ཁྱབ་ཅེས་རྒྱལ་བས་གསུངས། །རྒྱལ་བའི་གཙོ་བོ་སྔར་གཤེགས་ཐམས་ཅད་ཀྱི། །རྟག་ཏུ་ཁྱེད་ཀྱི་མཐུ་ནི་བསྟན་པ་ཡིན། །ཞེས་དང་། དེ་ཉིད་གཞན་ལས་ཁྱད་དུ་འཕགས་ཏེ། དཀོན་མཆོག་ཏ་ལའི་མདོ་ལས། ཤཱ་རིའི་བུས་འཇམ་དཔལ་ལ་སྨྲས་པ། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་རྡོ་རྗེ་ངན་ངོན་གྱིས་ཀྱང་རི་བྲག་ཆེན་པོ་རྣམ་པར་འཇིག་གོ །རིགས་ཀྱི་བུ་དེ་བཞིན་དུ་ཁྱོད་ཀྱི་བ་སྤུའི་ཁུང་བུ་གཅིག་ན་ཤེས་རབ་འདུག་པ་གང་ཡིན་པ་དེ་ནི་ཁོ་བོ་ལྟ་བུའི་སེམས་ཅན་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་རྣམས་ལ་མེད་དོ། །ཞེས་དང་། སྔ་འགྱུར་བའི་ཆོས་སྡེ་སྙིང་གཟེར་དྲག་པོ་ཆེན་པོའི་རྒྱུད་ལས། འཕགས་པའི་ནང་ན་འཇམ་དཔལ་ཉིད། །ལྷ་མོའི་ནང་ན་འོད་ཟེར་ཅན། །འདི་གཉིས་མ་གཏོགས་དངོས་གྲུབ་གཞན། །རིག་འཛིན་ཀུན་ཀྱང་དངོས་གྲུབ་ཡལ། །ཞེས་སོགས་གསུངས་པའི་ཕྱིར་རོ། །
གསུམ་པ་བརྩམ་པར་དམ་བཅའ་བ་ནི། རྩ་བ་ལས།
མཐའ་ཀླས་འགྲོ་བའི་མོས་བློ་དང་འཚམ་པའི། །
ཟབ་ཡངས་ཆོས་ཚུལ་དཔག་གིས་མི་ལང་ཡང་། །
གནད་དུ་དྲིལ་ནས་ཉམས་སུ་ལེན་པའི་ཚུལ། །
སྙིང་གཏམ་སྙིང་པོ་སྙིང་འདྲའི་གྲོགས་ལ་གདམས། །
ཞེས་གསུངས་པའི་དོན་ཏེ། དེའང་སྤྱིར་རྒྱལ་བ་རྫོགས་པའི་སངས་རྒྱས་དེ་ཉིད་ཀྱིས་གདུལ་བྱ་ནམ་མཁའ་མ་ལུས་པ་མཐ༵འ་ཀླས༵་པའི་འགྲོ༵་བ༵་མཆོག་དམན་རབ་འབྲིང་རྣམས་ཀྱི་ཁམས་དབང་མོ༵ས་པ་བསམ་གྱིས་མི་ཁྱབ་པའི་བློ༵་དང༵་འཚ༵མ་པ༵འི་སྒོ་ནས། ཤིན་ཏུ་ཟ༵བ་པ་སྔགས་ཀྱི་སྡེ་སྣོད་དང་ཡ༵ངས་པ་མཚན་ཉིད་ཐེག་པའི་ཆོ༵ས་ཚུ༵ལ་རབ་འབྱམས་ཏེ་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་སོགས་དཔ༵ག་གི༵ས་མི༵་ལ༵ང་བ་ཞིག་ཇི་སྲིད་སེམས་ཅན་རྣམས་ཀྱི་སེམས་ཀྱི་འཇུག་པ་ཡོངས་སུ་མ་ཟད་ཀྱི་བར་དུ་ཐེག་པའི་མཐའ་ཡང་ཐུག་པ་མེད་པར་བསྟན་ཏེ། ལང་ཀར་གཤེགས་པ་ལས། ཇི་སྲིད་སེམས་ནི་འཇུག་པའི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །ཅེས་སོ། །དེ་ལྟ་ན་ཡ༵ང་ཚེ་ཐུང་བ་སོགས་སྙིགས་མ་ལྔ་ཆེས་ཆེར་བདོ་བའི་གནས་སྐབས་འདི་ལྟ་བུ་ལ་དེ་དག་ཆ་ཚང་བ་ཞིག་སྨོས་ཅི་དགོས་ཏེ། ཕལ་ཆེར་གྱིས་ཐ་ན་གཞུང་ཆེན་པོ་གཅིག་ལའང་བསླབ་པར་མི་ནུས་པའི་ཕྱིར་རོ། །
དེས་ན་མདོ་སྔགས་དགོངས་འགྲེལ་ཐམས་ཅད་ཀྱི་གན༵ད་གཅིག་ཏུ༵་དྲི༵ལ་ན༵ས་རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་སྒྲུབ་པར་བྱེད་པ་ལ། ཉམ༵ས་སུ༵་ལེན༵་པ༵འི་ཐབས་ཚང་ལ་ནོར་བ་མེད་པ་ཚུ༵ལ་བཞིན་དུ་སྟོན་པར་བྱེད་པའི་སྙིང༵་གཏ༵མ་མམ་གདམས་ངག་འདི་ནི། ཁོ་བོའི་མན་ངག་ཐམས་ཅད་ཀྱི་སྙིང༵་པོ༵འི་དྭངས་བཅུད་ལྟ་བུ་ཡིན་པས་འདི་ཉིད་དེང་སྐབས་རང་གི་སྙིང༵་དང་འདྲ༵་བའི་གྲོ༵གས་པོ་སྟེ་སྐལ་ལྡན་གྱི་སློབ་བུ་ཁྱོད་རྣམས་ལ༵་བརྩེ་བ་ཆེན་པོས་གདམ༵ས་པར་བྱེད་པ་ཡིན་ན། ཁྱེད་རྣམས་ཀྱིས་ཀྱང་མཁས་པ་དང་བླུན་པོ་སུ་ཡིན་ཡང་གོ་ལོ་ཐོས་ལོ་ཙམ་གྱིས་ཡལ་བར་མི་འདོར་བར་ཟ་ཉལ་འགྲོ་འདུག་གི་སྤྱོད་ལམ་ཐམས་ཅད་དུ་ཚིག་རེ་རེ་བཞིན་རང་གི་རྒྱུད་ལ་སྦྱར་ཏེ་ཐུགས་ཀྱི་རྒྱན་དུ་ཆོངས་ལ་ཅི་ནུས་ཅི་ལྕོགས་ཀྱིས་ཉམས་སུ་ལེན་པར་མཛོད་ཅིག་དང་། ཆོས་འདི་ལ་གཞན་གང་དང་མི་འདྲ་བའི་འཇམ་དཔལ་དབྱངས་ཀྱི་བྱིན་རླབས་ཉེ་བརྒྱུད་ཡོད་ངེས་དང་། བདག་གི་རྗེས་སུ་ལོ་བརྒྱར་འབྲངས་ཀྱང་འདི་ལས་ལྷག་པའི་མན་ངག་ཟབ་མོ་སྟོན་རྒྱུ་མེད་པས་བློ་དང་ལྡན་པས་བརྩོན་པར་བྱས་ན་གནས་སྐབས་མཐར་ཐུག་གི་དོན་འབྲས་ཕུན་སུམ་ཚོགས་པ་དང་ལྡན་པར་འགྱུར་རོ། །ཞེས་པའོ། །
དེ་ལྟར་བརྩམ་པར་དམ་བཅའ་བའི་དགོས་པ་ནི། ཀླུ་སྒྲུབ་ཀྱི་ལུགས་ཀྱི་བསྟན་བཅོས་ཤེས་རབ་སྡོང་བུ་ལས། དམ་པས་མང་པོ་ཁས་འཆེ་མི་བྱེད་ཅིང་། །གལ་ཏེ་དཀའ་བའི་ཁས་ནི་བླངས་གྱུར་ན། །རྡོ་ལ་རི་མོ་བྲིས་པ་ཇི་བཞིན་དུ། །ཤི་ཡང་གཞན་དུ་འདོར་བར་མི་འགྱུར་རོ། །ཞེས་དང་། ཡང་མཁས་འཇུག་ལས། བསྟན་བཅོས་དམ་པ་བསྟན་པའི་ཕྱིར། །སྟོན་པས་ཐོག་མར་དགོས་པ་བསྟན། །ཞེས་པ་ལྟར་རྟོགས་ལྡན་ལ་དགོས་སོགས་ཆོས་བཞི་ཡང་བསྟན་ཏེ། འདི་ཉིད་ཟབ་ཅིང་རྒྱ་ཆེ་བ་གང་ཞིག་ཐར་འདོད་ཆོག་ཤེས་ཅན་གྱིས་ཐོག་མར་བླ་མ་བསྟེན་ནས་ཐུགས་མཐུན་པ་དང་། གཞི་ཚུལ་ཁྲིམས་རྣམ་པར་དག་པ་དང་། ལམ་ཐོས་བསམ་སྒོམ་པའི་ངོ་བོ་གང་ཡིན་པ་ནི་བརྗོད་བྱའོ། །དེའི་རང་བཞིན་བརྟགས་ཏེ་ཐར་ལམ་དུ་ཞུགས་པ་ནི་དགོས་པའོ། །ཞུགས་པ་མཐར་ཕྱིན་ནས་བྱང་ཆུབ་འགྲུབ་པ་ནི་དགོས་པའི་དགོས་པ་སྟེ་ཉིང་དགོས་སོ། །བརྗོད་བྱ་དང་ཉིང་དགོས་བདག་གཅིག་དང་། དགོས་པ་དང་ཉིང་དགོས་ཐབས་བྱུང་དུ་གྱུར་པ་ནི་འབྲེལ་བའོ། །
གཉིས་པ་བར་དུ་དགེ་བ་བརྩམ་བྱ་བསྟན་བཅོས་ཀྱི་ལུས་ཕུན་སུམ་ཚོགས་པ་ལ། ལམ་གྱི་གཞི་རྟེན་བཤད་པ་དང་། ལམ་གྱི་སྙིང་པོ་ཉམས་སུ་ལེན་ཚུལ་དངོས་བཤད་པ་གཉིས་ལས། དང་པོ་ལ་འགལ་རྐྱེན་བསལ་བ་དང་། མཐུན་རྐྱེན་སྒྲུབ་པའོ། །
དང་པོ་འདོད་པ་ཆེ་ཞིང་ཆོག་མི་ཤེས་པ་སྤང་བ་ནི། རྩ་བར།
ཚེ་འདིར་ཞེན་ན་ཆོས་པའི་སྐལ་བ་བྲལ། །
འདོད་ལ་སྤྱད་ཅིང་སྤྱད་ཅིང་སྲེད་པ་འཕེལ། །
ཟིན་པའི་དུས་མེད་རྙེད་བདེ་གྲགས་བསྟོད་རྣམས། །
རྨི་ལམ་ཉོ་ཚོང་འདྲ་བས་སྐྱུར་ལ་ཐོངས། །
ཞེས་གསུངས་པའི་དོན་དེ་ལ་དབྱེ་ན། འདི་སྣང་ལ་ཞེན་པ་འདོད་པའི་ཉེས་དམིགས་དང་། འདོད་ཡོན་ལ་སྙིང་པོས་དབེན་ཚུལ། ཆོག་ཤེས་ཀྱི་ཕན་ཡོན་ལ་སེམས་ཏེ་དེ་སྤང་བར་གདམས་པའོ། །དང་པོ། དེ་ལ་འདིར་ཐོག་མར་འདོད་ཆུང་ཆོག་ཤེས་འདི་མེད་ན་ནི་བྱང་ཆུབ་སེམས་དཔའི་རྒྱུད་ཀྱི་ཡོན་ཏན་རྣམས་སྐྱེ་བའི་ཐབས་མེད་པར་མ་ཟད། ཉན་ཐོས་རང་ལམ་ནས་བཤད་པའི་རང་དོན་ཞི་བ་ཕྱོགས་གཅིག་གི་གོ་འཕང་ཙམ་ཞིག་ཀྱང་ཐོབ་པའི་གོ་སྐབས་བྲལ་ཏེ། སློབ་དཔོན་དབྱིག་གཉེན་གྱིས། བསྲིང་གཉིས་ལྡན་ཆོག་མི་ཤེས་དང་། །འདོད་ཆེན་ཅན་ལ་མ་ཡིན་ནོ། །ཞེས་དང་། ཇི་སྐད་དུ། འདོད་པ་ཆུང་ན་འཕགས་པའི་རིགས་ཡིན་ཞིང་། །འདོད་པ་ཟད་ན་འཕགས་པ་དངོས་ཡིན་པས། །རྟག་ཏུ་འདོད་པ་ཆུང་ལ་བསླབ་པར་བྱ། །ཞེས་སོ། །
དེས་ན་ཚེ༵་འདི༵་སྣང་ཁོ་ནར༵་ཞེ༵ན་ཏེ་དགྲ་འདུལ་གཉེན་སྐྱོང་ཚོང་ཁེ་སོ་ནམ་མཚན་སྙན་གྲགས་སོགས་ལ༵་འབད་ན། ཇི་སྐད་དུ། ཚེ་འདི་ལ་ཞེན་ན་ཆོས་པ་མིན། །ཞེས་པ་ལྟར་གཟུགས་བརྙན་ཙམ་ལས་ཆོ༵ས་ཡང་དག་པར་སྒྲུབ་པ༵འི་སྐལ༵་བ༵་དང་ཡོངས་སུ་བྲ༵ལ་བ་ཡིན་ནོ། །དེར་མ་ཟད་ཡུལ་འདོ༵ད་པའི་ཡོན་ཏན་ལ༵་ལོངས་སུ་སྤྱ༵ད་ཅི༵ང་སྤྱ༵ད་དེ་རོལ་བ་ན་སླར་ཡང་ཚིམ་པའི་སྐབས་མེད་ཅི༵ང་། ཇི་ལྟར་ལན་ཚྭའི་ཆུ་འཐུང་བ་བཞིན་དུ་དེ་ལས་ཀྱང་ལྷག་པའི་སྲེ༵ད་པ༵་རྣམ་པར་འཕེ༵ལ་བར་འགྱུར་ཏེ། ཇི་སྐད་དུ། འདོད་པའི་ཡོན་ཏན་དག་ལ་དགའ་བ་ནི། །ལན་ཚྭའི་ཆུ་འཐུང་བཞིན་དུ་ངོམས་མི་འགྱུར། །ཞེས་དང་། ཚོམས་ལས། ཀརྵ་པ་ནའི་ཆར་བབས་ཀྱང་། །འདོད་པ་རྣམས་ནི་ངོམས་མི་འགྱུར། །འདོད་པ་མནོག་ཆུང་ཉེས་པ་མང་། །མཁས་པ་རྣམས་ཀྱིས་ཁོང་དུ་ཆུད། །ཅེས་དང་། རྒྱ་ཆེར་རོལ་བ་ལས། རྒྱལ་པོ་ལྷ་ཡི་འདོད་པ་གང་ཡིན་དང་། །མི་ཡི་འདོད་པ་བཟང་པོ་གང་ལགས་པ། །དེ་དག་ཐམས་ཅད་མི་གཅིག་གིས་ཐོབ་ཀྱང་། །དེས་ཀྱང་མི་ཆོག་ད་དུང་ཡང་འཚོལ་ལོ། །ཞེས་དང་། ཀླུ་སྒྲུབ་ཀྱིས། འདོད་པ་རྣམས་ནི་ཕུང་ཁྲོལ་སྐྱེད། །ཅེས་དང་། ཞི་བ་ལྷས། འཇིག་རྟེན་འདི་དང་ཕ་རོལ་དུ། །འདོད་པ་རྣམས་ནི་ཕུང་ཁྲོལ་སྐྱེད། །ཅེས་དང་། ས་པཎ་གྱིས། འདོད་པ་བདེའོ་སྙམ་སེམས་ཀྱང་། །དེར་སྤྱོད་སྡུག་བསྔལ་ཁོ་ནའི་རྒྱུ། །ཆང་འཐུང་བདེའོ་སྙམ་པ་དེ། །སྨྱོ་བ་བདེ་བར་སྒོམ་པ་ཡིན། །ཞེས་དང་། ཙོང་ཁ་བ་ཆེན་པོས། སྲིད་ལ་བརྐམ་པའི་ཚེ་འདིའི་སྣང་བ་དང་། །རང་བདེ་འདོད་པའི་བློ་རྣམས་མི་འབྱུང་ཤོག །ཅེས་དང་། རོང་ཟོམ་ཆེན་པོའི་གསུང་ལས། སྔོན་འཁོར་བསྒྱུར་ང་ལས་ནུའམ་གྲགས་པ་མཐའ་ཡས་གླིང་བཞིའི་ཕུན་ཚོགས་དབང་ཞིང་བརྒྱ་བྱིན་དང་སྟན་གཅིག་ཐོབ་ཀྱང་མ་ཚིམས་པར་མཐར་འདོད་པས་གདུངས་ནས་ཤི་བའི་རྣམ་ཐར་བྱུང་བ་ལྟར་དང་། ཀློང་ཆེན་པས་ཀྱང་། ངན་འགྲོར་འཁྲིད་ཅིང་བདེ་འགྲོའི་ལམ་འགོག་པས། །འདོད་པ་ཆུང་ལ་ཆོག་ཤེས་ལྡན་པར་བྱ། །ཞེས་དང་། ཀུན་མཁྱེན་མི་ཕམ་རྒྱ་མཚོས་ཀྱང་། ས་གཞི་ནོར་གྱིས་གང་ན་ཡང་། །སྐྱེ་བོའི་འདོད་པ་ངོམས་མི་འགྱུར། །ཞེས་དང་། ཟས་ནོར་གནས་མལ་ཙམ་ཞིག་ལས། །ལྷག་མ་ཕན་མེད་སྡུག་བསྔལ་རྒྱུ། །ཞེས་སོགས་གསུངས་སོ། །
གཉིས་པ། འདོད་པ་ནི་ཟི༵ན་པ༵འི་དུས༵་མེ༵ད་ཅིང་སྙིང་པོས་དབེན་ཏེ། ལར་ཐོག་མ་མེད་པ་ནས་འབད་པ་བརྒྱ་ཕྲག་གི་སྒོ་ནས་རྒྱུ་རྫས་སོགས་རྙེད༵་པ་དང་། རང་ཉིད་རྟག་ཏུ་བདེ༵་ཞིང་ཀུན་ལ་སྙན་པར་གྲ༵གས་ཏེ་འགྲོ་བ་མང་པོས་བསྟོད༵་བསྔགས་ཐོབ་པ་སོགས་དོན་དུ་གཉེར་ཞིང་། དེའི་ལྡོག་ཕྱོགས་བཞི་པོ་རྣམ༵ས་སྤང་འདོད་དེ་འཇིག་རྟེན་ཆོས་བརྒྱད་ལ་སྨིག་རྒྱུའི་ཆུར་བསྙེགས་པ་བཞིན་ཏེ། གཏམ་དཔེ་ལ། མགོ་སྐར་མ་ཡིས་ཞྭ་བྱེད། རྐང་བ་མོ་ཡིས་ལྷམ་བྱེད། ཅེས་པ་ལྟར་ཉིན་མཚན་བར་མེད་དུ་བརྩོན་དུ་ཟིན་ཀྱང་། དེ་ཉིད་འགྲུབ་པའི་ཐབས་སམ་ཟིན་པའི་དུས་ནི་ཅུང་ཟད་ཙམ་ཡང་མེད་དེ། ཀུན་མཁྱེན་ཆེན་པོས། བྱ་བྱེད་བྱིས་པའི་རྩེད་མོ་འདྲ། །བྱས་ན་མི་ཟིན་བཏང་ན་ཟིན། །ཞེས་དང་། ཉམས་མྱོང་འབེལ་གཏམ་ལས། ཁྲོན་པའི་ཆུ་དང་མི་རྒན་ཁ་ཡི་སྤུ། །བཅུས་དང་བཏོན་པས་འཕེལ་བ་དེ་བཞིན་དུ། །འཇིག་རྟེན་བྱ་བ་བྱ་བཞིན་བྱ་བཞིན་འཕེལ། །ཞེས་སོ། །དེ་ལ་རྨོངས་པ་རྣམས་ཆོས་བརྒྱད་ཉམས་ན་རང་མཚན་དུ་འཛིན་ཏེ། ཇི་སྐད་དུ། བྱེ་མའི་ཁང་བུ་རྡིབ་གྱུར་ན། །བྱིས་པ་རྣམས་ནི་ག་ཆད་ངུ་། །དེ་བཞིན་བསྟོད་དང་གྲགས་ཉམས་ན། །རང་གི་སེམས་ནི་བྱིས་པ་བཞིན། །ཞེས་པ་ལྟར་རོ། །
དེའང་འདི་ལྟར་དངོས་སུ་བྱ་གཞག་རྣམས་ཀྱང་བརྟགས་ན་རྨི༵་ལ༵མ་དུ་རྟ་གླང་སོགས་ཉོ༵་ཚོ༵ང་སྣ་ཚོགས་བྱས་ཏེ་རྒྱལ་ཕམ་བྱུང་བ་ལ་སེམས་དགའ་སྡུག་མང་པོ་སྣང་ཡང་སད་པའི་སྐབས་ན་ཅིར་ཡང་མ་གྲུབ་པ་དང་འདྲ༵་བ༵ས་ན་སྙིང་པོ་རྣམ་པར་དབེན་ཏེ། ཟླ་བ་སྒྲོན་མེ་ལས། ཇི་ལྟར་བུ་མོ་གཞོན་ནུའི་རྨི་ལམ་ན། །བུ་ཕོ་བྱུང་ཞིང་ཤི་བ་དེ་མཐོང་ནས། །བྱུང་ནས་དགའ་ཞིང་ཤི་ནས་མི་དགའ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་དང་། སྤྱོད་འཇུག་ལས། རྨི་ལམ་ཉམས་སུ་མྱོང་བ་བཞིན། །དངོས་པོ་གང་དང་གང་སྤྱད་པ། །དེ་དེ་དྲན་པའི་ཡུལ་དུ་འགྱུར། །འདས་པ་ཐམས་ཅད་མཐོང་མི་འགྱུར། །ཞེས་དང་། ཀུན་མཁྱེན་མི་ཕམ་རྒྱ་མཚོས་ཀྱང་། ཇི་ལྟར་རྨི་ལམ་སྣང་བ་ལ། །མཐའ་བཙལ་མཐའ་རྙེད་ནམ་ཡང་མེད། །ཀུན་ཀྱང་རྨི་ལམ་སྣང་བ་སྟེ། །ཞེས་སོགས་དང་། རྒྱལ་སྲས་རིན་པོ་ཆེའི་ཞལ་ནས། འཕྲལ་གྱི་བྱ་བཞག་རྨི་ལམ་སོ་ཚིས་འདྲ། །འབད་པ་དོན་མེད་ཡིན་གྱིས་སྐྱུར་ལ་ཐོངས། །ཞེས་སོ། །
དཔེ་གཞན་ཡང་། རྒྱ་ཆེར་རོལ་བ་ལས། འདོད་པའི་ཡོན་ཏན་སྒྲ་བརྙན་བྲག་ཆ་འདྲ། །ཐོས་ཀྱང་མཚན་མར་མི་འཛིན་རང་སར་ལྟོས། །ཞེས་དང་། མགོན་པོ་ཀླུས། གལ་ཏེ་མི་གཙང་ཁ་དོག་བཟང་། །ཤིན་ཏུ་གསར་ལ་དབྱིབས་ལེགས་ཀྱང་། །དེ་ལ་ཆགས་པ་མི་འོས་ལྟར། །བུད་མེད་གཟུགས་ཀྱང་དེ་བཞིན་ནོ། །ཞེས་བུད་མེད་ནི་མཚན་གཞི་ཙམ་སྟེ་ཟག་བཅས་ཆོས་གཞན་ལའང་འདྲའོ། །
གསུམ་པ་ཆོག་ཤེས་ཀྱི་ཕན་ཡོན་ལ་སེམས་ཏེ་དེ་སྤང་བར་གདམས་པ་ནི། དེ་ལྟར་འདོད་པ་ལ་ཉེས་དམིགས་ཆེ་བ་དང་སྙིང་པོ་མེད་པས་ཚེ་འདིའི་བྱ་བཞག་ཐམས་ཅད་ཆམ་གྱིས་སྐྱུར༵་ལ༵་ཟས་གོས་ངན་ངོན་ཙམ་གྱིས་ཆོག་ཤེས་པར་བྱས་ན་ཕན་བདེ་མཆོག་ཏུ་བསྔགས་ཏེ། ཀླུ་སྒྲུབ་ཀྱིས། ནོར་རྣམས་ཀུན་གྱི་ནང་ན་ཆོག་ཤེས་པ། །རབ་མཆོག་ལེགས་པར་ལྷ་མིའི་སྟོན་པས་གསུངས། །ཞེས་དང་། སྤྱོད་འཇུག་ལས། ཆོག་ཤེས་བདེ་སྤྱད་གང་ཡིན་པ། །དབང་པོས་ཀྱང་ནི་དེ་རྙེད་དཀའ། །ཞེས་དང་། ས་སྐྱ་པཎ་ཆེན་གྱིས། གང་ཞིག་ཉུང་ངུས་ཆོག་ཤེས་པ། །དེ་ཡི་ལོངས་སྤྱོད་ཟད་མི་ཤེས། །ཆོག་ཤེས་མེད་པར་འཚོལ་བ་ལ། །སྡུག་བསྔལ་ཆར་བཞིན་རྒྱུན་དུ་འབབ། །ཅེས་དང་། ཚོགས་དྲུག་རང་གྲོལ་གྱི་མགུར་ལས། ཅ་ཅོའི་གཏམ་དང་ཟང་ཟིང་འདུ་འགོད་ཀྱི། །ཆ་ཤས་ཙམ་ཡང་ཕྱི་མར་ཕན་དཀའ་བས། །ཇ་སོགས་སྲེད་ཞེན་དོར་ནས་ཆོག་ཤེས་ཀྱིས། །ཉ་མོ་མཚོར་འགྲོ་བཞིན་དུ་ཆོས་ཤིག་སྟེན། །ཅེས་དང་། དཔལ་སྤྲུལ་རིན་པོ་ཆེས། ནོར་གྱི་མཆོག་ནི་ཆོག་ཤེས་ཡིན། །ཡོན་ཏན་མཆོག་ནི་ཕན་སེམས་ཡིན། །ཞེས་དང་། ཀུན་མཁྱེན་མི་ཕམ་རིན་པོ་ཆེས་ཀྱང་། ཇི་སྲིད་འདོད་ཆེན་མ་གྱུར་པ། །དེ་སྲིད་ཡོན་ཏན་གཙང་བ་ཡིན། །འདོད་ཆེན་ཉིད་དུ་ཞུགས་གྱུར་ན། །ཡོན་ཏན་བཙུན་པ་ག་ལ་འགྱུར། །ཞེས་སོགས་གསུངས་སོ། །
དེས་ན་སྔོན་བཀའ་གདམས་གོང་མ་རྣམས་ཀྱི་ཕུགས་ནོར་བཅུའི་ཡ་གྱལ་གཏད་ས་བཞི་ཉམས་སུ་ལེན་པ་ལྟར་ཚེ་འདི་བློས་ཐོ༵ངས་ལ་ཆོག་ཤེས་བསྟེན་པར་བྱའོ། །ཞེས་འདོད་པ་ཆེ་ཞིང་ཆོག་མི་ཤེས་པ་འདི་ལམ་ཐམས་ཅད་ཀྱི་ཐོག་མ་ཉིད་དུ་སྤང་བྱ་ཁོ་ནར་གདམས་པའོ། །
གཉིས་པ་མཐུན་རྐྱེན་སྒྲུབ་པ་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་དགེ་བའི་བཤེས་གཉེན་བསྟེན་པ་ནི། རྩ་བར།
གང་ལ་བསྟེན་ན་ཡོན་ཏན་ཚོགས་འཕེལ་ཞིང་། །
ཉེས་སྐྱོན་མཐའ་དག་རྒྱང་དུ་སྐྲོད་བྱེད་པའི། །
མཚན་ཉིད་ལྡན་པའི་བཤེས་གཉེན་དམ་པ་དེ། །
མཉེས་པ་གསུམ་གྱིས་སྟེན་དང་བསམ་དོན་འགྲུབ། །
ཅེས་གསུངས་པའི་དོན་དེ་ལ་དབྱེ་ན། བླ་མ་བསྟེན་པའི་ཕན་ཡོན་དང་། མཚན་ཉིད་བཤད་པ། བསྟེན་ཚུལ་ལ་གདམས་པ་དང་གསུམ་ལས། དང་པོ། དེའང་སྤྱིར་མདོ་སྔགས་གང་ཡིན་ཡང་རང་ལ་ཐར་བ་དང་ཐམས་ཅད་མཁྱེན་པའི་ལམ་མ་ནོར་བ་སྟོན་པའི་བླ་མ་དེ་ཉིད་ནི་སངས་རྒྱས་དངོས་ཡིན་པར་གསུངས་ཏེ། ཏིང་འཛིན་མཆོག་དམ་པའི་མདོ་ལས། རིགས་ཀྱི་བུ་དེ་ཡང་ཕྱི་མའི་ཕྱི་མའི་དུས་ན་ང་ཉིད་དགེ་བའི་བཤེས་གཉེན་དུ་སྤྲུལ་ནས་ཏིང་ངེ་འཛིན་འདི་དག་སྟོན་པར་འགྱུར་ཏེ། ཞེས་དང་། རྔ་བོ་ཆེའི་མདོ་ལས། མྱ་ངན་མ་བྱེད་ཀུན་དགའ་བོ། །སྨྲེ་སྔགས་མ་འདོན་ཀུན་དགའ་བོ། །ང་ནི་ཕྱི་མའི་དུས་ཀྱི་ཚེ། །དགེ་བའི་བཤེས་གཉེན་ཉིད་སྤྲུལ་ནས། །ཁྱོད་ལ་སོགས་པའི་དོན་བྱེད་འགྱུར། །ཞེས་དང་། མདོ་གཞན་ལས། ཀ་ཡེ་མཐོང་བ་དོན་ལྡན་ཀྱེ། །ང་ནི་མཁན་པོའི་ལུས་ཀྱིས་སྟོན། །ང་ནི་སློབ་དཔོན་གཟུགས་སུ་གནས། །ཞེས་དང་། ཇོ་བོས། ཇོ་བོ་ཉིད་དང་གཞན་མཁན་རྒྱུད་ཇི་སྙེད་མཁན་ཆེན་གྱི་སྤྲུལ་བ་ཡིན་པར་གསུངས་པ་བཞིན་ནོ། །
གསང་བ་སྔགས་ཀྱི་སྐབས་སུའང་། སྒྱུ་འཕྲུལ་གསང་སྙིང་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕྱག་རྒྱ་གསང་བའི་སྙིང་པོ་འདི། །རྟོགས་ནས་སྨྲ་བར་གང་བྱེད་པ། །དེ་ཉིད་ང་ཡིན་དབང་ཡང་རྫོགས། །ཞེས་སངས་རྒྱས་དངོས་ཡིན་པར་གསུངས་ཤིང་། ཁྱད་པར་སྙིགས་དུས་འདིར་དེ་ལས་གཞན་པའི་ལམ་སྟོན་སངས་རྒྱས་དངོས་རྙེད་པར་མི་འགྱུར་ཏེ། ཀུན་མཁྱེན་བླ་མས། ཁྱད་པར་སྙིགས་དུས་བརྩེ་ལྡན་བླ་མ་ལས། །གཞན་ཞིག་བདག་གི་སྟོན་པར་མི་འགྱུར་བས། །རྒྱལ་ལས་ལྷག་པའི་གུས་པ་ཆེན་པོས་བསྟེན། །ཞེས་པ་ལྟར་རོ། །
དེས་ན་ཡོན་ཏན་སངས་རྒྱས་དང་མཉམ་ནའང་བཀའ་དྲིན་གྱི་སྒོ་ནས་སངས་རྒྱས་ཀུན་ལས་ཀྱང་ལྷག་པའི་བླ་མ་དགེ་བའི་བཤེས་གཉེན་གང༵་ཞིག་ལ༵་རང་གིས་རྟག་ཏུ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན༵་ན༵། རང་རྒྱུད་ལ་སྔོན་མེད་པའི་ཐོས་བསམ་སྒོམ་གསུམ། བྱམས་དང་སྙིང་རྗེ། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སོགས་ཡོ༵ན་ཏ༵ན་གྱི་ཚོ༵གས་བསམ་གྱིས་མི་ཁྱབ་པ་ཡར་ངོས་ཟླ་བ་བཞིན་དུ་འཕེ༵ལ་བར་འགྱུར་ཏེ། ས་སྙིང་འཁོར་ལོ་བཅུ་པའི་མདོ་ལས། བླ་མ་ལ་ནི་བསྙེན་བཀུར་བྱས་པས་ནི་ཡོན་ཏན་གྱི་ཆོས་བསམ་གྱིས་མི་ཁྱབ་པ་ཡོངས་སུ་འཛིན་ཏོ། །སངས་རྒྱས་ཀྱི་ཡོན་ཏན་དང་རྣམ་པར་འཕྲུལ་བ་ཐམས་ཅད་ཀྱང་འདི་ལས་བྱུང་བར་བལྟའོ། །ཞེས་དང་། ཡོན་ཏན་མཛོད་ལས། ཇི་ལྟར་མ་ལ་ཡ་ཡི་ནགས་ཀློང་དུ། །རྣམ་པར་འཁྱམས་པའི་སྡོང་དུམ་ཕལ་བ་ཡང་། །ཡལ་འདབ་བརླན་པས་ཙན་དན་དྲི་བསུང་ལྟར། །གང་ལ་བསྟེན་པ་དེ་ཡི་རྗེས་སུ་འགྲོ། །ཞེས་དང་། སྐྱེ་རབས་ལས། དེ་དང་ཉེ་ན་དེ་ཡི་ཡོན་ཏན་རྡུལ། །ཆེད་དུ་མ་བགོས་པར་ཡང་འགོ་བར་འགྱུར། །ཞེས་དང་། བཤེས་སྤྲིངས་ལས། དགེ་བའི་བཤེས་གཉེན་བསྟེན་པས་ཚངས་པར་སྤྱོད་པ་ཡོངས་སུ་རྫོགས། །ཞེས་དང་། ཐོགས་མེད་ཀྱིས། དགེ་བ་དགེ་བའི་བཤེས་གཉེན་ལ་བསྟེན་ནས་འཕེལ། ཞེས་དང་། འབྲོམ་གྱིས། རྐྱེན་དགེ་བའི་བཤེས་གཉེན་ཉིན་དང་མཚན་དུ་བསྟེན། གྲོགས་དམ་པ་དགེ་བའི་མཁར་བཟང་པོ་དང་འགྲོགས། ཞེས་སོགས་མང་དུ་བྱུང་ཞི༵ང་། གསང་འདུས་ལས་ཀྱང་། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་མཆོད་པ་བས་བླ་མའི་བ་སྤུའི་ཁུང་བུ་གཅིག་མཆོད་པའི་ཕན་ཡོན་ཆེ། ཞེས་དང་། མདོ་ལས། སངས་རྒྱས་ཆོས་རྣམས་མ་ལུས་དགེ་བའི་བཤེས་ལ་བསྟེན་ཏོ་ཞེས། །ཡོན་ཏན་ཀུན་གྱི་མཆོག་མངའ་རྒྱལ་བས་དེ་སྐད་གསུངས། །ཞེས་དང་། གསང་བ་བསམ་གྱིས་མི་ཁྱབ་པ་ལས། བྱང་ཆུབ་སེམས་དཔའ་བླ་མ་ལ་བསྟེན་ནས་ཡོན་ཏན་གྱི་ཆོས་ཐམས་ཅད་རྫོགས་པར་བྱའོ། །ཞེས་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་ལས། མདོར་ན་དགེ་བའི་བཤེས་གཉེན་གྱི་གདམས་པ་ལ་ཞུགས་ན་ཡོན་ཏན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བརྗོད་དུ་མེད་པ་བཅུ་ཡོངས་སུ་འཛིན་ཏོ། །ཞེས་སོ། །
ཐོས་བསམ་སོགས་ཆེར་མི་ཤེས་ཀྱང་བླ་མ་བཀུར་ན་ངན་སོང་ལས་ལྡོག་པར་གསུངས་ཏེ། དགོངས་འདུས་ལས། ཆོས་ཀུན་མི་ཤེས་མ་རྟོགས་ཀྱང་། །མཚན་ཉིད་བཟང་ལྡན་བླ་མ་ལ། །བཀུར་ནས་རིམ་གྲོ་ཆེར་བྱས་པས། །འཁོར་བའི་རྒྱ་མཚོ་བརྒལ་བར་འགྱུར། །ཞེས་སོ། །
བླ་མ་ལ་ཞལ་ཟས་སོགས་རིམ་གྲོ་བྱས་པའི་ཕན་ཡོན་ནི། ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། ཇི་ལྟར་དགེ་སློང་ཁྲིམས་ལྡན་པ། །འབུམ་ཕྲག་དྲུག་ཅུ་རྩ་གཉིས་ལ། །སྟོན་མོ་ལན་བདུན་ཅུ་གཅིག་ལས། །བླ་མའི་ཞལ་དུ་འབྲས་ཆན་འབྲུ། །རྡོག་མ་བདུན་གྲངས་བསོད་ནམས་ལ། །བརྒྱ་སྟོང་ཁྲི་འབུམ་ཆར་མི་ཕོད། །ཅེས་དང་། ཡང་དེ་ཉིད་ལས། གང་གིས་བླ་མའི་བྱ་བ་ལ། །མཁས་པའི་སྐལ་ལྡན་གང་ཡིན་དེ། །དུས་གསུམ་སངས་རྒྱས་ཐམས་ཅད་ལ། །བསྐལ་པ་བྱེ་བ་དྲུག་འབུམ་དུ། །ཕྱག་བྱས་པས་ནི་འདི་དོན་ཆེ། །ཞེས་དང་། ཡེ་ཤེས་དམ་པའི་རྒྱུད་ལས། བསྐལ་པའི་སངས་རྒྱས་མཆོད་པ་ལས། །བླ་མའི་བ་སྤུ་ཉག་གཅིག་ལ། །འབྲུ་མར་ཐིགས་པ་གཅིག་བྱུགས་ན། །བསོད་ནམས་ཕུང་པོ་ཁྱད་པར་འཕགས། །ཞེས་སོ། །
བླ་མ་དྲན་པའི་ཕན་ཡོན་ནི། མདོ་ལས། གང་ཞིག་བསྐལ་པ་བྱེ་བ་རུ། །ལྷ་སྐུ་འབུམ་ཕྲག་སྒོམ་པ་ལས། །བླ་མ་སྐད་ཅིག་དྲན་པས་མཆོག །ཅེས་དང་། བསྐྱེད་རིམ་སྒོམ་པ་ལས་ཀྱང་མཆོག་སྟེ། དམ་ཚིག་བཀོད་པ་ལས། མཚན་དང་དཔེ་བྱད་འབར་བའི་ལྷ། །བསྐལ་པ་འབུམ་དུ་བསྒོམས་པ་བས། །བླ་མ་སྐད་ཅིག་དྲན་པ་མཆོག །ཅེས་དང་། དེ་བཞིན་རྫོགས་རིམ་སྒོམ་པ་ལས་ཀྱང་འཕགས་ཏེ། ཨ་ཏི་བཀོད་པ་ལས། རྫོགས་པའི་རིམ་པ་བསྐལ་པའི་བར་དུ་ནི། །གཉིད་དང་འདུ་འཛི་རབ་སྤངས་བསྒོམས་པ་ལས། །བླ་མ་རང་སེམས་སྟེང་དུ་དལ་ཅིག་ཙམ། །བསྒོམས་པས་བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་སོ། །
མདོར་ན་དགེ་བའི་བཤེས་གཉེན་གྱི་ཡོན་ཏན་བརྗོད་ཀྱིས་མི་ལངས་པ་ཤེས་པར་བྱ་སྟེ། ཕལ་བོ་ཆེ་ལས། དགེ་བའི་བཤེས་གཉེན་གྱི་ཡོན་ཏན་དང་བསྔགས་པ་བརྗོད་པ་ནི། རྒྱས་པར་བསྐལ་པར་བརྗོད་ཀྱང་ཟད་མི་ཤེས་པ་དེའི་ཕྱིར་རྟག་ཏུ་དགེ་བའི་བཤེས་གཉེན་བསྟེན་པར་བྱའོ། །ཞེས་གསུངས་སོ། །
དེ་བཞིན་བླ་མ་མཆོག་དེ་བསྟེན་པའི་མོད་ལ་རྒྱུ་ཉོན་མོངས་པའི་ཉེ༵ས་པ་ལས་བྱུང་བའི་མི་དགེ་བ་དང་སྡུག་བསྔལ་གྱི་སྐྱོན༵་མཐ༵འ་ད༵ག་ལས་རྣམ་པར་གྲོལ་བའམ་དེ་རྒྱ༵ང་དུ༵་སྐྲོ༵ད་པར་བྱེ༵ད་པ༵འི་ཕན་ཡོན་འཐོབ་པ་སྟེ། སྡོང་པོ་བཀོད་པ་ལས། དགེ་བའི་བཤེས་གཉེན་གྱིས་བྱ་བ་དང་མི་བྱ་བ་ཐམས་ཅད་སྟོན་པ། འཇིག་རྟེན་གྱི་གནས་འདོར་བ། སྡིག་ཏོ་དང་བག་མེད་པའི་གནས་ཐམས་ཅད་ནས་ཟློག་པ། སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་བ། འཁོར་བའི་གྲོང་ཁྱེར་ནས་འདོན་པ། བདུད་ཀྱི་ཞགས་པ་གཅོད་པ། སྡུག་བསྔལ་གྱི་ཟུག་རྔུ་འབྱིན་པ། མི་ཤེས་པའི་འཐིབ་པོ་སེལ་བ། འདོད་པའི་འདམ་ལས་འབྱིན་པ། མ་རིག་པའི་མུན་པ་སེལ་བ། ལྟ་བའི་འཆིང་བ་གཅོད་པ། བྱང་ཆུབ་སེམས་དཔའི་ལམ་སྟོན་པ། ཞེས་སོགས་དང་། སྒྱུ་འཕྲུལ་བརྒྱ་བ་ལས། ཡོན་ཏན་རིན་ཆེན་གཏེར་ཆེན་པོ། །ཐམས་ཅད་མ་ལུས་སྟོན་བྱེད་ཅིང་། །ཉོན་མོངས་མ་ལུས་རྩད་གཅོད་པ། །བླ་མེད་འབྲས་བུ་འཐོབ་པར་བྱེད། །ཅེས་སོགས་གསུངས་སོ། །
དེ་ལྟར་བླ་མ་བསྟེན་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་ཀྱང་ལྟུང་བ་འབྱུང་བའི་རྒྱུ་བཞིའི་དབང་དུ་སོང་ནས་དེ་ལ་བསྟེན་ནས་ཉེས་པའང་ཤིན་ཏུ་འབྱུང་ཉེ་སྟེ། མངོན་ལྐོག་གང་ཡིན་ཡང་བླ་མ་ལ་སྨོད་ན་རྒྱུད་སྡེ་ཐམས་ཅད་བསྐལ་པ་སྟོང་དུ་སྤྱོད་ལམ་སྤངས་ཏེ་བསྒྲུབས་ཀྱང་ངན་སོང་དུ་སྐྱེ་བར་འགྱུར་ཏེ། རྡོ་རྗེ་སྙིང་པོའི་རྒྱན་ལས། གང་གིས་སློབ་དཔོན་ཡང་དག་སྨོད། །དེས་ནི་རྒྱུད་ཀུན་སྒྲུབ་པའི་མཆོག །གཉིད་དང་འདུ་འཛི་རྣམ་སྤངས་ཏེ། །བསྐལ་པ་སྟོང་དུ་ལེགས་བསྒྲུབས་ཀྱང་། །དམྱལ་སོགས་སྒྲུབ་པར་བྱེད་པའོ། །ཞེས་སོ། །
བླ་མའི་བཀའ་བཅག་པའི་ཉེས་པ་ནི། གུར་ལས། དེ་ཚེ་དབང་བསྐུར་མཆོག་ཐོབ་པའི། །སློབ་མའང་བླ་མའི་བཀའ་འདས་ན། །འཇིག་རྟེན་འདིར་ཡང་སྡུག་བསྔལ་ཞིང་། །འཇིག་རྟེན་ཕ་རོལ་དམྱལ་བར་འགྲོ། །ཞེས་དང་། ཏཻ་ལོ་པས་ཀྱང་། ཅི་གསུངས་བཀའ་ལ་མི་ཉན་ན། །རྒྱུད་ལ་ཡོན་ཏན་སྐྱེ་དུས་མེད། །ཅེས་སོ། །
བླ་མ་ལ་ཁོང་ཁྲོ་བྱུང་བའི་ཉེས་པའང་། དུས་འཁོར་ལས། བླ་མ་ལ་ཁྲོའི་སྐད་ཅིག་གྲངས། །བསྐལ་པར་བསགས་པའི་དགེ་བཅོམ་ནས། །དེ་སྙེད་བསྐལ་པར་དམྱལ་སོགས་ཀྱི། །སྡུག་བསྔལ་ཚོར་བ་དྲག་པོ་མྱོང་། །ཞེས་དང་། སྤྱོད་འཇུག་ལས། སྐད་ཅིག་གཅིག་བྱས་སྡིག་པས་ཀྱང་། །བསྐལ་པ་མནར་མེད་གནས་གྱུར་ན། །ཞེས་སོ། །
བླ་མའི་སྐྱོན་ལ་བརྟགས་པའི་ཉེས་པ་ཡང་། རྒྱུད་ལས། ཡོན་ཏན་བཟུང་ན་དངོས་གྲུབ་ཐོབ། །སྐྱོན་གྱིས་དངོས་གྲུབ་ཉམས་པར་བྱེད། །ཅེས་དང་། པུ་ཏོ་བས། སྐྱོན་ཤ་སྟག་ལ་བརྟགས་ན་དངོས་གྲུབ་མེད་པའི་སྟེང་ཚེ་རབས་ཐམས་ཅད་དུ་བླ་མ་དང་མི་འཕྲད། ཚེ་འདིར་རང་ལ་མཛེ་བྱུང་ངོ་། །ཁྲག་ཏུ་སྐྱུགས་སོ། །སྙིང་རླུང་ལངས་སོ་ཟེར་བ་སོགས་འབྱུང་། ཞེས་དང་། ཁ་རག་སྒོམ་ཆུང་གིས། ཐེག་ཆེན་སྟོན་པའི་བླ་མ་ཡི། །ཕྱི་རོལ་སྤྱོད་པ་མི་མཛེས་ཀྱང་། །ནང་གི་ཐུགས་དགོངས་མི་ཤེས་པས། །བླ་མའི་སྐྱོན་ལ་མ་རྟོག་ཨང་། །ཞེས་སོ། །
བླ་མའི་སྟན་དང་གྲིབ་མ་སོགས་འགོམ་པའི་ཉེས་པ་ནི། བླ་མ་ལྔ་བཅུ་པ་ལས། མཆོད་རྟེན་བཤིགས་འདྲའི་སྡིག་འཇིགས་པས། །གྲིབ་མའང་འགོམ་པར་མི་བྱེད་ན། །ལྷམ་དང་སྟན་དང་བཞོན་པ་སོགས། །འགོམ་མི་བྱ་བ་སྨོས་ཅི་དགོས། །ཞེས་སོ། །འོན་ཀྱང་སྟན་སོགས་ལ་བཀའ་གནང་ཐོབ་ན་ལོངས་སུ་སྤྱད་ཀྱང་ཉེས་པ་མེད་ཅེས་ཀུན་མཁྱེན་ཆེན་པོས་གསུངས།
བླ་མ་ཐ་མལ་དུ་བལྟ་བའི་ཉེས་པ་ནི། ཇོ་བོ་ལ་སྟོན་པས། བོད་ན་སྒོམ་སྒྲུབ་བྱེད་པ་མང་བ་ལ་ཡོན་ཏན་ཁྱད་པར་ཅན་སྐྱེས་པ་མི་བདོག་ཞུས་པས། ཐེག་པ་ཆེན་པོའི་ཡོན་ཏན་ཆེ་སྐྱེ་ཆུང་སྐྱེ་ཐམས་ཅད་བླ་མ་ལ་བསྟེན་ནས་སྐྱེ་བ་ལ་ཁྱེད་བོད་པ་རྣམས་ཀྱི་བླ་མ་ལ་ཐ་མལ་བའི་འདུ་ཤེས་ལས་མེད་པས་ག་ལ་སྐྱེ། ཞེས་གསུངས། དེ་བཞིན་དུ་བླ་མ་བྱོན་པ་ན་སྟན་ལས་མི་ལྡང་བ་དང་མ་མཐོང་ཁུལ་བྱེད་ན། སྔོན་སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱིས་བླ་མ་བྱོན་པ་མ་མཐོང་ཁུལ་བྱས་པས་དེ་མ་ཐག་སྤྱན་འབྲས་གཉིས་ས་ལ་ལྷུང་བའི་ལོ་རྒྱུས་སོགས་དང་། ཆོས་དང་འཇིག་རྟེན་གང་རུང་རེའི་ཐད་བླ་མ་ལས་ང་རང་མཆོག་སྙམ་དུ་སེམས་པའང་མི་རུང་སྟེ། སྔོན་གྲུ་གཟིངས་ཞིག་པ་སོགས་རྣམ་ཐར་མང་ངོ་། །དེས་ན་རང་གི་ཆོས་འབྲེལ་ཐོབ་པའི་བླ་མ་འགའ་རེ་ལྟར་སྣང་དུ་ཕྱོགས་འགའ་རེའི་ཐད་ནས་རང་དང་མཉམ་པའམ་རང་ལས་དམན་པའི་སྣང་བའང་འཆར་སྲིད་པས་བློ་དང་ལྡན་པས་བག་ཟོན་བྱ་བའི་གནས་སོ། །
མདོར་ན་སྣང་ཚུལ་ལ་བླ་མས་རང་ཉིད་ཐུགས་སུ་མི་འདོགས་ཚུལ་དང་། བཀའ་བཀྱོན་སོགས་ཇི་ལྟར་བྱས་ཀྱང་དགོས་པ་དང་ལྡན་པ་ཡིན་ཏེ། འགྲོ་མགོན་གཙང་པ་བས། རྡུང་རྡེག་བྱེད་ན་དབང་བསྐུར་ཡིན། །བྱིན་རླབས་འཇུག་ན་དེ་དུས་འཇུག །བཀའ་བཀྱོན་དྲག་པོ་དྲག་སྔགས་ཡིན། །བར་ཆད་སེལ་ན་དེ་དུས་སེལ། །ཐུགས་ལ་མི་འདོགས་དུ་ཙམ་ན། །ཐུགས་རྗེའི་ཞགས་པས་འཛིན་རྟགས་ཡིན། །ཞེས་དང་། རྒྱལ་བ་ཡང་དགོན་པས། མདོར་ན་ཅི་མཐོང་ཡོན་ཏན་ཡིན། །ཞལ་ནས་ཅི་གསུང་གདམས་ངག་ཡིན། །རྣམ་ཐར་ཅི་མཛད་དོན་ཅན་ཡིན། །རྐྱེན་སྣང་གང་བྱུང་བྱིན་རླབས་ཡིན། །ཞེས་སོགས་གསུངས་པའི་དོན་ལ་བསམས་ཏེ་གཟབ་དགོས་པའི་གནས་སུ་ཤེས་པར་བྱའོ། །
གཉིས་པ་ལ་དངོས་བསྟན་སློབ་དཔོན་གྱི་མཚན་ཉིད་དང་། ཤུགས་བསྟན་སློབ་མའི་མཚན་ཉིད་བཤད་པའོ། །དང་པོ། སྤྱིར་བླ་མ་ལ་དབྱེ་ན། ཇི་སྐད་དུ། སྤྱི་དང་འདྲེན་དང་དམ་ཚིག་དབང་། །ཉམས་ཆག་སྐོང་དང་ཤེས་རྒྱུད་གྲོལ། །མན་ངག་ལུང་གི་སློབ་དཔོན་རྣམས། །ཞེས་པ་བཞིན་ནོ། །དེ་ལ་སྤྱིར་མཚན་ཉིད་ཀྱང་། ཀླུ་སྒྲུབ་ཀྱིས། དགེ་བའི་བཤེས་གཉེན་དེ་དག་གི། །མཚན་ཉིད་མདོར་བསྡུས་མཁྱེན་པར་མཛོད། །ཆོག་ཤེས་སྙིང་རྗེ་ཚུལ་ཁྲིམས་ལྡན། །ཉོན་མོངས་སེལ་བའི་ཤེས་རབ་ཅན། །དེ་དག་ལ་ནི་ཁྱོད་བསྟེན་ན། །ཁྱོད་ཀྱིས་མཁྱེན་གྱི་གུས་པར་མཛོད། །ཅེས་དང་། སྤྱོད་འཇུག་ལས། རྟག་ཏུ་དགེ་བའི་བཤེས་གཉེན་ནི། །ཐེག་ཆེན་དོན་ལ་མཁས་པ་དང་། །ཞེས་དང་། ཙནྡྲ་གོ་མིས། བླ་མ་སྡོམ་ལ་གནས་ཤིང་མཁས། །ནུས་དང་ལྡན་ལས་བླང་བར་བྱ། །ཞེས་གསུངས་ཤིང་། འདིར་སོར་བྱང་སྔགས་གསུམ་གྱི་མཚན་ཉིད་དང་སྦྱར་ན། དང་པོ་སོ་ཐར་གྱི་སྐབས་སུ། སུམ་བརྒྱ་པ་ལས། ཚུལ་ཁྲིམས་ལྡན་ཞིང་འདུལ་བའི་ཆོ་ག་ཤེས། །ནད་པར་སྙིང་བརྩེ་འཁོར་ནི་དག་པ་དང་། །ཆོས་དང་ཟང་ཟིང་ཕན་འདོགས་ལ་བརྩོན་པ། །དུས་སུ་འདོམས་པ་དེ་ཉིད་བླ་མར་བསྔགས། །ཞེས་སོ། །
གཉིས་པ་བྱང་སེམས་ཀྱི་སྐབས་སུ། མདོ་སྡེ་རྒྱན་ལས། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་ངལ་སྤང་ལ་བསྟེན། །ཞེས་ཆོས་བཅུ་དང་ལྡན་པར་གསུངས་སོ། །
གསུམ་པ་སྔགས་ཀྱི་སྐབས་སུ། སྒྱུ་འཕྲུལ་རྡོ་རྗེ་ལས། མང་དུ་ཐོས་ཤིང་ཤེས་རབ་ཆེ། །ལུང་གི་དགོངས་པ་ངེས་པར་རྟོགས། །ཟང་ཟིང་རྙེད་པ་དོན་མི་གཉེར། །དཀའ་བ་སྤྱོད་ཅིང་སྐྱོ་ངལ་ཆུང་། །མན་ངག་ཆེ་ཞིང་ལམ་ལས་གྲོལ། །རིགས་ལ་མཁས་ཤིང་དྲོད་ཚད་ཤེས། །བྱང་ཆུབ་སེམས་ལྡན་སྙིང་རྗེ་ཆེ། །བརྒྱུད་ལྡན་བཀའ་བབས་སྒྲུབ་ལ་མཁས། །མཛོད་ལྡན་ཆུ་བོ་ཡོངས་སུ་རྫོགས། །རང་རྒྱུད་གྲོལ་ཞིང་གཞན་དོན་བརྩོན། །གསང་སྔགས་བླ་མའི་མཚན་ཉིད་དོ། །ཞེས་གསུངས་ཤིང་། ཁྱད་པར་དུ་རིག་འཛིན་གོང་མའི་བརྒྱུད་པ་ལ་སེལ་མ་ཞུགས་པ་ཞིག་ངེས་པར་དགོས་ཏེ། ཀུན་མཁྱེན་བླ་མས། མདོ་རྒྱུད་བཀའ་བབས་དམ་ཚིག་གཙང་གྱུར་པ། །དེ་འདྲའི་མཁས་གྲུབ་དཔལ་མགོན་སྤྱི་བོས་བསྟེན། །ཞེས་སོགས་གསུངས་པ་ལྟར་དང་པོ་དབང་ཆོས་ཀྱི་འབྲེལ་བ་མ་ཐོབ་གོང་ནས་བླ་མའི་མཚན་ཉིད་ལ་བརྟག་པ་འདི་གལ་ཆེའོ། །གལ་ཏེ་ལོག་པའི་བཤེས་གཉེན་གྱིས་ཟིན་ན་དགེ་སློང་དྲི་མེད་སྤྱོད་ཀྱི་རྣམ་ཐར་བཞིན་ནོ། །འགའ་རེས་དང་པོ་ཆོས་འབྲེལ་སོགས་ཞུས་ནས་གཟོད་སྐྱོན་འདོགས་པ་ནི་རང་ཉིད་བླུན་ཞིང་སྡུག་བསྔལ་བའི་རྒྱུ་ལས་མ་འདས་སོ། །
གཉིས་པ་སློབ་མའི་མཚན་ཉིད་ལ་སྤང་བྱ་དང་བླང་བྱ་གཉིས་སོ། །དང་པོ། དེའང་སྤྱིར་སྐྱེ་བོ་ངན་པའི་མཚན་ཉིད་ནི། ས་པཎ་གྱིས། སྐྱེ་བོ་ངན་པའི་མཚན་ཉིད་ལ། །བརྗོད་རྒྱུ་མང་པོ་ཡོད་མོད་ཀྱང་། །ངན་སྐྱུགས་ཁྲོན་པ་སུ་ཞིག་སློང་། །སྐྱུགས་པ་མཁས་པ་སུ་ཞིག་མྱོང་། །ཞེས་གསུངས་པ་ལྟར་ཡིན་ལ། འདིར་སྤང་བྱའི་གཙོ་བོ་ནི། ལུགས་ཀྱི་བསྟན་བཅོས་ལས། ཙན་དན་གླ་རྩི་ག་བུར་གྱིས་བསྒོས་ཀྱང་། །སྒོག་སྐྱའི་དྲི་ངན་རང་བཞིན་མི་འདོར་ལྟར། །དམ་པའི་གཞུང་ལུགས་མང་པོ་ལེགས་བསླབས་ཀྱང་། །རང་བཞིན་ངན་པའི་མཚན་ཉིད་འདོར་བར་དཀའ། །ཞེས་པ་དེའོ། །ཇོ་བོ་སོགས་བཀའ་གདམས་གོང་མའི་ཕྱག་སྲོལ་ལའང་སློབ་མ་མི་གཞི་ངན་པ་རྣམས་རྗེས་སུ་མི་འཛིན་ནོ། །དེ་བཞིན་སྡོམ་འབྱུང་ལས། སྙིང་རྗེ་མེད་ཅིང་ཁྲོས་ལ་གདུག །ཁེངས་དང་མ་བསྡམས་རྣམ་གཡེང་ཅན། །མ་རུངས་རྨོངས་པ་སྙོམས་ལས་ཅན། །གཞན་གྱི་སྲོག་ལ་བརྩེ་བ་བྲལ། །ཕ་རོལ་རྫས་ལ་མངོན་པར་ཞེན། །བླ་མས་རྟག་ཏུ་སྤང་བར་བྱ། །ཞེས་གསུངས།
དེ་བཞིན་སྡོམ་དང་དམ་ཚིག་ཉམས་པའི་གང་ཟག་ནི་རྣམ་པ་ཀུན་ཏུ་དབང་དང་གདམས་པའི་སྣོད་མ་ཡིན་པར་བསྟན་ཏེ། འདུལ་བའི་སྐབས་སུ། ཆུ་ཤིང་རུལ་བ་བཞིན་དུ་དེ་བསྐྲད་བྱ། །ཞེས་སོགས་ཚུལ་ཁྲིམས་ཀྱི་སྐབས་སུ་ཅུང་ཟད་འཆད་པར་འགྱུར་ལ། འདིར་གསང་སྔགས་ཀྱི་སྐབས་སུ་རྩ་བའི་དམ་ཚིག་ཉམས་པ་ནི། ཇི་སྐད་དུ། ཀློང་གསལ་ལས། ཡང་གསང་བཅུད་ཀྱི་བདུད་རྩི་ནི། །སྣོད་ངན་རྣམས་སུ་བླུགས་གྱུར་ན། །སྣོད་ཆག་བཅུད་འབོ་དམྱལ་བར་འགྲོ། །ཞེས་དང་། རྔམ་གློག་ལས། སྣོད་མ་ཡིན་པའི་གང་ཟག་ལ། །དུས་དང་གནས་སྐབས་ཀུན་ཏུ་གསང་། །ཞེས་དང་། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། ཇི་ལྟར་སེང་གེའི་འོ་མ་ནི། །ས་ཡི་སྣོད་དུ་གཞག་མི་བྱ། །དེ་བཞིན་རྣལ་འབྱོར་ཆེན་པོའི་རྒྱུད། །སྣོད་མིན་རྣམས་ལ་སྦྱིན་མི་བྱ། །ཞེས་སོ། །
སྤྱིར་སྔགས་ཀྱི་དམ་ཚིག་ཉེར་ལྔ་སོགས་རྒྱུད་སྡེ་སོ་སོའི་དགོངས་པ་མང་ཡང་། མདོར་ན་བླ་མ་དང་མཆེད་གྲོགས་ལ་འགལ་བ་རྒྱུད་ལྡན་གྱི་གང་ཟག་དེ་ངེས་པར་ངན་སོང་དུ་ལྟུང་སྟེ། དུས་འཁོར་བསྡུས་རྒྱུད་ལས། དཔལ་ལྡན་བླ་མའི་ཐུགས་དཀྲུགས་པ་ལས་བུ་རྣམས་ཀྱི་ནི་རྩ་བའི་ལྟུང་བ་རི་བོང་འཛིན་པར་འགྱུར། །དེ་ཡི་བཀའ་ལས་འགོངས་ན་གཞན་དུ་འགྱུར་ཏེ་ངེས་པར་དེ་བཞིན་སྤུན་ལ་ཁྲོས་ན་གསུམ་པའོ། །ཞེས་གསུངས་པའི་ཕྱིར་རོ། །དེའང་རྩ་བ་བཞི་དང་མཚམས་མེད་ལྔ་སོགས་སྡིག་ཆེན་ཅི་འདྲ་བྱས་ཀྱང་སྔགས་བླ་མེད་ཀྱི་ལམ་ལ་བརྟེན་ན་ལས་སྒྲིབ་བྱང་ནས་ཚེ་འདིར་དངོས་གྲུབ་ཐོབ་པའི་སྐལ་བ་ཡོད་མོད། སློབ་དཔོན་སྙིང་ནས་སྨོད་པར་ནི་ཚེ་འདིར་དངོས་གྲུབ་ཀྱི་སྐལ་བ་མེད་དེ། གསང་འདུས་རྩ་རྒྱུད་ལས། སེམས་ཅན་མཚམས་མེད་ལ་སོགས་པའི། །སྡིག་པ་ཆེན་པོ་བྱས་པའང་། །རྡོ་རྗེ་ཐེག་པ་རྒྱ་མཚོ་ཆེ། །ཐེག་པ་མཆོག་ནི་འདི་ལ་འགྲུབ། །སྙིང་ནས་སློབ་དཔོན་སྨོད་པ་དག །བསྒྲུབས་ཀྱང་འགྲུབ་པར་ཡོངས་མི་འགྱུར། །ཞེས་སོགས་བཀའ་དང་དགོངས་འགྲེལ་གྱི་དོན་ལ་བབ་ཅོལ་དུ་སྨྲ་བ་རྣམས་ཀྱིས་བསམ་པར་རིགས་སོ། །
དེས་ན་སྐབས་འདིར་གཞུང་གི་ལམ་གྱི་རིམ་པ་དང་བསྟུན་ན། སློབ་མ་དེ་ཉིད་ཀྱིས་དང་པོ་རབ་ཏུ་བྱུང་བ་སོགས་ཀྱི་ཡོན་ཏན་གང་ཡང་རང་རྒྱུད་ལ་མ་བླངས་པ་ཞིག་གིས་ཐོག་མར་བླ་མ་དེ་འཚོལ་ཞིང་། བར་དུ་འཕྲད་དེ་གཟོད་བསྟེན་པའི་ཚུལ་གྱི་གོ་རིམ་ཡིན་པས། སྤུན་ལ་ཁྲོས་པ་སོགས་རྩ་བའི་དམ་ཚིག་ཉམས་པས་ནི་རྡོ་རྗེ་སློབ་དཔོན་གྱི་ཐུགས་ཀྱང་མཉེས་ཐབས་མེད་པས་ཚུལ་འདིས་དགེ་འདུན་པའི་སྒྲིག་ཁྲིམས་ཆེན་པོ་གསུམ་ལས་ཐུགས་མཐུན་དགོས་པའང་བསྟན་ཏོ། །ཞེས་མཆོག་ཉིད་ཀྱིས་གསུངས་སོ། །ཁྲིམས་གཙང་བ་དང་ཐོས་བསམ་གྱི་རིམ་པ་ནི་འོག་ཏུ་སྟོན་པར་འགྱུར་རོ། །
གཉིས་པ་སྣོད་ལྡན་སློབ་མའི་མཚན་ཉིད་ནི། སྤྱིར་སོར་བྱང་སྔགས་གསུམ་རང་གཞུང་ནས་བཤད་པ་དང་། ཁྱད་པར་བཞི་བརྒྱ་པ་ལས། གཟུར་གནས་བློ་ལྡན་དོན་གཉེར་བ། །ཉན་པོ་སྣོད་ཅེས་བྱ་བར་བཤད། །ཅེས་སོགས་མང་ཡང་། སྐབས་འདིར་མི་གཞི་བཟང་བ་དང་། ཚུལ་ཁྲིམས་གཙང་ཞིང་ཤེས་རབ་ལྡན་པ་དེ་སྣོད་ལྡན་ཡིན་པར་ཡང་ཡང་ཉིད་ཀྱིས་གསུངས། དེ་ལ་ཕྱི་མ་གཉིས་འོག་ཏུ་སྟོན་པས་འདིར་དང་པོའི་དབང་དུ་བྱས་ཏེ། ཇི་སྐད་དུ། མི་ཆོས་གཙང་མ་འདི་མེད་ན། །ལྷ་ཆོས་མཐར་ཐུག་འོང་ཐབས་མེད། །ཅེས་དང་། ལུགས་ཀྱི་བསྟན་བཅོས་ལྷ་དང་དཔལ་འདུ་བའི་ནོར་བུ་ལས། མི་ཆོས་ཆོས་ཀྱི་རྩ་བ་ཡིན། །འཇིག་རྟེན་ཡ་རབས་སྤྱོད་པ་ཞིག །མེད་ན་དེ་ལ་ཆོས་ཀྱི་ཚུལ། །ཡོད་པ་ནམ་ཡང་མི་སྲིད་དེ། །རྩ་བ་མེད་པའི་སྡོང་པོ་དང་། །ནོར་མེད་པ་ལ་ནོར་བུ་བཞིན། །ཞེས་སོགས་གསུངས་པས་དེ་ལ་ནང་གསེས་ཟུངས་ཐུབ་པ། བསམ་པ་དཀར་ལ་ཤེས་རྒྱ་ཆེ་ཞིང་འགྱུར་བ་མེད་པ་སོགས་ཡོད་དེ། ཟུངས་ཐུབ་ནི་དེ་ཉིད་ལས། ཟུངས་ཐུབ་ཡོད་ན་གཞན་མེད་ཀྱང་། །ཡོན་ཏན་བརྒྱ་གོ་གཅིག་ཆོད་ཡིན། །མི་ཆོས་རྩ་བ་འདི་མེད་ན། །ཡོན་ཏན་གཞན་ལ་རེ་ཐག་ཆད། །རང་ཉིད་ཡོན་ཏན་ལམ་ནས་ཀྱང་། །མི་ལྡོག་རང་ལ་ཡིད་རྟོན་པའི། །སྐྱེ་བོ་ནམ་ཡང་མི་བསླུ་བ། །ཟུངས་ཐུབ་ཅེས་གྲགས་མི་ཡི་མཆོག །ལུས་ཟུངས་ཐུབ་པ་སེང་གེ་འདྲ། །བརྙས་སུ་མི་བཏུབ་ཟིལ་གནོན་ཆེ། །ངག་ཟུངས་ཐུབ་པ་དྲང་སྲོང་འདྲ། །སྐྱེ་བོ་ཐམས་ཅད་ཡིད་ཆེས་དགའ། །ཡིད་ཟུངས་ཐུབ་པ་ནོར་བུ་འདྲ། །བདག་དང་གཞན་གྱི་འདོད་པ་འཇོ། །ལུས་ཀྱི་ཟུངས་མ་ཐུབ་པ་དེ། །ཁྱུ་མཆོག་རྭ་ཆད་བཞིན་དུ་བརྙས། །ངག་གི་ཟུངས་མ་ཐུབ་པ་དེ། །ཁྭ་བཞིན་གཞན་གྱིས་སྡང་ཞིང་གཤེ །ཡིད་ཀྱི་ཟུངས་མ་ཐུབ་པ་དེ། །རླུང་ཁྱེར་རྫས་བཞིན་གཏོལ་མེད་འགྲོ། །ཞེས་སོ། །བསམ་པ་དཀར་པོ་ནི་ཁ་ཞེ་གཉིས་མེད་ཀྱིས་གོང་མ་བཀུར་ཤེས། འོག་མ་སྐྱོང་ལ་མཁས་པ། ཀུན་ལ་སྙོམས་པའི་ཕན་སེམས་ཅན་ཏེ། ཆུ་ཤིང་བསྟན་བཅོས་ལས། མཁས་པ་ཀུན་ལ་སྙོམས་ལྡན་ཞིང་། །ཞེས་སོགས་གསུང་པ་ལྟར་རོ། །ཤེས་རྒྱ་ཆེ་བ་ནི། ལྷ་དང་དཔལ་འདུ་བ་ལས། ནམ་ཞིག་བཟང་ཤོང་ངན་ཤོང་བའི། །མཐོང་རྒྱ་ཡངས་པོ་སྐྱེས་པ་ན། །ད་གདོད་སྐྱེ་བོའི་གྲལ་དུ་ཚུད། །དེ་ཕྱིར་མཐོང་རྒྱ་ཆེ་བ་གཙོ། །ཞེས་སོ། །
འགྱུར་བ་མེད་ཅིང་བདེན་པར་སྨྲ་བ་ནི། ས་སྐྱའི་ལེགས་བཤད་ལས། སྐྱེ་བོ་དམ་པ་རིན་ཆེན་བཞིན། །རྣམ་པ་ཀུན་ཏུ་འགྱུར་བ་མེད། །སྐྱེ་བོ་ངན་པ་སྲང་མདའ་བཞིན། །ཅུང་ཟད་ཙམ་གྱིས་མཐོ་དམའ་བྱེད། །ཅེས་དང་། ལུགས་ཀྱི་བསྟན་བཅོས་ས་གཞི་སྐྱོང་བའི་རྒྱན་ལས། བྱིས་པ་རྣམས་ཀྱི་རྩེད་མོ་ལ། །ལྟད་མོ་ལྟ་བའི་རྒན་པ་བཞིན། །ཅོར་ཆུང་རྣམས་ཀྱི་བྱ་བ་ལ། །ཁྲོ་དང་དགའ་བ་བསྐྱེད་མི་བྱ། །ཞེས་པ་ལྟར་དང་། ཚིག་བདེན་པ་ནི་ཡོན་ཏན་མཆོག །ཅེས་དང་། རྫུན་དང་འདྲེས་པའི་ཟོལ་ཚིག་གིས། །སུ་ལ་ཡང་ནི་བསྟོད་མི་བྱ། །ཞེས་དང་། སྐྱེ་བོ་གསོ་ཐིགས་ལས། དགོས་པ་མེད་པའི་རྫུན་ཚིག་ནི། །ནམ་ཡང་བརྗོད་པར་མི་བྱའོ། །བདག་ལ་མི་ཕན་གཞན་གནོད་པ། །དཔེར་ན་ནེ་ཙོའི་རྫུན་ཚིག་བཞིན། །ཞེས་སོགས་གསུངས་པ་ལྟར་དང་། གཞན་ཡང་ཕྱི་ཐག་རིང་ཞིང་གཡོ་སྒྱུ་མེད་པ་སོགས་མདོར་ན་ལུགས་གཉིས་ཀྱི་རྩ་བར་འཇིག་རྟེན་མི་ལུགས་ཀྱི་ཆོས་བཟང་པོ་འདི་མེད་ཐབས་མེད་དོ། །དེ་ལྟར་མཚན་ཉིད་དང་ལྡན་པའི་སློབ་མ་དེ་ཉིད་ཀྱིས་ཐོག་མར་གོང་དུ་བཤད་པའི་མཚ༵ན་ཉི༵ད་དང་ལྡན༵་པ༵འི་དགེ་བའི་བཤེ༵ས་གཉེ༵ན་ད༵མ་པ༵་དེ༵་ཚུལ་བཞིན་དུ་བསྟེན་པར་བྱའོ། །
གསུམ་པ་མཚན་ལྡན་གྱི་བླ་མ་དེ་ཇི་ལྟར་བསྟེན་པའི་ཚུལ་ནི། སྤྱིར་མདོ་ཕལ་བོ་ཆེའམ་སྡོང་པོ་བཀོད་པ་ལས། ཚོང་དཔོན་གྱི་བུ་གཞོན་ནུ་ནོར་བཟང་གིས་དགེ་བའི་བཤེས་གཉེན་བརྒྱ་རྩ་བཅུ་བསྟེན་པའི་རྣམ་ཐར་དང་། འཕགས་པ་བརྒྱ་སྟོང་པ་ལས། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་བླ་མ་བསྟེན་པའི་རྣམ་ཐར་དང་། མཛངས་བླུན་ལས། ཆོས་ཀྱི་ཕྱིར་དུ་རྒྱལ་པོས་རང་གི་ལུས་ལ་མར་མེའི་སྡོང་བུ་སྟོང་བཙུགས་ནས་ཕུལ་བ་ལ་སོགས་དཀའ་བ་སྤྱད་ནས་དགེ་བའི་བཤེས་གཉེན་བཙལ་བ་སོགས་དང་། ཀུན་མཁྱེན་བླ་མས་ཡི་དམ་ལྷས་ལུང་བསྟན་པ་ལྟར་དཀའ་སྤྱད་ཀྱིས་ལོ་མང་པོར་བི་མའི་རྣམ་འཕྲུལ་རིག་འཛིན་ཀུ་མ་རཱ་ཛ་བསྟེན་པའི་རྣམ་ཐར་དང་། ཀུན་ཁྱབ་ལྷ་ཡི་རྔ་སྒྲ་ལས། རྭ་ལོ་ཙཱས་བླ་མ་བྷ་རོ་བཙལ་ཏེ་བསྟེན་ཚུལ་དང་། བཀའ་གདམས་ཕ་ཆོས་ལས། ཇོ་བོས་བླ་མ་གསེར་གླིང་པ་དང་རིག་པའི་ཁུ་བྱུག་སོགས་བསྟེན་ཚུལ་དང་། པཎ་ཆེན་ནཱ་རོ་པས་གྲུབ་ཆེན་ཏཻ་ལོ་པ་བསྟེན་པའི་རྣམ་ཐར་དང་། རྣམ་ཐར་མཐོང་བ་དོན་ཡོད་ལས། མར་པ་ལོ་ཙཱས་རྒྱ་གར་དུ་ལན་གསུམ་བྱོན་ཏེ་རྗེ་ནཱ་རོ་དང་མཻ་ཏྲི་པ་སོགས་གྲུབ་ཐོབ་ཀྱི་བླ་མ་བརྒྱ་རྩ་གཅིག་བསྟེན་ཚུལ་དང་། རྗེ་བཙུན་མི་ལས་ལྷོ་བྲག་མར་པ་དཀའ་བ་ཆེ་ཆུང་མང་པོས་བསྟེན་ཚུལ་སོགས་བླ་མ་གོང་མ་རྣམས་ཀྱི་རྣམ་ཐར་ཡང་ཡང་དྲན་པར་བྱས་ཏེ་མཉེ༵ས་པ༵་གསུམ༵་གྱི༵ས་བསྟེན་པར་བྱའོ། །
གསུམ་གང་ཞེ་ན། རབ་སྒྲུབ་པའི་མཆོད་པ་དང་། འབྲིང་ཞབས་ཏོག ཐ་མ་ཟང་ཟིང་གི་མཆོད་པའོ། །དང་པོ་ནི། བླ་མས་ཇི་སྐད་གསུངས་པ་བཞིན་ཐོས་བསམ་གྱི་གནས་ལ་དཀའ་སྤྱད་དང་སྙིང་རུས་བྱེད་པ་སྟེ། སྡོང་པོ་བཀོད་པ་ལས། ཁྱོད་ཀྱིས་དགེ་བའི་བཤེས་གཉེན་འཚོལ་བ་ལ་ཡོངས་སུ་མི་སྐྱོ་བར་བྱའོ། །རྙེད་ནས་ཀྱང་དེའི་རྗེས་སུ་སྒྲུབ་པ་ལ་བསྙེལ་བ་མེད་པའི་སྲི་ཞུའོ། །ཞེས་དང་། ཀུན་མཁྱེན་ཆེན་པོས་གསུངས་བཞིན་རྗེས་སུ་སྒྲུབ་པའི་མཆོད་པ་ནི། ཐོས་པ་དམ་པའི་དོན་རྣམས་བསམ་བྱ་སྟེ། །ནགས་མཐར་སོན་ནས་སྙིང་པོའི་དོན་ལ་འབད། །སྒྲུབ་པས་དུས་འདའ་གོང་མའི་གདུང་འཚོབ་བཟུང་། །ཞེས་དང་། ཀུན་མཁྱེན་མི་ཕམ་ཆོས་རྗེས། གསེར་དང་བོང་བ་མཉམ་པའི་འཕགས་མཆོག་ལ། །གླིང་བཞིའི་ཕུན་ཚོགས་བསྟབས་ཀྱང་ཅི་བགྱི་སྟེ། །དེ་ཡི་ཐུགས་ལ་བརྣག་པའི་ཆོས་བཟུང་ན། །དགོངས་པ་ཡོངས་སུ་རྫོགས་པར་འགྱུར་ཞེས་གྲགས། །ཞེས་པ་ལྟར་རོ། །
གཉིས་པ་ནི་རང་གི་ལུས་ངག་བླ་མའི་བྲན་དུ་བཀོལ་བ་སྟེ། དམ་ཚིག་མཆོག་གི་རྒྱུད་ལས། ལུས་དང་ངག་དང་ཡིད་སྟོབས་ཀྱིས། །ཅི་ནུས་པ་ཡིས་བླ་མ་ལ། །བསྙེན་བཀུར་སྲི་ཞུ་སུས་བྱས་པ། །འདི་ལ་མཐུ་དང་ནུས་པའི་ཚོགས། །བྱིན་རླབས་ཐོགས་པ་མེད་པར་འབྱུང་། །ཞེས་དང་། ཡིད་བཞིན་མཛོད་ལས། སྤྱོད་ལམ་མཆོག་གིས་མཉེས་པར་བྱ་བ་ཡང་། །ལུས་ཀྱིས་ཕྱག་དང་སྐོར་བ་མཆོད་པ་འབུལ། །བར་ཆད་བསྲུང་དང་མངག་གཞུག་གཡོག་བྱ་དང་། །ལྡང་དང་གདན་འདིང་བཀུར་སྟི་སྣ་ཚོགས་བྱ། །ཞེས་གསུངས། མདོར་ན་བླ་མའི་ཞབས་ཏོག་ལས་གལ་ཆེ་བ་ཞིག་མེད་དེ། བསྐལ་པ་སྟོང་དུ་མགོ་དང་རྐང་ལག་གི་སྦྱིན་པ་བས་བླ་མའི་ཞབས་ཏོག་དང་རིམ་གྲོར་སྐད་ཅིག་གཅིག་བརྩོན་པས་ཚོགས་རྫོགས་ཏེ། འཇམ་མགོན་ས་པཎ་གྱིས། བསྐལ་པ་སྟོང་དུ་ཕ་རོལ་ཕྱིན་པའི་ཚུལ། །མགོ་དང་རྐང་ལག་བདོག་པ་གཏོང་བའི་ཚོགས། །བླ་མའི་ལམ་གྱིས་སྐད་ཅིག་གཅིག་ལ་སྡུད། །རིམ་གྲོ་གྱིས་ལ་དགའ་བ་སྒོམས་ཤིག་ཨང་། །ཞེས་སོ། །
གསུམ་པ་ནི་རང་ལ་བདོག་པའི་རྒྱུ་རྫས་སོགས་གང་གཅེས་གང་བཟང་རྣམས་བླ་མའི་ཕྱོགས་སུ་ཕངས་པ་མེད་པར་གཏོང་ཕོད་པ་སྟེ། བཀོད་པ་ཆེན་པོ་ལས། རྟ་དང་གླང་པོ་ནོར་གྱི་དབྱིག །རྒྱལ་སྲིད་བུ་དང་ཆུང་མ་དང་། །གསེར་དངུལ་ཟངས་ལྕགས་རིན་པོ་ཆེ། །བཟའ་བཅའ་དགའ་སྟོན་ན་བཟའ་དང་། །སྙིང་པོ་སྨན་འབྲུ་མེ་ཏོག་དང་། །ཆོས་དང་ཟང་ཟིང་ལོངས་སྤྱོད་རྣམས། །བླ་མ་མཉེས་ཕྱིར་ཡོན་དུ་དབུལ། །དེས་ནི་དངོས་གྲུབ་མ་ལུས་པ། །ད་ལྟ་ཉིད་དུ་ཐོགས་མེད་འགྲུབ། །གལ་ཏེ་དེ་ལྟར་མ་འབྱོར་ན། །ཡིད་ལས་བྱུང་བའི་མཆོད་པའི་ཚོགས། །རང་གི་ལོ་གྲངས་ཙམ་ཕུལ་ན། །དེས་ཀྱང་བསོད་ནམས་སྔར་དང་མཚུངས། །ཞེས་དང་། ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། གལ་ཏེ་ཙན་དན་གུར་གུམ་མམ། །དྲི་ཡིས་བླ་མ་མཉེས་བྱས་ན། །བསྐལ་པ་བརྒྱ་ཕྲག་དུ་མར་ནི། །སངས་རྒྱས་ཞིང་ཁམས་འབུམ་ཕྲག་ལ། །མཆོད་ལས་བསོད་ནམས་ཁྱད་པར་འཕགས། །ཞེས་དང་། ཀུན་མཁྱེན་ཆེན་པོས། རང་ལ་བདོག་པས་ཉེ་བར་མཉེས་བྱས་ཏེ། །ཆོས་ཀྱི་ཡོན་ནི་གཞལ་དུ་མེད་པའི་ཕྱིར། །ཚོགས་རྫོགས་བར་ཆད་ཞི་ཞིང་དཔལ་འབྱོར་ལྡན། །བྱང་ཆུབ་ཞི་བ་མྱུར་དུ་འཐོབ་པར་འགྱུར། །ཞེས་གསུངས་སོ། །
དེ་ལྟར་བསྟེན་པའི་ཚུལ་མདོར་བསྡུ་ན། ཡོན་ཏན་རིན་པོ་ཆེའི་མཛོད་ལས། འབྱོར་བ་ཡོད་ན་དཀོན་མཆོག་བཞི་པ་མཆོད། །ཞབས་ཏོག་སྲི་ཞུ་ལུས་ངག་བཀོལ་བའི་ལས། །མཐའ་དག་ནམ་ཡང་ཆུད་ཟོས་གྱུར་པ་མེད། །མཉེས་པ་གསུམ་གྱི་ནང་ན་སྒྲུབ་པ་མཆོག །ཅེས་སོ། །དེ་བཞིན་རྟག་ཏུ་སངས་རྒྱས་དངོས་ཀྱི་འདུ་ཤེས་བསྐྱེད་པར་བྱ་སྟེ། རྒྱུད་ལས། གསང་བའི་བདག་པོ་སློབ་དཔོན་ལ་སློབ་མས་ཇི་ལྟར་བལྟ་བར་བྱ་ཞེ་ན།སངས་རྒྱས་བཅོམ་ལྡན་འདས་ལ་ཇི་ལྟ་བ་དེ་བཞིན་དུའོ། །ཞེས་སོགས་གོང་དུ་ཇི་སྐད་བཤད་པ་བཞིན་དུ་དགེ་བའི་བཤེས་གཉེན་དེ་ཉིད་སྐྱོ་ངལ་མེད་པར་རྟག་ཏུ་བསྟེན༵་པར་གྱིས་ཤིག་ད༵ང་གནས་སྐབས་མཐར་ཐུག་གི་བས༵མ་པའི་དོ༵ན་མ་ལུས་པ་གེགས་མེད་ཡིད་བཞིན་དུ་འགྲུབ༵་པར་འགྱུར་རོ། །ཞེས་པའོ། །
གཉིས་པ་ལམ་དངོས་ཉམས་སུ་ལེན་ཚུལ་ལ། སྤྱིར་ལམ་གྱི་རིམ་པ་དང་། བྱེ་བྲག་སྒོམ་པ་སླར་རྒྱས་པར་བཤད་པའོ། །དང་པོ། སངས་རྒྱས་གཉིས་པ་སློབ་དཔོན་དབྱིག་གཉེན་གྱིས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་པའི་དོན་ལྟར་དུ་འཆད་པ་ལ་བཞི་སྟེ། གཞི་ཚུལ་ཁྲིམས་རྣམ་དག་ལ་གནས་པ་དང་། ཐོས་པའི་ཤེས་རབ་འཚོལ་བ་དང་། ཐོས་དོན་ལ་བསམ་བྱུང་ཤེས་རབ་བསྐྱེད་པ་དང་། བསམ་དོན་རྒྱུད་ལ་གོམས་པར་བྱེད་པའོ། །དང་པོ་ནི། རྩ་བ་ལས།
ཇི་ལྟར་མཁའ་དབུས་སྐྱེད་མོས་ཚལ་འདོད་བཞིན། །
མངོན་པར་མཐོ་དང་ངེས་ལེགས་ཕུན་ཚོགས་ཀུན། །
ཚུལ་ཁྲིམས་བྲལ་ལ་འབྱུང་བའི་སྐབས་མེད་པས། །
དྲན་ཤེས་བག་ཡོད་ལྡན་པས་རང་རྒྱུད་ཐུལ། །
ཞེས་གསུངས་པའི་དོན་དེ་ལ་དབྱེ་ན། ཚུལ་ཁྲིམས་བྲལ་བའི་ཉེས་དམིགས། དེ་སྲུང་བའི་གཉེན་པོ། ཕན་ཡོན་གྱི་སྒོ་ནས་སྤྲོ་བ་བསྐྱེད་དེ་བསྲུང་བར་བསྐུལ་བའོ། །
དང་པོ། དེའང་གཞི་ཚུལ་ཁྲིམས་རིན་པོ་ཆེ་དེ་ཉིད་ནི་ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་ཡིན་ཏེ། མདོ་སྡུད་པ་ལས། གང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་གང་ཅིའང་རུང་བ་དེ་ཐམས་ཅད་ཚུལ་ཁྲིམས་ལས་བྱུང་བར་བལྟའོ། །ཞེས་དང་། དཔུང་བཟང་གིས་ཞུས་པ་ལས། ཇི་ལྟར་ལོ་ཏོག་ཐམས་ཅད་ས་ལ་ནི། །བརྟེན་ནས་སྐྱོན་མེད་པར་ནི་སྐྱེ་བ་ལྟར། །དེ་བཞིན་ཚུལ་ཁྲིམས་ལ་བརྟེན་དཀར་ཆོས་མཆོག །སྙིང་རྗེའི་ཆུས་བརླན་པར་ནི་རྣམ་པར་སྐྱེ། །ཞེས་དང་། ཀླུ་སྒྲུབ་ཀྱིས། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལེགས་པར་གསུངས། །ཞེས་སོ། །འདིར་ཡོན་ཏན་གྱི་གཞི་རྟེན་དུ་གྱུར་བའི་ཚུལ་ཁྲིམས་ཀྱི་ཚད་ཀྱང་རྩ་བཞི་བསྲུང་བ་ཡན་ཆད་ལ་གཟུང་དགོས་པར་ས་སྙིང་འཁོར་ལོ་བཅུ་བ་ལས་གསུངས་སོ། །
དེ་བཞིན་མངོན་མཐོའི་རྒྱུ་ཡང་ཚུལ་ཁྲིམས་ཡིན་ཏེ། ལྷའི་བུ་རབ་རྩལ་སེམས་ཀྱིས་ཞུས་པ་ལས། མཐོ་རིས་སྐྱེ་རྒྱུ་ཚུལ་ཁྲིམས་མི་སྤོང་དེའི་འབྲས་དེ། །ཞེས་དང་། ཀླུ་སྒྲུབ་ཀྱིས། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །ཞེས་དང་། བཞི་བརྒྱ་བ་ལས། ཚུལ་ཁྲིམས་ཀྱིས་ནི་བདེ་འགྲོར་འགྲོ། །ལྟ་བས་གོ་འཕང་མཆོག་ཏུ་འགྲོ། །ཞེས་དང་། ཟླ་གྲགས་ཀྱིས། སོ་སོའི་སྐྱེ་བོ་རྣམས་དང་གསུང་སྐྱེས་དང་། །རང་བྱང་ཆུབ་ལ་བདག་ཉིད་ངེས་རྣམས་དང་། །རྒྱལ་སྲས་རྣམས་ཀྱི་ངེས་པར་ལེགས་པ་དང་། །མངོན་མཐོའི་རྒྱུ་ནི་ཚུལ་ཁྲིམས་ལས་གཞན་མེད། །ཅེས་དང་། མཛོད་ལས། མཐོ་རིས་དོན་དུ་ཚུལ་ཁྲིམས་དང་། །བྲལ་བའི་དོན་དུ་སྒོམ་གཙོའི་ཕྱིར། །ཞེས་སོགས་མཐོ་རིས་དང་ཐར་བ་འཐོབ་བྱེད་ཀྱི་རྒྱུ་མེད་དུ་མི་རུང་བར་བསྟན་ཏོ། །མཐར་ཐུག་ངེས་ལེགས་ཀྱི་རྒྱུའང་ཡིན་ཏེ། དགེ་སློང་ལ་རབ་ཏུ་གཅེས་པ་ལས། ཚུལ་ཁྲིམས་འདི་ནི་ཡོན་ཏན་གཞི། །ཚུལ་ཁྲིམས་འདི་ནི་སངས་རྒྱས་རྒྱུ། །ཞེས་སོགས་གསུངས། དེས་ན་གཞི་ཚུལ་ཁྲིམས་རིན་པོ་ཆེ་དེ་མེད་ན། དཔེ་ཇི༵་ལྟར༵་ན་རྟེན་མེད་མཁ༵འ་དབྱིངས་སྟོང་པའི་དབུས༵་སུ་ཡིད་འཕྲོག་མེ་ཏོག་སྣ་ཚོགས་ཀྱི་བཀོད་པས་ཀུན་ནས་མཛེས་པའི་སྐྱེད༵་མོ༵ས་ཚ༵ལ་ཉམས་དགའ་བ་ཞིག་བྱུང་ནས་དེ་ལ་ལོངས་སུ་སྤྱད་པར་འདོད་ན་དེ་འབྱུང་མི་སྲིད་པ་དང་། གཞན་ཡང་ཚུལ་ཁྲིམས་ཡང་དག་ལྡན་པའི་མདོ་དང་། ཟླ་སྒྲོན། འཇུག་པ་སོགས་ལས་རྐང་མེད་ལམ་དུ་འཇུག་འདོ༵ད་ཀྱི་དཔེས་བསྟན་པ་བཞི༵ན་དུ། འདིར་ཡང་མངོ༵ན་པ༵ར་མཐོ༵་བ་གནས་སྐབས་ཀྱི་བདེ་འབྲས་ཙམ་དང་ངེ༵ས་པར་ལེ༵གས་པ་མཐར་ཐུག་སངས་རྒྱས་ཀྱི་མཚན་དཔེ་སོགས་ཡོན་ཏན་ཕུ༵ན་སུམ་ཚོ༵གས་པ་ཀུ༵ན་གྱི་ནང་ནས་སྣ་གཅིག་ཀྱང་། ཚུལ༵་ཁྲིམ༵ས་ཀྱི་བསླབ་པ་དེ་བླངས་ནས་བྲ༵ལ་བར་གྱུར་པའམ་ཡེ་ནས་མ་བླངས་པའི་གང་ཟག་དེ་ལ༵་ནམ་ཡང་འབྱུང༵་བ༵འི་གོ་སྐ༵བས་ཐོབ་པ་མེ༵ད་དེ། རྒྱུ་མེད་པའི་ཕྱིར་རོ། །ངག་སྦྱོར་གོ་བདེ་བར་བཀོད་ན། ཚུལ་ཁྲིམས་བྲལ་བའི་གང་ཟག་ཆོས་ཅན། མངོན་མཐོ་ངེས་ལེགས་ཀྱི་འབྲས་བུ་མི་ཐོབ་སྟེ། དེའི་རྒྱུ་ཚུལ་ཁྲིམས་ཡིན་པ་གང་ཞིག་དེ་བྲལ་བའི་ཕྱིར། དཔེར་ན་མཁའ་དབུས་སྐྱེད་མོས་ཚལ་འདོད་དང་རྐང་མེད་ལམ་འཇུག་འདོད་པ་བཞིན་ནོ། །དང་པོ་གྲུབ་སྟེ་གོང་གི་ལུང་རྣམས་ཀྱིས་སོ། །དེའང་མངོན་མཐོའི་རྒྱུ་ནི་ཚུལ་ཁྲིམས་ལས་གཞན་མེད། །ཅེས་སོགས་ཀྱང་དེ་ལས་རྒྱུ་གཞན་མེད་པ་མ་ཡིན་ཡང་གཙོ་བོ་ཚུལ་ཁྲིམས་དང་མ་འབྲེལ་ཐབས་མེད་པའི་དོན་གསུངས་སོ། །
དེས་ན་ཚུལ་ཁྲིམས་བྲལ་བས་བདེ་འགྲོ་མི་ཐོབ་པར་མ་ཟད་ངན་སོང་དུ་ལྷུང་བ་སོགས་ཉེས་དམིགས་ཚད་མེད་པ་ཡོད་དེ། མདོ་ལས། ཚུལ་ཁྲིམས་ཉམས་ཤིང་ཞིག་པས་ནི་སྐྱེ་བ་འབུམ་ཕྲག་བརྒྱ་ཡི་བར་དུ་རིགས་དང་བྲལ་ཞིང་བདེ་བ་སྤངས་ཏེ་རྣམ་པར་ལྟུང་བ་ཆེན་པོ་ཉམས་སུ་མྱོང་བར་འགྱུར་རོ། །ཞེས་དང་། བསླབ་པ་ཕྲ་མོ་ཉམས་པའི་ཉེས་པའང་མདོ་མྱང་འདས་ལས། ཉེས་བྱས་ཀྱིས་ཀྱང་ལོ་བརྒྱད་ཁྲིར་དམྱལ་བར་སྐྱེ། ཞེས་དང་། ལྟུང་བ་ལྕི་ཡང་བསྟན་པའི་མདོ་ལས་ནི་ཉེས་བྱས་ལས་འདས་ན་རྒྱལ་ཆེན་རིས་བཞིའི་ཚེ་ཚད་དུ་དམྱལ་བར་སྐྱེ་བར་གསུངས་ཤིང་། ཡང་རྣམ་སྨིན་བསྟན་པའི་མདོ་ལས། ཉེས་བྱས་ལས་འདས་ན་དམྱལ་བ་ཡང་སོས་སུ་སྐྱེ་བ་སོགས་ལྟུང་བ་སྡེ་ལྔ་ལ་སྦྱར་ཏེ་གསུངས་སོ། །
བསླབ་པ་ཕྲ་མོ་འདི་ཙམ་འགལ་ཡང་སྐྱོན་ཆུང་ངོ་སྙམ་པའི་ཉེས་པ་ནི། ལུང་རྣམ་འབྱེད་ལས། སྟོན་པའི་བཀའ་ལས་ཚུལ་མིན་འདའ་བྱས་ན། །དུད་འགྲོར་སྐྱེ་འགྱུར་ཨེ་ལའི་འདབ་ཀླུ་བཞིན། །ཞེས་པའི་ལོ་རྒྱུས་ལྟར་རོ། །དེ་བཞིན་དུ་བསླབ་པ་ལྷོད་ཅིང་མི་སྡོམ་པ་དགེ་སྦྱོང་གི་རྟགས་མ་གུས་པ་འཆང་བ་རྣམས་ཉི་ཚེ་བའི་དམྱལ་བར་དགེ་སྦྱོང་གི་གཟུགས་ཅན་དུ་སྐྱེས་ནས་གོས་དང་ལྷུང་བཟེད་མལ་ཆ་སོགས་ལ་མེ་འབར་ཏེ། སྲེག་པའི་སྡུག་བསྔལ་མྱོང་བར་མདོ་ལས་གསུངས། དེ་འདྲའི་ཚུལ་འཆལ་དང་འགྲོགས་པའི་ཉེས་པའང་། ལུང་ཞུ་བ་ལས། ཚུལ་ལྡན་སེང་གེ་ལྟ་བུས་ཚུལ་འཆལ་ཝ་ལྟ་བུ་ལ་སོ་ཤིང་སྟོབ་པ་སོགས་བསྙེན་བཀུར་བྱས་པ་དང་། ལྷན་ཅིག་ཏུ་ཉལ་བ་སྐྱ་རེངས་མ་ཤར་བ་རྣམས་ལོ་སྟོང་ཕྲག་དགུ་བཅུ་དང་། སྐྱ་རེངས་ཤར་ན་ལོ་བྱེ་བ་ཕྲག་བཅུ་བཞི་དང་སྟོང་ཕྲག་བཞི་བཅུར་དམྱལ་བར་སྐྱེ་བར་གསུངས། ཡང་སྐྱ་རེངས་ཤར་ན་ལོ་བྱེ་བ་ཕྲག་དགུ་བཅུ་ཟེར་བའང་ཡོད་དོ། །འདི་ཤིན་ཏུ་འབྱུང་ཉེ་བར་སྣང་ངོ་། །
ཚུལ་འཆལ་དེ་ཐོས་བསམ་སོགས་ཡོན་ཏན་གང་གིས་ཀྱང་མི་སྐྱོབ་པར་ངན་སོང་དུ་སྐྱེ་སྟེ། ཏིང་འཛིན་རྒྱལ་པོ་ལས། ཇི་སྙེད་ཆོས་ཀྱི་རྣམ་པ་བྱང་ཆུབ་ཀྱང་། །ཐོས་པས་རྒྱགས་པས་ཚུལ་ཁྲིམས་མི་བསྲུང་ན། །ཚུལ་ཁྲིམས་འཆལ་བས་ངན་འགྲོ་དེར་འགྲོ་སྟེ། །དེ་ལ་ཐོས་པ་མང་པོས་སྐྱོབ་མི་འགྱུར། །ཞེས་དང་།
འདུལ་བ་ལུང་ལས། ཚུལ་ཁྲིམས་མ་བསྲུངས་པའི་ཉེས་དམིགས་བཅུ་གསུངས་པའི་ནང་ཚན་དུ། དམ་ཆོས་ཐོས་པར་མི་འགྱུར་ལ། །ཐོས་པ་མྱུར་དུ་བརྗེད་པར་འགྱུར། །ས་ལམ་རྟོགས་པའང་ཡོངས་མི་སྐྱེ། །ཞེས་སོགས་གསུངས་སོ། །
དེ་བཞིན་ཚེ་འདིར་ཡང་ཚུལ་ཁྲིམས་བྲལ་བས་ཆོས་གོས་ངུར་སྨྲིག་སོགས་རྒྱན་ཆས་ཅི་ཙམ་སྤྲས་ཀྱང་དོན་མེད་ཅིང་མི་མཛེས་ཏེ། མདོ་ལས། དཔེར་ན་མི་རོའི་མགོ་ལ་གསེར་ཕྲེང་ངམ། །ཡང་ན་མེ་ཏོག་ཕྲེང་བ་བཏགས་བྱས་ཀྱང་། །དེ་བཞིན་ཁྲིམས་མེད་ངུར་སྨྲིག་གྱོན་པ་ཡང་། །མཐོང་ནས་དེ་ལ་ཡིད་ནི་དད་མི་འགྱུར། །ཞེས་དང་། མེ་ཏོག་ཕྲེང་རྒྱུད་ལས། ཇི་ལྟར་ཟླ་བ་མེད་པ་ཡི། །མཚན་མོ་དག་ནི་མཛེས་མ་ཡིན། །དེ་བཞིན་ཚུལ་ཁྲིམས་མི་གནས་པའི། །རབ་བྱུང་རྒྱལ་བའི་བསྟན་མི་མཛེས། །ཞེས་སོ། །
འགའ་རེས་བསླབ་ཁྲིམས་རྣམས་ཡལ་བར་དོར་ནས་སྐྲ་བྲེགས་ཤིང་ངུར་སྨྲིག་བགོས་ཏེ་སྡིག་ལྟུང་ལ་འཛེམ་མེད་དུ་ནོར་སོགས་སྲུང་བ་ལ་སྙིང་པོར་བྱས་པ་ནི་བསྟན་པའི་རྐང་འདྲེན་ཡིན་ཏེ། ཏིང་འཛིན་རྒྱལ་པོ་ལས། སངས་རྒྱས་བསྟན་པ་འདི་ལ་རབ་བྱུང་ནས། །སྡིག་པའི་ལས་རྣམས་ཤིན་ཏུ་སྤྱོད་པར་བྱེད། །ནོར་དང་འབྲུ་ལ་སྙིང་པོར་འདུ་ཤེས་ཤིང་། །བཞོན་དང་བ་ལང་ཤིང་རྟ་རྣམས་ལ་ཆགས། །གང་ལ་བསླབ་པའི་ཡོན་ཏན་མེད་པ་རྣམས། །དེ་དག་གིས་ཀྱང་ཅིའི་ཕྱིར་མགོ་བོ་བྲེགས། །ཞེས་སོ། །
ཁྱད་པར་དུ་ཚུལ་འཆལ་དང་བསླབ་པ་མི་སྡོམ་པས་དཀོར་ཟས་ཟ་བ་ནི་ཤིན་ཏུ་ཉེས་པ་ཆེ་སྟེ། ཚུལ་འཆལ་ཚར་གཅོད་པའི་མདོ་ལས། མི་དགེ་བ་བཅུ་དང་ལྡན་པའི་མི་ཞིག་གིས་བར་མ་ཆད་པར་སྡིག་པ་བསགས་པ་བས་རབ་བྱུང་ཚུལ་ཁྲིམས་རལ་བ་དྲང་སྲོང་གི་རྒྱལ་མཚན་གྱིས་གཡོགས་ཏེ་དད་པས་སྦྱིན་པ་ལ་ཞག་གཅིག་སྤྱོད་ན་ཉེས་པ་ཆེ་ཞེས་གསུངསཔ་དང་་། ལུང་རྣམ་འབྱེད་ལས་ཀྱང་། ལྕགས་གོང་མེ་ལྕེ་འབར་བ་དག །ཟོས་པར་གྱུར་པ་མཆོག་ཡིན་གྱི། །ཚུལ་འཆལ་ཡང་དག་མི་སྡོམ་པས། །ཡུལ་འཁོར་བསོད་སྙོམས་ཟ་བ་མིན། །ཞེས་དང་། བྱམས་པ་སེང་གེའི་སྒྲའི་མདོ་ལས། ཉིན་གཅིག་ལ་ལན་བརྒྱར་རབ་བྱུང་སྤངས་པ་ནི་བླ་ཡི། ཚུལ་ཁྲིམས་མ་དག་པས་དད་པས་བྱིན་པ་ལ་སྤྱོད་པ་ནི་དེ་ལྟ་མིན་ནོ། །ཞེས་གསུངས་ལ། དེ་ནི་གཙུག་ལག་ཁང་དུ་འགྲོ་བའང་མ་གནང་ན་དགེ་འདུན་དང་ལྷན་ཅིག་ཏུ་འཚོགས་པ་ལྟ་ཅི་སྨོས་ཏེ། མདོ་ལས། ཤཱ་རིའི་བུ། ངས་དྲང་སྲོང་གི་རྒྱལ་མཚན་ཉིད་ཀྱིས་གཡོགས་པའི་ཚུལ་ཁྲིམས་འཆལ་བའི་དགེ་སློང་ནི་གཙུག་ལག་ཁང་གི་གཞི་ལ་གོམ་པ་གཅིག་ཀྱང་འདོར་བར་རྗེས་སུ་མ་གནང་ན། ཆུའི་སྣོད་ལྟ་ཅི་སྨོས། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ། སྐྱེས་བུ་དམ་པ་མ་ཡིན་པ་དེ་དག་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱི་ཆོམ་རྐུན་ཡིན་པའི་ཕྱིར་རོ། །ཞེས་དང་། དགྲ་བཅོམ་ས་གའི་ལྷས། ཚུལ་ཁྲིམས་འཆལ་བ་ནམ་དུ་ཡང་། །གཙུག་ལག་ཁང་སོགས་ཉེར་སྤྱོད་བཀག །ཅེས་སོ། །
གལ་ཏེ་ཚུལ་ཁྲིམས་དང་ལྡན་ན་ཡང་ཐོས་བསམ་ལ་མི་བརྩོན་པས་ཀྱང་དད་ཟས་ལ་ལོངས་སུ་སྤྱད་པ་མ་གནང་སྟེ། ཡང་ས་གའི་ལྷས། བསམ་གཏན་ཀློག་དང་ལྡན་པ་ལ། །རྗེས་གནང་སྤྱོད་པས་ཉེས་པ་མེད། །ལྷག་མ་ལེ་ལོས་བཅོམ་པ་ཡི། །བདག་ཉིད་རྣམས་ནི་བུ་ལོན་སྤྱོད། །ཅེས་སོ། །སྐབས་འདིར་ཡོན་ཏན་ཀུན་གྱི་གཞི་རྟེན་ཚུལ་ཁྲིམས་ཞེས་གསུངས་ལ། ཚུལ་ཁྲིམས་གསུམ་གྱི་ནང་ནས་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ནི། གཞན་གཉིས་ཀྱི་རྩ་བར་གསུངས་ཤིང་། སྡོམ་པ་གསུམ་གྱི་རྩ་བའང་སོ་ཐར་གྱི་ཚུལ་ཁྲིམས་ལ་བརྟེན་ནས་འབྱུང་བར་གསུངས་ཏེ་རིམ་པ་བཞིན་དུ། འདུལ་བསྟོད་ལས། ཇི་ལྟར་འདི་ན་ཤིང་རྩ་གཙོ་བོ་སྟེ། །རྣམ་པར་འཕེལ་དང་ཀུན་འཛིན་གཉིས་ཀྱི་གཞི། །དེ་བཞིན་དམ་ཆོས་ཚོགས་རྣམས་ཀུན་གྱི་ཡང་། །རྒྱུ་དང་རྩ་བ་འདུལ་བ་ཡིན་པར་གསུངས། །ཇི་ལྟར་ས་ནི་སྐྱེ་རྒུ་ཀུན་གྱི་གཞི། །དེ་ལས་འབྲུ་རྣམས་སྐྱེ་བར་འགྱུར་བ་ལྟར། །དེ་བཞིན་འདུལ་བའང་སྡོམ་བརྩོན་རྣམས་ཀྱི་གཞི། །དེ་བཞིན་དེ་ལས་བསོད་ནམས་རྣམས་ཀྱང་སྐྱེ། །ཚུལ་ཁྲིམས་ཡོན་ཏན་ཀུན་གྱི་གནས་སུ་དགོངས། །དེ་ཡི་གནས་ནི་འདུལ་བ་ཡིན་པར་གསུངས། །འདི་ལ་གནས་པར་འགྱུར་ན་མཐར་ཕྱིན་འགྱུར། །འདི་ལ་མི་གནས་མཐར་ཕྱིན་ག་ལ་འགྱུར། །ཞེས་དང་། ཕུར་བ་ཞེ་སྡང་ཁྲོས་པའི་རྒྱུད་ལས། སོ་སོར་ཐར་བ་དང་པོ་སྦྱིན། །དེ་ལ་ཉན་ཐོས་ཆོས་རྣམས་བསྟན། །དེ་ནས་བྱང་ཆུབ་སྡོམ་ཆེན་སྦྱིན། །དེ་ལ་དབུ་མའི་ཆོས་རྣམས་བསྟན། །མཐར་ནི་འབྲས་བུ་ཐེག་ཆེན་གྱི། །དབང་སྦྱིན་འབྲས་བུའི་རྒྱུད་འདི་བཤད། །ཅེས་གསུངས་སོ། །
འདིར་ཚུལ་ཁྲིམས་ཀྱི་སྐད་དོད་ལ་ཤཱི་ལ་ཞེས་པ་སྟེ། མདོ་སྡེ་རྒྱན་ལས། ཚུལ་ཁྲིམས་ཀྱི་ངེས་ཚིག་འཆད་སྐབས། བསིལ་བ་ཐོབ་དང་། ཞེས་དང་། འཇུག་པ་ལས། ཚུལ་ཁྲིམས་གདུང་བ་མེད་མཚན་ཉིད། །ཅེས་གསུངས་པས་ལྷག་པ་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ་སྡོམ་པ་གསུམ་དང་ཁྱད་པར་སྔགས་ཀྱི་དམ་ཚིག་ཉམས་པ་ལའང་གོང་དུ་ཅུང་ཟད་བཤད་པ་བཞིན། བསིལ་བའི་དངོས་གྲུབ་མི་ཐོབ་པར་མ་ཟད་འབྲེལ་ཚད་ངན་སོང་དུ་ཁྲིད་དེ། ཀུན་བྱེད་ལས། ཇི་ལྟར་འོ་མ་རུལ་བ་དག །རུལ་བས་འོ་མ་ཀུན་རུལ་ལྟར། །རྣལ་འབྱོར་ཉམས་པ་གཅིག་གིས་ནི། །རྣལ་འབྱོར་ཅན་ཀུན་མ་རུངས་བྱེད། །ཅེས་དང་། སྒྱུ་འཕྲུལ་ལས། རྩ་བ་ཉམས་པའི་འཆལ་བ་དག །གསོ་ལ་ཉེ་བར་མི་བརྩོན་དང་། །སྐད་ཅིག་ཡུད་ཙམ་སྨྲ་མི་བྱེད། །
ཉམས་གྱུར་ཉེས་པ་བརྗོད་མི་ལང་། །ཞེས་དང་། ཀུན་མཁྱེན་བླ་མའི་རྩ་རྒྱུད་འགྲེལ་བ་ལས། དེ་དང་སྐད་ཅིག་ཙམ་ཡང་མི་འགྲོགས་ཤིང་། ཡུད་ཙམ་དུ་ཕན་ཚུན་གཏམ་སྨྲ་བར་མ་བྱེད་ཅིག ཅིའི་ཕྱིར་ཞེ་ན། ཚེ་འདིར་ནད་དང་གདོན་ལ་སོགས་པའི་མི་འདོད་པའི་སྐྱོན་སྣ་ཚོགས་འབྱུང་ཞིང་། ཕྱི་མར་དེ་དང་མཉམ་དུ་དམྱལ་བར་འགྲོ་དགོས་པས་དམ་ཚིག་ཉམས་པ་ལས་ཉེས་པ་བརྗོད་ཀྱིས་མི་ལང་བར་འབྱུང་བའི་ཕྱིར་རོ། །ཞེས་དང་། གཡུང་སྟོན་རྡོ་རྗེ་དཔལ་བཟང་པོའི་རྒྱུད་འགྲེལ་དོན་གསལ་མེ་ལོང་ལས། དཔེར་ན་སྦལ་བ་རྨ་ཅན་གཅིག་གིས་སྦལ་དོང་གང་རྨས་པར་འགྱུར་བ་དང་། ཐུ་རུ་རྔོ་ཅན་གཅིག་གིས་རྟ་ཁྱུ་རྔོས་འཁྱེར་བ་དང་། འོ་མ་རུལ་བ་ཐིགས་པ་གཅིག་གིས་འོ་མ་ཁོལ་ཟངས་གང་རུལ་བ་བཞིན་དུ་དམ་ཚིག་ཉམས་པ་དང་འགྲོགས་པར་གྱུར་པའི་ཉེས་པ་བརྗོད་ཀྱིས་མི་ལང་སྟེ། ཉམས་པ་གཅིག་གིས་ཞོར་ལ་དེ་དང་གཏམ་འདྲེས་པའི་རྣལ་འབྱོར་པ་ཀུན་དམྱལ་བར་ལྟུང་བའི་སྐྱོན་འདུག་པས་ན་ལུང་བ་གཅིག་གི་ཆུ་ལའང་བཏུང་བར་མི་བྱའོ། །ཞེས་དང་། དམ་ཚིག་བཀོད་པའི་རྒྱུད་ལས། གལ་ཏེ་བླངས་ན་གཉིས་ཀ་ཚིག །ངེས་པར་ས་སྤྱོད་སྡུག་བསྔལ་ལ། །རྒྱུན་དུ་སྤྱོད་པ་ཁོ་ནའོ། །ཞེས་སོགས་རྒྱ་ཆེར་གསུངས་པས་འདིར་མ་སྤྲོས་སོ། །
གཉིས་པ་གཉེན་པོ་བསྟེན་པའི་དགོས་པ་ཡོད་དེ། དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་ལས། ལ་ལའི་ཚུལ་ཁྲིམས་བདེ་བ་སྟེ། །ལ་ལའི་ཚུལ་ཁྲིམས་སྡུག་བསྔལ་ཡིན། །ཚུལ་ཁྲིམས་ལྡན་པ་བདེ་བ་སྟེ། །ཚུལ་ཁྲིམས་འཆལ་བ་སྡུག་བསྔལ་ཡིན། །ཞེས་ཁེ་ཉེན་ཆེ་བར་བསྟན་པ༵ས་འཆལ་ཁྲིམས་ཀྱི་གཉེན་པོར་དྲ༵ན་ཤེ༵ས་བ༵ག་ཡོ༵ད་ལྡན༵་པར་བྱའོ། །
དེ་ལ་སྤྱིར་བཤད་པ་དང་སོ་སོར་བཤད་པ་གཉིས་ལས། དང་པོ། བསླབ་བཏུས་ལས། བག་ཡོད་པ་དང་མ་འབྲལ་ཞིང་། །དྲན་པ་དང་ནི་ཤེས་བཞིན་དང་། །ཚུལ་བཞིན་དུ་ནི་སེམས་པ༵ས་སོ། །ཞེས་དང་། སྤྱོད་འཇུག་ལས། སེམས་བསྲུང་འདོད་པ་རྣམས་ལ་ནི། །དྲན་པ་དང་ནི་ཤེས་བཞིན་དག །ཐམས་ཅད་འབད་པས་སྲུངས་ཤིག་ཅེས། །བདག་ནི་དེ་ལྟར་ཐལ་མོ་སྦྱར། །ཞེས་དང་། ཇོ་བོས། དྲན་དང་ཤེས་བཞིན་བག་ཡོད་པས། །དབང་པོའི་སྒོ་རྣམས་རྟག་ཏུ་བསྲུང་། །ཉིན་མཚན་དུས་གསུམ་ཡང་དང་ཡང་། །སེམས་ཀྱི་རྒྱུད་ལ་བརྟག་པར་བྱ། །ཞེས་དང་། སྡོམ་གསུམ་ལས། རྟག་ཏུ་དྲན་དང་ཤེས་བཞིན་བག་ཡོད་བསྟེན། །ཞེས་སོ། །
གཉིས་པ་ལ་དྲན་པ་དང་། ཤེས་བཞིན། བག་ཡོད་གསུམ་ལས། དང་པོ་ནི། རྟག་ཏུ་སྲུང་སེམས་མི་བརྗེད་པའམ་དགེ་བའི་དམིགས་རྣམ་མི་བརྗེད་པའོ། །དེ་ཡོད་ན་སྤྱོད་འཇུག་ལས། ཀུན་ནས་དྲན་པའི་ཐག་པ་ཡིས། །སེམས་ཀྱི་གླང་པོ་དམ་བཏགས་ན། །འཇིགས་པ་ཐམས་ཅད་མེད་པར་འགྱུར། །ཞེས་སོ། །དེ་མེད་པའི་ཉེས་པའང་ཀླུ་སྒྲུབ་ཀྱིས། དྲན་པ་ཉམས་པས་ཆོས་ཀུན་འཇིག་པར་འགྱུར། ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། རང་རྒྱུད་ལ་ཉེས་པ་བྱུང་མ་བྱུང་རྟོག་པའམ་སྒོ་གསུམ་ལ་ཡང་ཡང་རྟོག་དཔྱོད་བྱེད་པའོ། །དེ་ལ་སྤྱོད་འཇུག་ལས། ལུས་དང་སེམས་ཀྱི་གནས་སྐབས་ལ། །ཡང་དང་ཡང་དུ་བརྟག་བྱ་བ། །དེ་ཉིད་ཁོ་ན་མདོར་ན་ནི། །ཤེས་བཞིན་བསྲུང་བའི་མཚན་ཉིད་དོ། །ཞེས་སོ། །དེ་མེད་པའི་ཉེས་པའང་དེ་ཉིད་ལས། ཤེས་བཞིན་མེད་པའི་སེམས་ལྡན་པའི། །ཐོས་དང་བསམ་དང་སྒོམ་པ་ཡང་། །གློ་རྡོལ་བུམ་པའི་ཆུ་བཞིན་དུ། །དྲན་པ་ལ་ནི་དེ་མི་གནས། །ཞེས་སོ། །གསུམ་པ་ནི། འཇུག་ལྡོག་གི་གནས་སམ་བླང་དོར་གྱི་གནས་ལ་གཟོབ་པ་ལྷུར་ལེན་པའོ། །དེ་ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་ཡིན་ཏེ། ཟླ་སྒྲོན་ལས། ཚུལ་ཁྲིམས་ཐོས་དང་གཏོང་དང་དེ་བཞིན་བཟོད། །དགེ་བའི་ཆོས་སུ་བརྗོད་པ་ཇི་སྙེད་པ། །
ཀུན་གྱི་རྩ་བ་བག་ཡོད་འདི་ཡིན་ཏེ། །གཏེར་ཐོབ་བྱེད་ཅེས་བདེ་བར་གཤེགས་པས་གསུངས། །ཞེས་དང་། བཤེས་སྤྲིངས་ལས། བག་ཡོད་བདུད་རྩིའི་གནས་ཏེ་བག་མེད་པ། །འཆི་བའི་གནས་སུ་ཐུབ་པས་བཀའ་བསྩལ་ཏེ། །དེ་བས་ཁྱོད་ཀྱིས་དགེ་ཆོས་སྤེལ་སླད་དུ། །གུས་པས་རྟག་ཏུ་བག་ཡོད་ལྡན་པར་མཛོད། །ཅེས་སོ། །
མདོར་ན་རྒྱལ་སྲས་ཐོགས་མེད་ཀྱིས། མདོར་ན་དྲན་ཤེས་ལྡན་པས་རང་རྒྱུད་ལ། །ལེགས་པར་བརྟགས་ནས་ཆོས་ནས་གསུངས་ཚུལ་དང་། །རང་གི་ཉམས་སུ་ལེན་ཚུལ་མི་འགལ་བར། །རང་དབང་རང་གིས་ཐུབ་པ་ཤིན་ཏུ་གཅེས། །ཞེས་གསུངས་པ་ལྟར་རོ། །
གསུམ་པ་ཕན་ཡོན་གྱི་སྒོ་ནས་སྤྲོ་བ་བསྐྱེད་དེ་ཚུལ་ཁྲིམས་བསྲུང་བར་བསྐུལ་བ་ལ། སྤྱིར་ཚུལ་ཁྲིམས་བསྲུངས་པའི་ཕན་ཡོན་དང་། བྱེ་བྲག་རབ་ཏུ་བྱུང་བའི་ཕན་ཡོན། མཇུག་བསྡུས་ཏེ་ཚུལ་ཁྲིམས་བསྲུང་བར་བསྐུལ་བའོ། །དང་པོ། དེའང་སྔོན་བསྟན་པ་དར་བའི་དུས་སུ་ལོ་དཔག་ཏུ་མེད་པར་བསླབ་གཞི་ཡོངས་སུ་རྫོགས་པའི་ཚུལ་ཁྲིམས་རྣམ་པར་དག་པ་བསྲུངས་པ་ལས། གང་ཞིག་ད་ལྟ་བསྟན་པ་ནུབ་ལ་ཉེ་བའི་དུས་འདི་ལྟ་བུར་ཉིན་ཞག་གཅིག་གི་བར་དུ་བསླབ་གཞི་སྣ་གཅིག་ཙམ་བསྲུངས་པའི་ཕན་ཡོན་ཆེ་བར་གསུངས་ཏེ། ཏིང་འཛིན་རྒྱལ་པོ་ལས། བསྐལ་པ་བྱེ་བ་གངྒཱའི་བྱེ་སྙེད་དུ། །དང་བའི་སེམས་ཀྱིས་ཟས་དང་སྐོམ་རྣམས་དང་། །གདུགས་དང་བ་དན་མར་མེའི་ཕྲེང་བ་ཡིས། །སངས་རྒྱས་བྱེ་བ་ཁྲག་ཁྲིག་རིམ་གྲོ་བྱས། །གང་ཞིག་དམ་ཆོས་རབ་ཏུ་འཇིག་པ་དང་། །བདེ་གཤེགས་བསྟན་པ་འགག་བར་འགྱུར་བའི་ཚེ། །ཉིན་མཚན་དུ་ནི་བསླབ་པ་གཅིག་སྤྱོད་པ། །བསོད་ནམས་འདི་ནི་དེ་བས་ཁྱད་པར་འཕགས། །
ཞེས་དང་། དེ་བཞིན་ལོ་བརྒྱར་སྦྱིན་པ་གཏོང་བ་ལས་ཉིན་གཅིག་གི་ཚུལ་ཁྲིམས་མཆོག་སྟེ། དཀོན་མཆོག་བརྩེགས་པ་ལས། གང་ཞིག་དམ་པའི་སེམས་ཀྱིས་ནི། །ལོ་བརྒྱར་སྦྱིན་པ་བྱིན་པ་བས། །གང་ཞིག་ཉིན་གཅིག་ཚུལ་ཁྲིམས་དག །བསྲུང་བ་དེ་ནི་ཆོས་རབ་འཕགས། །ཞེས་དང་། དགེ་སློང་ལ་རབ་ཏུ་གཅེས་པ་ལས། ཚུལ་ཁྲིམས་བསླབ་པ་རང་ཡིད་ཆེས། །མི་དེ་ཉི་མ་གཅིག་ལ་ཡང་། །བསོད་ནམས་ཕུང་པོ་དཔག་ཏུ་མེད། །གསོག་ཅིང་སངས་རྒྱས་འབྲས་བུ་འགྲུབ། །ཅེས་དང་། སྨན་གྱི་གཞི་ལས། དགེ་སློང་དག་ཚུལ་ཁྲིམས་གོམས་པར་བྱས་ན་ཏིང་ངེ་འཛིན་ཡུན་དུ་གནས་པར་འགྱུར་རོ། །ཏིང་ངེ་འཛིན་གོམས་པར་བྱས་ན་ཤེས་རབ་ཡུན་རིང་དུ་གནས་པར་འགྱུར་རོ། །ཤེས་རབ་གོམས་པར་བྱས་ན་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལས་སེམས་ཡང་དག་པ་ཁོ་ནར་རྣམ་པར་གྲོལ་བར་འགྱུར་རོ། །ཞེས་དང་། མེ་ཏོག་ཕྲེང་རྒྱུད་ལས། རབ་བསྔགས་ནོར་གྱིས་ཕུན་ཚོགས་ཤིང་། །ལྷ་ཡི་ཁང་བཟང་དམ་པར་སྐྱེ། །ཏིང་ངེ་འཛིན་དང་ངེས་འབྱུང་ཐོབ། །ཚུལ་ཁྲིམས་འདི་ནི་འབྲས་བུ་ཆེ། །ཞེས་དང་། མདོ་ལས། ཚུལ་ཁྲིམས་ལྡན་པ་འཇིག་རྟེན་ཀུན་གྱིས་བསྟོད། །ཅེས་སོགས་གསུངས།
ཡང་ཚུལ་ཁྲིམས་ལྡན་ན་གཞན་ཐམས་ཅད་ཟིལ་གྱིས་གནོན་པའི་ཁ་དོག་དང་གཟི་བརྗིད་ཁྱད་དུ་འཕགས་ཏེ། ཕར་བསྡུས་ལས། ཆ་ལུགས་མཐུན་ཡང་ཚུལ་ཁྲིམས་ལྡན་གྱུར་ན། །མི་ཡི་ནང་ན་དེ་ནི་འཕགས་པར་འགྱུར། །ཞེས་སོ། །དེ་བཞིན་ཚུལ་ཁྲིམས་ཀྱི་རྒྱན་བཟང་འདི་འཆང་ན་གཞན་དག་འཇིག་རྟེན་དུ་གྲགས་པའི་རིན་པོ་ཆེ་སོགས་རྨོངས་སྐྱེས་ཀྱི་རྒྱན་རྣམས་དགོས་པ་མེད་དེ། མདོ་ལས། ཚུལ་ཁྲིམས་ང་ཡི་རྒྱན་ཡིན་ཏེ། །ཚུལ་ཁྲིམས་ཉིད་ནི་བྱུག་པ་ཡིན། །གསེར་དང་ནོར་བུའི་རྣ་ཆ་དག །རྨོངས་སྐྱེས་ང་ལ་ཅི་ཞིག་བྱ། །ཞེས་དང་། དྲིས་ལན་རིན་ཆེན་ཕྲེང་བ་ལས། མཛེས་པའི་རྒྱན་གང་ཞེ་ན། གང་ཞིག་ཚུལ་ཁྲིམས་ཕུན་སུམ་ཚོགས་པའོ། །ཞེས་དང་། ཡང་མདོ་ལས། ལེགས་བྲིས་ལེགས་པར་བྲིས་པ་ཡི། །ཚོང་དཔོན་བུ་ཡི་མགོ་བོ་ལ། །ཙམ་པ་ཀ་ཡི་མེ་ཏོག་ཕྲེང་། །དྲི་ཞིམ་ཡིད་འོང་བཏགས་པས་མཛེས། །དེ་བཞིན་ཚུལ་ཁྲིམས་ལྡན་གྱུར་ཅིང་། །མང་ཐོས་ཚུལ་ཁྲིམས་ཕུན་སུམ་ཚོགས། །རྒྱལ་བའི་སྲས་པོ་ཡོན་ཏན་ལྡན། །དེ་ལ་ངུར་སྨྲིག་དེ་བཞིན་མཛེས། །ཞེས་སོ། །གཞན་ཡང་ཚུལ་ཁྲིམས་གཙང་བ་ནི་གྲུབ་རྟགས་ཐམས་ཅད་ཀྱི་མཆོག་ཡིན་ཏེ། ཆགས་མེད་རིན་པོ་ཆེས། བན་རྒན་ཚུལ་ཁྲིམས་གཙང་བ་དེ། །གྲུབ་རྟགས་ནང་ནས་ཆེ་ཤོས་ཡིན། །ཞེས་སོ། །
ཚུལ་ཁྲིམས་ལྡན་པའི་གང་ཟག་ནི་ལྷ་དང་བཅས་འཇིག་རྟེན་གྱིས་བསྟོད་ཅིང་བསྔགས་པ་དང་། དགའ་ཞིང་གུས་པས་བཏུད་དེ་བཀུར་སྟི་བྱེད་པར་འགྱུར་ཏེ། ཕར་བསྡུས་ལས། བརྗོད་དུ་མི་འོས་རིགས་སུ་གྱུར་པ་དང་། ཕན་ཞིང་དབེན་པ་གང་ཡང་མ་བྱས་ཤིང་། །སྔོན་ཆད་མི་བཤེས་སྐྱེ་བོ་ཐམས་ཅད་ཀྱང་། །ཚུལ་ཁྲིམས་ལྡན་པའི་སྐྱེ་བོ་དེ་ལ་འདུད། །རྐང་པས་རེག་པར་གྱུར་པའི་རྡུལ་དག་ཀྱང་། །སྤྱི་གཙུག་དམ་པས་བླངས་ཤིང་ལྷ་དང་མིའི། །ཕྱག་འཚལ་མགོས་གཏུགས་ཐོབ་པ་ཀུན་ཏུ་འཁྱེར། །ཞེས་གཉེན་བཤེས་ཀུན་གྱི་རིགས་སུ་བརྗོད་དུ་མེད་པ་དང་། ཕན་མ་བཏགས་པ་དང་། ངོ་མི་ཤེས་པ་ཀུན་གྱིས་བཀུར་བའོ། །
ཡང་ཚུལ་ལྡན་ལ་སྙན་གྲགས་ཐོབ་ཅིང་ཟས་ནོར་ཐོབ་པ་དང་བདེ་བར་འགྱུར་ཏེ། ཚོམས་ལས། བསྔགས་པར་འགྱུར་དང་ནོར་ཐོབ་དང་། །ཕ་རོལ་བདེ་འགྲོར་དགའ་འགྱུར་བའི། །བདེ་བ་གསུམ་པོ་དོན་གཉེར་བའི། །མཁས་པས་ཚུལ་ཁྲིམས་བསྲུང་བར་བྱ། །ཞེས་སོ། །
གཞན་ཡང་རྒྱན་གཞན་ནི་ཧ་ཅང་གཞོན་པ་དང་རྒན་པ་ལ་བཏགས་ན་བཞད་གད་དུ་སྲིད་ཀྱང་ཚུལ་ཁྲིམས་རིན་པོ་ཆེ་འདི་ནི་འཇིག་རྟེན་རྒན་གཞོན་ཀུན་གྱི་རྒྱན་ཡིན་པས་སློབ་དཔོན་དཔའ་བོས། སྐྱོན་བྲལ་རྒྱན་དུ་གྱུར་བའི་མཆོག་ཅེས་བྱ། །ཞེས་དང་། ཚུལ་ཁྲིམས་རྒྱན་གྱི་མཆོག་ཡིན་ཏེ། །རྒྱན་འདི་ལ་ནི་སྟོར་བ་མེད། །ཅེས་སོ། །
ཡང་ཚུལ་ཁྲིམས་ནི་རྨོངས་པས་ག་བུར་སོགས་ཀྱི་དྲི་ཞིམ་ལུས་ལ་བསྒོས་པ་དང་ཡང་མི་འདྲ་སྟེ། མདོ་ལས། ག་བུར་ལ་སོགས་མ་ཡིན་པའི། །ཚུལ་ཁྲིམས་བྱུག་པ་མཆོག་གིས་བྱུག །ཅེས་དང་། ཚོམས་ལས་ཀྱང་། མེ་ཏོག་དྲི་ནི་རྫི་ཕྱོགས་མིན་མི་འགྲོ། །རྩ་བ་རྒྱ་སྤོས་ཙན་དན་རྣམས་ཀྱང་མིན། །དམ་པའི་དྲི་ནི་རྫི་ཕྱོགས་མིན་འགྲོ་སྟེ། །ཕྱོགས་རྣམས་ཀུན་ཏུ་མི་མཆོག་དྲི་ཡིས་ཁྱབ། །ཅེས་དང་། གཞན་ཡང་། ཚུལ་ཁྲིམས་ལྡན་པ་དྲི་དང་བྱུག་པ་ཡིན། །ཞེས་གསུངས་སོ། །
མདོར་ན་ཚངས་སྤྱོད་ལ་གནས་ཏེ་ཚུལ་ཁྲིམས་མ་ཉམས་པར་ཤི་ན་འགྲོ་ས་དག་པའི་ཞིང་ལས་གཞན་མེད་དེ། ལུང་རྣམ་འབྱེད་ལས། ཚངས་སྤྱོད་འདི་ལ་ལེགས་སྤྱད་ཅིང་། །ལམ་ལ་ཤིན་ཏུ་གོམས་ན་ནི། །ཚེ་ཟད་པ་ལ་དགའ་འགྱུར་ཏེ། །དཔེར་ན་ནད་དང་བྲལ་བ་བཞིན། །ཞེས་དང་། ཚུལ་ཁྲིམས་བསྟོད་པ་བླང་དོར་གསལ་བྱེད་ལས། གང་ཞིག་ཚུལ་ཁྲིམས་ཡང་དག་བསྲུངས་པ་ཞིག་ཡོད་ན། །ཐོས་བསམ་སྒོམ་པའི་ཡོན་ཏན་སྣ་གཞན་ཀུན་མེད་ཀྱང་། །འཆི་བའི་ཚེ་ན་འགྲོ་ས་དག་པའི་ཞིང་ཡིན་ཏེ། །དགེ་སྤྱོད་རྒྱུ་འབྲས་བསླུ་མེད་རྟེན་འབྲེལ་གྱི་ཁྱད་ཆོས། །ཞེས་གསུངས་པའི་ཕྱིར་རོ། །
གཉིས་པ་རབ་ཏུ་བྱུང་བའི་ཕན་ཡོན་ནི། དེའང་ཁྱིམ་ལས་ཁྱིམ་མེད་པར་རབ་ཏུ་བྱུང་བ་འདི་ནི། མདོ་ལས། ཁྱིམ་པ་རྣམས་ནི་མེའི་འོབས་ན་གནས་པ་ལྟ་བུའོ། །རབ་ཏུ་བྱུང་བ་རྣམས་ནི་བསིལ་ཁང་ན་གནས་པ་ལྟ་བུའོ། །ཞེས་གསུངས་པ་ལྟར་ཁྱད་དུ་འཕགས་ཤིང་། དུས་གསུམ་གྱི་སངས་རྒྱས་མཆོག་གི་སྤྲུལ་སྐུའི་རྟེན་ཅན་ཐམས་ཅད་ཀྱང་རབ་ཏུ་བྱུང་བའི་རྟེན་ཅན་ལ་སངས་རྒྱས་ཤིང་རྒྱ་བར་གསུངས་པས་ཡོན་ཏན་ཚད་མེད་དོ། །དེ་ཡང་འདུལ་བ་ལུང་ལས། རང་གི་དོན་མ་འདྲེས་པར་ཐོབ་པ་སོགས་ཕན་ཡོན་ལྔ་གསུངས་ཤིང་། དགའ་བོ་རབ་ཏུ་བྱུང་བ་ལས། སྟོང་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱིས་བསྐལ་པའི་བར་དུ་བུ་དང་ཆུང་མ་སྦྱིན་པར་བཏང་བའི་བསོད་ནམས་བས་རབ་ཏུ་བྱུང་བར་བསམ་པས་དགོན་པར་གོམ་པ་གཅིག་བོར་བ་བསོད་ནམས་ཆེ། ཞེས་དང་། ཆོ་འཕྲུལ་ཆེན་པོ་བསྟན་པའི་མདོ་ལས་ཀྱང་། གང་དག་སྟོང་ཆེན་སེམས་ཅན་དེ་དག་ཀུན། །བྱང་ཆུབ་ཕྱིར་ནི་རབ་ཏུ་ཞུགས་གྱུར་ཅིང་། །མ་ཞུམ་སེམས་ཀྱིས་བསྐལ་པར་རྫོགས་པར་ནི། །བུ་དང་ཆུང་མ་སྦྱིན་པ་བྱས་པ་བས། །གང་གིས་བྱང་ཆུབ་ཏུ་ནི་སེམས་བསྐྱེད་ནས། །དེ་བཞིན་གཤེགས་པའི་རྗེས་སུ་བསླབ་པ་དང་། །རབ་བྱུང་སེམས་ཀྱིས་གོམ་པ་གཅིག་བོར་བ། །དེ་ནི་དེ་བས་བསོད་ནམས་ཁྱད་པར་འཕགས། །ཞེས་དང་། རབ་བྱུང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །རབ་ཏུ་བསྟོད་ཅིང་བསྔགས་ལ་བཀུར་བ་སྟེ། །གང་གིས་སངས་རྒྱས་ཀུན་ལ་མཆོད་འདོད་པས། །རྒྱལ་བའི་བསྟན་ལ་རབ་བྱུང་གཟུང་བར་གྱིས། །ཞེས་དང་། མདོ་རྒྱན་ལས། རབ་ཏུ་བྱུང་བའི་ཕྱོགས་དག་ནི། །ཡོན་ཏན་ཚད་མེད་རྣམས་དང་ལྡན། །དེ་ལྟས་སྡོམ་བརྩོན་ཁྱིམ་པ་ཡི། །བྱང་ཆུབ་སེམས་དཔའ་ལུས་ཁྱད་འཕགས། །ཞེས་སོ། །རབ་ཏུ་བྱུང་བའི་ལུས་རྟེན་འདི་ཤིན་ཏུ་རྙེད་པར་དཀའ་སྟེ། ཀུན་མཁྱེན་ཆེན་པོས། སྲིད་གསུམ་བདག་པོ་སྔར་ཡང་ལན་བརྒྱར་བྱས། །ངུར་སྨྲིག་རྒྱལ་མཚན་འཆང་བ་ད་རེས་ཙམ། །ཞེས་གསུངས་སོ། །ཐ་ན་རབ་ཏུ་བྱུང་བའི་ཆོས་གོས་ཀྱི་ཚལ་བུ་ཙམ་འཆང་བ་ལའང་སུས་ཀྱང་གནོད་པར་མི་འགྱུར་ཏེ། ས་སྙིང་འཁོར་ལོ་བཅུ་པ་ལས། སྔོན་རྒྱལ་པོས་གསོད་པ་ལ་ཐུག་པའི་མི་དུར་ཁྲོད་དུ་བོར་བ་ན། སྲིན་མོ་ཆེན་པོ་རྣམས་ཀྱིས་དེའི་མགུལ་དུ་ངུར་སྨྲིག་གི་ཚལ་བུ་ཐོགས་པ་མཐོང་ནས་ཕྱག་འཚལ་བའི་ཚུལ་གསུངས་ཤིང་། གཞན་ཡང་ཇི་སྐད་དུ། གདུག་པ་བསྡིག་པར་བྱེད་པའི་མཆོག །གང་གིས་ངུར་སྨྲིག་མཐོང་བ་ཡིས། །ལྷ་མིན་ས་ཡི་འོག་ཏུ་འགྲོ། །ཞེས་སོ། །ཡང་ཚུལ་ཁྲིམས་ལྡན་པའི་རབ་བྱུང་གིས་ངུར་སྨྲིག་གི་གོས་ལེགས་པར་འཆང་བས་ཀྱང་དཀོར་སྒྲིབ་ལྷག་མེད་དུ་སྦྱང་སྟེ། དཔལ་སྤྲུལ་རིན་པོ་ཆེས། ཁྲིམས་ལྡན་ན་བཟས་ཉིན་གཅིག་དཀོར་སྒྲིབ་སྦྱངས། །ཞེས་སོ། །
མདོར་ན་རབ་ཏུ་བྱུང་བའི་ཕན་ཡོན་ཚད་མེད་པས་ཕྱི་མ་བདེ་བར་འགྲོ་ཞིང་ཚུལ་ཁྲིམས་ལྡན་པའི་གང་ཟག་དེར་འཇིག་རྟེན་པ་ལྟར་དུ་ཟས་གོས་སོགས་ཀྱི་འཚོ་བས་ནམ་ཡང་ཕོངས་བར་མི་འགྱུར་ཏེ། མདོ་ལས། ངའི་ཉན་ཐོས་རྣམས་ནི་ཆོས་གོས་དང་བསོད་སྙོམས་ཀྱིས་དུབ་པར་མི་འགྱུར་བས་ཞེས་སོགས་དང་། ཡང་ཇི་སྐད་དུ། ཁྱིམ་པའི་སྐྱེ་བོ་ཐམས་ཅད་ཀུན། །སེན་མོའི་སྟེང་དུ་ཞིང་རྨོས་ཀྱང་། །ང་ཡི་རབ་ཏུ་བྱུང་བ་རྣམས། །འཚོ་བས་ཕོངས་བར་མི་འགྱུར་རོ། །ཞེས་གསུངས་ལ། དེར་མ་ཟད་ཆོས་གོས་སོར་བཞི་ཐོགས་པ་ལའང་བཟའ་བཏུང་བསམ་བཞིན་དུ་འབྱུང་བར་སྙིང་རྗེ་པད་དཀར་ལས་གསུངས་པ་ལྟར་ཤེས་པར་བྱ་ཞིང་། འཇིག་རྟེན་པས་ཀྱང་། ཆོས་པ་མུ་གེས་ཤི་རབས་མེད་ཅེས་པ་ཡིན་ལ། ཁྱད་པར་ཡབ་རྗེ་ཉིད་ཀྱིས་འགྲོ་འདུག་གང་བྱེད་ཀྱང་རྟག་ཏུ་གཟན་ཤམ་ལེགས་པར་བགོས་ཞེས་གོང་གི་ཕན་ཡོན་རྣམས་ཡང་ཡང་གསུངས། དེས་ན་ཉིན་ཞག་གཅིག་གི་ཡུན་ལའང་རབ་བྱུང་གི་རྟེན་འཆང་བ་དང་སངས་རྒྱས་ཀྱི་ན་བཟའ་ལུས་ལ་བགོ་བའི་སྐལ་བ་འདི་རྙེད་པར་དཀའ་ཞིང་ཕན་ཡོན་ཚད་མེད་པར་བསམས་ཏེ་སྙིང་ནས་དགའ་བའི་སེམས་ཀྱིས་བསླབ་པ་འདི་ལ་གཅེས་སྤྲས་སུ་བྱ་དགོས་སོ། །
གསུམ་པ་ནི། དེ་ལྟར་ཚུལ་ཁྲིམས་ཀྱི་བསླབ་པ་འདི་བྲལ་ན་ཉེས་དམིགས་ཆེ་བ་དང་། གཉེན་པོ་བསྟེན་ནས་བསྲུངས་པའི་ཕན་ཡོན་ཚད་མེད་པར་བསམ་སྟེ་གནས་སྐབས་ཀུན་ཏུ་ར༵ང་རྒྱུད༵་མ་རུངས་པ་དེ་ལ་རང་གིས་བརྟགས་ཏེ་ཐུལ༵་ཅིག་ཅེས་གདམས་པའོ། །འདི་ལྟར་འདུལ་བ་ལུང་ལས། བདག་ཉིད་བདག་གི་མགོན་ཡིན་ཏེ། །གཞན་ལྟ་སུ་ཞིག་མགོན་དུ་འགྱུར། །ཞེས་དང་། སྤྱོད་འཇུག་ལས། གང་ཚེ་འདི་ན་ཅི་བྱེད་ཅེས། །བདག་གི་སྐྱོན་ལ་བརྟག་པར་གྱིས། །ཞེས་གསུངས་ལ། བདག་གི་སྐྱོན་ལ་གཉིས་ཏེ་རང་རྒྱུད་ཉོན་མོངས་པས་གོས་པ་དང་གཞན་མ་དད་པར་བྱས་པའོ། །དང་པོ་ནི། གླང་རི་ཐང་པས། སྤྱོད་ལམ་ཀུན་ཏུ་རང་རྒྱུད་ལ། །རྟོག་ཅིང་ཉོན་མོངས་སྐྱེས་མ་ཐག །བདག་གཞན་མ་རུངས་བྱེད་པས་ན། །བཙན་ཐབས་གདོང་ནས་བཟློག་པར་ཤོག །ཅེས་སོ། །གཉིས་པ་ནི། བྱང་ཆུབ་སེམས་དཔའི་སོ་ཐར་ལས། འཇིག་རྟེན་མ་དད་བྱས་པ་བརྟགས་ཏེ་བསལ་བར་བྱ། །ཞེས་དང་། སྤྱོད་འཇུག་ལས། འཇིག་རྟེན་མ་དད་གྱུར་པ་གང་། །མཐོང་དང་དྲིས་ཏེ་སྤང་བར་བྱ། །ཞེས་གསུངས།
མདོར་ན་ཚུལ་ཁྲིམས་འདི་རང་གི་སྲོག་ལས་ཀྱང་གཅེས་པར་བསྲུང་དགོས་ཏེ། དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་ལས། སྲོག་ལ་བབས་ཀྱང་ཚུལ་ཁྲིམས་ནི། །གཏོང་བ་མི་མཁས་བླུན་པོ་ཡིན། །སྲོག་ཆད་ཕྱི་མར་སྐྱེ་བ་སྟེ། །ཚུལ་ཁྲིམས་ཕྱི་ནས་དེ་ལྟ་མིན། །ཞེས་དང་། ཚངས་པས་ཞུས་པ་ལས་ཀྱང་། བསླབ་པ་ལ་ནི་བསྟེན་པར་བྱ། །དེ་ལ་སྙིང་ནས་ནན་ཏན་བྱ། །ཕྱིར་ནི་སྤང་བར་མི་བྱ་ཞིང་། །སྲོག་གི་ཕྱིར་
ཡང་གཞིག་མི་བྱ། །རྟག་ཏུ་ནན་ཏན་གནས་པར་བྱ། །འདུལ་བ་ལ་ནི་འཇུག་པར་བྱ། །ཞེས་པ་ལྟར་བྱའོ། །ཞེས་རྗེ་ཉིད་ཀྱིས་ཚུལ་ཁྲིམས་འདི་ཁོ་ནར་ཐུགས་གཙིགས་ཆེར་མཛད་ཅིང་བརྩེ་བ་ཆེན་པོས་དེ་བསྲུང་བ་ལ་ནན་གྱིས་བསྐུལ་བའོ། །
གཉིས་པ། ཐོས་པའི་ཤེས་རབ་འཚོལ་བ་ནི། རྩ་བ་ལས།
ཐོག་མེད་སྲིད་པར་མ་རིག་མུན་ཀློང་དུ། །
བཤེས་བྲལ་སྨྱོན་པ་བཞིན་དུ་ད་བར་འཁྱམས། །
ད་ནི་ཞི་བདེའི་ཁང་བཟང་འཚོལ་བའི་ཕྱིར། །
གསུང་རབ་རྒྱ་མཚོ་མཉན་ལ་སྤྲོ་བར་རིགས། །
ཞེས་གསུངས་པའི་དོན་དེ་ལ་དབྱེ་ན། ཐོས་པ་མེད་པའི་ཉེས་དམིགས་དང་། ཐོས་པའི་ཕན་ཡོན། ཐོས་པ་འཚོལ་བ་ལ་གདམས་པའོ། །དང་པོ། དེའང་བླང་དོར་གྱི་གནས་གསལ་བྱེད་རིན་པོ་ཆེའི་སྒྲོན་མེ་ལྟ་བུའི་ཐོས་པ་འདི་མེད་ན། ཇི་སྐད་དུ་ཆེད་དུ་བརྗོད་པའི་ཚོམས་ལས། ཇི་ལྟར་ཁྱིམ་གྱིས་ལེགས་གཡོགས་པས། །མུན་པས་ཁེབས་པའི་ནང་ཞུགས་ན། །གཟུགས་རྣམས་ཡོད་པར་གྱུར་ཀྱང་ནི། །མིག་ལྡན་ཤིན་ཏུ་མཐོང་མི་འགྱུར། །དེ་བཞིན་འདིར་ནི་རིགས་སྐྱེ་བའི། །མི་ནི་བློ་གྲོས་ལྡན་གྱུར་ཀྱང་། །སྡིག་པ་དང་ནི་མི་དགེ་ཆོས། །མ་ཐོས་པར་ནི་ཤེས་མི་འགྱུར། །ཞེས་བློ་གྲོས་དང་ལྡན་ནའང་ཐོས་པ་མེད་ན་བླང་དོར་གྱི་གནས་མི་ཤེས་པར་གསུངས་ན། དེ་མི་ལྡན་པས་སྨོས་ཅི་དགོས་སོ། །
དེ་ཡང་ཚེ་རབས་ཀྱི་ཡ་མཐའ་ཐོ༵ག་མ་མེ༵ད་པ་ནས་བཟུང་ལས་ཉོན་གྱི་ལྕགས་སྒྲོག་དམ་པོས་བར་མེད་དུ་བཅིངས་ཏེ་ཐར་མེད་ཁམས་གསུམ་སྲི༵ད་པ༵འི་བཙོན་ར་ཆེན་པོར༵་འཕྱན་ནས་བླང་བྱ་དགེ་བའི་ཕན་ཡོན་དང་དོར་བྱ་སྡིག་པའི་ཉེས་དམིགས་རྣམས་ཚུལ་བཞིན་དུ་མི་ཤེས་པས་མ༵་རི༵ག་པ་སྟེ་རྨོངས་པར་གྱུར་ཏེ་གནས་འདི་ལྟ་བུར་སྐྱེས་ཞེས་དང་། ལུས་འདི་ལྟ་བུ་བླངས་ཞེས་ཚད་བཟུང་མེད་པར་མ་ཟད། དམྱལ་བར་སྐྱེས་ནས་ཟངས་ཞུན་ཁོལ་མ་འཐུང་བ་དང་། མཛའ་བཤེས་དང་བྲལ་ཏེ་མིག་ནས་མཆི་མ་ལྷུང་བ་དང་། ཁྱི་ཕག་ཏུ་སྐྱེས་ནས་མི་གཙང་བ་ཟོས་པ་སོགས་ཀྱི་ཚད་ཀྱང་རྒྱ་མཚོ་དང་རི་རབ་ལས་ཆེས་ལྷག་པར་གསུངས་ཤིང་། དེ་བཞིན་དུ་སེམས་ཅན་གཅིག་གིས་གཅིག་ལས་འོ་མ་འཐུང་བ་ཡང་རྒྱ་མཚོ་ཆེན་པོ་བཞིའི་ཚད་ལས་འདས་པ་སྟེ། མགོན་པོ་ཀླུས། རེ་རེས་རྒྱ་མཚོ་བཞི་ལས་ལྷག་པ་ཡི། །འོ་མ་འཐུངས་ཏེ་ཞེས་སོགས་གསུངས་པ་ལྟར་རྣམ་ཤེས་ལ་ཐོག་མ་མེད་པར་གྲུབ་བོ། །
དེའང་ཇི་ལྟར་ན་མུ༵ན་ནག་རབ་ཏུ་འཁྲིགས་ཤིང་ཤིན་ཏུ་མྱ་ངན་ལྡན་པའི་ཀློ༵ང་དུ༵་ལུས་ཏེ་སྐྱབས་དང་སྐྱོབ་པ། མགོན་དང་དཔུང་གཉེན། གྲོགས་དང་མཛའ་བཤེ༵ས་སོགས་ཐམས་ཅད་དང་བྲ༵ལ་བའི་ངང་དུ་ལུས་སེམས་རང་བཞིན་དུ་མི་གནས་པའི་སྨྱོན༵་པ༵་ཞིག་འཁྱམས་བཞིན་ཡོད་ན། རང་ཉིད་སྡུག་བསྔལ་ཞིང་ཉམ་ཐག་པ་བཞི༵ན་དུ༵་ཚེ་རབས་ཐོག་མེད་ནས་ད༵་ལྟའི་བ༵ར་དུ་བདག་ལ་རྨོངས་པས་འབད་དེ། ཞི་བ་ལྷས། བདག་ལ་རྨོངས་པས་འབད་པ་ཡིས། །སྨྱོན་པས་ས་སྟེང་ཀུན་ཏུ་འཁྲུགས། །ཞེས་པ་ལྟར་རོ། །
དེས་ན་འཁོར་བའི་གནས་འདིར་ཐོས་པ་མེད་པ་རྣམས་ནི་བུམ་ནང་གི་བུང་བ། ཟོ་ཆུན་གྱི་འཁྱུད་མོ། རྫ་མཁན་གྱི་འཕང་ལོ་བཞིན་དུ་སྡུག་བསྔལ་གསུམ་གྱིས་བར་མེད་དུ་གཟིར་ཞིང་འཁྱ༵མས་པར་བྱས་སོ། །དེའི་ཚེ་མཛའ་བཤེས་སོགས་བྲལ་ནས་རང་གཅིག་པུས་སྡུག་བསྔལ་མྱོང་བ་ཡིན་ཏེ། མདོ་རྒྱ་ཆེར་རོལ་བ་ལས། བདག་ཉིད་གཅིག་པུས་སྡུག་བསྔལ་མྱོང་འགྱུར་གྱི། །འཁོར་བ་ན་ནི་གྲོགས་ཡོད་མ་ཡིན་ནོ། །ཞེས་དང་། སྤྱོད་འཇུག་ལས། སྐྱེ་ན་དེ་ཉིད་གཅིག་སྐྱེ་ཞིང་། །འཆི་ནའང་དེ་ཉིད་གཅིག་འཆི་བས། །ཞེས་སོགས་ལྟར་རོ། །
གཉིས་པ་ཐོས་པའི་ཕན་ཡོན་ལ་སེམས་པའི་ཚུལ་ནི། དེ་ལྟར་ཐོག་མེད་ནས་བདེན་བཞིའི་རང་བཞིན་ཕྱིན་ཅི་ལོག་ཏུ་བཟུང་བའི་མ་རིག་པའི་དབང་གིས་དམ་པའི་ལྷ་ཆོས་མ་འགྲུབ་པར་བག་མེད་དུ་གྱུར་ནས་མུ་མཐའ་མེད་པའི་འཁོར་བའི་སྡུག་བསྔལ་མྱོང་ཡང་། ད༵་ལྟ་ནི༵་སྐྱེ་དཀའ་བ་ལྷོ་རྒྱལ་འཛམ་བུའི་གླིང་དུ་སྐྱེས། རྙེད་དཀའ་བ་དལ་འབྱོར་གྱི་མི་ལུས་ཐོབ། འཕྲད་དཀའ་བ་མཚན་ལྡན་གྱི་བླ་མ་དང་མཇལ། འཐོབ་དཀའ་བ་ཡང་དག་པའི་གདམས་ངག་དང་འཕྲད་པའི་དུས་འདིར་མྱུར་དུ་ཐང་ལྷོད་མེད་པར་སྡར་མའི་པང་དུ་སྦྲུལ་ཞུགས་པ་དང་སྒེག་མོའི་མགོ་ལ་མེ་ཤོར་བ་བཞིན་དུ་ཡང་དག་པའི་ཆོས་མཉན་པ་ལ་བརྩོན་ན། གནས་སྐབས་ངན་སོང་གསུམ་གྱི་ཚ་གདུང་ཞི༵་བར་གྱུར་ནས་ལྷ་དང་མིའི་བསིལ་བའི་བདེ་འབྲས་ཕུན་སུམ་ཚོགས་པ་དང་། མཐར་ཐུག་བླ་ན་མེད་པ་འཕགས་བཞིའི་བདེ༵་འབྲས་མཆོག་ཏུ་གྱུར་པའི༵་ཁ༵ང་བཟ༵ང་ཉམས་དགའ་འཚོ༵ལ་བ༵འི་ཐབས་ཁྱད་པར་ཅན་དང་ལྡན་པའི་སྐལ་བ་ཡོད་དེ། མགོན་པོ་ཀླུ་སྒྲུབ་ཀྱིས། གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལ། །ཕྱིས་ནས་བག་དང་ལྡན་པར་གྱུར་པ་དེ། །ཟླ་བ་སྤྲིན་བྲལ་ལྟ་བུ་རྣམ་མཛེས་ཏེ། །དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན། །ཞེས་པ་ལྟར་རོ། །འདིར་དེ་ལྟར་གྱུར་པའི་ཐབས་ནི་ཐོས་པ་སྟེ། སྲེད་མེད་བུས་ཞུས་པ་ལས། དེ་ལྟར་རིགས་ཀྱི་བུ་ཐོས་པ་དང་ལྡན་ན་ཤེས་རབ་འབྱུང་བར་འགྱུར་རོ། །ཤེས་རབ་དང་ལྡན་ན་ཉོན་མོངས་པ་རབ་ཏུ་ཞི་བར་འགྱུར་རོ། །ཞེས་སོ། །
འདིར་ཁང་བཟང་ཞེས་པ་ནི་གནས་སྐབས་དང་མཐར་ཐུག་གི་བདེ་བའི་གཟུགས་སུ་བཀོད་པ་དང་། ཡང་ན་སེམས་ཅན་ཐམས་ཅད་ལ་སྒྲིབ་གཉིས་ཀྱི་གདུང་བ་ཞི་ཞིང་གཏན་གྱི་བདེ་བ་བླ་ན་མེད་པ་སངས་རྒྱས་ཀྱི་ཁང་བཟང་འཚོལ་བའི་ཕྱི༵ར་དུ་ཆོས་མཉན་པ་ལ་སྤྲོ་བར་བྱ་ཞེས་ཐེག་ཆེན་སེམས་བསྐྱེད་ལྡན་པའི་དབང་དུ་བྱས་ན་མཐར་ཐུག་གི་བདེ་བ་ཁོ་ནའི་གཟུགས་སུ་བཀོད་ནའང་ཆོག་གོ །
དེ་ལ་འདིར་སྤྱིར་ཆོས་ཐོས་པའི་ཕན་ཡོན་གྱིས་ཞི་བདེ་ཐོབ་ཚུལ་ཡང་། དངོས་སུ་དད་པ་དང་སེམས་བསྐྱེད་ལྡན་པའི་སྒོ་ནས་ཆོས་ཉན་པས་བྱང་ཆུབ་ཏུ་འགྱུར་བ་སྨོས་ཅི་དགོས་ཏེ། ཆོས་དུང་གཎྜི་དང་ཁ་ཏོན་སོགས་ཀྱི་སྒྲ་ཙམ་སེམས་ཅན་གཞན་གྱི་རྣ་ལམ་དུ་ཐོས་པས་ཀྱང་ངན་སོང་གི་སྐྱེ་སྒོ་ཁེགས་པར་གསུངས་ཏེ། གཎྜིའི་མདོ་ལས། དམ་ཆོས་བསྟན་པའི་དུས་སྟོན་ཕྱིར། །རྔའམ་གཎྜི་བརྡུངས་པའི་སྒྲ། །ཐོས་པས་བྱང་ཆུབ་འཐོབ་འགྱུར་ན། །ཉན་ཕྱིར་ལྷགས་ལ་སྨོས་ཅི་དགོས། །ཞེས་གསུངས་ཤིང་། ཀུན་བཟང་བླ་མའི་ཞལ་ལུང་ལས། སྔོན་སྟོན་པ་ཐུགས་རྗེ་ཅན་གྱིས་ཚལ་སྔོན་པོ་ཞིག་ན་ཆོས་གསུངས་པའི་ཚེ་དེའི་སྒྲ་བྱ་ངང་བ་ལྔ་བརྒྱས་ཐོས་པའི་ཕན་ཡོན་གྱིས་ཚེ་འཕོས་མ་ཐག་ཏུ་སུམ་ཅུ་རྩ་གསུམ་གྱི་ལྷའི་བུ་ལྔ་བརྒྱའི་སྐྱེ་བ་བླངས་པར་གསུངས་པ་དང་། ཡིད་བཞིན་མཛོད་འགྲེལ་པད་དཀར་ལས། སྔོན་འཕགས་མཆོག་སྤྱན་རས་གཟིགས་དབང་ཕྱུག་གིས་མནར་མེད་དུ་བྱོན་ནས་རིག་སྔགས་ཀྱི་རྒྱལ་པོ་ཡི་གེ་དྲུག་པའི་སྒྲ་བརྗོད་པས་དེ་ཐོས་པའི་སེམས་ཅན་དམྱལ་བ་པ་འབུམ་ཕྲག་གཅིག་སྡུག་བསྔལ་ལས་གྲོལ་ཏེ་སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེས་ནས་ཕྱིར་མི་ལྡོག་པའི་ས་ཐོབ་པར་གྱུར་ཏོ། །ཡི་དྭགས་ཀྱི་གནས་སུ་བྱོན་ནས་རིག་སྔགས་ཀྱི་རྒྱལ་པོ་ཡི་གེ་དྲུག་པའི་སྒྲ་བསྒྲགས་པས་ཡི་དྭགས་གངྒཱའི་ཀླུང་གི་བྱེ་མའི་གྲངས་དང་མཉམ་པའི་ཚེ་འཕོས་ནས་བདེ་བ་ཅན་དུ་སྐྱེས་ཏེ་བྱང་ཆུབ་སེམས་དཔའ་འདོད་པས་རབ་ཏུ་སྦྱིན་པ་ཞེས་བྱ་བ་འབའ་ཞིག་ཏུ་གྱུར་ནས་ཕྱིར་མི་ལྡོག་པའི་ས་ཐོབ་པར་གསུངས་པ་དང་། གསུང་རབ་རིན་ཆེན་མཛོད་ལས། དགེ་འདུན་སྲུང་གིས་ཆོས་བསྟན་པ་ལ་དྲང་སྲོང་རྣམས་ཀྱིས་ཕག་ཉན་བྱས་པས་འབྲས་བུ་ཐོབ་པར་གསུངས། གཞན་ཡང་སྔོན་སློབ་དཔོན་དབྱིག་གཉེན་གྱིས་གཞུང་འབུམ་ཕྲག་གོ་དགུ་ཐུགས་འཛིན་མཛད་སྐབས། གྲ་གསེབ་ཀྱི་ཕུག་རོན་ཞིག་གིས་རྟག་ཏུ་ཐོས་པས་མཐར་མངོན་པ་རང་ལས་མཁས་པའི་སློབ་དཔོན་བློ་གྲོས་བརྟན་པ་རུ་གྱུར་པ་སོགས་ཀྱི་ལོ་རྒྱུས་ལྟར་རོ། །
དེ་བཞིན་ཐོས་པའི་ཕན་ཡོན་གྱི་ལུང་ཅུང་ཟད་བཀོད་ན། རྒྱུད་བླ་ལས། གང་ཞིག་བྱང་ཆུབ་དོན་དུ་གཉེར་བས་གསེར་ཞིང་ནོར་བུས་སྤྲས་པ་ནི། །སངས་རྒྱས་ཞིང་རྡུལ་མཉམ་པ་ཉིན་རེར་ཆོས་རྒྱལ་རྣམས་ལ་རྟག་འབུལ་ལ། །གཞན་གང་འདི་ལ་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་ནི། །སྦྱིན་པ་ལས་བྱུང་དགེ་བ་དེ་ལས་བསོད་ནམས་ཆེས་མང་འཐོབ་པར་འགྱུར། །བློ་ལྡན་གང་ཞིག་བླ་མེད་བྱང་ཆུབ་འདོད་པས་བསྐལ་པ་དུ་མར་ཡང་། །ལུས་ངག་ཡིད་ནི་འབད་པ་མེད་པར་ཚུལ་ཁྲིམས་སྲུང་བྱེད་ལ། །གཞན་གང་འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་འདི། །ཚུལ་ཁྲིམས་ལས་བྱུང་དགེ་བ་དེ་ལས་བསོད་ནམས་ཆེས་མང་འཐོབ་པར་འགྱུར། །གང་ཞིག་འདི་ན་སྲིད་པ་གསུམ་གྱི་ཉོན་མོངས་མེ་འཇིལ་བསམ་གཏན་ནི། །ལྷ་དང་ཚངས་གནས་མཐར་སོན་རྫོགས་པའི་བྱང་ཆུབ་འཕོ་མེད་ཐབས་བསྒོམས་ལ། །གཞན་གང་འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་འདི། །བསམ་གཏན་ལས་བྱུང་དགེ་བ་དེ་ལས་བསོད་ནམས་ཆེས་མང་འཐོབ་པར་འགྱུར། །གང་ཕྱིར་སྦྱིན་ལས་ལོངས་སྤྱོད་དག་ནི་སྒྲུབ་བྱེད་ལ། །ཁྲིམས་ཀྱིས་མཐོ་རིས་སྒོམ་པས་ཉོན་མོངས་སྤོང་བྱེད་ལ། །ཤེས་རབ་ཉོན་མོངས་ཤེས་བྱ་ཀུན་སྤོང་དེ་ཡི་ཕྱིར། །འདི་མཆོག་ཉིད་དེ་དེ་ཡི་རྒྱུ་འདི་ཐོས་པ་ཡིན། །ཞེས་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། ཐོས་པས་ཆོས་རྣམས་ཤེས་པར་འགྱུར། །ཐོས་པས་སྡིག་པ་ལྡོག་པར་འགྱུར། །ཐོས་པས་དོན་མེད་སྤང་བར་འགྱུར། །ཐོས་པས་མྱ་ངན་འདས་པ་ཐོབ། །ཅེས་དང་།
ཏིང་འཛིན་རྒྱལ་པོ་ལས། མདོ་སྡེ་དམ་པ་འདི་ཐོས་ན། །མ་འོངས་པ་ཡི་བསྐལ་པ་ནི། །གྲངས་མེད་བདུན་ཅུ་རྩ་གསུམ་དུ། །ངན་འགྲོ་རྣམས་སུ་ཡོང་མི་སྲིད། །བསྟན་པ་ཟད་དུ་ཉེ་བའི་ཚེ། །གང་གིས་མདོ་སྡེ་འདི་བཟུང་ན། །མྱུར་དུ་སྤོབས་པ་འཐོབ་པར་འགྱུར། །ཚིགས་བཅད་གཅིག་ཙམ་བཟུང་བས་ཀྱང་། །བསོད་ནམས་ཕུང་པོ་བསམ་ཡས་ན། །ཉན་པར་འདོད་པས་མདོ་སྡེ་ཡང་། །ཐམས་ཅད་བཟུང་བས་ཅི་ཞིག་སྨོས། །ཞེས་དང་། མྱང་འདས་ལས། ཆོས་ཉན་པས་དད་པ་སྐྱེའོ། །དད་པས་ཕ་རོལ་དུ་ཕྱིན་པ་དྲུག་ལ་མོས་ནས་མྱུར་དུ་མངོན་པར་རྫོགས་ནས་སངས་རྒྱས་པའི་བར་དུ་ཐོས་ནས་དག་པའི་ཆོས་ཐམས་ཅད་ཐོབ་པ་ནི་ཐོས་པའི་རྒྱུ་ལས་བྱུང་བའོ། །ཉོན་མོངས་པས་མྱོས་ཏེ་སྡིག་པ་མང་དུ་བྱེད་པར་འདོད་པ་ཡང་ཐོས་པའི་ལྕགས་ཀྱུས་བཟུང་བའི་མོད་ལ་འདུལ་བར་འགྱུར་རོ། །ཞེས་དང་། རྒྱལ་ཚབ་བྱམས་པས། ཤེས་རབ་མཆོག་ཡིན་དེའི་གཞི་ནི། །ཐོས་པ་དེ་ཕྱིར་ཐོས་པ་མཆོག །ཅེས་དང་། སློབ་དཔོན་དཔའ་བོས། ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན། །རྐུན་པོ་ལ་སོགས་མི་འཁྱེར་ནོར་གྱི་མཆོག །ཀུན་ཏུ་རྨོངས་པའི་དགྲ་འཇོམས་མཚོན་ཆ་ཡིན། །ཐབས་ཚུལ་མན་ངག་སྟོན་པའི་གྲོགས་ཀྱི་མཆོག །ཅེས་དང་། ཀུན་མཁྱེན་ཆེན་པོས། དེ་ལས་དང་པོ་ཐོས་པའི་ཤེས་རབ་བསྐྱེད། །འདི་ནི་ཐར་བའི་རྩ་བ་ལགས་ཞེས་གསུངས། །ཞེས་དང་། ཡང་ཇི་སྐད་དུ། ཕྱི་མ་ཐོས་པས་ཕན་པ་ཙམ། །སྦྱིན་པ་ཡིས་ཀྱང་མི་ཕན་ནོ། །ཞེས་དང་། གཞན་ཡང་རྣམ་འབྱེད་ལས། ཕུང་ཁམས་སྐྱེ་མཆེད་རྟེན་འབྲེལ་ལ་མཁས་པ་དང་། གདམས་ངག་རྗེས་བསྟན་ལ་རག་མ་ལས་པ་སྟེ་ཐོས་པའི་ཕན་ཡོན་ལྔ་ཐོབ་པར་གསུངས་པ་དང་། མདོ་རྒྱན་ལས། ཆོས་འཆད་ཉན་གྱི་ཕན་ཡོན་བཅུའི་སྒོ་ནས་བྱང་ཆུབ་མྱུར་དུ་ཐོབ་པ་སོགས་དང་། གཞན་ལས་ཀྱང་མང་དུ་གསུངས་སོ། །དེའི་ཕྱི༵ར་ཐོས་པ་འདི་གལ་ཆེའོ། །ཐོས་པ་དེས་མཚོན་ནས་གཞན་འཆད་པའི་ཕན་ཡོན་ཡང་ཆེ་བར་གསུངས་ཏེ། བྱམས་པ་སེང་གེའི་སྒྲའི་མདོ་ལས། གང་གཱའི་བྱེ་སྙེད་རིན་ཆེན་གསེར་དག་གིས། །བཀང་སྟེ་གང་ལ་སྦྱིན་པ་བྱིན་པ་བས། །དུས་ངན་ཚེ་ན་ཚིགས་བཅད་གཅིག་བརྗོད་ན། །དེ་ཡི་ཕན་འདོགས་ཅི་འདྲ་དེ་ལ་མེད། །ཅེས་དང་། དཀོན་མཆོག་བརྩེགས་པའི་ཆོས་ཀྱི་རྣམ་གྲངས་ལས། རིན་ཆེན་སྣ་བདུན་གྱིས་ཕྱོགས་བཅུ་རབ་འབྱམས་ཀྱི་རྒྱལ་བ་སྲས་དང་བཅས་པ་རྣམས་རྟག་ཏུ་མཆོད་པ་ལས། ཚིགས་བཅད་གཅིག་འཆད་པའི་ཕན་ཡོན་གྱི་ཆེ་ན། ཚིགས་བཅད་གཉིས་དང་གསུམ་སོགས་ནི་སྨོས་ཅི་དགོས་ཏེ་ཞེས་སོགས་དང་། སེང་གེས་ཞུས་པ་ལས། ཆོས་ཀྱི་སྦྱིན་པས་སྐྱེ་བ་དྲན། །ཞེས་དང་། དབུ་མ་རིན་ཕྲེང་ལས། ཆོས་ཀྱི་ཆེད་དང་དེ་བཞིན་དུ། །གཞུང་གི་དོན་དག་དྲན་པ་དང་། །ཆོས་ཀྱི་སྦྱིན་པ་དྲི་མེད་པས། །ཚེ་རབས་དྲན་པ་འཐོབ་པར་འགྱུར། །ཞེས་དང་། མདོ་གཞན་ལས། ཀུན་དགའ་བོ་གང་ཟག་གཉིས་ཀྱིས་བསོད་ནམས་ཆེན་པོ་བསགས་པ་ཡིན་ཏེ། གང་ཞིག་གུས་པས་ཆོས་འཆད་པ་དང་ཉན་པའོ། །ཞེས་སོགས་དང་གཞན་ཡང་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་དང་མདོ་པད་དཀར་སོགས་ལས་ཀྱང་རྒྱ་ཆེར་གསུངས་སོ། །
གསུམ་པ་ཐོས་པ་འཚོལ་བ་ལ་གདམས་པ་ནི། དེ་ལ་ཐོས་པའི་ཆོས་ནི་དེ་བཞིན་གཤེགས་པའི་གསུ༵ང་ར༵བ་ཡན་ལག་བཅུ་གཉིས་སམ་སྡེ་སྣོད་གསུམ་དང་དེའི་དགོངས་འགྲེལ་རྗེས་འཇུག་མཁས་པའི་ལེགས་བཤད་རྒྱ༵་མཚོ༵་ལྟ་བུའོ། །དེ་དག་ཉན་ནས་བསླབ་པའི་དགོས་པ་ཡོད་དེ། དྲིན་ལན་བསབ་པའི་མདོ་ལས་རྒྱ་ཆེར་གསུངས་ཤིང་། སྤྱིར་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ལ། ཤེས་བྱ་དང་། སྤང་བྱ། བླང་བར་བྱ་བས་འཇུག་ཅིང་། རང་བཞིན་དུ་ཡུལ་བཅུ་ལ་འཇུག་པར་བཤད་དེ། རྣམ་བཤད་རིགས་པ་ལས། ཆོས་ནི་ཤེས་བྱ་ལམ་དང་ནི། །མྱ་ངན་འདས་དང་ཡིད་ཀྱི་ཡུལ། །བསོད་ནམས་ཆེ་དང་གསུང་རབ་དང་། །འབྱུང་འགྱུར་ངེས་དང་ཆོས་ལུགས་ལའོ། །ཞེས་པ་ལས། སྐབས་འདིར་འཁོར་བའི་ཉོན་མོངས་པ་རྣམས་སྤང་བྱར་ཤེས་པ་ལ་འཇུག མྱ་ངན་ལས་འདས་པའི་ཆོས་རྣམ་པར་བྱང་བ་རྣམས་བླང་བྱར་ཤེས་པ་ལ་འཇུག་པས་བདེན་བཞིའི་སྤྱོད་ཡུལ་ངེས་པའི་ཚུལ་ཏེ། རྒྱུད་བླ་མ་ལས། ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ། །བདེ་གནས་ཐོབ་ཕྱིར་སྨན་ཉིད་བསྟེན་པར་བྱེད་པ་ལྟར། །སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་དེ་བཞིན་ལམ། །ཤེས་བྱ་སྤང་བྱ་འཐོབ་པར་བྱ་ཞིང་བསྟེན་པར་བྱ། །ཞེས་གསུངས་པ་ལྟར་དུ་བྱ་ཞིང་། མདོ་ལས། བྱང་ཆུབ་སེམས་དཔའ་རིག་པའི་དངོས་པོ་ལྔ་མ་བསླབས་པར་ནི་ནམ་དུའང་བླ་ན་མེད་པའི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་མི་ནུས་སོ། །དེ་བས་ན་བླ་ན་མེད་པའི་བྱང་ཆུབ་འཐོབ་པར་བྱ་བའི་ཕྱིར་རིག་པའི་དངོས་པོ་ལྔ་བསླབ་པར་བྱའོ། །ཞེས་དང་། མདོ་སྡེ་རྒྱན་ལས། རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་འཐོབ་མི་འགྱུར། །གཞན་དག་ཚར་གཅོད་རྗེས་སུ་གཟུང་བར་བྱ་ཕྱིར་དང་། །བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་སློབ་བྱེད། །ཅེས་དང་། སྤྱོད་འཇུག་ལས། རྒྱལ་སྲས་རྣམས་ཀྱིས་མི་བསླབ་པའི། །དངོས་དེ་གང་ཡང་ཡོད་མ་ཡིན། །དེ་ལྟར་གནས་པའི་མཁས་པ་ལ། །བསོད་ནམས་མི་འགྱུར་གང་ཡང་མེད། །ཅེས་དང་། འཇམ་མགོན་ས་པཎ་གྱིས། རང་བློ་ཤེས་བྱའི་གནས་ལ་མ་
སྦྱངས་ན། །ཐམས་ཅད་མཁྱེན་པ་ནམ་མཁའི་མཐའ་ལྟར་རིང་། །དེ་ལྟར་དགོངས་ནས་རྒྱལ་དང་རྒྱལ་སྲས་ཀྱིས། །ཤེས་བྱའི་གནས་ཀུན་སྦྱངས་ཞེས་ལེགས་པར་གསུངས། །ཞེས་སོ། །དེ་ལྟར་མ་བསླབས་པའི་ཉེས་པའང་ཀུན་མཁྱེན་མི་ཕམ་རྒྱ་མཚོས། བཅུ་ཕྲག་རིག་པའི་གྲུ་བོ་ཆེ། །འདོར་བཞིན་གསུང་རབ་རྒྱ་མཚོ་ལ། །འཇུག་འདོད་རྒྱལ་དང་རྒྱལ་སྲས་རྣམས། །བཞད་གད་གནས་སུ་ཅིས་མ་གྱུར། །ཅེས་གསུངས་སོ། །
དེས་ན་ཐོག་མར་ཇི་ལྟར་འཚོལ་ན། ཇི་སྐད་དུ་རྒྱུད་ལས། མེ་ཚོགས་སྤུ་གྲིའི་སོ་ཡང་བརྒལ་ནས་ནི། །འཆི་མཐར་ཐུག་གི་བར་དུ་དམ་ཆོས་བཙལ། །ཞེས་དང་། མི་ཕམ་རིན་པོ་ཆེས། དམ་པའི་ཆོས་འདི་སྟོན་པ་མཆོག་གིས་ཀྱང་། །སྐུ་སྲོག་ལན་མང་བཏང་ནས་བཙལ་བ་ཡིན། །ཐོས་ན་དོན་ཆེ་འདི་དང་འདྲ་གཞན་མེད། །ཐོས་དུས་ལེགས་པར་ཉན་ན་མི་འཐད་དམ། །ཞེས་པ་ལྟར་ཚེ་འདི་སྣང་གི་བདེ་སྐྱིད་སྙན་གསུམ་སོགས་འཇིག་རྟེན་པའི་བྱ་གཞག་རྣམས་མཆིལ་མའི་ཐལ་བ་བཞིན་བོར་དུ་བཅུག་ནས་ཚུལ་བཞིན་དུ་སྤྱོད་པའི་དམ་ཆོས་དེ་ཉིད་ཡུལ་གང་ན་གནས་ཀྱང་དེར་སྐྱོ་བ་མེད་པར་ལྷགས་ཏེ། དཀའ་སྤྱད་དང་སྙིང་རུས་ཀྱི་སྒོ་ནས་རྗེ་བཙུན་མི་ལ་ལ་སོགས་སྔོན་བྱོན་མཁས་གྲུབ་རྣམས་ཀྱི་གཙང་མའི་རྣམ་ཐར་ཡང་ཡང་དྲན་པར་བྱས་ཏེ། མཚན་ལྡན་བླ་མའི་དྲུང་ནས་རྟག་ཏུ་ཆོས་ཉན་པའི་ཀུན་སློང་དང་ཀུན་སྤྱོད་ཀྱི་རིམ་པ་བླང་དོར་མ་འཇོལ་བར་བགྱིས་ཏེ་མཉ༵ན་པར་བྱའོ། །
འདི་ལ༵་སྙིང་ནས་སྤྲོ༵་བ༵ར་བྱ་རི༵གས་ཏེ། སྤྱིར་དམ་པའི་ཆོས་དང་ཁྱད་པར་ཡང་གསང་རྫོགས་པ་ཆེན་པོའི་ཆོས་དང་འཕྲད་དཀའ་བའི་ཕྱིར་ཏེ། ཨོ་རྒྱན་ཆེན་པོས། ཤཱཀྱའི་བསྟན་པ་གནས་པའི་ཚེ༔ དལ་འབྱོར་མི་ལུས་ཐོབ་པར་དཀའ༔ ཞེས་པ་ནས། སྔར་སངས་རྒྱས་བྱོན་ཀྱང་དར་རབས་མེད༔ ཕྱིས་འབྱུང་སངས་རྒྱས་མང་བྱོན་ཀྱང་༔ ཆོས་རྫོགས་ཆེན་དར་བ་ངས་མ་གསུངས༔ ཞེས་པ་ལྟར་རོ། །དེ་བཞིན་གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། འཇིག་རྟེན་སངས་རྒྱས་འབྱུང་བ་བརྒྱ་ལམ་སྟེ། །མི་ཡི་ལུས་ནི་ཚེགས་ཀྱིས་རྙེད་པ་ཡིན། །ཀྱེ་མ་དད་པ་དང་ནི་ཆོས་ཉན་པ། །འདི་འདྲ་བསྐལ་པ་བརྒྱར་ཡང་རྙེད་པར་དཀའ། །ཞེས་དང་། རྒྱ་ཆེར་རོལ་བ་ལས། མི་དང་སངས་རྒྱས་འབྱུང་རྙེད་དཀའ། །དད་པའང་ཤིན་ཏུ་རྙེད་པར་དཀའ། །མི་ཁོམ་བརྒྱད་སྤངས་རྙེད་པར་དཀའ། །ཆོས་ཉན་པ་ནི་གཙོ་བོ་ཡིན། །སངས་རྒྱས་འབྱུང་དང་དལ་བ་དང་། །དད་དང་ཆོས་མཉན་དམ་པ་དང་། །དེ་དག་ཐམས་ཅད་ད་རྙེད་ཀྱིས། །བག་མེད་མ་ལུས་རྣམ་པར་སྤོངས། །གལ་ཏེ་བསྐལ་པ་ཁྲག་ཁྲིག་ཏུ། །ཆོས་ཐོས་མི་འགྱུར་སྲིད་པ་དེ། །ཁྱེད་ཀྱིས་དེ་རིང་རྙེད་ཟིན་གྱིས། །བག་མེད་མ་ལུས་རྣམ་པར་སྤོངས། །ཞེས་གསུངས་པ་ལྟར་དགའ་བ་བསྒོམས་ཏེ་ཐོས་པ་ཁོ་ནས་ཚེ་མཐའ་འཁྱོལ་བ་ཞིག་བྱུང་ན་བཟང་སྟེ། ས་པཎ་གྱིས། རིགས་པ་ནངས་པར་འཆི་ཡང་བསླབ། །ཚེ་འདིར་མཁས་པར་མ་གྱུར་ཀྱང་། །སྐྱེ་བ་ཕྱི་མར་བཅོལ་བ་ཡི། །ནོར་ལ་རང་ཉིད་ལེན་པ་འདྲ། །ཞེས་དང་། མི་ཕམ་ཆོས་རྗེས། རྒས་ཤིང་འཁོགས་པར་གྱུར་ནའང་། །འབད་དེ་ཐོས་བསམ་ཤེས་རབ་སྦྱང་། །ཤེས་རྒྱུད་དེ་ལ་དེས་བསྒོས་པས། །སྐྱེ་བ་གཞན་དུ་མཁས་པར་འགྱུར། །ཞེས་པ་ལྟར་རོ། །
གལ་ཏེ་དེ་ལྟར་མ་ནུས་ཀྱང་རབ་ཏུ་བྱུང་བ་ཞིག་ཡིན་ཕྱིན་ཚེ་གང་དེ་དཀོར་ཁ་གྲོང་ཆོག་དང་ཚོང་ཁེ་སོ་ནམ་སོགས་བྱ་བ་གཞན་གྱིས་མི་གཏོང་བར་ཐོས་བསམ་གྱིས་ལུས་ལ་སྙིང་པོ་ལེན་དགོས་པར་གསུངས་ཏེ། འདུལ་བ་མེ་ཏོག་ཕྲེང་རྒྱུད་ལས། བསམ་གཏན་ཀློག་པའི་ལས་དག་གིས། །ལུས་ལ་སྙིང་པོ་བླང་བར་བྱ། །ངུར་སྨྲིག་གྱོན་ཙམ་གྱིས་ཆོག་པའི། །བསམ་པ་ནམ་ཡང་མི་བྱའོ། །ཞེས་དང་། དབྱིག་གཉེན་གྱིས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་དང་། །སྒྲུབ་པར་བྱེད་པ་ཁོ་ནའོ། །ཞེས་བསྟན་པ་དང་བསྟན་འཛིན་ངོས་བཟུང་བ་ལྟར་དང་། བླ་མ་རིན་པོ་ཆེ་མི་ཕམ་པས། ཚེ་གཅིག་ཆོས་ལ་བརྩོན་པར་མ་ནུས་ཀྱང་། །རྒྱལ་བའི་བསྟན་ལ་ཞུགས་པའི་དོན་སྒོ་ལ། །མདོ་དང་སྔགས་ཀྱི་ཉམས་ལེན་སྣ་རེ་ཙམ། །དུས་དང་རྒྱུན་དུ་ཅུང་ཟད་བརྩོན་ན་འཐད། །ཅེས་གསུངས་པ་བཞིན་དུ་བྱའོ། །ཞེས་པའོ། །
གསུམ་པ། ཐོས་དོན་ལ་བསམ་བྱུང་གི་ཤེས་རབ་བསྐྱེད་པ། རྩ་བ་ལས།
ཐོས་པ་ཙམ་གྱིས་སྒྲོ་འདོགས་མི་ཆོད་ཅིང་། །
སྟོན་དང་བསྟན་ལ་ཡིད་ཆེས་རྙེད་དཀའ་བས། །
རྩོད་འཆད་རྩོམ་པའི་བྱ་བ་བརྒྱ་ཕྲག་གིས། །
བསམ་བྱུང་ཤེས་རབ་ཐུགས་ཀྱི་བཅུད་དུ་སྟེན། །
ཞེས་གསུངས་པའི་དོན་དེ་ལ་དབྱེ་ན། བསམ་བྱུང་མེད་པའི་ཉེས་དམིགས་དང་།གང་ལ་བསྟེན་ནས་བསྐྱེད་ཚུལ་དང་། སྐྱེས་པ་རང་རྒྱུད་ལ་བསྟེན་པར་གདམས་པ་སྟེ་གསུམ་མོ། །དང་པོ། དེ་ལྟར་སྤྱིར་ཐོས་བསམ་གྱི་གོ་རིམ་ལེགས་པར་བྱུང་སྟེ། ཀློང་ཆེན་པས། དེ་ལྟར་ཐོས་པ་དམ་པས་བརྒྱན་རྗེས་སུ། །བསམ་པའི་ཤེས་རབ་ངེས་པར་རྒྱུད་ལ་བསྐྱེད། །ཅེས་དང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས། ཐོས་དོན་བསམ་པས་ངེས་པར་བྱ་སྟེ། ཞེས་གསུངས་ལ། དེའང་ཐོས་པ་སྔོན་དུ་མ་སོང་བར་མི་རུང་སྟེ། སློབ་དཔོན་དཔའ་བོས། ཐོས་ཉུང་དམུས་ལོང་སྒོམ་པའི་ཚུལ་མི་ཤེས། །དེ་མེད་དེས་ཀོ་ཅི་ཞིག་བསམ་པར་བྱ། །ཞེས་དང་། ས་པཎ་གྱིས། སྒོམ་ན་ཐོས་པ་མི་དགོས་ཞེས། །བླུན་པོ་བློ་རྒྱ་ཆུང་ངུ་སྨྲ། །ཐོས་པ་མེད་པའི་སྒོམ་པ་ཙམ། །འབད་ཀྱང་དུད་འགྲོའི་སྒྲུབ་ཐབས་ཡིན། །ཞེས་པ་ལྟ་བུ་དང་། རྗེ་ཙོང་ཁ་བས། མཁས་པ་ལ་བསྟེན་ནས་ནུས་པ་དང་བསྟུན་ཏེ། ཐོས་པ་རེ་བྱ་དགོས་ཏེ། དེ་མེད་ན་ཐོས་པ་ལས་བྱུང་བ་དང་བསམ་པ་ལས་བྱུང་བའི་ཤེས་རབ་མི་སྐྱེ་ལ། དེ་ལྟ་ན་ཅི་ཞིག་སྒོམ་པ་མི་ཤེས་པའི་ཕྱིར་དང་། ཐོས་པ་བྱས་ན་དེའི་དོན་བསམ་པས་བསམ་བྱུང་གི་ཤེས་རབ་སྐྱེ་ལ། དེ་ལས་སྒོམ་བྱུང་གི་ཤེས་རབ་ཡང་འབྱུང་བའི་ཕྱིར་རོ། །ཞེས་སོགས་ཐོས་པ་སྔོན་དུ་འགྲོ་དགོས་ཤིང་། དེ་ལྟར་ཐོ༵ས་པ༵་དང་ལྡན་ན་གོང་དུ་བསྟན་པ་བཞིན་རང་གི་རྒྱུད་ལ་ཐར་བའི་བག་ཆགས་འཇོག་པ་སོགས་ཀྱི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་ཀྱང་། ཐོས་དོན་ཉམས་སུ་བླངས་ཏེ་བསམ་བྱུང་གི་ཤེས་རབ་མ་བསྐྱེད་ན་དེ་ཙ༵མ་གྱི༵ས་མི་ཆོག་སྟེ། དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས། གལ་ཏེ་ཐོས་པ་དང་ལྡན་པ་དལ་བ་ཕུན་སུམ་ཚོགས་པ་འདི་རྙེད་ནས་རྙེད་པ་ལ་སོགས་པ་ལ་ཆགས་པའི་སེམས་མི་སྦྱོང་ན་དེ་ནི་ལྷ་དང་བཅས་པའི་འཇིག་རྟེན་ལ་བསླུ་བ་གཅིག་པུར་འགྱུར་རོ། །ཞེས་དང་། མདོ་རྒྱན་ལས། གལ་ཏེ་ཐོས་པ་ཙམ་གྱིས་དོན་མཐོང་བར་གྱུར་ན་སྒོམ་པ་དོན་མེད་འགྱུར། ཞེས་དང་། ཤེས་རབ་སྡོང་བུ་ལས། གཞུང་ལུགས་དག་ལ་བྱང་བྱས་ཀྱང་། །ཉམས་སུ་ལེན་པར་མི་བྱེད་ན། །ལག་པར་སྒྲོན་མེ་ཡོད་ཀྱང་ནི། །ལོང་བས་ལམ་ནི་མཐོང་མི་འགྱུར། །ཞེས་དང་། གུང་ཐང་བསྟན་པའི་སྒྲོན་མེས། ཐོས་མང་ཉམས་སུ་མ་བླངས་ན། །རང་གི་རྒྱུད་ལ་མི་ཕན་ཏེ། །ཆུ་ནང་ལོ་བརྒྱར་གནས་པ་ཡི། །རྡོ་ཡི་རང་བཞིན་སྐམ་པོ་བཞིན། །ཞེས་སོ། །
དེའང་ལུང་དང་རིགས་པ་དྲི་མ་མེད་པའི་སྒོ་ནས་བརྟགས་ཤིང་དཔྱད་ནས་གཞན་གྱིས་འཕྲོག་མི་ནུས་པའི་ངེས་ཤེས་བཟང་པོ་ཞིག་མ་དྲངས་ན་གནས་ལུགས་ཡང་དག་པའི་དོན་ལ་ཕྱིན་ཅི་ལོག་གི་སྒྲོ༵་འདོ༵གས་ངན་པ་མི༵་ཆོ༵ད་དེ། ངེས་ཤེས་རིན་པོ་ཆེའི་སྒྲོན་མེ་ལས། དཔྱད་པ་བཟང་པོས་མ་དྲངས་ན། །ངེས་ཤེས་བཟང་པོ་ག་ལ་སྐྱེ། །ངེས་ཤེས་བཟང་པོ་མ་སྐྱེས་ན། །སྒྲོ་འདོགས་ངན་པ་ག་ལ་ནུབ། །སྒྲོ་འདོགས་ངན་པ་མ་ནུབ་ན། །ལས་རླུང་ངན་པ་ག་ལ་འགག །ལས་རླུང་ངན་པ་མ་འགགས་ན། །འཁོར་བ་ངན་པ་ག་ལ་སྤོང་། །འཁོར་བ་ངན་པ་མ་སྤངས་ན། །སྡུག་བསྔལ་ངན་པ་ཅི་ལ་འཛད། །ཅེས་སོ། །ཁྱད་པར་དུ་དབང་རྣོན་ཆོས་ཀྱི་རྗེས་འབྲང་གི་ཤེས་ཐོབ་ཀྱི་དད་པ་ཞིག་མེད་ན། ཇི་སྐད་དུ། ཚད་མ་ཀུན་བཏུས་ལས། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ནས། །ཞེས་པས་ཚད་མའི་སྐྱེས་བུ་རུ་ལེགས་པར་གྲུབ་ཅི༵ང་། ལྷག་པར་དེའི་དོན་དཔལ་ལྡན་ཆོས་ཀྱི་གྲགས་པས་སྟོན་པ་ཚད་སྒྲུབ་ཀྱི་ལེའུ་ལས། ཚད་མ་བསླུ་མེད་ཅན་ཤེས་པ། །དེ་ལྡན་བཅོམ་ལྡན་ཚད་མ་ཉིད། །ཅེས་སོགས་ཀྱིས་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པའི་སྟོ༵ན་པ་བཅོམ་ལྡན་འདས་ལ་ཚད་མའི་མཚན་ཉིད་ཚང་བར་བསྟན་ཅིང་། ཡང་སྔ་མ་ལས། སྐྱོབ་པ་ཉིད་གཟིགས་ལམ་གསུངས་པ། །འབྲས་མེད་ཕྱིར་ན་རྫུན་མི་གསུངས། །ཐུགས་བརྩེ་ལྡན་ཕྱིར་རྩོམ་ཀུན་ཡང་། །གཞན་གྱི་དོན་དུ་སྦྱོར་ཕྱིར་རོ། །དེ་ཕྱིར་ཚད་ཡིན་ཡང་ན་སྐྱོབ། །བདེན་པ་བཞི་ནི་སྟོན་མཛད་པའོ། །ཞེས་སངས་རྒྱས་དེ་ཉིད་ཀྱིས་རྫུན་གསུངས་པའི་རྒྱུ་ཡོངས་སུ་སྤངས་ཤིང་འབྲས་བུའམ་དགོས་པ་མེད་པར་གཟིགས་པས་བདེན་པ་ཉག་གཅིག་ཏུ་སྨྲ་བ་ད༵ང་། ཡང་ན་བདེན་བཞིའི་རྣམ་པ་ཕྱིན་ཅི་མ་ལོག་པར་སྟོན་པས་ཚད་མར་གྲུབ་བོ། །དེ་བཞིན་དགོས་པའི་དོན་ཀུན་དང་ཤེས་བྱའི་དོན་ཀུན་མཁྱེན་པས་ཐམས་ཅད་མཁྱེན་པར་ཡང་གྲུབ་བོ། །དེས་བསྟན༵་པའི་ཆོས་ཀྱང་དཔྱད་གསུམ་དག་པ་ཡིན་ཏེ། ཡང་རྣམ་འགྲེལ་ལས། ཡིད་ཆེས་ཚིག་ནི་མི་བསླུ་བ། །སྤྱི་ལས་རྗེས་སུ་དཔག་པ་ཉིད། །ཅེས་འབྲེལ་བ་ཡོད་པ་དང་། སྒྲུབ་ནུས་པ་དང་། གཙོ་བོ་ངེས་ལེགས་ཀྱི་གོ་འཕང་སྟེར་བ་སྟེ་གཞན་ལས་འཕགས་པའི་ཁྱད་ཆོས་གསུམ་གསུངས་སོ། །
གཞན་ཡང་དཔལ་མགོན་ཀླུས། གང་གི་སྟོང་དང་རྟེན་འབྱུང་དག །དབུ་མའི་ལམ་དུ་དོན་གཅིག་པ། །གསུང་མཆོག་མཚུངས་པ་མེད་པ་ཡི། །ཐུབ་དབང་དེ་ལ་ཕྱག་འཚལ་ལོ། །ཞེས་དང་། ཀུན་མཁྱེན་མི་ཕམ་རྒྱ་མཚོས། གང་གི་རྨད་བྱུང་རྟེན་འབྲེལ་ལམ། །གསུང་མཆོག་མཚུངས་པ་མེད་པ་ཡི། །སྲིད་པའི་འཆང་བ་གྲོལ་མཛད་པ། །སྐྱོབ་པ་ཤཱཀྱ་སེང་གེར་འདུད། །ཅེས་སོགས་རིགས་པའི་དབང་ཕྱུག་རྣམ་གཉིས་དང་། གཞན་ཡང་འཕགས་བོད་མཁས་གྲུབ་རྣམས་ཀྱིས་མགྲིན་གཅིག་ཏུ་སྟོན་པ་དང་བསྟན་པ་རིན་པོ་ཆེ་དེ་ཉིད་ཚད་མ་ཡིན་པ་ལ༵་ཡིན་པར་བསྒྲུབས་ཟིན་ཀྱང་། དེ་ལྟའི་ཡང་དག་པའི་དོན་ཟབ་མོ་ཁོང་དུ་མ་ཆུད་ཅིང་གཞན་ཟེར་རྗེས་ཟློས་ཙམ་གྱིས་ཐོས་པ་ལྷུར་ལེན་པ་རྣམས་ལ་ནི་དེ་འདྲའི་རྒྱུ་མཚན་ལས་དྲངས་པའི་ངེས་ཤེས་ཡང་དག་མེད་པས། དེ་ཉིད་གནས་སྐབས་དང་མཐར་ཐུག་གི་སྐྱབས་གནས་བསླུ་མེད་ཡིན་པའི་ཡི༵ད་ཆེ༵ས་ཐུན་མོང་མིན་པ་ཞིག་རྙེད༵་པ་ཤིན་ཏུ་དཀ༵འ་སྟེ། དཔལ་སྤྲུལ་རིན་པོ་ཆེས། གནས་སྐབས་ཆོས་ལ་དད་ཀྱང་མི་རྣམས་ཀྱི་སྣང་བ་བྲིད་མཁས། རིག་པ་ཅོལ་ཆུང་། རྣམ་རྟོག་བསླུ་སྐྱེན་པས་འགྱུར་སླའོ། །ཞེས་པ་བཞིན་གནས་སྐབས་ཆོས་དང་བླ་མ་སོགས་ལ་དད་པ་བན་བུན་རེ་ཡོད་ཀྱང་། ནམ་ཞིག་ཡུལ་དང་དུས་དང་གྲོགས་ངན་པ་སོགས་འཕྲལ་རྐྱེན་གཞན་དང་གཞན་གྱི་དབང་དུ་གྱུར་ཚེ། བརྟག་དཔྱད་ལྡན་པའི་བསམ་བྱུང་གི་ཤེས་རབ་ཅིག་མེད་ན་རང་གི་སྟོན་པ་དང་བསྟན་པ་ལའང་ཚད་མ་ཡིན་མིན་གྱི་ཐེ་ཚོམ་སྐྱེ་སྲིད་དེ། འཇམ་མགོན་ས་པཎ་གྱིས། མཁས་པ་རང་གིས་དཔྱོད་ཤེས་ཀྱི། །བླུན་པོ་གྲགས་པའི་རྗེས་སུ་འབྲང་། །ཁྱི་རྒན་ཀུ་ཅོ་འདོན་པ་ན། །རྒྱུ་མཚན་མེད་པར་གཞན་དག་རྒྱུག །ཅེས་དང་། ལུགས་ཀྱི་བསྟན་བཅོས་ས་གཞི་སྐྱོང་བའི་རྒྱན་ལས། མཐོང་མ་ཐག་ཏུ་ཡིད་རྟོན་བྱེད། །གང་སྨྲས་པ་ལ་བདེན་པར་འཛིན། །གང་བྱུང་ལས་ལ་ནན་གྱིས་འཇུག །འདི་ཡང་བླུན་པོར་མཚོན་པའི་བརྡ། །ཞེས་པ་ལྟར་དང་། ལྷ་དང་དཔལ་འདུ་བའི་ནོར་བུ་ལས། སྣ་ཚོགས་ཡུལ་རྐྱེན་དང་འཕྲད་ཚེ། །ཅོལ་ཆུང་བྱིས་པ་ཁྱི་བཞིན་འཁྲིད། །བཟང་ཚུགས་ཤོར་བའི་སྐྱེ་བོ་ལ། །བཞད་གད་བྱས་ཀྱང་བསྟོད་པར་རློམ། །ཞེས་པ་བཞིན་ནོ། །གཞན་ཡང་གསང་འགྲེལ་འོད་གསལ་སྙིང་པོའི་ཚུར་མཐོང་ཚད་མའི་སྐབས་སུ་མདོའི་ལུང་དྲངས་ནས། སྐྲ་ཡི་རྩེ་མོ་གཅིག་ལ་ཡང་། །ཞིང་རྣམས་བྱེ་བ་བསམ་མི་ཁྱབ། །སྣ་ཚོགས་དབྱིབས་ཀྱང་ཐ་དད་དེ། །དེ་དག་འདྲེས་པར་འགྱུར་བ་མེད། །ཅེས་པ་ལ་སོགས་པར་བསྟན་པ་དེ་དག་ལ་ཡིད་ཆེས་པར་མི་འགྱུར་རོ། །དེས་ན་མདོ་སྔགས་གང་ལའང་གནད་འདི་གལ་ཆེའོ། །ཞེས་པ་བཞིན་ནོ། །དེ་བ༵ས་ན་མཁས་པས་དམ་བཅས་པ་ནི་དེ་ལྟར་མ་ཡིན་ཏེ། མི་ཕམ་རིན་པོ་ཆེས། དམན་པ་རྣམས་ལ་སྲོག་ཕངས་པ། །དེ་བཞིན་མཆོག་ལ་དམ་བཅའ་ཕངས། །ཞེས་པ་ལྟར་རོ། །
གཉིས་པ་བསམ་བྱུང་ཤེས་རབ་གང་གིས་བསྐྱེད་པ་ནི། ས་པཎ་མཁས་འཇུག་གི་བརྗོད་བྱ་མ་ལུས་མཁས་པའི་ལས་གསུམ་དུ་བསྡུས་པ་བཞིན། གཞན་རྒོལ་བ་ཚར་གཅོད་པའི་ཕྱིར་དུ་རྩོ༵ད་པ་དང་། སྐལ་ལྡན་རྗེས་སུ་འཛིན་པའི་འཆ༵ད་པ་དང་། གཉིས་ཀའི་དོན་དུ་རྩོ༵མ་པའོ། །དེ་ལྟའི་མཁས་པ༵འི་བྱ༵་བ༵་གསུམ་ལས་རིམ་བཞིན་རྩོད་པ་ལ་འཇུག་ཚུལ་ནི། བཞི་བརྒྱ་བ་ལས། ཆོས་འདི་དེ་བཞིན་གཤེགས་རྣམས་ཀྱིས། །རྩོད་པའི་དོན་དུ་གསུངས་པ་མིན། །འོན་ཀྱང་མེ་ཡིས་བུད་ཤིང་ལྟར། །འདི་ཡིས་ཕས་ཀྱི་རྒོལ་བ་སྲེག །ཞེས་དང་། ས་པཎ་གྱིས། ཆོས་དང་མཐུན་པའི་རྩོད་པ་ལ། །ལོག་རྟོག་བཟློག་ཕྱིར་བརྩད་བྱ་ཡི། །ཆགས་སྡང་དབང་གིས་རྒྱལ་འདོད་དང་། །ཕ་རོལ་ཕམ་པ་བསྐྱེད་ཕྱིར་མིན། །ཞེས་གསུངས།
འོན་ཀྱང་དགོས་པ་ཡོད་ན་གཞན་ལ་སྨོད་པའང་ཉེས་པ་མེད་དེ། རྩ་ལྟུང་འགྲེལ་བ་ལས། ལྟ་བ་འོག་མ་དག་གོང་མར་གཟུང་བ་དང་། འདུལ་བའི་བསམ་པས་གཞན་གྱི་གྲུབ་མཐའ་ལ་སྨོད་ན་ཉེས་པ་མེད་དོ། །བསོད་ནམས་ཀྱང་མང་དུ་འཕེལ་ལོ། །ཞེས་དང་། འཇུག་པ་ལས། བསྟན་བཅོས་ལས་དཔྱད་རྩོད་ལ་ཆགས་པའི་ཕྱིར། །མ་མཛད་རྣམ་གྲོལ་ཕྱིར་ནི་དེ་ཉིད་བསྟན། །གལ་ཏེ་དེ་ཉིད་རྣམ་པར་བཤད་པ་ན། །
གཞན་གཞུང་འཇིག་པར་གྱུར་ན་ཉེས་པ་མེད། །ཅེས་སོ། །དེ་བཞིན་འཆད་པ་ལ་འཇུག་ཚུལ་ཡང་མཛོད་ལས། ཆོས་སྦྱིན་ཉོན་མོངས་ཅན་མིན་པས། །མདོ་སོགས་ཡང་དག་ཇི་བཞིན་སྟོན། །ཞེས་དང་། བསླབ་བཏུས་ལས། ཆོས་ཀྱི་སྦྱིན་པ་ཟང་ཟིང་མེད། །བསོད་ནམས་འཕེལ་བའི་རྒྱུ་ཡིན་ནོ། །ཞེས་སོ། །གལ་ཏེ་དེ་ལས་ཟློག་སྟེ་ཆགས་སྡང་སོགས་འདྲེས་ན་ཆོས་འཚོང་བའི་ཉེས་པར་འགྱུར་ཏེ། འཇམ་དཔལ་རྣམ་པར་འཕྲུལ་བའི་མདོ་ལས། ཆོས་སྟོན་ཀྱང་ཆོས་ཉན་པ་རྣམས་ལ་སྙིང་རྗེ་ཆེན་པོ་མི་བསྐྱེད་པ་ནི་བདུད་ཀྱི་ལས་སོ། །ཞེས་དང་། མང་དུ་ཐོས་ཀྱང་གཞན་གྱིས་ཤེས་ཀྱིས་དོགས་ཏེ་ཆོས་ལ་སློབ་དཔོན་གྱིས་དཔེ་མཁྱུད་བྱེད་པའང་བདུད་ཀྱི་ལས་སོ། །ཞེས་སོ། །
དེ་བཞིན་རྩོམ་པ་ལ་འཇུག་ཚུལ་ཡང་སྤྱིར་བསྟན་བཅོས་རྩོམ་པར་རབ་མཐོང་ལམ་པ་དང་། འབྲིང་ལྷག་པའི་ལྷའི་ཞལ་གཟིགས་པ། ཐ་མ་གནས་ལྔ་ལ་མཁས་པ་ཞིག་དགོས་པར་གསུངས། འོན་ཀྱང་ལྷག་བསམ་དག་ཅིང་ཐར་བའི་ལམ་དང་རྗེས་སུ་མཐུན་ན། ཇི་སྐད་དུ། རྒྱུད་བླ་ལས། གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི །དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། །ཐར་བ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླང་། །ཞེས་གསུངས་ཤིང་། འདིར་རྩོམ་པ་ནི་གཞན་གཉིས་དང་མི་འདྲ་སྟེ། སློབ་དཔོན་ཙནྡྲ་གོ་མིས། གང་ཕྱིར་མཁས་པའི་ལས་གསུམ་ལས། །རྩོད་འཆད་ངག་ལ་མ་ངེས་པ། །སྲིད་ཕྱིར་མི་འཁྲུལ་རྩོམ་པ་སྟེ། །ཞེས་པ་ལྟར་རོ། །རྩོམ་པའང་གཙོ་བོ་སྙན་ངག་ཤེས་པ་ལ་རག་ལས་པར་གསུངས་ཏེ། དཔག་བསམ་འཁྲི་ཤིང་ལས། མཁས་པ་ཉིད་ནི་མེད་ན་བློ་གྲོས་རྣམས་ཉམས་མི་རྣམས་འཚོ་བ་དོན་ཡོད་མིན། །མཚུངས་མེད་རྒྱས་པའི་སྙན་ངག་མེད་ན་མཁས་པ་ཉིད་ནི་ནེ་ཙོའི་ཀློག་དང་མཚུངས། །ཞེས་དང་། མདོ་ལས། དམ་པའི་ཆོས་རབ་ཏུ་གསལ་བར་བྱེད་པའི་སྙན་ངག་བྱའོ། །དཀོན་མཆོག་གསུམ་གྱི་བསྟོད་པ་བྱའོ། །དེ་ལས་བླ་ན་མེད་པའི་བྱང་ཆུབ་འཐོབ་པར་འགྱུར་རོ། །ཞེས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱང་གནས་འདིར་འཇུག་པར་མཛད་དེ། མདོ་སྡེ་སྐལ་བཟང་ལས། དེ་བཞིན་གཤེགས་པ་དུས་མཁྱེན་རྒྱལ་པོ་ནི། །སྙན་ངག་མཁན་ཚོ་བདེ་གཤེགས་རྩྭ་མཆོག་ལ། །ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྟོད་ནས་ཀྱང་། །དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དོ། །ཞེས་དང་། དེ་དང་མཐུན་པར་ཐེག་ཆེན་དྲིན་ལན་བསབ་པ་ལས། བདེ་བར་གཤེགས་པ་ཁྱེད་སྐུ་ཅི་འདྲ་དང་། །ཞེས་སོགས་ཚིགས་བཅད་ཀྱིས་ཐུབ་ཆེན་ལ་བསྟོད་པར་གསུངས།
ཡང་བདག་ཅག་གི་སྟོན་པ་ཉིད་ཀྱིས། སྔོན་བྲམ་ཟེའི་ཁྱེའུར་གྱུར་པའི་ཚེ། སངས་རྒྱས་སྐར་རྒྱལ་ཟད་པ་མེའི་ཏིང་ངེ་འཛིན་ལ་བཞུགས་པར། སྐྱེས་བུ་ཁྱུ་མཆོག་ཁྱོད་འདྲའི་དགེ་སྦྱོང་སོགས་ཚིགས་སུ་བཅད་པ་གཅིག་པའི་དབྱངས་ཀྱིས་བསྟོད་དེ་ཞག་བདུན་དུ་རྐང་པ་ཡ་གཅིག་གིས་འགྲེངས་ཏེ་བསྐོར་བ་བྱས་པས་བསྐལ་པ་བཞི་ཁྲིའི་ཚོགས་འདུམ་པར་གསུངས་པ་ལྟ་བུའོ། །དེས་ན་རྒྱ་གར་ཕ་དམ་པས། སྙིང་རུས་མེད་པའི་མི་ལ་སངས་རྒྱས་དཀོན། །དཀའ་བ་དང་དུ་ལོངས་ཤིག་དིང་རི་བ། །ཞེས་གསུངས་པ་བཞིན་དུ་མཁས་པའི་ལས་གསུམ་འབད་པ་བརྒྱ༵་ཕྲ༵ག་གི༵ས་བསྟེན་པར་བྱའོ། །
དེ་གསུམ་དང་ལྡན་ན་ཇི་སྐད་དུ། རྟོགས་དོན་ལེགས་པར་འདོམས་པའི་བཤད་པ་དང་། །ཚུལ་གསུམ་ཡོན་ཏན་ཚང་བའི་རྩོད་པ་དང་། །ལམ་མིན་ཐབས་ཀྱིས་འགོག་པའི་རྩོམ་པ་གསུམ། །རང་དོན་ཞར་ལ་གྲུབ་པའི་གཞན་ཕན་ཡིན། །ཞེས་གསུངས་ལ། དེ་གསུམ་པོ་མེད་པའི་ཉེས་པའང་ཨ་ལག་ཤ་བསྟན་དར་གྱི་མཁས་པའི་ཁ་རྒྱན་ལས། མང་དུ་ཐོས་ཀྱང་འཆད་ལ་མི་མཁས་ན། །སྨན་གྱིས་དབུལ་བའི་སྨན་པ་མཁས་པ་བཞིན། །རྩོད་ལ་མཁས་ཀྱང་རྩོམ་ཚུལ་མི་ཤེས་ན། །ལྕེ་བརྒྱ་སྤྲུལ་ནས་སྨྲས་ཀྱང་ལྐུགས་པ་ཡིན། །རྩོམ་པ་ལེགས་ཀྱང་སུག་བྲིས་མི་འབྱོར་ན། །དཔའ་རྩལ་ཆེ་བའི་དཔའ་བོ་ལག་རྡུམ་འདྲ། །རྩོམ་ཚིག་སུམ་རྟགས་ཇི་བཞིན་མ་བྱུང་ན། །མཁས་པས་ཤིན་ཏུ་ཁྲེལ་བས་བག་ཡོད་བྱ། །ཡི་གེ་དག་ཀྱང་སྙན་ངག་མི་ལྡན་ན། །བུད་མེད་མཛེས་པ་སྒྲེན་མོར་རྒྱུ་བ་བཞིན། །མངོན་བརྗོད་གསར་རྙིང་བརྡ་ཡིས་མ་སྤུད་ན། །གྲོང་ཚིག་འདྲེས་པ་མཁས་པའི་དོར་བྱའོ། །ཞེས་པ་བཞིན་ནོ། །
གསུམ་པ། སྤྱིར་མཁས་པའི་ལས་གསུམ་དང་ཁྱད་པར་དངོས་སྟོབས་ཀྱི་རིགས་པ་དགོས་ཏེ། རྒྱན་སྟུག་པོ་བཀོད་པ་ལས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་སངས་རྒྱས་ཀྱི་བཀའ་ལ་ཡང་བརྟགས་ནས་བླང་བྱར་གསུངས། དེ་བཞིན་མདོ་རྒྱན་དང་ངེས་སྒྲོན་གཉིས་ལས་མཐུན་པར། ཆོས་བཟང་རིགས་པའི་རྣམ་དཔྱོད་བསམ་པ་ཅན། །རྟག་ཏུ་བདུད་ཀྱིས་བར་ཆད་བྱེད་པ་མེད། །ཅེས་སོགས་གསུངས་པ་བཞིན་ཐོས་དོན་བརྟགས་ཤིང་དཔྱད་པའི་སྒོ་ནས་བས༵མ་བྱུ༵ང་གི་ཤེ༵ས་ར༵བ་དྲི་མ་མེད་པ་དེ་རང་གི་ཐུ༵གས་ཀྱི༵་བཅུ༵ད་དུ༵་སྟེན༵་ཅིག་དང་སྟོན་པ་དང་བསྟན་པ་རིན་པོ་ཆེ་འདི་ལ་ཡིད་ཆེས་སྐྱེས་པ་ན་གཞན་རྐྱེན་ངན་པས་གཡོ་འགུལ་མི་ནུས་པའི་རི་རྒྱལ་ལྟ་བུ་སོགས་ཀྱི་ཆོས་མཚུངས་སུ་འགྱུར་ཏེ།
ཡིད་བཞིན་མཛོད་ལས། ཡིད་ཆེས་དད་པས་ཆོས་ལ་ཐེ་ཚོམ་ཟད། །ཅེས་དང་། དང་པོ་རབ་བརྟགས་དད་པའི་ཡུལ་རྣམས་ལ། །ཕྱི་ནས་མི་འགྱུར་རི་རྒྱལ་ལྟ་བུ་དང་། །ཞེས་སོགས་ནས། རྐྱེན་གྱིས་མི་འཕྲོག་ནམ་མཁའ་ལྟ་བུར་བསྟེན། །ཞེས་དང་། འཇུག་པ་ལས། སོ་སོའི་སྐྱེ་བོ་རྣམས་ནི་རྟོག་པས་བཅིངས། །མི་རྟོག་རྣལ་འབྱོར་པ་ནི་གྲོལ་འགྱུར་བས། །རྟོག་རྣམས་ལོག་པར་གྱུར་པ་གང་ཡིན་དེ། །རྣམ་པར་དཔྱོད་པའི་འབྲས་བུར་མཁས་རྣམས་གསུངས། །ཞེས་སོགས་དཔྱད་པའི་འབྲས་བུ་ལ་སེམས་ཏེ་དོན་ལ་འཇུག་པར་བྱའོ། །ཞེས་པའོ། །
བཞི་པ་སྒོམ་བྱུང་གི་ཤེས་རབ་ནི། རྩ་བ་ལས།
གཞུང་ལུགས་རབ་འབྱམས་སྨྲ་བའི་སྟོན་ཆེན་ཡང་། །
རང་རྒྱུད་མ་བཏུལ་ནེ་ཙོའི་འདོན་པ་འདྲ། །
འཆི་བ་བཙན་ཐབས་འོང་ན་འགྱོད་པའི་རྒྱུ། །
གདམས་དོན་སྙིང་ལ་སྟེན་ཅིག་སྙིང་གྲོགས་རྣམས། །
ཞེས་གསུངས་པའི་དོན་དེ་ལ་དབྱེ་ན། ཐོས་བསམ་ལྡན་ཡང་སྒོམ་པ་མེད་པའི་ཉེས་དམིགས་དང་། ཆོས་ཉམས་སུ་མ་བླངས་ན་ཤི་ཚེ་འགྱོད་པའི་རྒྱུ་རུ་གསལ་གདབ་པ། སྒོམ་བྱུང་གི་ཤེས་རབ་བསྐྱེད་པར་གདམས་པའོ། །དང་པོ། དེ་ཡང་བཟོ་གསོ་སྒྲ་ཚད་སོགས་གཞུ༵ང་ལུ༵གས་ར༵བ་འབྱ༵མས་ཀྱི་གནས་ལ་མཁས་པར་སྦྱངས་ཤིང་ཚེ་གང་གཞན་ལ་ཆོས་སྨྲ༵་བ༵འི་དགེ་བའི་བཤེས་གཉེན་དུ་གྲགས་ཤིང་མངོན་པར་རློམ་པའི་སྟོ༵ན་པ་ཆེ༵ན་པོ་རྣམས་ཡིན་ཡ༵ང་། ཐོས་དོན་ལ་རྩེ་གཅིག་ཏུ་བསམ་ཞིང་བསམ་དོན་ཡང་ར༵ང་གི་རྒྱུད༵་ལ་ཡང་ནས་ཡང་དུ་གོམས་པར་བྱས་ཏེ། ཉོན་མོངས་པ་འདོད་ཆགས་ཞེ་སྡང་ལ་སོགས་པའི་དགྲ་ཆེན་དེ་མ༵་བཏུ༵ལ་བ་ཞིག་ན། ཇི་ལྟར་ན་ནེ༵་ཙོ༵་ལ་མིའི༵་སྐ༵ད་བསླབས་ཏེ་འདོ༵ན་པ༵འི་སྒྲ་ཙམ་ཞིག་ཤེས་པ་དང་འདྲ༵་བས་ན་དེས་བླང་དོར་གྱི་གནས་ཤེས་བཞིན་ངན་སོང་དུ་ལྟུང་བར་འགྱུར་ཏེ། དཀོན་མཆོག་བརྩེགས་པ་ལས། དཔེར་ན་མི་ཞིག་རྒྱ་མཚོའི་ཆུས་ཁྱེར་ན། །དེ་ནི་སྐོམ་བཞིན་འཆི་བའི་དུས་བྱེད་འགྱུར། །དེ་བཞིན་ཆོས་མང་སྲེད་པའི་བག་མེད་པ། །ཆོས་ཀྱི་རྒྱ་མཚོར་གནས་བཞིན་ངན་འགྲོར་འགྲོ། །ཞེས་དང་། ཡང་ལུང་དེ་ཉིད་ལས། འོད་སྲུང་འདི་ལྟ་སྟེ། དཔེར་ན་མི་ལ་ལ་ཞིག་རྒྱ་མཚོའི་ཆུ་ཆེན་པོས་ཁྱེར་བ་ཆུས་སྐོམ་བཞིན་དུ་འཆི་བའི་དུས་བྱེད་པ་དེ་བཞིན་དུ། འོད་སྲུང་འདི་ལ་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་ཆོས་མང་པོ་བསླབས་ཏེ་ཀུན་ཆུབ་པར་བྱས་ཀྱང་། འདོད་ཆགས་ལ་སྲེད་པ་མི་སེལ། ཞེ་སྡང་ལ་སྲེད་པ་མི་སེལ། གཏི་མུག་ལ་སྲེད་པ་མི་སེལ་བ་དེ་དག་ཆོས་ཀྱི་རྒྱ་མཚོས་ཁྱེར་ལ་ཉོན་མོངས་པའི་སྐོམ་པས་འཆི་བའི་དུས་བྱེད་པར་འགྱུར་ཏེ་ངན་འགྲོར་འགྲོ་བར་འགྱུར་རོ། །ཞེས་དང་། ཀུན་མཁྱེན་བླ་མས། གནད་མེད་གཅིག་པུར་ཞེན་དང་སྟོང་ལྟ་ཅན། །ཉམས་མེད་ཐ་སྙད་མཁན་དང་འགྲོགས་པ་ན། །དེ་དག་བྱར་མགོ་དོན་མེད་ཚིག་ཕྱིར་འབྲངས། །ནེ་ཙོའི་འདོན་པ་འདྲ་བར་འགྱུར་བ་ཡིན། །ཞེས་དང་། དཔལ་སྤྲུལ་རིན་པོ་ཆེས། དེ་ཡང་ཡང་དག་ཆོས་ཀྱི་གནད་འགག་ཀུན། །དོར་ནས་གཟུགས་བརྙན་སྒྲུབ་པའི་སྒྲུབ་པ་པོའི། །ནེ་ཙོའི་འདོན་པ་འདྲ་བའི་ཉམས་ལེན་འདི། །འཁྲུལ་མེད་རྒྱལ་བསྟན་ཡིན་སྙམ་བདག་ལ་མེད། །ཅེས་གསུངས།
དེའང་རང་རྒྱུད་མ་ཐུལ་ན་ལྟ་སྣང་དུ་སྒྲ་ཚད་སོགས་ལ་མཁས་པར་གྲགས་ཀྱང་ངོ་མཚར་ཆེར་མེད་དེ། རྗེ་བཙུན་མི་ལས། མཁའ་ལ་རྒྱུ་བའི་ཡི་དྭགས་ཕལ། །མངོན་ཤེས་རྫུ་འཕྲུལ་ཁོ་ལ་ཡོད། །མདོ་རྒྱུད་ཀྱི་མཁྱེན་རྒྱ་ཁོ་ལ་ཡོད། །སྒྲ་ཚད་དང་ཐ་སྙད་ཁོ་རང་དབང་། །བློ་གྲོས་རིག་པ་ཁོ་རྣོ་སྟེ། །ཞེས་སོགས་དང་། མར་པ་ལོ་ཙཱས། གནད་ཀྱི་གསུང་ངག་སྙིང་ལ་ཆོངས། །དེ་དེ་མང་ཡང་འདི་ཉིད་མེད། །སྡོང་པོ་མང་ཡང་འབྲས་བུ་མེད། །ཡོན་ཏན་ཡིན་ཡང་དོན་དམ་མིན། །ཞེས་པ་ལྟར་ཚིག་ཙམ་ལ་མཁས་པས་ཅི་བྱ་སྟེ། ཇི་སྐད་དུ། དམྱལ་བར་འགྲོ་འགྱུར་དགེ་སློང་ལྷས་སྦྱིན་བཞིན། །ཞེས་དང་། སྔོན་སྟོན་པའི་སྐུ་དྲུང་ནས་སྡེ་སྣོད་བཅུ་གཉིས་བློ་ལ་ཆུབ་པའི་དགེ་སློང་ལེགས་པའི་སྐར་མས་ཀྱང་། འདི་སྐད་དུ། མི་ལོ་ཉི་ཤུ་རྩ་བཞིར་ཁྱོད་གཡོག་བྱས། །འོད་ནི་འདོམ་གང་ཡོད་པའི་སྐུ་ལུས་ལས། །ཡོན་ཏན་ཏིལ་འབྲུ་ཙམ་ཞིག་ངས་མ་མཐོང་། །ཆོས་ནི་ང་མཁས་མཉམ་པས་གཡོག་མི་བྱེད། །ཅེས་ཟེར་ནས་སོང་བས་མཐར་ཞག་བདུན་ན་མེ་ཏོག་ལྡུམ་རའི་ནང་དུ་ཡི་དྭགས་ཀྱི་སྐྱེ་བ་བླངས་པའི་ལོ་རྒྱུས་སོགས་ཆོས་དང་རང་རྒྱུད་ཐ་དད་དུ་སོང་བའི་ཉེས་པ་བགྲང་ལས་འདས་པར་གསུངས་སོ། །
གཉིས་པ་ནི། དེ་ལྟའི་ཆོས་ཤེས་པ་ཐམས་ཅད་རང་རྒྱུད་ཁོ་ན་ལ་སྦྱར་ཏེ་འཆི་ཆོས་ཡང་དག་པ་ཞིག་ཉམས་སུ་མ་ལོན་ན། ནམ་ཞིག་འཆི༵་བ༵འི་སྣང་བ་མི་འདོད་བཞིན་དུ་བཟློག་མེད་བཙ༵ན་ཐ༵བས་སུ་སླེབས་ནས་གཤིན་རྗེའི་ལས་མཁན་གྱི་ཞགས་པས་ནི་ཟིན། མལ་གྱི་ཐ་མར་ནི་ཉལ། ལུས་ཀྱི་ཁང་སྟོང་བཞག་ནས་རྣམ་ཤེས་མགྲོན་པོ་བྲལ་ཉེ་ཞིང་ཡུད་ཙམ་ཞིག་གིས་རོ་ཞེས་བྱ་བའི་འཇིགས་སྣང་དང་སྐྱུགས་བྲོ་བར་གྱུར་པ་ཞིག་མྱུར་དུ་འོ༵ང་རན་པའི་དུས་ན༵། ངས་རྒྱུ་འབྲས་ཀྱི་བླང་དོར་ཙམ་ཞིག་ཤེས་ཀྱང་ཉམས་སུ་མ་ལོན་པར་ང་རྒྱལ་མཁས་རློམ་གྱིས་མི་ཚེ་ཐལ་བས་ད་ནི་ངན་སོང་གི་གནས་སུ་མི་ལྟུང་བའི་གདེང་ཙམ་ཡང་མི་འདུག་སྙམ་དུ་བྲང་སེན་རྗེས་ཀྱིས་བཀང་ཞིང་མལ་ས་བཤང་གཅིས་བཀང་། ངག་གིས་སྨྲེ་སྔགས་འདོན་པའི་འགྱོ༵ད་པ༵་དང་འཇིགས་སྐྲག་ཆེན་པོའི༵་རྒྱུ༵་རུ་ངེས་ཏེ། བཅོམ་ལྡན་འདས་ཀྱིས། བག་མེད་པར་གནས་པར་མ་བྱེད་ཅིག ཕྱིས་འཆི་བའི་ཚེ་ན་འགྱོད་པར་འགྱུར་བའི་ལས་མ་བྱེད་ཅིག འདི་ནི་ངས་ཁྱེད་རྣམས་ལ་ལན་གསུམ་གྱི་བར་དུ་རྗེས་སུ་གདམས་པ་ཡིན་ནོ། །ཞེས་དང་། དཔལ་སྤྲུལ་རིན་པོ་ཆེའི་གསུང་ལས་ཀྱང་། དམ་པའི་རྗེ་དང་མཇལ་ན་ཡང་། །སྒྲོ་འདོགས་མ་ཆོད་ང་རེ་འགྱོད། །དམ་ཆོས་ལེགས་གསུང་ཐོས་ན་ཡང་། །ཉམས་སུ་མ་ལོན་ང་རེ་འགྱོད། །དལ་འབྱོར་མི་ལུས་ཐོབ་ན་ཡང་། །སྙིང་པོ་མ་ལོན་ང་རེ་འགྱོད། །མི་རྟག་འཆི་བ་ཤེས་ན་ཡང་། །འཆི་ཆོས་མ་འགྲུབ་ང་རེ་འགྱོད། །རྒྱུ་འབྲས་རྣམ་གྲངས་ཐོས་ན་ཡང་། །སྤང་བླང་མ་ནུས་ང་རེ་འགྱོད། །འཁོར་བའི་སྡུག་བསྔལ་གསུངས་ན་ཡང་། །སྐྱོ་ཤས་མ་སྐྱེས་ང་རེ་འགྱོད། །ད་ནི་འཆི་བ་གློ་བུར་སླེབས། །འཆི་བདག་ཁྲོ་གཉེར་མུན་ལྟར་གནག །སྡང་མིག་གཡོ་ཚེ་ང་རེ་འཇིགས། །འཇིགས་རུང་མུན་པས་མདུན་ནས་བསུ། །རང་ལུས་མི་མཐོང་ང་རེ་འཇིགས། །ཞེས་སོགས་དང་། མི་ཕམ་རིན་པོ་ཆེས། འཇིག་རྟེན་ཆོས་བརྒྱད་ངོ་ལ་གཡེང་ཆེ་ན། །བདུད་ཀྱིས་རྨོངས་བྱས་ཆོས་ཀྱི་བྱ་བ་འཆོར། །ཚེ་འདི་གློག་གི་ཟློས་གར་ནུབ་པའི་ཚེ། །མི་བཟད་འགྱོད་པ་དུ་མས་མདུན་ནས་བསུ། །ཞེས་པ་ལྟར་རོ། །
དེས་ན་སྤྱིར་འཆི་བདག་གཤིན་རྗེའི་དྲུང་ན་གནས་བཞིན་དུ་ད་དུང་ཐུན་མོང་ཚིག་སྒྲོས་ཙམ་ལ་འཆེལ་ནས་གཞན་ལ་ཁ་བཤད་མཁས་པ་ལས། རང་རྒྱུད་ལ་ཚེ་མི་རྟག་སོགས་རྟོག་དཔྱོད་ཙམ་ཡང་མེད་པར་ཁེངས་དྲེགས་ཀྱིས་བག་ཡངས་སུ་རྩེན་པ་ནི་ཤིན་ཏུ་བླུན་ཞིང་ཡ་མཚན་ཆེ་སྟེ། ཇི་ལྟར་བཤའ་ལུག་ཤན་པའི་དྲུང་དུ་རྭ་རྩེད་དང་། དཔེ་གཞན་ཡང་། ཕ་དམ་པས། ནགས་ཀྱི་ནང་ན་སྤྲེའུ་སྐྱིད་སྙམ་བྱེད། །ནགས་མཐའ་མེ་ཡིས་བསྐོར་རོ་དིང་རི་བ། །ཞེས་དང་། ཙོང་ཁ་བས་ཀྱང་། ས་དང་བར་སྣང་ནམ་མཁས་མི་མཚོན་པའི། །སྟོབས་ཆེན་མེ་ལྕེའི་འཁོར་བའི་ནགས་ཁྲོད་ཀྱི། །སྲོག་ཆགས་རྣམས་ཀྱིས་གནས་དེར་བག་ཕེབས་ནས། །སོས་དལ་བདེ་བར་འདུག་པ་ཇི་ལྟར་འོས། །ཞེས་པ་ལྟར་རོ། །
གསུམ་པ་ནི། སྒོམ་བྱུང་ཤེས་རབ་ཀྱི་གད༵མས་དོ༵ན་འདི་ཉིད་རང་རྒྱུད་འདུལ་བའི་ཐབས་སུ་སྤྱོད་ལམ་ཀུན་ཏུ་སྙི༵ང་གི་དཀྱིལ་ལ༵་སྟེ༵ན་ཅི༵ག་ཅེས་ཐུགས་བརྩེ་བ་ཆེན་པོས་སྙི༵ང་དང་འདྲ་བའི་གྲོ༵གས་པོའམ་སྐལ་ལྡན་གྱི་སློབ་བུ་རྣ༵མས་ལ་ནན་གྱིས་བསྐུལ་བ་སྟེ། ཀུན་མཁྱེན་བླ་མས། གང་ཞིག་བསྒོམས་པས་སྲིད་མཚོ་མཐར་འབྱིན་ཞིང་། །ཐར་བ་དམ་པ་ཞི་བའི་གླིང་བགྲོད་པ། །བསམ་གཏན་གྲུ་ཆེན་གནས་ལ་བསྟེན་པ་ཡི། །ཞེས་སོགས་དང་། གཞན་ཡང་ཇི་སྐད་དུ། རང་གིས་ཉམས་ལེན་དབང་དུ་མ་གྱུར་བར། །འཁྲུལ་བས་བརྟགས་པའི་ཉེས་པ་ཚད་མེད་དེ། སྡེ་སྣོད་བཅུ་གཉིས་བློ་ལ་ཆུབ་པ་ནི། །དགེ་སློང་སྐལ་བཟང་སྡིག་པའི་མཐུས་བཏབ་ནས། །སྟོན་པའི་མཛད་པ་གཡོ་སྒྱུར་མཐོང་བའི་ཚུལ། །ལེགས་པར་བསམས་ནས་རང་གིས་རང་ཉིད་ཆོས། །ཞེས་སོགས་ལྟར་ཡང་ཡང་གོམས་པར་བྱའོ། །ཞེས་པའོ། །
གཉིས་པ་བྱེ་བྲག་སྒོམ་པ་སླར་རྒྱས་པར་བཤད་པ་ལ། །མདོར་བསྟན་དང་། རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། འདིར་སྒོམ་པ་སླར་འཆད་པའི་དགོས་པ་ཡོད་དེ། ཇི་སྐད་དུ། ཤིན་ཏུ་གལ་ཆེན་ལྡན་པ་ལ། །ཚིག་གཅིག་ལན་གཉིས་བརྗོད་པར་བྱ། །ཞེས་པས་སོ། །དེ་ལ་འདིར་གང་འཆད་ན། རྩ་བ་ལས།
མང་མང་རྒྱལ་བའི་ཆོས་ཚུལ་རབ་འབྱམས་ཀུན། །
རང་རྒྱུད་འདུལ་བ་ཁོ་ནའི་ཐབས་སུ་གདམས། །
ཚིག་ལ་མ་འཆེལ་དོན་གྱི་ཟབ་གནད་མཆོག །
སྙིང་གི་བཅུད་དུ་སྟིམས་ཞེས་སླར་ཡང་བསྐུལ། །
ཞེས་གསུངས་པའི་དོན་དེ་ལ་དབྱེ་ན། རྒྱལ་བས་ཆོས་སྒོ་དཔག་ཡས་གསུངས་ཚུལ་དང་། དེའི་དོན་བསྡུ་ན་རང་རྒྱུད་འདུལ་བའི་ཐབས་སུ་བསྟན་པ། སྒོམ་པ་གལ་ཆེ་བས་སླར་ཡང་ཉམས་སུ་ལེན་པར་གདམས་པའོ། །དང་པོ། ཚིག་རྐང་དང་པོས་བསྟན་ཏེ། དེ་ལ་ཐོག་མར་མ༵ང་མ༵ང་ཞེས་པ་ནི་སྒྲ་རྒྱན་ལས་ཐོག་མ་ལ་ཡོད་པའི་ཟུང་ལྡན་ཞེས་བརྗོད་དེ། ཇི་ལྟར་འཇམ་དབྱངས་མཁྱེན་བརྩེ་དབང་པོས། སྙན་སྙན་བཻཌཱུར་ཏམྦུ་ར། །དལ་གྱིས་བརྡུང་བའི་འཇོ་སྒེག་གིས། །སྐལ་བཟང་ཚོགས་རྣམས་སྐྱོང་མཛད་པ། ས་ར་སྭ་ཏིས་དགེ་ལེགས་སྩོལ། །ཞེས་པ་བཞིན་ནོ། །འདིར་ས་ར་སྭ་ཏི་ནི་འཆི་མེད་མཛོད་ཀྱི་འགྲེལ་བ་འདོད་འཇོར་དབྱངས་ཅན་ནམ་མཚོ་ལྡན་དུ་བཤད་དོ། །
དེ་ཡང་རྒྱ༵ལ་བ༵་རྫོགས་པའི༵་སངས་རྒྱས་དེ་ཉིད་ཀྱིས་གདུལ་བྱ་མཐའ་ཡས་པའི་བསམ་པ་སྣ་ཚོགས་པའི་བྱེ་བྲག་དང་འཚམ་པར་ཆོ༵ས་ཚུ༵ལ་ར༵བ་འབྱ༵མས་ཤིག་གསུངས་པ་ཀུ༵ན་ཀྱང་། དོན་དུ་གདུལ་བྱ་རྣམས་ཀྱི་དབང་པོའི་རིམ་པ་དང་སྦྱར་ན་ཆོས་འཁོར་གསུམ་དུ་དབྱེ་རིགས་ཏེ། མདོ་དགོངས་པ་ངེས་འགྲེལ་གྱི་དོན་ཀུན་མཁྱེན་བླ་མའི་ཞལ་ནས། དེ་ལ་ལས་དང་པོ་པའི་ཚེ་གཟུང་འཛིན་རང་རྒྱུད་པས་བཅིངས་པའི་ཉོན་མོངས་པ་ལས་སེམས་བསྲུང་བའི་ཕྱིར་སྤང་གཉེན་བླང་དོར་བྱེད་པའི་རིམ་པ་གཙོ་བོར་སྟོན་པས་བདེན་པ་བཞིའི་ཆོས་ཀྱི་རྣམ་གྲངས་དང་། བར་བ་གཉེན་པོ་ལ་མངོན་པར་ཞེན་པ་དགག་པའི་ཕྱིར་མཚན་ཉིད་མེད་པ་དང་། ཐ་མར་གཤིས་ཇི་ལྟར་གནས་པ་བསྟན་པར་དོན་དམ་རྣམ་པར་ངེས་པའི་ཆོས་ཀྱི་རྣམ་གྲངས་གསུམ་དུ་བྱུང་བ་ཡིན་ནོ། །དབང་པོའི་སྒོ་ནས་དབྱེ་ན་ཉན་ཐོས་དང་། རང་སངས་རྒྱས། བླ་ན་མེད་པའི་ཐེག་པ་སྟེ་གསུམ་ཉིད། མཚན་བརྗོད་ལས། ཐེག་པ་གསུམ་གྱི་ངེས་འབྱུང་ལས། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་སོ། །ཞེས་དང་། སྨིན་གླིང་ལོ་ཆེན་གྱིས་ཀྱང་། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཡང་བསྡུ་ན། ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་དང་། རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་ལ་སེམས་ཅན་རྣམས་འགོད་པའི་ཕྱིར། ཉན་ཐོས་ཀྱི་དོན་དུ་ཐེག་དམན་གྱི་སྡེ་སྣོད་གསུམ་དང་། བྱང་ཆུབ་སེམས་དཔའི་དོན་དུ་གསུངས་པ་ཐེག་ཆེན་ཕ་རོལ་ཕྱིན་པའི་སྡེ་སྣོད་གསུམ་སྟེ་རྒྱུ་ཡི་ཐེག་པའི་སྡེ་སྣོད་གསུམ་དང་། ཐུན་མིན་རིག་པ་འཛིན་པའི་སྡེ་སྣོད་དང་བཞི་རུ་འདུ་བ་ཡིན། ཞེས་གསུངས་ལ། དེ་ལ་འདིར་ཆོས་ཕུང་དུ་རྣམ་པར་བཞག་པ་ནི། ལུང་གི་ཆོས་ཐམས་ཅད་སྤྱིར་ཆོས་ཕུང་ཞེས་བྱ་སྟེ། བརྗོད་བྱའི་དོན་རྗོད་བྱེད་ཀྱི་ཚིག་དུ་མ་སྤུངས་པའི་ཕུང་པོར་སྣང་བའི་ཕྱིར་རོ། །དེ་ལའང་སློབ་དཔོན་དབྱིག་གཉེན་གྱི་མཛོད་ལས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དག །གང་རྣམས་ཐུབ་པས་གསུངས་དེ་དག །ཅེས་གསུངས་ཤིང་། ཡང་མཛོད་ཊཱིཀ་ཏུ་སྡེ་བ་ཁ་ཅིག་བརྒྱད་ཁྲི་བཞི་སྟོང་དུ་འདོད་པའང་ཡོད་ལ། ཐེག་ཆེན་རྣམས་ནི་ཕྱི་མ་ལྟར་ཡོངས་སུ་གྲགས་སོ། །དེ་ལྟར་ཡང་ཀུན་མཁྱེན་བླ་མས། གཉེན་པོའི་རྣམ་གྲངས་ཀྱི་སྒོ་ནས་དབྱེ་ན་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་སྟེ། སྒྲོན་གསལ་ལས། ཐུབ་པ་ཆེན་པོས་ཆོས་ཕུང་པོ། །བརྒྱད་ཁྲི་བཞི་སྟོང་གསུངས་པ་ལས། །ཞེས་གསུངས་པའོ། །ཆོས་ཕུང་གི་ཚད་ཀྱི་འདོད་ཚུལ་སོགས་ཤེར་ཕྱིན་སོགས་གཞན་ལས་ཤེས་པར་བྱའོ། །
གཉིས་པ་ནི། དེ་ལྟར་རྒྱལ་བའི་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་ཡང་དོན་དུ་གདུལ་བྱ་སོ་སོའི་ར༵ང་རྒྱུ༵ད་ཀྱི་དུག་གསུམ་འདུ༵ལ་བ༵འི་གཉེན་པོ་ཁོ༵་ན༵འི་ཐ༵བས་སུ༵་གད༵མས་ཏེ། ཡོན་ཏན་བཀོད་པའི་རྒྱུད་ལས། ཕྱི་ཡི་སྡེ་སྣོད་གསུམ་དག་ནི། །འདོད་ཆགས་ཞེ་སྡང་གཏི་མུག་དག །སོ་སོའི་གཉེན་པོར་བསྟན་པ་སྟེ། །བླ་མེད་མཉམ་པའི་གསང་སྔགས་ནི། །ཉོན་མོངས་ཀུན་གྱི་གཉེན་པོར་བསྟན། །ཞེས་དང་། ཀུན་བྱེད་ལས། ཉོན་མོངས་འདོད་ཆགས་འདུལ་བའི་གཉེན་པོ་ནི། །འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཉོན་མོངས་ཞེ་སྡང་འདུལ་བའི་གཉེན་པོ་ནི། །མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཉོན་མོངས་གཏི་མུག་འདུལ་བའི་གཉེན་པོ་ནི། །མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །དུག་གསུམ་ཆ་མཉམ་འདུལ་བའི་གཉེན་པོ་ནི། །སྡེ་སྣོད་བཞི་པ་ཉི་ཁྲི་ཆིག་སྟོང་གསུངས། །ཞེས་དང་། སོ་སོར་ཐར་བའི་མདོ་ལས། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་སོ། །
དེས་ན་སེམས་འདི་གཅིག་པུ་ཐུལ་དགོས་ཏེ། སྤྱོད་འཇུག་ལས། སེམས་འདི་གཅིག་པུ་ཐུལ་བས་ན། །དེ་དག་ཐམས་ཅད་ཐུལ་བར་འགྱུར། །ཞེས་དང་། ཨོ་རྒྱན་ཆེན་པོས། འདི་ཉིད་རྟོགས་ན་བ་ལང་རྫི་ཡང་གྲོལ། །ཐེག་དགུའི་བཤད་པ་ཀུན་ལ་མཁས་གྱུར་ཀྱང་། །འདི་ཉིད་མ་རྟོགས་པཎྜི་ཏ་ཡང་འཁྲུལ། །ཞེས་པ་ལྟར་དང་། ཀུན་མཁྱེན་མི་ཕམ་རིན་པོ་ཆེས་ཀྱང་། སྣ་ཚོགས་སྒྱུ་མའི་རོལ་གར་རྣམས། །བྱེད་པོ་སྒྱུ་མཁན་བཏུལ་བས་འཇོམས། །མ་རྟོགས་རིགས་དྲུག་འཁྲུལ་བའི་སེམས། །སེམས་རྟོགས་པ་ན་ཡེ་ཤེས་ཡིན། །ཞེས་གསུངས་པ་བཞིན་ནོ། །
གསུམ་པ་ལ། མི་མཐུན་ཕྱོགས་ཚིག་ལ་འཆེལ་བའི་ཉེས་པ་དང་། མཐུན་ཕྱོགས་ཕན་ཡོན་གྱི་སྒོ་ནས་སླར་ཡང་བསྒོམ་པར་བསྐུལ་བའོ། །དང་པོ། དེ་ལ་རྟོན་པ་བཞི་ཕྱིན་ཅི་ལོག་ཏུ་གྱུར་ནས་ཚི༵ག་ཙམ་ལ༵་འཆེལ་ཏེ་གཡེངས་པས་ནི་སྒོམ་པ་ལ་གེགས་སུ་འགྱུར་ཏེ། སྤྱོད་འཇུག་ལས། སེམས་ནི་རྣམ་པར་གཡེང་བའི་མི། །ཉོན་མོངས་མཆེ་བའི་ཕྲག་ན་གནས། །ཞེས་དང་། བཤེས་སྤྲིངས་ལས། བསམ་གཏན་མེད་པར་ཤེས་རབ་མེད། །ཅེས་བསམ་གཏན་གྱི་སྒོམ་པ་མེད་པར་བདག་མེད་རྟོགས་པའི་ཤེས་རབ་མི་འབྱུང་བར་གསུངས། དེས་ན་ཐོས་པ་ཉམས་སུ་བླངས་ཏེ་སྒོམ་པ་ལྷུར་ལེན་པའི་སྐབས་འདིར་ཟབ་དོན་ཁོ་ནར་གཞོལ་བ་ལས། ཐ་སྙད་ཚིག་རིས་ཙམ་ལ་མ༵་འཆེ༵ལ་བར་བྱ་དགོས་ཏེ། ཀུན་མཁྱེན་བླ་མའི་སྙིང་གཏམ་སུམ་ཅུ་ལས། བཟོ་རྩིས་སྨན་སོགས་ཡིག་སྣ་དཔག་མེད་པའི། །རྟེན་འབྲེལ་ཐབས་ཀུན་རྣམ་མཁྱེན་རྒྱུ་ཡིན་ཡང་། །སྣ་ཚོགས་མང་པོས་བསམ་གཏན་གཅོག་པའི་རྒྱུ། །ཤེས་བྱ་བསྐྱུར་བ་ཁོ་བོའི་སྙིང་གཏམ་ཡིན། །ཞེས་དང་། ས་པཎ་གྱིས། བློ་ངན་ཤེས་པ་མང་ན་ཡང་། །རྒྱུ་སྐར་བཞིན་དུ་གསལ་མི་ནུས། །ཞེས་དང་། འཇིགས་མེད་ཆོས་ཀྱི་དབང་པོས་ཀྱང་། ཕྱི་དམ་ནང་ལྷོད་དེ་དང་གཅིག །ཁྲིམས་མེད་བག་ཡངས་དེ་དང་གཉིས། །ལག་ཤེས་རིག་གནས་སྦྱོང་དང་གསུམ། །འཕྲལ་སྤྱོད་བྱ་བླག་མང་དང་བཞི། །སྐྱིད་ཉལ་མི་ཚེ་འཕུལ་དང་ལྔ། །རི་ཁྲོད་བསྡད་ཀྱང་སྙིང་པོ་མེད། །ཅེས་དང་། གུང་ཐང་བསྟན་པའི་སྒྲོན་མེས། ཐོབ་ཐོབ་མང་པོའི་རྣམ་གྲངས་གསོག་པ་དང་། །སྒྲ་རྩིས་སྙན་ངག་སོགས་ལ་མགོ་འཁོར་བ། །གཞུང་ལུགས་ཐོས་བསམ་རྣལ་མའི་གེགས་ཡིན་པས། །རྩ་བ་བོར་ལ་ཡལ་ག་མ་འཛིན་ཨང་། །ཞེས་གསུངས་ལ། འོ་ན་གོང་དུ་གནས་ལྔ་དག་ལ་མཁས་པར་མ་སྦྱངས་ན་ཐམས་ཅད་མཁྱེན་པ་མི་ཐོབ་པར་བཤད་པ་དང་འགལ་ལོ་སྙམ་ན། འགལ་བ་མེད་དེ། ལས་དང་པོ་པ་ཡིན་མིན་དང་ཐོས་སྒོམ་སོགས་ཀྱི་ཁྱད་པར་ཡིན་ཞེས་མཁས་མཆོག་དུ་མས་བསལ་ཟིན་པའི་ཕྱིར་རོ། །གཞན་ཡང་བཀའ་གདམས་གོང་མས། རིག་པའི་གནས་ལྔ་ལ་མཁས་པ་དང་། མངོན་ཤེས་དང་རྫུ་འཕྲུལ་སོགས་ཐོབ་པ་ལས། ལམ་རིམ་ལ་གོ་བ་ཕྱོགས་ཙམ་ཞིག་ཆགས་ན་དེས་དགའ། གང་ཡིན་ཞེ་ན། ཐུན་མོང་བའི་ཡོན་ཏན་དེ་དག་ནི་རང་རེས་ཀྱང་སྔོན་ཆད་ལན་དུ་མར་ཐོབ་མོད་ཀྱི། ཕུགས་སུ་ཕན་པ་ཅི་ཡང་མ་བྱུང་ལ། ཞེས་མང་དུ་གསུངས་སོ། །
གཉིས་པ་ནི། དེ་ཁོ་ན་ཉིད་བསྟན་པའི་མདོ་ལས། ཤཱ་རིའི་བུ་གང་གིས་བསྐལ་པ་གཅིག་གི་བར་དུ་ཉན་པ་བས་གང་གིས་སེ་གོལ་གཏོགས་པ་གཅིག་ཙམ་ཉིད་དུ་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་བསྒོམས་ན་བསོད་ནམས་འཕེལ་ལོ། །ཤཱ་རིའི་བུ་དེ་ལྟ་བས་ན་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་འདི་གཞན་ལ་ནན་གྱིས་གདམས་པར་བྱའོ། །ཞེས་དང་། རྟོགས་པ་རྒྱས་པའི་མདོ་ལས། ཐེངས་གཅིག་བསམ་གཏན་ཐུན་ཞུགས་ན། །ཁམས་གསུམ་དག་གི་མི་རྣམས་ལ། །སྲོག་སྦྱིན་པས་ནི་འདི་དོན་ཆེ། །ཞེས་དང་། དེ་བཞིན་སྔགས་ཀྱི་སྐབས་སུ་ཇི་སྐད་དུ། ཕར་བལྟས་རྒྱང་གི་ཆོས་བརྒྱ་ལས། །ཚུར་བལྟས་སེམས་ཀྱི་ཆོས་གཅིག་མཆོག །ཅེས་དང་། འདའ་ཀ་ཡེ་ཤེས་ལས། སེམས་རྟོགས་ན་ཡེ་ཤེས་ཡིན་པས་ན་སངས་རྒྱས་གཞན་དུ་མི་བཙལ་བའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །ཞེས་གསུངས་སོ། །
དེས་ན་བསྒོམ་བྱ་དོན༵་གྱི༵་ཟབ༵་གན༵ད་འོག་ནས་འཆད་པའི་མངོན་མཐོ་དང་ངེས་ལེགས་ཀྱི་རྒྱུ་མཆོ༵ག་ཏུ་གྱུར་པ་ཁོ་ན་ལ་གཞོལ་བར་བྱ་སྟེ། ལྷག་བསམ་བསྐུལ་བ་ལས། བུ་རམ་ཤིང་ཤུན་སྙིང་པོ་ཅི་ཡང་མེད། །དགའ་བར་བྱ་བའི་རོ་ནི་ནང་ན་འདུག །ཤུན་པ་ཟོས་པའི་མིས་ནི་བུ་རམ་རོ། །ཞིམ་པོ་རྙེད་པར་ནུས་པ་མ་ཡིན་ནོ། །ཇི་ལྟར་ཤུན་པ་དེ་བཞིན་སྨྲ་བ་སྟེ། །རོ་ལྟ་བུ་ནི་འདི་ལ་དོན་སེམས་ཡིན། །དེ་ལྟ་བས་ན་སྨྲ་ལ་དགའ་སྤངས་ཏེ། །རྟག་ཏུ་བག་ཡོད་བྱོས་ལ་དོན་སོམས་ཤིག །ཅེས་སོ། །
མདོར་ན་ཐུན་མོང་དང་ཐུན་མིན་ཐེག་པའི་དོན་རྣམས་སྙི༵ང་གི༵་བཅུ༵ད་དུ༵་སྟི༵མས་ལ་ཉམས་སུ་ལེན་པར་བྱའོ་ཞེ༵ས་དེང་སང་མཁས་མིང་ཕལ་ཚིག་ཙམ་ལས་འདི་ལ་སྙིང་པོ་བྱེད་པ་ནི་ཉིན་མོའི་སྐར་མའི་མཆེད་པོར་གྱུར་མཐོང་ནས་འདི་ཉིད་ཤིན་ཏུ་གལ་ཆེ་བས་སླ༵ར་ཡ༵ང་སྒོམ་ཚུལ་རྒྱས་པ་དང་བཅས་ཏེ་ཉེ་བར་བསྐུ༵ལ་བ་ཡིན་ནོ། །ཞེས་པའོ། །
གཉིས་པ་སྒོམ་ཚུལ་རྒྱས་པར་བཤད་པ་ལ། ཐུན་མོང་སྤྱིའི་སྔོན་འགྲོ་དང་། ཐུན་མིན་ནང་གི་སྔོན་འགྲོ། ཉམས་ལེན་དངོས་གཞིའི་རིམ་པ་དང་གསུམ་ལས། དང་པོ་ནི། དཔལ་སྤྲུལ་རིན་པོ་ཆེས། བློ་སྦྱོང་བློ་སྦྱོང་རང་གི་བློ་སྦྱོངས་ཤིག །བློ་ལྡོག་རྣམ་བཞིས་རང་གི་བློ་སྦྱངས་ན། །ལུས་ངག་དགེ་བ་སྣ་གཅིག་མ་འགྲུབ་ཀྱང་། །ཐར་བའི་ལམ་ལས་གཞན་དུ་འགྲོ་ས་མེད། །ཅེས་དལ་འབྱོར་རྙེད་དཀའ། ཚེ་མི་རྟག ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་ཏེ་བཞིའོ། །དང་པོ། རྩ་བ་ལས།
རྙེད་དཀའི་རྟེན་འདི་ཨུ་དུམ་ཝ་ར་འདྲ། །
ནོར་བུ་འབུམ་ལས་ལྷག་པའི་དོན་འབྲས་ལྡན། །
ཕྱིས་ནས་འདི་འདྲ་ཤིན་ཏུ་རྙེད་དཀའ་བས། །
དོན་ཆེན་འདུན་མ་སྒྲུབ་ལ་མ་གཡེལ་ཅིག །
ཅེས་གསུངས་པའི་དོན་དེ་ལ་དབྱེ་ན། དལ་འབྱོར་རྙེད་པར་དཀའ་བ་དང་། རྙེད་ན་དོན་ཆེ་བ། སྙིང་པོ་ལེན་པའི་ཐབས་ལ་བརྩོན་པར་གདམས་པའོ། །དང་པོ་ལ་རྙེད་པར་དཀའ་བ་རྒྱུའི་ངོ་བོ་དང་དཔེ་བསྟན་པའོ། །དང་པོ། དེའང་ཤིན་ཏུ་རྙེ༵ད་པར་དཀ༵འ་བའི༵་མི་ཡི་ལུས་རྟེ༵ན་རིན་པོ་ཆེ་ཞེས་བྱ་བ་ནི་དལ་འབྱོར་བཅོ་བརྒྱད་ཚང་བ་འདི༵་ལ་ཟེར་བས་དེ་བཤད་པ་ལ། དང་པོ་དལ་བ་བརྒྱད་ནི། བཤེས་སྤྲིངས་ལས། ལོག་པར་ལྟ་བ་འཛིན་དང་དུད་འགྲོ་ཉིད། །ཡི་དྭགས་ཉིད་དང་དམྱལ་བར་སྐྱེ་བ་དང་། །རྒྱལ་བའི་བཀའ་མེད་པ་དང་མཐའ་འཁོབ་ཏུ། །ཀླ་ཀློར་སྐྱེ་བ་གླེན་ཞིང་ལྐུགས་པ་དང་། །ཚེ་རིང་ལྷ་ཉིད་གང་ཡང་རུང་བ་ནི། །སྐྱེ་བ་ཞེས་བགྱི་མི་ཁོམ་སྐྱོན་བརྒྱད་པོ། །དེ་དག་དང་བྲལ་ཁོམ་པ་བརྙེས་ནས་ནི། །སྐྱེ་བ་བཟློག་པའི་སླད་དུ་འབད་པར་མཛོད། །ཅེས་གསུངས་སོ། །
དེ་དག་མི་ཁོམ་པའི་གནས་ཞེས་བྱ་སྟེ་དེའི་འགྲེལ་བ་ལས། གནས་བརྒྱད་པོ་དེ་དག་ཏུ་དགེ་བ་བྱ་བའི་དལ་བ་མེད་པས་ན་མི་ཁོམ་པ་ཞེས་བྱའོ། །ཞེས་གསུངས་ལ། དེ་རྣམས་སྤངས་པའི་མི་ལུས་ཆོས་ལྡན་ནི་དལ་བ་ཞེས་བྱ་སྟེ། ཡོན་ཏན་རིན་པོ་ཆེ་སྡུད་པ་ལས། མི་ཁོམ་བརྒྱད་སྤོང་དེ་ཡིས་དལ་བ་རྙེད། །ཅེས་སོ། །
དེས་ན་སྡོང་པོ་བཀོད་པ་ལས། མིར་གྱུར་བ་ཡང་རྙེད་པར་དཀའ། དལ་བ་ཕུན་སུམ་ཚོགས་པ་རྣམ་པར་དག་པའང་རྙེད་པར་དཀའ། ཞེས་པ་ལྟར་རོ། །དེ་བཞིན་ཁྱད་པར་གྱི་ཆོས་འབྱོར་བ་ལ་བསམས་ན། རང་འབྱོར་ལྔ་ནི་ཇི་སྐད་དུ། མི་ཉིད་དབུས་སྐྱེས་དབང་པོ་ཚང་། །ལས་མཐའ་མ་ལོག་དད་རང་འབྱོར། །ཞེས་དང་། གཞན་འབྱོར་ལྔ་ནི། རྒྱལ་བྱོན་ཆོས་གསུངས་བསྟན་པ་གནས། །དེར་འཇུག་བཤེས་ཟིན་གཞན་འབྱོར་ལྔ། །ཞེས་གསུངས་ཤིང་དེ་རྣམས་རྐྱེན་རང་དང་གཞན་ལ་ལྟོས་ནས་ཚང་དགོས་པས་དེ་སྐད་ཅེས་བྱའོ། །དེ་ལྟར་དལ་འབྱོར་བཅོ་བརྒྱད་པོ་དེ་རང་རྒྱུད་ལ་བརྟགས་ཏེ་ལེགས་པར་ཚང་ན། དལ་འབྱོར་ཚང་བའི་མི་ལུས་ཞེས་བྱ་བ་ཡིན་ཡང་ད་དུང་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་ཡིད་བཞིན་རིན་པོ་ཆེའི་མཛོད་དུ་གསུངས་པ་བཞིན་འཕྲལ་བྱུང་རྐྱེན་གྱི་མི་ཁོམ་པ་བརྒྱད་དང་། རིས་ཆད་བློ་ཡི་མི་ཁོམ་པ་བརྒྱད་པོ་དེ་དག་གི་དབང་དུ་མ་སོང་བ་ཞིག་ལ་འབད་པར་བྱའོ། །
གཉིས་པ། དལ་འབྱོར་གྱི་རྟེན་འདི་ནི་ཇི་ལྟར་མེ་ཏོག་ཨུ༵་དུ༵མ་ཝ༵་ར༵འམ་བོད་སྐད་དུ་མཆོག་འཕགས་སམ་ཆེར་འཛེགས་ཞེས་པ་འཇིག་རྟེན་དུ་འབྱུང་དཀའ་བ་དང་འདྲ༵་སྟེ། དེ་ཇི་ལྟར་འབྱུང་དཀའ་ན། རྣམ་སྣང་མངོན་བྱང་ལས། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམ་ཝ་རའི་མེ་ཏོག་བཞིན། །བརྒྱ་ལམ་ཡང་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །ཞེས་དང་། མྱ་ངན་འདས་པའི་མདོ་ལས། ཨུ་དུམ་ཝ་རའི་མེ་ཏོག་ནི་གནས་ཐམས་ཅད་དུ་མི་སྐྱེ་སྟེ། མཚོ་མ་དྲོས་པའི་བྱང་ཕྱོགས་ན་དེའི་ཚལ་ཡོད་པས་དེར་སྐྱེ་ཞིང་། དུས་ཐམས་ཅད་དུ་མི་སྐྱེ་སྟེ་ནམ་སངས་རྒྱས་འཇིག་རྟེན་དུ་བྱོན་པ་དེའི་ཚེ་སྐྱེའོ། །སྐྱེས་ནས་ཀྱང་སངས་རྒྱས་ཀྱིས་ཆོས་འཁོར་བསྐོར་བ་ན་ཤིན་ཏུ་རྒྱས་པར་འགྱུར་ལ། མྱ་ངན་ལས་འདས་པའི་ཚེ་རྙིང་ཞིང་ས་ལ་ལྷགས་པར་འགྱུར་རོ། །ཞེས་དང་། ཀུན་མཁྱེན་ཆེན་པོས། ཨུ་དུམ་ཝ་ར་འཇིག་རྟེན་འབྱུང་དཀའ་བ། །དེ་བས་ཆོས་ཞུས་ཡང་དག་ལམ་འཕྲད་དཀོན། །ཞེས་སོ། །དཔེ་གཞན་ཡང་། མགོན་པོ་ཀླུས། རྒྱ་མཚོར་ཆེར་གཡེངས་གཉའ་ཤིང་བུ་ག་དང་། །རུས་སྦལ་འཕྲད་པ་བས་ཀྱང་དུད་འགྲོ་ལས། །མི་ཉིད་ཆེས་ཐོབ་དཀའ་བས་མི་དབང་གིས། །དམ་ཆོས་སྤྱོད་པས་དེ་འབྲས་མཆིས་པར་མཛོད། །ཅེས་དང་། ཞི་བ་ལྷས། རྒྱ་མཚོ་ཆེར་གཡེངས་གཉའ་ཤིང་གི །བུ་གར་རུས་སྦལ་མགྲིན་ཆུད་ལྟར། །མི་ཉིད་ཤིན་ཏུ་རྙེད་དཀའ་གསུངས། །ཞེས་སོ། །
འདིར་རྒྱ་མཚོ་ནི་ཁམས་གསུམ་འཁོར་བ་དང་། གཉའ་ཤིང་ནི་སངས་རྒྱས་ཀྱི་བསྟན་པ། རུས་སྦལ་ལོང་བ་ནི་རང་དང་། ཕལ་ཆེར་འོག་ཏུ་བསྡད་པ་ནི་ཤས་ཆེར་ངན་སོང་གསུམ་དུ་གནས་པ། ལོ་བརྒྱ་རེས་མཚམས་ན་མཚོ་ཁར་ཡུད་ཙམ་རེ་འོང་བ་ནི་བརྒྱ་ལམ་ན་མི་ལུས་ཙམ་རེ་ཐོབ་པ་དང་། བུ་ག་དང་མགྲིན་པ་འཕྲད་པ་ནི་མི་ལུས་ཐོབ་པ་སངས་རྒྱས་ཀྱི་བསྟན་པ་དང་ལྷན་ཅིག་ཏུ་འཕྲད་པར་འདྲ་བས་དཔེ་དོན་སྦྱར་བར་བྱའོ། །ཡང་ཀུན་མཁྱེན་བླ་མས། མིར་གྱུར་རྙེད་དཀའ་དེ་བཞིན་རྩིག་ངོས་ཀྱི། །ཞལ་ཞལ་སོགས་ལ་སྲན་མ་ཆགས་སྲིད་ཀྱི། །མིར་གྱུར་ན་ཡང་ཡུལ་དབུས་སྐྱེ་བ་དཀོན། །ཞེས་རྩིག་ངོས་འཇམ་པོར་སྲན་མ་ཆགས་སྲིད་པ་ལྟར་མི་ལུས་ཐོབ་པ་དང་། ཡུལ་དབུས་སུ་སྐྱེ་བ་ནི་དཀོན་པར་གསུངས་ལ། དེའང་སྲན་མ་ཕལ་ཆེར་སར་ལྷུང་བ་ལས་མ་འདས་པ་ལྟར་སྐྱེ་བོ་ཕལ་ཆེར་ཤི་ནས་ངན་སོང་དུ་ལྟུང་བར་གསུངས་ཏེ། བཞི་བརྒྱ་པ་ལས། ཕལ་མོ་ཆེ་ན་མི་རྣམས་ནི། །དམ་པ་མ་ཡིན་ཕྱོགས་ཡོངས་འཛིན། །དེ་ན་སོ་སོའི་སྐྱེ་བོ་རྣམས། །ཕལ་ཆེར་ངེས་པར་ངན་འགྲོར་འགྲོ། །ཞེས་སོ། །
དེ་བཞིན་གྲངས་ཀྱི་སྒོ་ནས་རྙེད་པར་དཀའ་བའི་དཔེ་ཡང་བསྟན་ཏེ། དམྱལ་བ་ན་ས་ཆེན་པོའི་རྡུལ་ཙམ་དང་། ཡི་དྭགས་ན་གངྒའི་ཀླུང་གི་བྱེ་མ་ཙམ། ལྷ་མ་ཡིན་ན་ཁ་བ་བུ་ཡུག་འཚུབ་པ་ཙམ། ལྷ་དང་མི་ན་སེན་མོའི་སྟེང་གི་རྡུལ་ཙམ་ལས་མེད་པར་གསུངས་ཤིང་། དེ་ལྟར་བརྒྱ་ལམ་ན་མི་ལུས་ཙམ་ཐོབ་ཀྱང་དེའི་ནང་ན་དལ་འབྱོར་ཚང་བའམ་སྙིང་ནས་ཆོས་བྱེད་པ་ནི་ཉིན་མོའི་སྐར་མ་དང་འདྲ་བར་ད་ལྟའི་རྒྱ་ཡུལ་གྱི་ཁྲེང་ཏུའུ་དང་པེ་ཅིང་གྲོང་ཁྱེར་སོགས་སུ་ཕྱིན་ཚེ་ངེས་པ་གཏིང་ནས་སྐྱེ་བར་འགྱུར་རོ། །གལ་ཏེ་འཇིག་རྟེན་ཕྱོགས་ཀྱི་སྤྱང་གྲུང་འཛོམས་ཀྱང་དེ་ལ་དལ་འབྱོར་མ་ཚང་བས་མི་ལུས་ཙམ་པོ་བའམ་སྟོང་ལོག་མཁན་ཞེས་བྱ་བར་གསུངས་སོ། །
གཉིས་པ་ནི། དེའང་གལ་ཏེ་ཡིད་བཞིན་ནོ༵ར་བུ༵་འབུམ༵་ཕྲག་གཅིག་དུས་གཅིག་ལ་རྙེད་ཀྱང་དེས་ནི་ཚེ་འདིའི་ཟས་གོས་ཙམ་སྟེར་གྱི། དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་འདིས་ནི་དེ་ལ༵ས་ཀྱང་ཆེས་ལྷ༵ག་པའི༵་སངས་རྒྱས་ཀྱི་གོ་འཕང་དམ་པ་སྟེར་བའི་དོ༵ན་འབྲ༵ས་ཕུན་སུམ་ཚོགས་པ་དང་ལྡ༵ན་པ་ཡིན་ཏེ། འཕགས་པ་དཔའ་བོས། ཡིད་བཞིན་ནོར་བུ་ལས་ལྷག་པའི། །ཡོན་ཏན་རྒྱུན་གྱི་མི་རྣམས་ནི། །སུ་ཞིག་འདིར་དེ་འབྲས་མེད་བྱེད། །ཅེས་དང་། ཇི་སྐད་དུ། མི་ལུས་རིན་ཆེན་རྙེད་པ་འདི། །ནོར་བུ་རྙེད་པའི་དོ་མ་ཡིན། །སྐྱོ་ཤས་མེད་པའི་མི་རྣམས་ཀྱིས། །སྟོང་ཟད་བྱས་པ་མཐོང་ལགས་སམ། །ཞེས་དང་། ཞི་བ་ལྷས། འདི་འདྲའི་དལ་བ་རྙེད་གྱུར་ནས། །བདག་གིས་དགེ་གོམས་མ་བྱས་ན། །འདི་ལས་བསླུས་པ་གཞན་མེད་དེ། །འདི་ལས་རྨོངས་པའང་གཞན་མེད་དོ། །ཞེས་དང་། བཤེས་སྤྲིངས་ལས། གང་ཞིག་གསེར་སྣོད་རིན་ཆེན་སྤྲས་པ་ཡིས། །ངན་སྐྱུག་འཕྱག་པར་འགྱུར་བ་དེ་བས་ནི། །གང་ཞིག་མི་རུ་སྐྱེས་ནས་སྡིག་པའི་ལས། །བགྱིད་པ་དེ་ནི་ཆེས་རབ་བླུན་པ་ལགས། །ཞེས་དང་། དགེ་བཤེས་ཕུ་ཆུང་བས། དལ་འབྱོར་གྱི་མི་ལུས་ཐོབ་ནས་དགེ་བའི་ལས་མ་བྱས་པར་ཤི་ན་ནོར་བུ་རིན་ཐང་མེད་པ་ཞིག་རྙེད་ནས་ལོངས་མ་སྤྱད་པར་སྟོར་དུ་བཅུག་པ་དང་འདྲ་ལ། སྡིག་པ་བྱས་ན་ནོར་བུ་དུག་དང་འདྲེས་པའི་ཟན་རྡོག་པོ་གཅིག་ཏུ་བཙོང་བ་དང་འདྲ། ཞེས་དང་། ཇི་སྐད་དུ། ལེགས་ན་ཐར་བའི་གྲུ་གཟིངས་ལུས་འདི་ཡིན། །ཉེས་ན་འཁོར་བའི་གཏིང་རྡོ་ལུས་འདི་ཡིན། །ཞེས་པ་ལྟར་བསམ་དགོས་སོ། །
གསུམ་པ་ནི། དེའང་སྐབས་འདི་ཙམ་མ་གཏོགས་ཕྱི༵ས་ནས་འདི༵་འདྲ༵འི་དལ་འབྱོར་བཅོ་བརྒྱད་ཚང་བའི་ལུས་རྟེན་ཁྱད་པར་ཅན་ཡང་ནས་ཡང་དུ་ཤི༵ན་ཏུ༵་རྙེ༵ད་པར་དཀ༵འ་བ༵ས་ན་བཅོམ་ལྡན་འདས་ཀྱིས། དགེ་སློང་དག་ངན་སོང་གི་འགྲོ་བ་ལ་ལྟོས། ཕྱིས་ཕྱིར་མི་ཉིད་ཀྱི་དངོས་པོ་ཐོབ་པའང་ཤིན་ཏུ་དཀའོ། །ཞེས་དང་། སྤྱོད་འཇུག་ལས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུའི་དོན་སྒྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་འདི་ཡང་དག་འབྱོར་བར་ག་ལ་འགྱུར། །ཞེས་དང་། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱིས་ནས་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོག །ཅེས་དང་། ཇོ་བོས་ཀྱང་། དལ་བ་ཕུན་སུམ་ཚོགས་པའི་ལུས། །ཤིན་ཏུ་རྙེད་དཀའ་རྙེད་གྱུར་ཅིང་། །ཕྱིས་ཀྱང་ཤིན་ཏུ་རྙེད་དཀའ་བས། །སྒྲུབ་ལ་འབད་པས་དོན་ཡོད་བྱ། །ཞེས་སོ། །
གལ་ཏེ་དལ་འབྱོར་ཆུད་ཟོས་སུ་གྱུར་ནས་ངན་སོང་དུ་ལྟུང་ན་སླར་ཐར་དཀའ་སྟེ། འཇུག་པ་ལས། གང་ཚེ་རང་དབང་འཇུག་ཅིང་མཐུན་གནས་པ། །གལ་ཏེ་འདི་བདག་འཛིན་པར་མི་བྱེད་ན། །གཡང་སར་ལྷུང་བས་གཞན་དབང་འཇུག་གྱུར་པ། །དེ་ལས་ཕྱིས་ནས་གང་གིས་སློང་བར་བྱེད། །ཅེས་སོ། །
དེས་ན་དོ༵ན་འབྲས་ཆེ༵ན་པོ་ཚེ་རབས་གཏན་གྱི་འདུན༵་མ༵་སངས་རྒྱས་ཀྱི་གོ་འཕང་སྒྲུབ༵་པ་ལ༵་ཉིན་མཚན་ཀུན་ཏུ་མ༵་གཡེ༵ལ་བར་དལ་འབྱོར་རྙེད་དཀའ་སྒོམ་པ་འདི་ལ་བརྩོན་ཅི༵ག་ཅེས་བསྐུལ་བ་ནི། ཀུན་མཁྱེན་བླ་མས། རྟག་ཏུ་དྲན་དང་ཤེས་བཞིན་བག་ཡོད་པས། །དལ་འབྱོར་བསམས་ཏེ་ཐར་བ་བྱང་ཆུབ་སྒྲུབས། །
ཞེས་གསུངས་པ་བཞིན་ནོ། །མདོར་ན་སྔོན་འགྲོ་ཐར་ལམ་རབ་གསལ་ལས། དལ་འབྱོར་རྙེད་དཀའ་ཨུ་དུམ་ཝ་ར་འདྲ། །རྙེད་ན་དོན་ཆེན་ཡིད་བཞིན་ནོར་ལས་ལྷག །འདི་འདྲ་རྙེད་པ་ད་རེས་ཙམ་ཞིག་ལ། །དོན་ཆེན་གཏན་གྱི་འདུན་མ་མི་སྒྲུབ་པར། །དོན་མེད་ཆུད་ཟོས་གྱུར་པ་བདག་ཅག་ལ། །མཆོག་གསུམ་ཀུན་འདུས་བླ་མས་ཐུགས་རྗེས་གཟིགས། །དལ་འབྱོར་དོན་ཡོད་བྱེད་པར་བྱིན་གྱིས་རློབས། །ཞེས་གསུངས་པ་བཞིན་དུ་དལ་འབྱོར་རྙེད་དཀའ་འདི་ནན་གྱིས་བསྒོམ་པར་བྱའོ། །ཞེས་པའོ། །
གཉིས་པ། ཚེ་མི་རྟག་ནི། རྩ་བར།
འཆི་བདག་དགྲ་ཆེན་ནམ་མཁའི་ཐོག་འདྲ་བ། །
ནམ་ཙམ་ཐོན་པ་སུས་ཀྱང་དཔོག་མི་ནུས། །
ལོ་དང་ཟླ་བར་སྡོད་པའི་ལོང་མེད་ཀྱི། །
ད་ལྟ་ད་ལྟར་དགེ་ཆོས་སྒྲུབ་རེ་རན། །
ཞེས་གསུངས་པའི་དོན་དེ་ལ་དབྱེ་ན། སྤྱིར་སྣོད་བཅུད་མི་རྟག་ཅིང་འཆི་བདག་གློ་བུར་བའི་དཔེ་བསྟན་པ་དང་། འཆི་བར་ངེས་ཤིང་ནམ་འཆི་ཆ་མེད་དང་། རྟག་འཛིན་བཟློག་སྟེ་མྱུར་དུ་དགེ་བ་ལ་བསྐུལ་བའོ། །དང་པོ་ནི། ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་རྣམས་མི་རྟག་པར་དཔེའི་སྒོ་ནས་བསྟན་ཏེ། མདོ་རྒྱ་ཆེར་རོལ་བ་ལས། སྲིད་གསུམ་མི་རྟག་སྟོན་ཁའི་སྤྲིན་དང་འདྲ། །འགྲོ་བ་གཡོ་བ་ཆུ་ཡི་ཟླ་བ་བཞིན། །སྐྱེས་བུའི་ཚེ་སྲོག་རི་གཟར་རྦབ་ཆུ་འདྲ། །འདུ་བྱེད་རྣམས་ནི་གར་ལ་བལྟ་དང་མཚུངས། །ཞེས་དང་། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་པས་ཀྱང་། འདི་ལྟར་གླིང་བཞི་འབྱོར་བས་བརྒྱན་པ་ཡི། །སྣོད་ཀྱི་འཇིག་རྟེན་མི་རྟག་འཇིག་པའི་དཔེས། །ལྦུ་བ་རྡོས་འདྲའི་ལུས་ཀྱང་ཤེས་པར་གྱིས། །ཞེས་རགས་པར་སྣང་བ་མི་བརྟན་པའི་རྣམ་པ་སྣ་ཚོགས་ཀྱི་སྣོད་ཀྱི་འཇིག་རྟེན་ཏེ། སྤྱིར་ནམ་མཁའི་མཐའ་དང་མཉམ་ཞིང་བྱེ་བྲག་རི་གླིང་དང་བཅས་པའི་འབྱོར་བས་བརྒྱན་པའི་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་སུ་སྣང་བ་འདི་ཡང་ཕྲ་བ་སྐད་ཅིག་གིས་མི་རྟག་པས་བསྐལ་པའི་ཡ་མཐའ་ནས་མར་འགྲིབ་པའི་དུས་སུ་གྱུར། རགས་པའི་སྣང་བ་ཡང་མཐར་མི་སྣང་ཞིང་ནམ་མཁའ་གཅིག་ཏུ་གྱུར་པའི་སྐབས་ཡོད་ན། བདག་གི་གནས་དང་ཡོ་བྱད་སོགས་དང་། གཉེན་ཉེ་དུ། རྣམ་སྨིན་ཤ་ཁྲག་གི་ལུས་ལྦུ་བ་སྤུངས་པ་དང་འདྲ་བ་དེ་དག་ཅིའི་ཕྱིར་ན་མི་འཇིག་སྟེ། སྐྱེས་རབས་ལས། དང་པོ་མངལ་དུ་ཞུགས་པའི་ནུབ་མོ་ནས། །དེ་ནས་བཟུང་སྟེ་འཇིག་རྟེན་འདི་དག་ནི། །ལམ་དུ་ཞུགས་ནས་ལམ་གཞན་མ་གོལ་བར། །འཆི་བདག་དྲུང་དུ་དེ་ཉིད་ཉེ་བར་འགྲོ། །ཞེས་ཕྱི་སྣོད་ཀྱི་འཇིག་རྟེན་ལ་བརྟགས་ནས་རང་ལུས་འཇིག་པར་བསྟན་པ་དང་། ཡང་ཀུན་མཁྱེན་ཆེན་པོས། ད་ལྟའི་ས་སྟེང་འགྲོ་བ་འདི་ཀུན་ཡང་། །ལོ་བརྒྱའི་ནང་དུ་ངེས་པར་མེད་པར་འགྱུར། །སྐྱེས་པ་ཐམས་ཅད་རིམ་བཞིན་འཆི་བས་ཀྱང་། །བདག་གི་ཚེ་སྲོག་འཆི་བར་གྱུར་ལ་སོམས། །ཞེས་ད་ལྟའི་སྐྱེ་རྒུ་རྣམས་ནི་ལྔ་བཅུ་ཁ་རལ་ལ་སོགས་པས་ཚེ་ཐུང་སྟེ། ད་ལྟའི་ས་སྟེང་གི་མི་དང་དུད་འགྲོ་སོགས་ད་ནས་ལོ་བརྒྱའི་ནང་དུ་གཅིག་ཀྱང་མ་ལུས་པར་འཆི་ངེས་ན། བདག་གི་ཟག་བཅས་ཀྱི་སྒྱུ་ལུས་འདི་ཡང་མི་ལུས་པར་ངེས་པར་འཆི་བར་སེམས་འོས་པ་སོགས་ཀྱིས་བཅུད་ཀྱི་སེམས་ཅན་ལ་བརྟགས་ནས་རང་ལུས་འཇིག་པར་བསྟན་ཏོ། །
དེ་བཞིན་དུ་མདོ་ལས། འདུ་བྱེད་མི་རྟག་མར་མེའི་འོད་དང་འདྲ། །མྱུར་དུ་འབྱུང་ཞིང་འགག་པའི་ཆོས་ཅན་ཏེ། །རླུང་དང་མཚུངས་པས་རིང་དུ་མི་གནས་ཤིང་། །ཆུ་བུར་ལྟ་བུའི་ཉམ་ཆུང་སྙིང་པོ་མེད། །ཅེས་དང་། འདུལ་བ་མདོ་རྩའི་གནས་མལ་གྱི་གཞི་ལས་ཀྱང་། དེ་ཐམས་ཅད་མི་རྟག་པས་སྲིན་པོས་བཟུང་བར་རོ། །ཞེས་དང་། རིན་ཆེན་ཕྲེང་བ་ལས་ཀྱང་། འཆི་བདག་རྐྱེན་གྱི་ནང་གནས་པ། །རླུང་དམར་ནང་འདུག་མར་མེ་བཞིན། །ཞེས་གསུངས་པ་སོགས་ཀྱིས་མཚོན་འཆི༵་བད༵ག་གི་དགྲ༵་ཆེ༵ན་དེ་ཉིད་ཉིན་ཞིག་ལ་ནམ༵་མཁ༵འ་ནས་གནམ་ལྕགས་ཀྱི་ཐོ༵ག་བབ་པ་དང་འདྲ༵་བ༵ར་བསམ་ལོང་མེད་པར་གློ་བུར་དུ་འོང་ངེས་ཏེ། ཀཱ་ནི་ཀའི་སྤྲིངས་ཡིག་ལས། འཆི་བདག་སུ་དག་མི་ཤེས་པར། །གློ་བུར་དག་ཏུ་འབབ་འགྱུར་བས། །ཞེས་དང་། ཀུན་མཁྱེན་མི་ཕམ་རྒྱ་མཚོས་ཀྱང་། དེ་འདྲའི་འཆི་བདག་དེ་ཡང་ནི། །མདུན་ན་སྒུག་པ་བཞིན་དུ་སྡོད། །ཀླད་པར་གནམ་ལྕགས་བབ་པ་བཞིན། །ནམ་འབྱུང་ངེས་པའི་ཆ་མེད་དོ། །ཞེས་གསུངས་སོ། །
གཉིས་པ་ནི། སྤྱིར་སྒྲ་མི་སྙན་གྱི་ཚེ་ཚད་ངེས་ཀྱི་གཞན་རྣམས་ལ་ནི་མ་ཡིན་ཏེ། ཚོམས་ལས། སྔ་དྲོ་སྐྱེ་བོ་མང་མཐོང་བ། །ཕྱི་དྲོ་ཁ་ཅིག་མཐོང་མི་འགྱུར། །ཕྱི་དྲོ་སྐྱེ་བོ་མང་མཐོང་བ། །སྔ་དྲོ་ཁ་ཅིག་མཐོང་མི་འགྱུར། །ཞེས་དང་། དེའང་བདག་ཉིད་ངེས་པར་འཆི་བ་ཡིན་ཏེ། མདོ་མྱང་འདས་ལས། ཚེ་ནི་རིང་ཡང་མཐར་ནི་འཇིག་ངེས་ཏེ། །མདོར་ན་ཐམས་ཅད་ངེས་པར་འཆི་བར་འགྱུར། །ཞེས་དང་། ཞི་བ་ལྷས་ཀྱང་། བདག་ནི་མེད་པར་འགྱུར་བའི་དུས། །དེ་ནི་གདོན་མི་ཟ་བར་འབྱུང་། །ཞེས་གསུངས་པ་བཞིན་འཆི་བར་ངེས་ཀྱང་ནམ་འཆི་མི་ཤེས་པ་སྟེ། དེ་བཞིན་ང་ནི་ནད་མེད་པ་དང་ད་དུང་གཞོན་པ་ཡིན་ཞེས་མི་འཆི་བའི་གདེང་མེད་དེ། ཇི་སྐད་དུ། སྐྱེས་པ་བུད་མེད་མང་པོ་དག །དར་ལ་བབ་པའང་འཆི་འགྱུར་ན། །
དེ་ནི་མི་འདི་གཞོན་ཞེས་ཏེ། །གསོན་པའི་གདེང་དྲོད་ཅི་ཞིག་ཡོད། །ཅེས་དང་། ཁ་ཅིག་མངལ་དུ་འཆི་བར་འགྱུར། །དེ་ལ་ཁ་ཅིག་བཙས་པའི་སར། །དེ་བཞིན་ཁ་ཅིག་གོག་ཙམ་ན། །དེ་བཞིན་ཁ་ཅིག་ཡོངས་རྒྱུག་ན། །ལ་ལ་རྒན་དང་ལ་ལ་གཞོན། །ལ་ལ་དར་ལ་བབས་པའི་མི། །རིམ་གྱིས་རབ་ཏུ་འགྲོ་འགྱུར་ཏེ། །འབྲས་བུ་སྨིན་པ་ལྷུང་བ་བཞིན། །ཞེས་པ་ལྟར་རྒན་གཞོན་མེད་པར་མྱུར་དུ་འཆི་བར་ངེས་ན་ཡང་།
འཆི་བདག་དེ་དུས་ནམ༵་ཙམ༵་ཞིག་ལ་ཐོ༵ན་དང་འཆི་ལུགས་ཇི་ལྟ་བུ་ཡིན་པ༵་སོགས་ནི་རང་རེ་སུས༵་ཀྱང༵་དཔོག་པར་མི༵་ནུས༵་པ་ཡིན་ཏེ། ཆེད་དུ་བརྗོད་པའི་ཚོམས་ལས། སང་ཙམ་འཆི་ཡང་སུས་ཤེས་ཀྱིས། །དེ་རིང་ཉིད་དུ་བསྟུན་ཏེ་བྱ། །འཆི་བདག་དགྲ་ཆེན་དེ་དང་ནི། །ཁྱོད་ཉིད་བཤེས་པ་མ་ཡིན་ནམ། །ཞེས་དང་། བཤེས་སྤྲིངས་ལས་ཀྱང་། ཚེ་འདི་གནོད་མང་རླུང་གིས་བཏབ་པ་ཡི། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་འབྱུང་དབུགས་རྔུབ་གཉིད་ཀྱིས་ལོག་པ་ཡིས། །སད་ཁོམ་གང་ལགས་དེ་ནི་ངོ་མཚར་ཆེ། །ཞེས་གསུངས་པའི་དོན་དང་འདྲ་བར་དགོངས་པ་ངེས་འགྲེལ་ལས་ཀྱང་། དབུགས་ཀྱི་འགྲོ་འོང་གནས་པ་མི་རྟག་སྟེ། །སྤྲིན་དང་ན་བུན་སེར་བུ་དུད་པ་འདྲ། །རྐྱེན་མེད་རང་སར་ཡལ་བར་འགྱུར་ལ་ལྟོས། །ཞེས་དང་། ཀུན་མཁྱེན་བླ་མས་ཀྱང་། སྣ་ཚོགས་སྣོད་དང་འགྲོ་བ་གཡོ་འགྱུར་ཞིང་། །སྒྱུ་མ་ཆུ་ཤིང་བཞིན་དུ་སྙིང་པོ་མེད། །དེ་ཕྱིར་མི་རྟག་ཅེས་བྱའི་འཁོར་བ་འདི། །བདག་བྱས་བཟུང་སྟེ་བཏང་བ་འགའ་ཡང་མེད། །ཅེས་གསུངས་པ་ལྟར་རོ། །
གསུམ་པ་རྟག་འཛིན་བཟློག་སྟེ་དགེ་བ་མྱུར་དུ་བསྒྲུབ་པར་བསྐུལ་བ་ནི། དེ་ལྟར་ནམ་འཆི་ཆ་མེད་པ་འདི་ལ་བསམས་ནས་དམ་ཆོས་བསྒྲུབ་པ་ལ་ལེ་ལོ་དང་ཕྱི་བཤོལ་གྱི་དབང་དུ་མི་འགྲོ་བར་མ་བརྩོན་ན། ད་རུང་མི་འཆི་བར་ལོ༵་དང༵་ཟླ༵་བ༵་མང་པོར་སྡོ༵ད་པའི༵་ཁོམ་ལོ༵ང་མེ༵ད་པ་སྟེ། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། གཟུགས་ནི་རྡུལ་ཕྲན་དུས་ནི་སྐད་ཅིག་མ། །བར་སྣང་གློག་འགྱུ་བཞིན་དུ་མི་རྟག་པས། །མྱུར་བ་ཉིད་དུ་དམ་པའི་ཆོས་སྒྲུབས་ཤིག །ཅེས་ད༵་ལྟ༵་ད༵་ལྟ༵་ཉིད་དུ་ཡང་དག་པའི་དགེ༵་ཆོ༵ས་ཤིག་སྒྲུབ༵་པ་སྟེ། ཚེ་མི་རྟག་པའི་དོན་རྣལ་མ་རེ༵་བསྒོམ་པར་གོ་ཆ་བགོ་ར༵ན་ཏེ། ལས་བརྒྱ་པ་ལས། རྟག་ཏུ་སྤྱོད་ཡུལ་ཐམས་ཅད་ནི། །འཆི་བདག་རྗེས་སུ་དྲན་པར་བྱ། །ཞེས་དང་། སྤྱོད་འཇུག་ལས། ཉིན་མཚན་ཀུན་ཏུ་བདག་གིས་ནི། །འདི་ཉིད་འབའ་ཞིག་བསམ་པར་རིགས། །ཞེས་དང་། མི་རྟག་པའི་གཏམ་ལས་ཀྱང་། འདི་ལྟར་སྐྱེ་བ་ཐམས་ཅད་ཀྱི། །མདུན་ན་གནས་པ་འཆི་བ་སྟེ། །བདག་ཀྱང་དེ་ལས་མ་འདས་པས། །དེ་རིང་ཉིད་དུ་ཆོས་མཛོད་ཅིག །ཅེས་དང་། དཔལ་སྤྲུལ་རིན་པོ་ཆེས་ཀྱང་། མ་འགྱངས་དམ་པའི་ཆོས་ལ་ཕེབས། །མ་ཡེངས་སྒྲུབ་ལ་བློ་ཐག་ཆོད། །མ་བཤོལ་སྙིང་རུས་བློ་སྣ་སྟུངས། །མ་འགྱངས་ལ་འུར་བརྩོན་པ་བསྐྱེད། །ཅེས་དང་། མི་ཕམ་རིན་པོ་ཆེས་ཀྱང་། ལུས་ཀྱི་ལྗོན་ཤིང་སེམས་ཀྱི་བྱེའུ་ཆུང་གཉིས། །ཡུད་ཙམ་འགྲོགས་པའི་རིང་ལ་དགེ་བ་སྒྲུབས། །ཞེས་སོགས་གསུངས་པ་བཞིན་བསྒོམ་ཞིང་། དེས་མཚོན་ནས་ཕན་ཡོན་ཡང་། འདུལ་བ་ལུང་ལས། དགེ་སློང་བརྒྱ་ལ་གདུགས་ཚོད་ཡོན་དང་བཅས་པ་བྱིན་པ་བས་འདུས་བྱས་མི་རྟག་པར་སེམས་པའི་སྐད་ཅིག་མ་མཆོག ཅེས་དང་། ཕ་དམ་པས་ཀྱང་། མི་རྟག་པ་འདི་རྒྱུད་ལ་སྐྱེས་ན། དང་པོ་ཆོས་ལ་འཇུག་པའི་རྒྱུ་བྱེད། བར་དུ་བརྩོན་འགྲུས་རྩོམ་པའི་ལྕག་བྱེད། ཐ་མར་འོད་གསལ་ཆོས་སྐུ་འཐོབ་པར་བྱེད། ཅེས་སོགས་དེ་ལྟར་ཕན་ཡོན་དང་བཅས་ཏེ་ཆོས་ལ་བསྐུལ་བར་བསྟན་ཏོ། །
མདོར་ན་ཐར་ལམ་རབ་གསལ་ལས། འདུས་བྱས་ཐམས་ཅད་མི་རྟག་གློག་བཞིན་གཡོ། །སྣོད་བཅུད་གང་ལ་བསམས་ཀྱང་འཇིག་པའི་ཆོས། །འཆི་བར་ངེས་ཤིང་ནམ་འཆི་ཆ་མེད་ཀྱང་། །རྟག་འཛིན་སེམས་ཀྱིས་རང་མགོ་བསྐོར་ནས་སུ། །བག་མེད་ངང་དུ་གནས་པ་བདག་ཅག་ལ། །དཀོན་མཆོག་ཀུན་འདུས་བླ་མས་ཐུགས་རྗེས་གཟིགས། །མི་རྟག་འཆི་བ་དྲན་པར་བྱིན་གྱིས་རློབས། །ཞེས་གསུངས་པ་བཞིན་ཉམས་སུ་ལེན་པར་བྱའོ། །ཞེས་པའོ། །
གསུམ་པ་ལས་རྒྱུ་འབྲས་ནི། རྩ་བ་ལས།
ལུས་ཅན་ལས་ཀྱི་འབྲས་བུ་ཆུད་མི་ཟ། །
རྣམ་སྨིན་ཐོག་ཏུ་བབས་ཚེ་བཅོས་སུ་མེད། །
ད་ལྟ་སྐལ་ལྡན་རང་དབང་ཡོད་དུས་འདིར། །
རང་གིས་རང་ཉིད་བསླུས་ན་སུ་ཡིས་སྐྱོབ། །
ཅེས་གསུངས་པའི་དོན་དེ་ལ་དབྱེ་ན། ལས་ངོས་བཟུང་བ་དང་། རང་བྱས་རང་ལ་སྨིན་པ་དང་། སྤང་བླང་གི་སྒོ་ནས་ཆོས་ལ་བསྐུལ་བའོ། །དེ་ལ་འདིར་ལས་ཞེས་བྱ་བ་ནི། ལུ༵ས་ཅ༵ན་ཏེ་སེམས་ཅན་ཀུན་ལ་ཚོར་བ་བདེ་བའི་རྣམ་པ་ཅན་ཐ་ན་ཚ་དམྱལ་དུ་སྐྱེ་སྐབས་རླུང་བསིལ་བུ་འབྱུང་བ་ཡན་ཆོད་ཀྱང་སྔོན་གྱི་དགེ་བའི་ལས་དང་། ཚོར་བ་གདུང་བའི་རྣམ་པ་ཇི་སྙེད་པ་སྔོན་མི་དགེ་བའི་ལས་ཁོ་ནས་འབྱུང་བ་ཡིན་ཏེ། རིན་ཆེན་འཕྲེང་བ་ལས། དགེ་བ་ལས་ནི་བདེ་བ་དང་། །དེ་བཞིན་བདེ་འགྲོ་ཐམས་ཅད་དོ། །མི་དགེ་ལས་ལས་སྡུག་བསྔལ་ཀུན། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །ཞེས་སོ། །
དེ་ལ་དབྱེ་ན། སྒོ་གསུམ་གྱིས་བྱས་པའི་ལ༵ས་ཀྱི༵་རྣམ་གྲངས་ཐམས་ཅད་ཀྱང་ཆེ་ལོང་ཙམ་དུ་དགེ་མི་དགེ་ཡིས་ལས་ལམ་བཅུ་རུ་བསྡུས་ཏེ་བཅོམ་ལྡན་འདས་ཀྱིས་བསྟན་ཏེ། མཛོད་ལས། དེ་ལས་ཆེ་ལོང་བསྡུས་ནས་ནི། །དགེ་དང་མི་དགེ་ཅི་རིགས་པར། །ལས་ཀྱི་ལམ་ནི་བཅུར་གསུངས་སོ། །ཞེས་དགེ་བ་བཅུ་དང་མི་དགེ་བཅུར་གསུངས་པ་ལས། དང་པོ་དགེ་བའི་ལས་བཅུ་ནི། ལུས་གསུམ་ངག་བཞི་ཡིད་ཀྱི་གསུམ་དག་སྟེ། །ཞེས་པ་བཞིན། ལུས་ཀྱི་དགེ་བ་གསུམ་ནི། སྲོག་གཅོད་པ། མ་བྱིན་པ་ལེན་པ། འདོད་པས་ལོག་པར་གཡེམ་པ་བཅས་སྤོང་བ་དང་། ངག་གི་དགེ་བ་བཞི་ནི། རྫུན་དང་། ཕྲ་མ། ཚིག་རྩུབ། ངག་འཁྱལ་བཅས་སྤོང་བ་དང་། ཡིད་ཀྱི་དགེ་བ་གསུམ་ནི། བརྣབ་སེམས་དང་། གནོད་སེམས། ལོག་ལྟ་བཅས་སྤོང་བའོ། །དེ་ཡང་དགེ་བའི་ལས་ཐམས་ཅད་ཆ་མཐུན་གཉིས་སུ་འདུས་ཏེ། ཀུན་མཁྱེན་ཆེན་པོས། དགེ་བའི་ལས་ནི་བསོད་ནམས་ཆ་མཐུན་དང་། །ཐར་བ་ཆ་མཐུན་གཉིས་དག་ཡོད་པ་ལས། །ཞེས་བསོད་ནམས་ཆ་མཐུན་གྱི་ལས་ནི། སྲིད་པའི་བདེ་འབྲས་ཙམ་བསྐྱེད་ནས་ཟད་པར་འགྱུར་བ་སྟེ། དགེ་བཅུ་དང་བསམ་གཏན་བཞི་གཟུགས་མེད་བཞི་ལྟ་བུ་ཐར་བ་དངོས་དང་མ་འབྲེལ་བ་རྣམས་སོ། །ཐར་བ་ཆ་མཐུན་གྱི་དགེ་བའི་ལས་ནི། མྱང་འདས་ཀྱི་རྒྱུར་མཐུན་པ་སྟེ་སྐྱེས་བུ་གསུམ་སོ་སོའི་སེམས་བསྐྱེད་པ་ནས་བྱང་ཕྱོགས་སོ་བདུན་དང་ཚད་མེད་བཞི་དང་། ཕར་ཕྱིན་དྲུག་གིས་བསྡུས་པའི་དགེ་བ་ལ་བརྩོན་པ་སྟེ། མགོན་པོ་ཀླུས། དགེ་བ་ལས་ནི་བདེ་འགྲོ་དང་། །མི་དགེ་ལས་ནི་ངན་འགྲོ་སྟེ། །གཉིས་ལ་མི་བརྟེན་ཐར་བ་ལགས། །ཞེས་པ་བཞིན་ནོ། །
གཉིས་པ་མི་དགེ་བའི་ལས་ནི། གོང་གི་བཅུ་པོ་ལས་ལོག་པ་སྟེ། མཛོད་ལས། སྲོག་གཅོད་པ་ནི་བསམ་བཞིན་དུ། །མ་ནོར་བ་ནི་གསོད་པའོ། །མ་བྱིན་ལེན་པ་གཞན་གྱི་ནོར། །མཐུ་དང་འཇབ་བུས་བདག་གིར་བྱེད། །བགྲོད་མིན་བགྲོད་པར་འདོད་པ་ཡིས། །ལོག་པར་གཡེམ་པ་རྣམ་པ་བཞི། །རྫུན་ཚིག་འདུ་ཤེས་གཞན་བསྒྱུར་བའི། །ཚིག་དོན་མངོན་པར་གོ་བའོ། །ཕྲ་མ་ཕ་རོལ་དབྱེ་བའི་ཚིག །མི་སྙན་བརྗོད་པ་རྩུབ་མོས་ཏེ། །ཉོན་མོངས་ཅན་ཀུན་ཀྱལ་བ་ཡིན། །བསམ་ཆོས་ངན་ཞིང་བརྣབ་སེམས་ནི། །ལོག་པས་གཞན་གྱི་ནོར་ལ་ཆགས། །གནོད་སེམས་སེམས་ཅན་ལ་སྡང་བ། །དགེ་དང་མི་དགེ་མི་ལྟ་བར། །ལོག་པར་ལྟ་བ་ཡིན་འདི་ལ། །ཞེས་པ་བཞིན། དེ་ལྟ་བུའི་མི་དགེ་བ་ཆུང་ངུར་སྤྱད་པས་དུད་འགྲོ། འབྲིང་གིས་ཡི་དྭགས། ཆེན་པོས་དམྱལ་བ་མྱོང་བར་ཡིད་བཞིན་མཛོད་ལས་གསུངས་སོ། །
འཇུག་པ་རང་འགྲེལ་ལས། ཆེན་པོ་དམྱལ་བ། འབྲིང་དུད་འགྲོ། ཆུང་ངུ་གཤིན་རྗེའི་འཇིག་རྟེན་གྱི་རྒྱུ་རུ་གསུངས། དེ་ནི་རྣམ་སྨིན་གྱི་འབྲས་བུའོ། །རྒྱུ་མཐུན་པ་ལས་བྱེད་པ་རྒྱུ་མཐུན་ནི་མི་དགེ་བ་གང་བྱེད་དེར་དགའ་བའོ། །མྱོང་བ་རྒྱུ་མཐུན་ནི་ཚེ་ཐུང་བ་ལ་སོགས་དང་། དབང་གི་འབྲས་བུ་ཡུལ་ཚེར་མ་དང་ལོ་འབྲས་མི་སྨིན་པ་ལ་སོགས་པར་སྐྱེ་བའོ། །དེས་ན་ལུང་རྣམ་འབྱེད་ལས། ངག་རྣམས་བསྲུང་ཞིང་ཡིད་ཀྱིས་རབ་བསྡམས་ཏེ། །ལུས་ཀྱི་མི་དགེ་དག་ནི་མི་བྱེད་ཅིང་། །ལས་ལམ་བཅུ་པོ་འདི་དག་རབ་སྤྱད་ན། །དྲང་སྲོང་མཆོག་གི་ལམ་ནི་འཐོབ་པར་འགྱུར། །ཞེས་སོ། །
གཉིས་པ་ནི། ལས་དགེ་སྡིག་བྱས་པའི་འབྲ༵ས་བུ༵་ནི་བསྐལ་པ་བརྒྱར་ཡང་ཆུད༵་མི༵་ཟ༵་བར་རང་བྱས་རང་ལ་སྨིན་པར་ངེས་ཏེ། མདོ་ལས། ཅི་འདྲ་བ་ཡི་ལས་བྱས་པ། །དེ་འདྲའི་འབྲས་བུ་ཉིད་དུ་འབྱུང་། །ཞེས་དང་། ལུང་ལས། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །ཅེས་དང་། མདོ་སྡེ་ལས་བརྒྱ་པ་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབས་པ་ན། །འབྲས་བུ་ཉིད་དུ་སྨིན་པ་ཡིན། །ཞེས་དང་། མདོ་སྡེ་རྒྱན་ལས། ལུས་ཅན་རྣམས་ཀྱི་བདེ་སྡུག་ནི། །ལས་རྣམས་ཡིན་པར་ཐུབ་པས་གསུངས། །ལས་རྣམས་ཀྱང་ནི་སྣ་ཚོགས་ལ། །དེ་ཡིས་འགྲོ་འདི་སྣ་ཚོགས་བྱས། །སྣ་ཚོགས་རྣམ་པར་འཁྱམས་ཤིང་འཇུག །ལས་ཀྱི་དྲྭ་བ་འདི་ཆེའོ། །ཞེས་དང་། ལས་བསགས་པ་ན་ནམ་ཡང་མེད་མི་འགྱུར། །འཁོར་བ་ན་ཡང་དཀར་ནག་འབྲས་བུ་སྨིན། །ཞེས་སོ། །
དེས་ན་རང་གིས་ལས་སྣ་ཚོགས་བྱས་པའི་རྣ༵མ་སྨི༵ན་གྱི་འབྲས་བུ་དངོས་སུ་ཐོ༵ག་ཏུ༵་བ༵བས་པའི་ཚེ༵་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དངོས་སུ་བྱོན་ཀྱང་བཅོ༵ས་སུ༵་མེ༵ད་པར་གསུངས་ཏེ། སངས་རྒྱས་ཕལ་བོ་ཆེ་ལས། ཟླ་བའི་དཀྱིལ་འཁོར་ཤར་གྱུར་ཀྱང་། །སྣོད་དུ་མ་གྱུར་མི་སྣང་ལྟར། །སངས་རྒྱས་ཐུགས་རྗེའི་ཟླ་བ་ཡང་། །སྐལ་བ་མེད་གྱུར་མི་སྣང་ངོ་། །ཞེས་དང་། ཇི་སྐད་དུ། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུད་ཅིང་། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ། །ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་མཛད། །ཅེས་ཐུབ་པས་ཀྱང་ལམ་མ་ནོར་བར་སྟོན་པ་ལས་སྡིག་པ་ཆུས་འཁྲུད་པ་དང་སྡུག་བསྔལ་ཕྱག་གིས་སེལ་བ་མ་བསྟན་ལ། ཀུན་མཁྱེན་བླ་མས། འདི་ལྟར་ཐར་བ་རང་ལ་རག་ལས་ཤིང་། །ཐར་བའི་ཐབས་ནི་ལྷ་མིའི་སྟོན་པས་གསུངས། །གཞན་གྱིས་གློ་བུར་འབྱིན་པའི་ཐབས་མེད་དེ། །གཉིད་སྨྱོས་རྨི་ལམ་སུས་ཀྱང་དགག་མེད་བཞིན། །གལ་ཏེ་ནུས་ན་བདེ་གཤེགས་སྲས་བཅས་ཀྱིས། །ཐུགས་རྗེའི་ཟེར་གྱིས་འཁོར་བ་སྟོངས་ཟིན་ངེས། །དེ་བས་རང་ཉིད་བརྩོན་པའི་གོ་བགོས་ཏེ། །ཐར་ལམ་འཛེགས་ལ་བརྩོན་པའི་དུས་སུ་བབས། །ཞེས་དང་། སྤྱོད་འཇུག་ལས། སེམས་ཅན་ཕན་པར་མཛད་པ་ཡི། །སངས་རྒྱས་གྲངས་མེད་འདས་གྱུར་ཀྱང་། །བདག་ནི་རང་གི་ཉེས་པས་དེའི། །གསོ་བའི་སྤྱོད་ཡུལ་མ་གྱུར་ཏོ། །ཞེས་པ་བཞིན་ནོ། །
དེ་འདྲའི་བཅོས་སུ་མེད་པའི་རྣམ་སྨིན་དེ་ནི་འཆིང་བ་ཀུན་ལྡན་གྱི་སོ་སྐྱེ་རྣམས་མ་ཟད་སངས་རྒྱས་དང་བྱང་སེམས་ཀྱིས་ཀྱང་མྱོང་ཚུལ་གསུངས་ཏེ། བདག་ཅག་གི་སྟོན་པའི་དབུ་བསྙུན་ཚུལ་དང་ཞབས་ལ་སེང་ལྡེང་གི་ཚལ་བུ་ཟུག་ཚུལ་སོགས་དང་། ཀླུ་སྒྲུབ་ཀྱིས་རྩྭ་ཀུ་ཤ་བཏུ་དུས་འབུ་བསད་པའི་རྣམ་སྨིན་མ་སྦྱངས་བས་བདེ་སྤྱོད་ཀྱི་བུས་དབུ་བསླངས་ཏེ་ཀུ་ཤས་བཅད་པའི་རྣམ་ཐར་སོགས་བྱུང་ངོ་། །
དེ་བཞིན་ད་ལྟ་རང་རེ་རྣམས་ཀྱི་དགེ་སྡིག་ལས་ཕལ་ཆེར་རེ་ཞིག་མི་མངོན་ཡང་མེད་པ་མིན་ཏེ། འཇིགས་མེད་གླིང་པས། ས་བླ་མཐོན་པོར་གཤེགས་པའི་མཁའ་ལྡིང་གི །གྲིབ་མ་རེ་ཞིག་ལྟ་བར་མི་མངོན་ཡང་། །ལུས་ཅན་དག་དང་འདུ་འབྲལ་སྤང་བ་བཞིན། །ཚོགས་ཤིང་དུས་ལ་བབ་ཚེ་ལྷག་པར་མངོན། །ཞེས་གསུངས་པ་དང་། རྒྱལ་པོ་ལ་གདམས་པ་ལས། དུས་ཀྱིས་ཉེན་ཏེ་རྒྱལ་པོ་འགྲོ་གྱུར་ན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང་། །སྐྱེས་བུ་དག་ནི་གང་གནས་གར་འགྲོ་ཡང་། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང་། །ཞེས་གསུངས་པས་སོ། །
གསུམ་པ་ནི། ད༵་ལྟ༵་བླ་མ་དགེ་བའི་བཤེས་གཉེན་དང་འཕྲད་དེ་བླང་དོར་གྱི་གནས་ཙམ་ཞིག་ཤེས་པའི་སྐ༵ལ་བ་དང་ལྡ༵ན་ཞིང་དམ་པའི་ཆོས་སྒྲུབ་པའི་མཐུན་རྐྱེན་ཚང་ནས་རང༵་དབང༵་ཡོ༵ད་པའི་དུས༵་འདི༵ར་མི་དགེ་བ་རྣམས་སྤངས་ཏེ་མྱུར་དུ་དགེ་བའི་ལས་བསྒྲུབ་པ་ལ་བརྩོན་དགོས་ཏེ། ཡིད་བཞིན་མཛོད་ལས། འདི་ལྟར་སྣང་ཞིང་འཁོར་བའི་ཆོས་རྣམས་ཀུན། །དགེ་དང་མི་དགེའི་བག་ཆགས་ལས་བྱུང་སྟེ། །
ལས་མ་ཟད་པར་འཁྲུལ་སྣང་སྟོང་མི་སྲིད། །དེ་ཡི་ཕྱིར་ན་མི་དགེ་སྤང་ལ་འབད། །ཅེས་དང་། དགེ་བཤེས་ཁ་རག་པས། ངན་སོང་སྡུག་བསྔལ་འབྱུང་བའི་རྒྱུ། །ལས་ངན་སྡིག་པ་མ་བྱེད་ཨང་། །ཞེས་དང་། ད་ལྟ་དགེ་བའི་ལས་ལ་མ་འབད་ན། །ཕྱི་མར་སྡུག་བསྔལ་མྱོང་བར་འགྱུར་ཏ་རེ། །ཞེས་སོ། །
དེ་བཞིན་དགེ་བ་བསྒྲུབ་འོས་པ་ཡང་། མཛངས་བླུན་ལས། དགེ་བ་ཆུང་ངུ་དག་ལའང་། །མི་ཕན་སྙམ་དུ་བརྙས་མི་བྱ། །ཆུ་ཡི་ཐིགས་པ་བསགས་པ་ཡིས། །སྣོད་ཆེན་རིམ་གྱིས་གང་བར་འགྱུར། །ཞེས་དང་། ཚོམས་ལས། བསོད་ནམས་ཆུང་ངུ་བྱས་པས་ཀྱང་། །འཇིག་རྟེན་ཕ་རོལ་བདེ་ཆེན་འདྲེན། །ཞེས་གསུངས་སོ། །
དེའང་དགེ་སྡིག་གི་ལས་དེ་རྣམས་གཙོ་བོ་སེམས་ལ་རག་ལས་ཏེ། འཇིགས་གླིང་གིས། རྩ་བ་སྨན་དུ་མཆིས་ན་མྱུ་གུའང་སྨན། །རྩ་བ་དུག་ཡིན་མྱུ་གུ་སྨོས་ཅི་དགོས། །བསམ་པ་དགེ་དང་མི་དགེའི་བྱེ་བྲག་ལས། །དགེ་སྡིག་གཟུགས་བརྙན་ཆེ་ཆུང་རྗེས་མི་འགྲོ། །ཞེས་གསུངས་པ་བཞིན་བདག་ཅག་གི་སྟོན་པ་དེད་དཔོན་སྙིང་རྗེ་ཅན་དུ་གྱུར་སྐབས་མི་ནག་མདུང་ཐུང་ཅན་བསད་པས་བསྐལ་པ་བདུན་ཁྲིའི་ཚོགས་རྫོགས་པ་སོགས་མང་དུ་གསུངས་པ་ལྟར་རོ། །
མདོར་ན་ད་ལྟ་རང་གི་ལས་རྒྱུ་འབྲས་ཀྱི་རྣམ་གཞག་ཙམ་ཤེས་ཀྱང་དེ་ལ་ཡིད་ཆེས་མེད་པར་ཚུལ་བཞིན་དུ་ཉམས་སུ་མི་ལེན་པར་རང་མགོ་རང༵་གི༵ས་བསྐོར་བ་སྟེ། ཁ་དཔེ་ལ། རང་མགོ་རང་གིས་བསྐོར་ན་བསྐོར་ཆེན། རང་མགོ་མིས་བསྐོར་ན་བསྐོར་ཆུང་ཟེར་བ་ལྟར་མཐར་ར༵ང་ཉི༵ད་བསླུ༵ས་པར་གྱུར་ན་ཤིན་ཏུ་ཕངས་པ་ཡིན་ཏེ། དཔལ་སྤྲུལ་རིན་པོ་ཆེས། རྒྱུ་འབྲས་རྣམ་གྲངས་ཤེས་ཀྱང་ཡིད་ཆེས་ཞན། །དམ་ཆོས་ཐོས་པ་མང་ཡང་ཉམས་ལེན་མེད། །ཅེས་པ་ལྟར་བྱས་ཏེ་ཉམས་སུ་མ་བླངས་ན། གཞན་སུ༵་ཞིག་གི་མཐུ་ཡི༵ས་སྐྱོ༵བ་པར་འགྱུར་ཏེ། དེ་ནི་སངས་རྒྱས་ཀྱིས་ཀྱང་སྐྱོབ་པར་དཀའ་བས། ངས་ནི་ཁྱོད་ལ་ཐར་བའི་ལམ་བསྟན་ཏེ། །ཐར་བ་རང་ལ་རག་ལས་ཤེས་པར་གྱིས། །ཞེས་འདུལ་བ་ལུང་ལས་གསུངས་སོ། །
དེས་ན་ལར་མངོན་ཤེས་དང་གྲུབ་རྟགས་མངའ་ཞིང་ལྟ་སྒོམ་སོགས་ཇི་ལྟར་མཐོ་ནའང་གཟུང་འཛིན་དབྱིངས་སུ་མ་ནུབ་བར་རྒྱུ་འབྲས་ཀྱི་གནད་འདི་ལ་ཞིབ་པ་ནི་ཤིན་ཏུ་གལ་ཆེ་བས། ཨོ་རྒྱན་ཆེན་པོས་ཀྱང་། ལར་ལྟ་བ་ནམ་མཁའ་ལས་མཐོ་ཡང་། །ལས་རྒྱུ་འབྲས་བག་ཕྱེ་བས་ཞིབ་དགོས། །ཞེས་གསུངས་པ་ཡིན་ནོ། །དེ་དག་མདོར་བསྡུས་ན་ཐར་ལམ་རབ་གསལ་ལས། དཀར་ནག་ལས་འབྲས་ནམ་ཡང་ཆུད་མི་ཟ། །རྒྱུ་འབྲས་བསླུ་བ་མེད་པའི་ལམ་འདི་ལས། །འཁོར་དང་མྱ་ངན་འདས་པའི་ཆོས་སུ་སྣང་། །རང་བྱས་རང་ལ་སྨིན་པར་ངེས་ན་ཡང་། །ཚུལ་བཞིན་འཇུག་ལྡོག་མི་ནུས་བདག་ཅག་ལ། །མཆོག་གསུམ་ཀུན་འདུས་བླ་མས་ཐུགས་རྗེས་གཟིགས། །དགེ་སྡིག་བླང་དོར་བགྱིད་པར་བྱིན་གྱིས་རློབས། །ཞེས་གསུངས་པ་བཞིན་ཉམས་སུ་ལེན་པར་བྱའོ། །ཞེས་པའོ། །
བཞི་པ་འཁོར་བའི་སྡུག་བསྔལ་ནི། རྩ་བ་ལས།
བཟོད་དཀའ་འཁོར་བའི་སྡུག་བསྔལ་བྱེ་བྲག་རྣམས། །
དྲན་པ་ཙམ་གྱིས་བ་སྤུ་གཡོ་ནུས་ན། །
བགྲང་ཡས་དུཿཁས་ལུས་སེམས་གདུང་བའི་ཚེ། །
ཇི་འདྲ་ཡིན་ཞེས་རང་ལ་གྲོས་མོལ་མཛོད། །
ཅེས་གསུངས་པའི་དོན་དེ་ལ་དབྱེ་ན། སྤྱིར་འཁོར་བའི་སྡུག་བསྔལ་བསྟན་པ་དང་། བྱེ་བྲག་ངན་སོང་གསུམ་གྱི་སྡུག་བསྔལ་དྲན་པ། འཁོར་བ་ལས་ངེས་པར་འབྱུང་བར་བསྐུལ་བའོ། །དང་པོ། དེའང་དལ་བའི་རྟེན་མི་ལུས་རིན་པོ་ཆེ་དེ་ཉིད་ཐོབ་ཀྱང་ནམ་ཞིག་ཚེ་མི་རྟག་པ་བྱུང་ནས་ཤི་བའི་ཚེ་ན་དེའི་འོག་ཏུ་སྒྲོན་མེའི་འོད་ཡལ་བ་དང་ཆུ་སྐེམ་པ་བཞིན་མེད་དུ་མི་འགྲོ་ཞིང་། ལས་དཀར་ནག་གིས་ཇི་ལྟར་འཕངས་པ་བཞིན་དུ་སྐྱེ་བར་འགྱུར་ལ། གང་སྐྱེ་བ་བླངས་ཚུན་ཆད་འཁོར་བའི་གནས་ལས་མ་འདས་པས་རིགས་དྲུག་གི་གནས་སུ་བརྒྱུད་མར་འཁྱམས་ཏེ་མི་གཙང་བ་ལ་དྲི་ཞིམ་མེད་པ་བཞིན་བདེ་བ་ཅུང་ཟད་ཙམ་ཡང་མི་རྙེད་དེ། ལུང་རྣམ་འབྱེད་ལས། མི་གཙང་འདམ་ན་དྲི་ཞིམ་མེད། །དེ་བཞིན་རིགས་དྲུག་བདེ་བ་མེད། །འབར་བའི་འོབས་ན་བསིལ་བ་མེད། །སྲིད་པ་དག་ནའང་དགའ་བ་མེད། །ཅེས་དང་། ཙནྡྲ་པས། མི་གཙང་བ་ལ་དྲི་ཞིམ་མེད་པ་ལྟར། །དེ་བཞིན་འགྲོ་ལྔ་དག་ན་བདེ་བ་མེད། །ཅེས་དང་། བྱམས་པས་ཀྱང་། མི་གཙང་བ་ལ་དྲི་ཞིམ་མེད་བཞིན་འགྲོ་ལྔ་དག་ན་བདེ་བ་མེད། །དེ་ཡི་སྡུག་བསྔལ་མེ་མཚོན་ལ་སོགས་རེག་སྐྱེས་བཞིན། །ཞེས་སོ། །
དེར་མ་ཟད་ཤིན་ཏུ་བཟོ༵ད་པར་དཀ༵འ་བའི་འཁོ༵ར་བའི༵་སྡུ༵ག་བསྔ༵ལ་གསུམ་གྱི་གཙོས་མི་འདོད་པ་སྣ་ཚོགས་ཀྱིས་བར་མེད་དུ་བཅིངས་པ་ཡིན་ཏེ། མཁས་འཇུག་ལས། འཁོར་བའི་བདེ་བ་ལྟར་སྣང་བ་ཐམས་ཅད་ཀྱང་མཐར་འགྱུར་བའི་སྡུག་བསྔལ་དང་། ཚ་གྲང་བཀྲེས་སྐོམ་ནད་སོགས་ངོ་བོ་ཉིད་ཀྱི་སྡུག་བསྔལ་སྡུག་བསྔལ་གྱི་སྡུག་བསྔལ་དང་། ཟག་བཅས་ཀྱི་ཕུང་པོ་མཐའ་དག་སྲིད་པ་ཉེ་བར་ལེན་པས་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་དང་གསུམ་པོས་བཅིངས་པའི་ཕྱིར། ཞེས་དང་། དྲན་ཉེར་ལས། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། །དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །མི་དག་འཚོ་བ་ཐུང་བས་ཉམས། །ལྷ་མིན་འཐབ་ཅིང་རྩོད་པས་ཉམས། །འཁོར་བ་ཁབ་ཀྱི་རྩེ་མོ་ལ། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་དང་། དེ་བཞིན་ཨོ་རྒྱན་ཆེན་པོས། འཁོར་བར་ཁབ་ཀྱི་རྩེ་མོར་ཡང་། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་སོ། །དེས་ན་མི་ཡུལ་སོགས་མཐོ་རིས་ལའང་ཇི་སྐད་དུ། ཚོགས་ཀྱི་གཏམ་ལས། ངན་འགྲོའི་སྡུག་བསྔལ་མ་ལུས་པ། །མི་རྣམས་ལ་ཡང་ཡོད་པར་སྣང་། །ཞེས་པ་ལྟར་རོ། །
གཉིས་པ་ནི། བྱེ༵་བྲ༵ག་ངན་སོང་གསུམ་གྱི་སྡུག་བསྔལ་རྣམ༵ས་དྲན་པར་བྱ་སྟེ། ཀླུ་སྒྲུབ་ཀྱིས། རབ་ཏུ་ཚ་ཞིང་གྲང་བ་ཡི། །དམྱལ་བའི་ཉི་མ་གཅིག་བཞིན་དྲན། །བཀྲེས་སྐོམ་དག་གིས་རིད་པ་ཡི། །ཡི་དྭགས་དག་ཀྱང་དྲན་པར་བྱ། །རྨོངས་པའི་སྡུག་བསྔལ་རབ་མང་བའི། །བྱོལ་སོང་སྡུག་བསྔལ་བལྟ་ཞིང་དྲན་པར་བྱ། །དེའི་རྒྱུ་རྣམས་སྤངས་བདེ་རྒྱུ་སྤྱད། །ཐོབ་དཀའ་འཛམ་གླིང་མི་ཡི་ལུས། །དེ་ཐོབ་དུས་སུ་ངན་སོང་རྒྱུ། །རབ་ཏུ་བསྒྲིམས་ཏེ་གཅད་པར་བྱ། །ཞེས་པ་ལྟར་དམྱལ་བ་དང་། ཡི་དྭགས་དུད་འགྲོ་གསུམ་གྱི་སྡུག་བསྔལ་ཇི་ལྟར་དྲན་ཚུལ་བཤད་པ་ལ། དང་པོ་ལ་དམྱལ་ཁམས་བཅོ་བརྒྱད་ལས་ཚ་དམྱལ་བརྒྱད་ནི། ཇི་སྐད་དུ། ཡང་སོས་ཐིག་ནག་བསྡུས་འཇོམས་དང་། །ངུ་འབོད་ངུ་འབོད་ཆེ་ཚ་བ། །རབ་ཚ་མནར་མེད་ཚ་བ་བརྒྱད། །ཅེས་སོ། །དང་པོ་ཡང་སོས་ནི། ལྕགས་སྲེག་གི་ས་གཞི་མེ་དཔུང་འབར་བའི་ཀློང་དུ་དམྱལ་བའི་སེམས་ཅན་གྲངས་མེད་པས་ཁྲོ་སེམས་ཀྱིས་འཐབས་ཏེ་མགོ་ལུས་བྲལ་ཞིང་ཤི་བ་ན་སླར་ནམ་མཁའ་ནས་སོས་པར་གྱུར་ཅིག་ཅེས་བསྒྲགས་པས་སླར་ཡང་སྔར་བཞིན་སྡུག་བསྔལ་བ་སྟེ། འདི་ནི་དམྱལ་བའི་སྡུག་བསྔལ་ཤིན་ཏུ་ཆུང་ངུ་རུ་རྩི་ཡང་མི་ཡུལ་གྱི་སྡུག་བསྔལ་ཤིན་ཏུ་ཆེ་བས་ཀྱང་དཔེ་ཙམ་ཡང་མི་འོས་ཚུལ་བཤེས་སྤྲིངས་ལས་གསུངས། དེའི་འོག་ཏུ་ཐིག་ནག་སོགས་མེ་བདུན་འགྱུར་དུ་ཚ་བ་དང་སྡུག་བསྔལ་བདུན་འགྱུར་དུ་ཆེ་བར་གསུངས་ཏེ། ལུང་རྣམ་འབྱེད་ལས། ཐ་མལ་ཙན་དན་དུས་མཐའ་དང་། །དམྱལ་མེ་རྣམས་ཀྱང་གོ་རིམ་བཞིན། །བདུན་འགྱུར་གྱིས་ནི་རབ་ཏུ་ཚ། །དེ་བཞིན་སྡུག་བསྔལ་བདུན་ཕྲག་འགྱུར། །ཞེས་ཐ་མལ་གྱི་མེ་བདུན་འགྱུར་ཙན་དན་གྱི་མེ་དང་། དེ་བདུན་འགྱུར་དུས་མཐའི་མེ། དེ་བདུན་འགྱུར་ཡང་སོས་ཏེ་འོག་མ་རྣམས་སུ་བསྒྲེའོ། །
ཚེ་ཚད་ཀྱང་ཐུན་མོང་དྲན་ཉེར་དང་མཛོད་སོགས་ལྟར་ན། མིའི་ལོ་ལྔ་བརྒྱ་ལ་རྒྱལ་ཆེན་རིགས་བཞིའི་ཞག་གཅིག་ཡིན་ལ། དེ་སུམ་ཅུ་ལ་ཟླ་བ་གཅིག་ཏུ་བརྩིས་པའི་རང་ལོ་ལྔ་བརྒྱ་བཅུ་ནི་ཡང་སོས་ཀྱི་ཞག་གཅིག་ཏུ་བརྩིས་པའི་རང་ལོ་ལྔ་བརྒྱར་སྡུག་བསྔལ་ཏེ། མི་རྣམས་ཀྱི་ལོར་བརྩིས་ན་དྲན་པ་ཉེར་བཞག་ལས། དམྱལ་བ་ཡང་སོས་དག་གི་མི་རྣམས་ཀྱི་ལོ་བྱེ་བ་ཕྲག་འབུམ་དང་། ཡང་དྲུག་ཁྲི་དང་སྟོང་ཕྲག་གཉིས་ཀྱི་བར་དུ་ཐུབ་སྟེ། ཞེས་གསུངས་པ་བཞིན་ནོ། །
ཡང་སོས་དེའི་འོག་ཏུ་ཐིག་ནག་སོགས་ཀྱི་སྡུག་བསྔལ་དང་ཚེ་ཚད་དཔག་ཏུ་མེད་ཅིང་། མཐར་བརྒྱད་པ་མནར་མེད་དོ། །དེ་ནི་ཡིད་བཞིན་མཛོད་ལས། དེ་ལས་ཆེ་བའི་སྡུག་བསྔལ་གཞན་མེད་པས། །མནར་མེད་བསྟིར་མེད་ཅེས་སུ་བཤད་པ་ཡིན། །ཞེས་དང་། བཤེས་སྤྲིངས་ལས་ཀྱང་། དེ་བཞིན་སྡུག་བསྔལ་ཀུན་གྱི་ནང་ན་ནི། །མནར་མེད་དམྱལ་བའི་སྡུག་བསྔལ་རབ་མི་བཟད། །ཅེས་གསུངས་ལ། ཚེ་ཚད་ཀྱང་བར་བསྐལ་གཅིག་གོ །
དེ་བཞིན་གྲང་དམྱལ་བརྒྱད་ནི། ཆུ་བུར་ཅན་དང་ཆུ་བུར་རྡོལ་བ་ཅན། །ཨ་ཆུ་ཟེར་དང་ཀྱེ་ཧུད་སོ་ཐམ་པ། །པདྨ་ལྟར་གས་ཨུཏྤལ་པདྨ་ཆེ། །གྲང་བས་ཉམ་ཐག་སྡུག་བསྔལ་ཕ་མཐའ་ཡས། །ཞེས་གསུངས་ལ། དེ་དང་གོ་རིམ་ཅུང་མི་འདྲ་བར་མཁས་འཇུག་སྡོམ་བྱང་ལས། ཨ་ཆུ་ཀྱེ་ཧུད་སོ་ཐམ་པ། །ཆུ་བུར་ཅན་དང་ཆུ་བུར་རྡོལ། །པད་མ་པད་ཆེན་ལྟར་གས་པ། །ཨུཏྤལ་ལྟར་གས་གྲང་དམྱལ་བརྒྱད། །ཅེས་སོ། །དེ་ལ་སེམས་ཉིད་ངལ་གསོའི་འགྲེལ་ཆེན་དང་། ཀུན་བཟང་བླ་མའི་ཞལ་ལུང་། རྗེའི་ལམ་རིམ་སོགས་ལས་སྔ་མའི་རིམ་པ་ལྟར་གསུངས་སོ། །
ཚེ་ཚད་ནི་མཛོད་ལས། ཏིལ་སྦྱང་ནང་ནས་ལོ་བརྒྱ་ཞིང་། །ཏིལ་གཅིག་ཕྱུང་བས་ཟད་གྱུར་པ། །ཆུ་བུར་ཅན་གྱི་ཚེ་ཡིན་ཏེ། །གཞན་གྱི་ཚེ་ནི་ཉི་ཤུས་བསྒྱུར། །ཞེས་དང་། དྲན་ཉེར་ལས་ཀྱང་། འདི་ལྟ་སྟེ། གྲོང་ཁྱེར་གོ་ས་ལའི་བྲེས་གྲངས་སུ་གཞལ་བའི་ཏིལ་གྱི་ཚོགས་བཅུ་ཚན་ཉི་ཤུ་ཤོང་བའི་རྫང་ཞིག་ཏིལ་གྱིས་བར་མཚམས་མེད་པར་ཡོངས་སུ་བཀང་སྟེ། ཆུ་བུར་ཅན་གྱི་དམྱལ་བ་ལས་ལོ་བརྒྱ་བརྒྱ་ན་ཏིལ་ཉག་མ་རེ་རེ་ཕྱིར་ཕྱུང་བས་ཟད་པར་འགྱུར་བ་དེའི་ཚེ། ཆུ་བུར་ཅན་གྱི་སེམས་ཅན་ཚེ་འཕོ་བར་རིག་པར་བྱ་སྟེ། གཞན་དག་ནི་དེ་བས་ཀྱང་ཆེས་ལྷག་པ་ཉི་ཤུས་བསྒྲེས་པར་སྡུག་བསྔལ་ཆེན་པོ་བརྣག་དགོས་སོ། །ཞེས་སོ། །
གཞན་ཡང་ཉི་ཚེ་བའི་དམྱལ་བ་ནི། འདུལ་བ་ལུང་ལས། དེས་ན་མོའུ་འགལ་གྱི་བུ་རྒྱ་མཚོའི་མཐར་ཕྱིན་པ་ལས། ཉི་ཚེ་བའི་སེམས་ཅན་གཏུན་ལྟ་བུ་དང་། ཕྱགས་མ་ལྟ་བུ་དང་། ལྗོན་ཤིང་ལྟ་བུ་རབ་ཏུ་མང་པོ་སྡུག་བསྔལ་གྱིས་གདུང་བ་མཐོང་སྟེ། ཞེས་པ་བཞིན་དུ་སྒོ་དང་ཀ་བ་ཐབ་དང་ཐག་པ་སོགས་བཀོལ་བའི་ཉེར་སྤྱོད་རྣམས་སོ། །ཉེ་འཁོར་བའི་དམྱལ་བ་ནི། སེམས་ཉིད་ངལ་གསོ་ལས། ཉེ་འཁོར་མནར་མེད་ཁང་པའི་ཕྱི་རོལ་བཞིར། །མེ་མ་མུར་དང་རོ་མྱག་མཚོན་ཆའི་ཐང་། །ཆུ་བོ་རབ་མེད་བཞི་བཞི་བཅུ་དྲུག་གོ །ཞེས་གསུངས་པའོ། །
གཉིས་པ་ཡི་དྭགས་ནི། མགོན་པོ་ཀླུས། ཡི་དྭགས་ལ་ཡང་འདོད་པས་ཕོངས་བ་ཡིས། །བསྐྱེད་པའི་སྡུག་བསྔལ་རྒྱུན་ཆགས་མི་འཆོས་པ། །བཀྲེས་སྐོམ་གྲང་དྲོ་ལ་སོགས་འཇིགས་པ་ཡིས། །བསྐྱེད་པ་ཤིན་ཏུ་མི་བཟད་བསྟེན་འཚལ་ལོ། །ཞེས་དང་། ཡིད་བཞིན་མཛོད་ལས། ཕྱི་ཡི་སྒྲིབ་ཅན་བཟའ་དགུ་མཐོང་ནའང་སྐམ། །ནང་གི་སྒྲིབ་ཅན་གློ་སྙིང་མེ་འབར་ཞིང་། །སྤྱི་མཐུན་སྒྲིབ་པས་ཟས་སྐོམ་ཡིད་ལ་བཏགས། །ཞེས་སྤྱིའི་སྒྲིབ་པ་ཅན་ལ་ནི། ཡིད་དུ་འོང་བའི་དངོས་པོའང་མི་འོང་བ་ཉིད་དུ་འགྱུར་བར་སྣང་ཞིང་། སྨན་ཤིང་ནགས་འདབས་ཆུ་ཀླུང་ཆེན་པོ་སོགས་ཀྱང་མཐོང་མ་ཐག་ཏུ་སྐམ་ཞིང་མགལ་དུམ་དུ་གྱུར་པར་སྣང་བ་དང་། དུས་ཚིགས་ཀྱང་ཕྱིན་ཅི་ལོག་ཏུ་སྣང་སྟེ། བཤེས་སྤྲིངས་ལས། ཡི་དྭགས་རྣམས་ལ་སོས་ཀའི་དུས་སུ་ནི། །ཟླ་བ་ཚ་ཞིང་དགུན་ནི་ཉི་མ་བསིལ། །ཞེས་སོ། །ནང་གི་སྒྲིབ་པ་ཅན་ནི། ཁོང་ནས་མེ་འབར་བས་ནང་ཁྲོལ་ཀུན་སྲེག་ཅིང་ཁ་ནས་དུད་པ་མེ་ལྕེ་བཅས་འཐུལ་ལ། སྤྱི་མཐུན་གྱི་སྒྲིབ་ཅན་ནི་ལོ་བཅུ་གཉིས་ཙམ་ལའང་བཟའ་བཏུང་གི་སྒྲ་ཙམ་ཡང་མི་ཐོས་པ་སོགས་སྡུག་བསྔལ་སྤྱི་དང་མཐུན་པའོ། །ཡང་སློབ་སྤྲིངས་ལས། ཁབ་མིག་ཙམ་གྱི་ཁ་ལ་དཔག་ཚད་མང་འཇིག་པའི། །ལྟོ་ཆེན་ཉམ་ཐག་རྒྱ་མཚོའི་ཆུ་འཐུངས་ཀྱང་། །མགུལ་ཕུགས་ཡངས་པ་ཉིད་དུ་ཕྱིན་པར་མ་གྱུར་བར། །ཁ་ཡི་དུག་གིས་ཆུ་ཡི་རླན་ཡང་སྐམ་པར་འགྱུར། །ཞེས་པ་བཞིན་ནོ། །དེའི་ཚེ་ཚད་ཀྱང་། ཀུན་མཁྱེན་ཆེན་པོས། ཚེ་ཚད་མི་ཡི་ལོ་བརྒྱ་ཡི་དྭགས་ཞག །རང་ལོ་ལྔ་བརྒྱར་སྡུག་བསྔལ་མྱོང་བ་ཡིན། །ཞེས་གསུངས་སོ། །
གསུམ་པ་དུད་འགྲོ་ནི། ཡིད་བཞིན་མཛོད་ལས། དུད་འགྲོ་རྣམས་ལའང་གཅིག་ལ་གཅིག་ཟ་ཞིང་། །འཚེ་དང་བཀོལ་སྤྱད་གསོད་གཅོད་སྡུག་བསྔལ་མང་། །ཚེ་ལ་མ་ངེས་བསྐལ་པ་ལ་སོགས་སོ། །ཞེས་དུད་འགྲོ་བྱིངས་ན་གནས་པ་རྒྱ་མཚོ་ན་གཟུགས་དང་རྣམ་པ་མི་འདྲ་བ་ཆང་དར་མའི་སྦང་མ་ཙམ་དང་། ཁ་འཐོར་བ་ལྷ་མིའི་གནས་ན་བྱ་དང་རི་དྭགས་རྟ་གླང་ཕྱུགས་ལུག་ལ་སོགས་པ་འདི་དག་གཅིག་ལ་གཅིག་ཟ་བ་དང་། འཚེ་བ་དང་། པགས་པ་དང་རུས་པ་ཤའི་ཕྱིར་གསོད་པ་དང་། རྨོ་དང་བཞོ་ལ་སོགས་སྤྱོད་ཅིང་ཁལ་མི་ཐེག་བཞིན་དུ་འགེལ་བ་སོགས་སྡུག་བསྔལ་མཐའ་མེད་དོ། །ཚེ་ཚད་ཀྱང་ཀླུ་ཁ་ཅིག་བསྐལ་པ་རེ་ཙམ་དང་། གཞན་རྣམས་སྐད་ཅིག་ཙམ་གྱིས་མ་ངེས་པ་ཡིན་ནོ། །
དེ་ལྟར་མདོར་ན་མགོན་པོ་ཀླུ་སྒྲུབ་ཀྱིས། དམྱལ་བ་བྲིས་པ་མཐོང་དང་ཐོས་པས་ཀྱང་། །འཇིགས་པ་སྐྱེ་བར་བྱེད་ན་མི་བཟད་པའི། །རྣམ་སྨིན་ཉམས་སུ་མྱོང་ན་ཅི་བྱར་ཡོད། །ཅེས་གསུངས་པ་བཞིན་ངན་སོང་གི་སྡུག་བསྔལ་དེ་རྣམས་རི་མོར་བྲིས་པ་མཐོང་བ་དང་གཞན་གྱིས་སྨྲས་པ་ཐོས་པ་རྣམས་སེམས་ལ་དྲ༵ན་པར་བྱེད་པ༵་ཙ༵མ་གྱི༵ས་ཀྱང་མི་བཟད་པའི་འཇིགས་སྐྲག་སྐྱེས་ཏེ་ལུས་ཀྱི་བ༵་སྤུ༵་རྣམས་ཀྱང་གཡོ༵་ནུ༵ས་པ་ཡིན་ཏེ། བཤེས་སྤྲིངས་ལས། འདི་ན་ཉིན་གཅིག་མདུང་ཐུང་སུམ་བརྒྱ་ཡིས། །རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ལགས་པ། །དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུ་ཡི། །འོལ་ཡང་མི་བཟོད་ཆར་ཡང་མི་ཕོད་དོ། །ཞེས་སོ། །དེས་ན༵་དངོས་སུ་རྣམ་སྨིན་ཉམས་སུ་མྱོང་སྐབས་ཇི་ལྟར་བཟོད་སྙམ་དུ་ངེས་པར་འབྱུང་བའི་ཐབས་ལ་འབད་པར་བྱའོ། །
གསུམ་པ། ངེས་པར་འབྱུང་བའི་ཐབས་ལ་ཇི་ལྟར་འབད་ན། ཐོག་མར་སྡུག་བསྔལ་མེད་ན་ངེས་འབྱུང་མེད་དེ། མདོ་ལས། འཁོར་བར་ཆགས་པའི་ཡིད་དག་ལྡན་རྣམས་རྟག་ཏུ་འཁོར། ཞེས་དང་། བཞི་བརྒྱ་པ་ལས། གང་ལ་འདིར་སྐྱོ་ཡོད་མིན་པ། །དེ་ལ་ཞི་གུས་ག་ལ་ཡོད། །ཅེས་དང་། ཞི་བ་ལྷས། སྡུག་བསྔལ་མེད་པར་ངེས་འབྱུང་མེད། །ཅེས་སོ། །
དེས་ན་སྤྱིར་རིགས་དྲུག་དང་བྱེ་བྲག་ངན་སོང་གསུམ་གྱི་བགྲ༵ང་ཡས༵་པའི་སྡུག་བསྔལ་ཏེ་དུ༵ཿཁ༵་ཡིས༵་རང་གིས་ལུས༵་སེམ༵ས་དངོས་སུ་གདུང༵་བ༵འི་ཚེ༵་ན། ཇི་སྐད་དུ། སྤྱོད་འཇུག་ལས། ད་ལྟའི་སྡུག་བསྔལ་འདི་ཙམ་ཡང་། །བདག་གིས་བཟོད་པར་མི་ནུས་ན། །སེམས་ཅན་དམྱལ་བའི་སྡུག་བསྔལ་དག །ཇི་ལྟར་བདག་གིས་བཟོད་པར་ནུས། །ཞེས་དང་། སྐྱོ་གླུ་ལས། མེ་སྟག་ཆུང་ངུ་མི་བཟོད་གཅེས་དགུ་ཡི་ལུས་འདི། །ལྕགས་སྲེག་ས་གཞིར་ཉལ་བ་སུ་ཞིག་གིས་བཟོད་ནུས། །ཞེས་སོགས་ཀྱི་དོན་ལ་བསམས་ཏེ་སྐབས་དེར་བཟོད་དམ་མི་བཟོད་ཅི༵་འདྲ༵་ཞིག་ཡི༵ན་ཞེ༵ས་ད་ལྟ་ཉིད་ནས་རང་གིས་ར༵ང་ལ༵་ཉིན་རེ་བཞིན་དུ་གྲོ༵ས་མོ༵ལ་གྱི༵ས་ཤིག་ཅེས་སོ། །
གལ་ཏེ་མི་བཟོད་ན་ནི་བཏང་སྙོམས་སུ་གཞག་མི་འོས་པས་མྱུར་དུ་བརྩོན་དགོས་ཏེ། ཕ་དམ་པས། རྡོ་རྗེ་སློབ་དཔོན་བཞུགས་པའི་ཚེ། །དམ་ཆོས་ལེ་ལོར་མ་བཞག་ཨང་། །ཞེས་པ་ལྟར་རོ། །དེ་ལྟར་ངན་སོང་སོགས་ཀྱི་སྡུག་བསྔལ་བསྟན་ཀྱང་ད་དུང་སྐྱོ་ཤས་མེད་ན་ནི། ཇི་སྐད་དུ། ཟ་མ་ཏོག་ལྟ་བུའི་གཏམ་ལས། སྲིད་པའི་སྡུག་བསྔལ་ཐོས་ཀྱང་མི་སྐྱོ་བ། །གང་ལགས་དེ་ནི་ཤིན་ཏུ་བླུན་པས་ཏེ། །རྡོ་ཡི་ཁམས་སམ་ལྕགས་ཀྱི་གའུ་བཞིན། །བདག་ལ་སེམས་མེད་པར་ཞེས་གསལ་བར་མངོན། །ཞེས་དང་། བཞི་བརྒྱ་པ་ལས། སྡུག་བསྔལ་རྒྱ་མཚོ་འདི་ལ་མཐའ། །རྣམ་པ་ཀུན་ཏུ་ཡོད་མིན་ན། །བྱིས་ཁྱོད་འདིར་ནི་བྱིང་བ་ལ། །འཇིགས་པ་ཅིའི་ན་སྐྱེས་མ་གྱུར། །ཞེས་སོགས་གསུངས་པ་ལྟར་རོ། །
དེ་དག་མདོར་བསྡུས་ན། ཐར་ལམ་རབ་གསལ་ལས། བཟོད་པར་དཀའ་བའི་སྡུག་བསྔལ་མང་དང་ལྡན། །བདེ་བར་སྣང་ཡང་ཡིད་བསླུས་འགྱུར་བ་ཅན། །ཟག་བཅས་ཕུང་པོ་མཐའ་དག་སྡུག་བསྔལ་རྒྱུ། །ཁམས་གསུམ་འཁོར་བ་མེ་ཡི་འོབས་འདྲ་ཡང་། །དེ་ལྟར་མི་ཤེས་ཆགས་ལྡན་བདག་ཅག་ལ། །དཀོན་མཆོག་ཀུན་འདུས་བླ་མས་ཐུགས་རྗེས་གཟིགས། །ངེས་འབྱུང་བསམ་པ་སྐྱེ་བར་བྱིན་གྱིས་རློབས། །ཞེས་གསུངས་པ་བཞིན་ཉམས་སུ་ལེན་པར་བྱའོ། །ཞེས་པའོ། །
གཉིས་པ་ཐུན་མིན་ནང་གི་སྔོན་འགྲོ་ལ། སྐྱབས་སུ་འགྲོ་བ་དང་། ཐེག་ཆེན་བྱང་ཆུབ་སེམས་བསྐྱེད་དང་། སྡིག་སྒྲིབ་སྦྱོང་བ་དང་གསུམ་ལས། དང་པོ་སྐྱབས་འགྲོ་ནི། རྩ་བ་ལས།
འདི་འདྲའི་འཇིགས་ཆེན་ཤིན་ཏུ་ཐར་དཀའ་ལས། །
འདྲེན་པའི་ནུས་ལྡན་གཞན་ནས་རྙེད་མི་སྲིད། །
བསླུ་མེད་མཁྱེན་བརྩེ་ནུས་པའི་བདག་ཉིད་ཅན། །
རིན་ཆེན་རྣམ་གསུམ་སྐྱབས་སུ་བསྟེན་པར་རིགས། །
ཞེས་པའི་དོན་དེ་ལ་དབྱེ་ན། སྐྱབས་སུ་འགྲོ་བའི་དགོས་པ་དང་། དབྱེ་བ། ཕན་ཡོན་ལ་བརྟེན་ནས་སྐྱབས་སུ་འགྲོ་ཚུལ་དང་གསུམ་ལས། དང་པོ་ནི། སྒྱུ་འཕྲུལ་གསང་བའི་སྙིང་པོ་ལས། མ་རྟོགས་པ་དང་ལོག་པར་རྟོག །ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། །འདུལ་བ་དགོངས་པ་གསང་བ་དང་། །རང་བཞིན་གསང་བའི་དོན་རྣམས་ནི། །ཞེས་ཕྱི་རོལ་མུ་སྟེགས་པའི་གྲུབ་མཐའ་ནས་གསང་སྔགས་ནང་པ་བླ་ན་མེད་པའི་བར་དུ་བསྟན་ལ། དེ་དག་བསྡུ་ན། དུས་འཁོར་ལས། དེའང་རྣམ་པ་གཉིས་འགྱུར་ཏེ། །ཕྱི་རོལ་པ་དང་ནང་པ་གཉིས། །ཞེས་སོ། །ཕྱི་རོལ་པའི་གྲུབ་མཐའ་རྒྱས་པར་ནི་གྲུབ་མཐའ་མཛོད་དང་འགྲེལ་ཆེན་པད་དཀར་སོགས་སུ་གསུངས་ཤིང་། མདོར་བསྡུས་ན་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། དང་པོ་ཕྱི་རོལ་མུ་སྟེགས་སྡེ་པ་ལ། །སྟོན་པ་དྲུག་དང་འཇིག་ཚོགས་ཉི་ཤུ་དང་། །དྲུག་ཅུ་རྩ་གཉིས་སུམ་བརྒྱ་དྲུག་ཅུ་དང་། །སྡེ་ཚན་བཅུ་གཅིག་ཏར་ཀ་སྡེ་ལྔའོ། །ཞེས་གསུངས་པ་བཞིན་ནོ། །
གཉིས་པ་ནང་པ་ལ། འདུལ་བ་འོད་ལྡན་ལས། བསླབ་པ་གསུམ་ནི་རབ་སྟོན་ཅིང་། །ཕྱག་རྒྱ་བཞི་དང་ཡང་དག་ལྡན། །ཐོག་མ་བར་དང་མཐར་དགེ་བ། །སངས་རྒྱས་གསུང་དུ་མཁས་པས་རྟོགས། །ཞེས་བསྟན་ལ། ཕྱག་རྒྱ་བཞི་ནི་སྡོམ་བཞི་སྟེ། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། འདུས་བྱས་ཐམས་ཅད་ནི་མི་རྟག་པའོ། །ཟག་བཅས་ཐམས་ཅད་ནི་སྡུག་བསྔལ་བའོ། །ཆོས་ཐམས་ཅད་ནི་བདག་མེད་པའོ། །མྱ་ངན་འདས་པ་ནི་ཞི་བའོ། །ཞེས་སོ། །
དེ་ལྟར་ཕྱི་ནང་གི་ཁྱད་པར་ནི། ཇོ་བོ་རྗེས། ཕྱི་པ་ནང་པ་སྐྱབས་འགྲོའི་ཁྱད། །ཅེས་གསུངས་པ་བཞིན་ནང་པ་སངས་རྒྱས་པའི་གྲལ་དུ་འཛུད་པར་བྱེད་པ་ནི་སྐྱབས་སུ་འགྲོ་བ་ཁོ་ན་ཡིན་པས་དེའི་དགོས་པའང་བདག་ཉིད་ཆེན་པོ་ཕྱོགས་ཀྱི་གླང་པོས། རྒྱ་མཚོའི་ནང་ན་རྣམ་པར་གནས། །འདོད་ཆགས་ལ་སོགས་མི་བཟད་པའི། །ཆུ་སྲིན་གྱིས་ནི་ལུས་ཟོས་པས། །དེ་རིང་གང་ལ་སྐྱབས་སུ་འགྲོ། །ཞེས་གསུངས་པ་བཞིན་འདི༵་འདྲ༵འི་སྡུག་བསྔལ་ཏེ་འཁོར་བའི་རྒྱ་མཚོ་ཆེན་པོའི་ནང་དུ་ཐོག་མེད་ནས་བྱིངས་ཏེ་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་ཆུ་སྲིན་གྱིས་ལན་མང་དུ་ལུས་ཟོས་པའི་འཇི༵གས་པ་ཆེ༵ན་པོ་ལས་ཤི༵ན་ཏུ༵་ཐ༵ར་བར་དཀ༵འ་བས་ན། གཏན་དུ་མི་བསླུ་བའི་སྐྱབས་གནས་རིན་པོ་ཆེ་རྣམ་པ་གསུམ་ཡིད་ཁྱེད་ཤེས་ཀྱི་དད་པ་དྲག་པོའི་སྒོ་ནས་བསྟེན་པར་འོས་སོ། །
དེའང་མཉམ་མེད་ཇོ་བོའི་ཞལ་ནས། སྐྱབས་མཆོག་བླ་མ་དཀོན་མཆོག་གསུམ། །སྐྱབས་ཀྱི་ཡུལ་དུ་ལེགས་བསྟེན་ན། །དང་འདོད་ཡིད་ཆེས་བཟང་པོ་ཡིས། །དགེ་བའི་ས་ཆེན་དད་པས་བསྟེན། །ཞེས་མཆོག་གསུམ་ཁོ་ན་ལ་སྐྱབས་ཡོད་ཅིང་། དེ་ལས༵་གཞན་པའི་ལྷ་ཀླུ་མཐུ་བོ་ཆེ་དང་སྡེ་བརྒྱད་མི་མ་ཡིན་སོགས་ལ་ནི་རང་ཉིད་འཁོར་བའི་གནས་སུ་ལས་ཉོན་གྱིས་ལྕགས་སྒྲོག་དམ་པོས་བཅིངས་བས་སྲིད་པའི་སྡུག་བསྔལ་དེ་ལས་འདྲེ༵ན་པ༵འི་ནུ༵ས་པ་དང་མི་ལྡན༵་པ་ཡིན་ཏེ། རྒྱལ་སྲས་ཐོགས་མེད་ཀྱིས། རང་ཡང་འཁོར་བའི་བཙོན་རར་བཅིངས་པ་ཡི། །འཇིག་རྟེན་ལྷ་ཡིས་སུ་ཞིག་སྐྱོབ་པར་ནུས། །ཞེས་པ་བཞིན་ནོ། །
དེས་ན་འབྲོམ་སྟོན་པས། གཞན་གྱི་བཙན་ས་ཞུ་བ་ལ། །དཀོན་མཆོག་གསུམ་ལས་ལྷག་མ་མཆིས། །ཞེས་པ་ལྟར་གཞ༵ན་གང་ནས༵་ཀྱང་སྐྱབས་སུ་བསྟེན་འོས་པ་ཞིག་འཇིག་རྟེན་ཁམས་འདིར་རྙེ༵ད་པའི་གོ་སྐབས་ཐོབ་མི༵་སྲི༵ད་དེ། ཇི་སྐད་དུ། འཇིགས་པས་སྐྲག་པའི་མི་རྣམས་ནི། །ཕལ་ཆེར་རི་དང་ནགས་ཚལ་དང་ །ཀུན་དགའ་ར་དང་མཆོད་གནས་ཀྱི། །ལྗོན་ཤིང་ཆེ་ལ་སྐྱབས་འགྲོ་སྟེ། །སྐྱབས་དེ་གཙོ་བོ་མ་ཡིན་ཞིང་། །ཞེས་སོགས་རྒྱ་ཆེར་གསུངས་སོ། །
གཉིས་པ་སྐྱབས་འགྲོའི་དབྱེ་བ་ལ། དེ་གང་ལ་སྐྱབས་སུ་འགྲོ་ན་བསླུ༵་བ་མེད༵་པའི་སྐྱབས་གནས་ཏེ་གནས་སྐབས་དང་མཐར་ཐུག་གི་སྐྱབས་ཡུལ་གཉིས་ལས། དང་པོ་ནི། སྐྱབས་འགྲོ་བདུན་ཅུ་པ་ལས། སངས་རྒྱས་ཆོས་དང་དགེ་འདུན་ནི། །ཐར་བ་འདོད་པ་རྣམས་ཀྱི་སྐྱབས། །ཞེས་དང་། ཀུན་མཁྱེན་བླ་མས། སྐྱབས་འགྲོའི་ཡུལ་ནི་དཀོན་མཆོག་གསུམ་ཉིད་དེ། །རྒྱུ་ཡི་ཡུལ་གྱུར་གཞན་རྒྱུད་བྱོན་ཟིན་པའི། །སངས་རྒྱས་སྐུ་གསུམ་སྤངས་རྟོགས་ཕྲིན་ལས་ལྡན། །ཆོས་ནི་འགོག་ལམ་བདེན་པ་རྣམ་པ་གཉིས། །དགེ་འདུན་སར་བཞུགས་རྒྱལ་སྲས་འཕགས་རྣམས་ཏེ། །གནས་སྐབས་དེ་གསུམ་མཚུངས་པར་སྐྱབས་སུ་འགྲོ། །ཞེས་ཐེག་ཆེན་གྱི་སྐྱབས་ཡུལ་བསྟན་ཏོ། །
ཐེག་དམན་ལྟར་ན་ཡང་སངས་རྒྱས་དཀོན་མཆོག་ནི། མདོ་པདྨ་དཀར་པོ་ལས། སྐུ་གཟུགས་རྣམ་པ་མང་པོར་དེར་སྤྲུལ་ནས། །འགྲོ་བ་དགེ་བར་སྤྱོད་པའི་དོན་བྱེད་དོ། །ཞེས་སོ། །ཆོས་དཀོན་མཆོག་ནི། སྙན་གྱི་གོང་རྒྱན་ལས། ལྔ་བརྒྱ་ཐ་མར་གྱུར་པ་ན། །ང་ཉིད་ཡི་གེ་གཟུགས་སུ་གནས། །ང་ཡིན་སྙམ་དུ་ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པ་གྱིས། །ཞེས་གསུངས་པའི་ཡི་གེ་ཡང་བདུད་དང་ཀླ་ཀློ་སོགས་ཀྱི་ཡི་གེ་མིན་པར་ཡང་གསུངས་ཏེ། ཡི་གེ་སངས་རྒྱས་སྤྲུལ་བ་སྟེ། །བསྟན་པ་ནུབ་ན་མི་འབྱུང་ཞིང་། །མུ་སྟེགས་ཀླ་ཀློ་སོགས་ལ་མེད། །དེ་ཕྱིར་ཡི་གེ་སྤྲུལ་བ་ཡིན། །ཞེས་པ་བཞིན་ནོ། །དགེ་འདུན་དཀོན་མཆོག་ནི། ཇི་སྐད་དུ། ཆེན་པོ་བསྙེན་པར་རྫོགས་པ་སྟེ། །དགེ་སློང་དགེ་འདུན་ཆེན་པོ་དང་། །ཞེས་གསུངས་པ་སོགས་སོ། །
དེའང་རྒྱུ་སྐྱབས་དང་འབྲས་སྐྱབས་གཉིས་སུ་དབྱེ་ཚུལ་ནི། སེམས་ཉིད་ངལ་གསོའི་འགྲེལ་བ་ལས། དེའང་མཚན་ཉིད་ཐེག་པས་ཆོས་སྐུ་མཐར་ཐུག་རང་གི་རྒྱུད་ལ་ཐོབ་པར་འདོད་པ་ནི་འབྲས་བུའི་སྐྱབས་འགྲོ་ཡིན་ལ། དེ་མ་ཐོབ་ཀྱི་བར་དུ་དཀོན་མཆོག་གསུམ་ལ་ལམ་གྱི་སྐྱེལ་མར་སྐྱབས་སུ་འགྲོ་བ་ནི་དེ་འཐོབ་པའི་རྒྱུ་བྱེད་པས་རྒྱུའི་སྐྱབས་འགྲོ་ཞེས་བྱའོ། །ཞེས་དང་། གསང་སྔགས་པས་ནི་རང་ལ་ཡོད་པའི་སེམས་ཉིད་སངས་རྒྱས་སུ་ད་ལྟ་རང་ཆས་སུ་གནས་པ་མངོན་དུ་མཐོང་བར་འདོད་ནས་ཐུན་མོང་ཕྱི་རོལ་གྱི་ཡུལ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་། ཐུན་མོང་མ་ཡིན་པ་རང་གི་སེམས་ཉིད་གདོད་ནས་མ་སྐྱེས་པའི་ངང་ལ་མཉམ་པར་འཇོག་གོ །དེའང་དཀྱིལ་འཁོར་སོ་སོའི་དཀོན་མཆོག་གསུམ་དང་། བསྟན་པ་སྤྱིའི་དཀོན་མཆོག་གསུམ་གཉིས་ཀ་རྒྱུའི་སྐྱབས་ཡུལ་དུ་འདོད་ལ། དེ་ལ་སྐྱབས་སུ་འགྲོ་བ་ནི་རྒྱུའི་སྐྱབས་འགྲོའོ། །རང་གི་སེམས་ཉིད་རང་བྱུང་གི་ཡེ་ཤེས་དཀོན་མཆོག་གསུམ་ཡེ་ནས་གནས་པ་ནི་འབྲས་བུའི་སྐྱབས་ཡུལ་ཏེ། དེ་ལ་བླང་དོར་དང་བཅོས་བསླད་མེད་པར་རྩེ་གཅིག་ཏུ་འཇོག་པ་ནི་འབྲས་བུའི་སྐྱབས་འགྲོའོ། །ཞེས་སོ། །
གཉིས་པ་མཐར་ཐུག་གི་དབང་དུ་བྱས་ན་སྐྱབས་ཡུལ་ནི་སངས་རྒྱས་ཉག་གཅིག་ཡིན་ཏེ། རྒྱུད་བླ་མ་ལས། དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཞེས་དང་། ཆོས་རྣམ་གཉིས་དང་འཕགས་པའི་ཚོགས། །གཏན་གྱི་སྐྱབས་མཆོག་མ་ཡིན་ནོ། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཉིད། །སྐྱོབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཕྱིར། །ཞེས་པའི་དོན་ཡང་འོག་མིན་ན་བཞུགས་པའི་སངས་རྒྱས་དེའི་སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་ཆོས་སྐུ་ཡིན་པས་སྐྱབས་ཡུལ་ཡིན་ནོ་ཞེས་མཁས་པ་དག་བཞེད་དོ། །ཞེས་གསུངས། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། མཐར་ཐུག་སངས་རྒྱས་ཆོས་སྐུ་ཉག་གཅིག་སྟེ། །དཀོན་མཆོག་མཐར་ཐུག་སྐྱབས་ཉིད་དམ་པ་ཉིད། །ལམ་བདེན་ཀུན་རྫོབ་རྒྱལ་སྲས་སྒྲིབ་བཅས་ཕྱིར། །སངས་རྒྱས་ཉིད་ལས་མཐར་ཐུག་སྐྱབས་གང་ཞིག །ཅེས་སོ། །དེ་བཞིན་དུ་མཐར་ཐུག་གི་སྐྱབས་ཡུལ་བླ་མ་ཁོ་ནར་བཟུང་ནས་སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་ཆོས་སྐུ་ཡིན་པར་ཡང་གསུངས་སོ། །
དེ་ལྟར་སྤངས་རྟོགས་མཐར་ཕྱིན་པའི་སངས་རྒྱས་དེའི་ཡོན་ཏན་ནི། མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཅེས་པ་བཞིན་དུ་དང་པོ་མཁྱེན༵་པའི་ཡོན་ཏན་ནི། ཇི་ལྟ་བ་དང་ཇི་སྙེད་ཀྱིས་ཤེས་བྱ་མ་ལུས་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་ལྟར་ཐོགས་མེད་དུ་མཁྱེན་ཏེ། ཇི་སྐད་དུ། བཅོམ་ལྡན་དུས་ཀུན་གཏོགས་པའི་ཆོས། །རྣམ་ཀུན་འབྱུང་གནས་ཐམས་ཅད་ནི། །ལག་མཐིལ་སྐྱུ་རུ་ར་ལྟ་བུར། །ཁྱོད་ཀྱི་ཐུགས་ཀྱི་སྤྱོད་ཡུལ་འགྱུར། །ཞེས་སོ། །
གཉིས་པ་བརྩེ༵་བའི་ཡོན་ཏན་ནི། དེ་ལྟར་མཁྱེན་པའི་ཡོན་ཏན་ཙམ་ལྡན་ཡང་བརྩེ་བ་མེད་ན་སེམས་ཅན་གྱི་དོན་དུ་མི་བརྩོན་ན་སངས་རྒྱས་ནི་དེ་ལས་ཟློག་སྟེ། སེམས་ཅན་རྣམས་ཉོན་མོངས་པས་རང་དབང་མེད་པར་བཅིངས་པ་བཞིན་དུ། ཐུབ་པ་ཡང་སྙིང་རྗེ་ཆེན་པོས་རང་དབང་མེད་པར་བཅིངས་པས་འགྲོ་བ་རྣམས་སྡུག་བསྔལ་བར་གཟིགས་ནས་ཐུགས་རྗེ་ཆེན་པོ་རྒྱུན་ཆད་མེད་པར་སྐྱེ་སྟེ། བརྒྱ་ལྔ་བཅུ་པ་ལས། འགྲོ་བ་འདི་དག་ཐམས་ཅད་ནི། །ཁྱད་མེད་ཉོན་མོངས་པ་ཡིས་བཅིངས། །ཁྱོད་ནི་འགྲོ་བའི་ཉོན་མོངས་དག །གྲོལ་སླད་ཡུན་རིང་ཐུགས་རྗེས་བསྡམས། །ཞེས་སོ། །
གསུམ་པ་ནུས༵་པའི༵་ཡོན་ཏན་ནི། གོང་དུ་དེ་གཉིས་ཙམ་གྱིས་མི་ཆོག་པར་ད་དུང་འགྲོ་ཀུན་སྒྲོལ་བའི་ནུས་པའང་དགོས་ཏེ། བསྔགས་འོས་བསྟོད་འོས་ལས། ཁྱོད་ཀྱིས་གང་ལས་འགྲོ་བ་དག །མ་དྲངས་རྒུད་པ་དེ་གང་མཆིས། །གང་དང་འཇིག་རྟེན་མ་སྤྲད་པའི། །ཕུན་ཚོགས་དེ་ཡང་གང་ཞིག་མཆིས། །ཞེས་དང་། བརྒྱ་ལྔ་བཅུ་པ་ལས། ཕན་དགོངས་ཐུགས་རྗེ་ཅན་གྱིས་ནི། །སེམས་ཅན་རྣམས་ལ་བགྱིད་འཚལ་བ། །གང་ཞིག་ཁྱེད་ཀྱིས་མ་མཛད་པ། །གཞན་ཀོ་ཅི་ཞིག་མཆིས་ལགས་ཀྱེ། །ཞེས་སོ། །
མདོར་ན་ཁྱད་པར་འཕགས་བསྟོད་ལས། བདག་ནི་སྟོན་པ་གཞན་སྤངས་ནས། །བཅོམ་ལྡན་ཁྱེད་ལ་བདག་སྐྱབས་མཆི། །དེ་ཅིའི་སླད་དུ་ཞེ་ན་ཁྱོད། །སྐྱོན་མི་མངའ་ལ་ཡོན་ཏན་ལྡན། །ཞེས་གསུངས་པ་བཞིན་ནོ། །དེས་ན་གནས་སྐབས་སུ་སྐྱབས་ཡུལ་གསུམ་དང་མཐར་ཐུག་ཡོན་ཏན་གསུམ་གྱི་བད༵ག་ཉིད༵་ཅ༵ན་དེ་ཁོ་ན་སྐྱབས་ཡུལ་དུ་བསྟན་ཏོ། །
གསུམ་པ། ཕན་ཡོན་ལ་བརྟེན་ཏེ་སྐྱབས་སུ་འགྲོ་ཚུལ་ཏེ། དྲི་མ་མེད་པའི་མདོ་ལས། སྐྱབས་སུ་སོང་བའི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་ཡང་། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་དང་། མྱང་འདས་ལས། གང་སུ་གསུམ་ལ་སྐྱབས་འགྲོ་བ། །དེ་དག་མྱུར་དུ་འཚང་རྒྱ་འགྱུར། །ཞེས་དང་། ཕར་ཕྱིན་བསྡུས་པ་ལས། སྐྱབས་སོང་བསོད་ནམས་གཟུགས་མཆིས་ན། །ཁམས་གསུམ་འདི་ཡང་སྣོད་དུ་ཆུང་། །རྒྱ་མཚོ་ཆེན་པོ་ཆུ་ཡི་གཏེར། །ཕུལ་གྱིས་གཞལ་བར་ག་ལ་ནུས། །ཞེས་སོ། །
མཐར་ཐུག་སངས་རྒྱས་ལ་སྐྱབས་སུ་སོང་བའི་ཕན་ཡོན་ཡང་། ཉི་མའི་སྙིང་པོའི་མདོ་ལས། སངས་རྒྱས་སྐྱབས་སུ་སེམས་ཅན་སུ་འགྲོ་བ། །བདུད་རྣམས་བྱེ་བས་བསད་པར་མི་ནུས་ཏེ། །ཚུལ་ཁྲིམས་ཉམས་ཤིང་བློ་ནི་འཁྲུགས་གྱུར་ནའང་། །དེ་ནི་ངེས་པར་སྐྱེ་བའི་ཕ་རོལ་འགྲོ། །ཞེས་དང་། དེ་བཞིན་དུ་རྟོགས་བརྗོད་ལས། གང་ཞིག་སངས་རྒྱས་སྐྱབས་འགྲོ་བ། །དེ་དག་ངན་འགྲོར་མི་འགྲོ་སྟེ། །མི་ཡི་ལུས་ཀྱང་སྤངས་ནས་ནི། །ལྷ་ཡི་ལུས་སུ་སྐྱེ་བར་འགྱུར། །ཞེས་དང་། གཞན་ཡང་དམ་པའི་ཆོས་པད་དཀར་གྱི་མདོ་ལས། བདེ་གཤེགས་སྐུ་ནི་རྩིག་ངོས་བྲིས་པ་ལ། །དང་བའི་སེམས་ཀྱིས་ཐལ་མོ་སྦྱར་བ་ལ། །མེ་ཏོག་གཅིག་ཙམ་གྱིས་ནི་མཆོད་པ་དང་། །འཁྲུགས་བཞིན་པ་ཡི་སེམས་ཀྱིས་མཆོད་ན་ཡང་། །དེ་དག་རིམ་གྱིས་སངས་རྒྱས་བྱེད་པར་མཐོང་། །བྱིས་པ་རྩེད་མོར་དགའ་དང་དེ་བཞིན་དུ། །བྱེ་མ་ལ་ནི་མཆོད་རྟེན་བྱེད་པ་དང་། །རྩིག་ངོས་ཤིང་བུ་སེན་མོས་གཟུགས་བྲིས་པ། །དེ་དག་རྣམས་ཀྱང་བྱང་ཆུབ་མཆོག་འདི་ཐོབ། །ཅེས་དངོས་སུ་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་ལ་ལྟ་ཅི་སྨོས་ཏེ། ལུང་མ་བསྟན་པའི་སྒོ་ནས་ལན་ཅིག་རྩིག་ངོར་རི་མོ་བྲིས་པའང་མཐར་འཚང་རྒྱའོ། །
གཞན་ཡང་དཀོན་མཆོག་གསུམ་ལ་སྐུར་པ་འདེབས་པ་དང་། མཆོད་རྟེན་བཤིག་པ་དང་། གསུང་རབ་འཚོང་བ་ལ་སོགས་པའང་གནས་སྐབས་ངན་འགྲོར་འགྲོ་ཡང་མཐར་ཐུག་བྱང་ཆུབ་པར་འགྲུབ་སྟེ། མཐོང་བ་དང་ཐོས་པ་དང་རེག་པ་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཅིག་ཅེས་སངས་རྒྱས་ཀྱིས་བདེན་པས་བྱིན་གྱིས་བརླབས་པའི་ཕན་ཡོན་ལས་བྱུང་སྟེ། དཀོན་མཆོག་བརྩེགས་པ་ལས། སེམས་ཅན་ལ་ལ་ཞིག་གིས་ལས་ཀྱི་སྒྲིབ་པ་ཀུན་ཏུ་འཁོར་བའི་ཕྱིར། དེ་བཞིན་གཤེགས་པ་ལ་མ་དད་པ་ཞིག་བྱས་ན་ཡང་། དེ་དག་གིས་མཐོང་བའི་དགེ་བའི་རྩ་བ་དེ་ནི་ཡོངས་སུ་མྱ་ངན་ལས་འདས་པའི་བར་དུ་ཡོད་དོ། །ཞེས་དང་། སྤྱོད་འཇུག་ལས། གང་ལ་གནོད་པ་བྱས་ཀྱང་བདེ་འབྲེལ་བ། །བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆི། །ཞེས་སོ། །
དེ་ལྟར་ཕན་ཡོན་ལ་བསམས་ནས་སྐྱབས་འགྲོའི་སྡོམ་པ་རང་རྒྱུད་ལ་བླངས་ཏེ། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་ཞེས་སོགས་དཀོན་མཆོག་བརྩེགས་པ་དང་ཟླ་བ་སྒྲོན་མེ་སོགས་ལས་གསུངས་པ་བཞིན། དཀོན་མཆོག་རི༵ན་ཆེ༵ན་རྣ༵མ་པ་གསུམ༵་པོའི་ཡོན་ཏན་རྗེས་སུ་དྲན་པར་བྱས་ཏེ་སྐྱབ༵ས་སུ༵་བསྟེན༵་པར༵་བྱ་དགོས་ལ། དེའང་ཐོག་མར་དཀོན་མཆོག་ལ་སྙིང་ཐག་པ་ནས་སྐྱབས་སུ་འཛིན་དགོས་ཀྱི།
དེ་མེད་ན་དགེ་བ་གང་བྱས་ཀྱང་འཚང་རྒྱ་བར་མི་འགྱུར་བས་སྡོམ་པ་ཐམས་ཅད་ཀྱི་རྟེན་དུ་གྱུར་པ་སྟེ། མཛོད་འགྲེལ་ལས། སྐྱབས་སུ་འགྲོ་བ་རྣམས་ནི་སྡོམ་པ་ཡང་དག་པར་བླངས་པ་ཐམས་ཅད་ལ་སྒོར་གྱུར་པ་ཡིན་ནོ། །ཞེས་དང་། སྐྱབས་འགྲོ་བདུན་ཅུ་པ་ལས། དགེ་བསྙེན་གསུམ་ལ་སྐྱབས་འགྲོ་བ། །དེ་ནི་སྡོམ་བརྒྱད་རྩ་བ་ཡིན། །ཞེས་དང་། དེ་ཉིད་ལས། སྡོམ་པ་ཀུན་ལ་ཡོད་མོད་ཀྱི། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་གསུངས་པ་བཞིན་ནོ། །
དེས་ན་སྐྱབས་སྡོམ་ཐོབ་ནས་དེའི་བསླབ་བྱ་རྣམས་ཀྱང་སྲུང་རིག༵ས་པས་བསླབ་བྱ་ལ་དབྱེ་ན། སྤང་བའི་བསླབ་བྱ་གསུམ་དང་། སྒྲུབ་པའི་གསུམ་དང་། ཆ་མཐུན་གྱི་གསུམ་མོ། །དང་པོ་ནི། སངས་རྒྱས་ལ་སྐྱབས་སུ་སོང་ནས་འཇིག་རྟེན་པའི་ལྷ་དང་མུ་སྟེགས་པར་སྐྱབས་སུ་མི་འགྲོ་བ་དང་། ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་འཚེ་བ་སྤང་བ་དང་། དགེ་འདུན་ལ་སྐྱབས་སུ་སོང་ནས་གྲོགས་མུ་སྟེགས་དང་མི་འགྲོགས་པ་སོགས་མདོ་མྱང་འདས་ལས་གསུངས་པ་བཞིན་ནོ། །གཉིས་པ་ནི། སངས་རྒྱས་ལ་སྐྱབས་སུ་སོང་ནས་སངས་རྒྱས་ཀྱི་སྐུ་རྟེན་བྲིས་པ་དང་བརྐོས་པ་དུམ་ཆག་ཡན་ཆོད་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་བསྐྱེད། ཆོས་ལ་སྐྱབས་སུ་སོང་ནས་གསུང་རབ་ཡིག་འབྲུ་བཅས་ལ་གུས་པས་མཆོད། དགེ་འདུན་ལ་སྐྱབས་སུ་སོང་ནས་དགེ་འདུན་དཀོན་མཆོག་གི་རྟེན་ལྷན་པ་དམར་སེར་ཡན་ཆོད་ལ་དགེ་འདུན་དངོས་ཀྱི་འདུ་ཤེས་བསྐྱེད་དགོས་པ་སོགས་ལུང་རྣམ་འབྱེད་དང་ཕྲན་ཚེགས་ལས་གསུངས་པ་བཞིན་ནོ། །གསུམ་པ་ནི། བླ་མ་ལ་སངས་རྒྱས་དང་། དེའི་གསུང་ལ་ཆོས། དེའི་འཁོར་དང་གྲོགས་མཚུངས་པར་སྤྱོད་པ་རྣམས་ལ་དགེ་འདུན་གྱི་འདུ་ཤེས་བསྐྱེད་དགོས་པ་སོགས་སྔོན་འགྲོ་རྣམས་སུ་གསུངས་པ་བཞིན་དུ་བྱའོ། །ཞེས་པའོ། །
གཉིས་པ་ཐེག་ཆེན་སེམས་བསྐྱེད་ནི། རྩ་བ་ལས།
སྲིད་གསུམ་སྡུག་བསྔལ་བདག་བདེ་འདོད་ལས་བྱུང་། །
བདེ་དགེ་མཐའ་དག་གཞན་ཕན་སེམས་ལས་འཁྲུངས། །
དེ་ཕྱིར་ལྷ་མིའི་སྟོན་པའི་རྗེས་བསྙེགས་ཏེ། །
བླ་མེད་བྱང་ཆུབ་སེམས་མཆོག་བསྐྱེད་པར་རིགས། །
ཞེས་གསུངས་པའི་དོན་དེ་ལ་དབྱེ་ན། བྱང་སེམས་བསྐྱེད་དགོས་པའི་རྒྱུ་མཚན་དང་། སེམས་བསྐྱེད་དངོས། བསྐྱེད་པར་གདམས་པའོ། །དང་པོ་ལ། བདག་ལ་གཅེས་པར་བཟུང་བའི་ཉེས་པ་དང་། གཞན་ལ་གཅེས་པར་བཟུང་བའི་ཕན་ཡོན་ལས། དང་པོ་ནི། ཚིག་རྐང་དང་པོས་བསྟན་ཏེ། དེ་ཡང་འདོད་ཁམས་དང་གཟུགས་ཁམས། གཟུགས་མེད་ཀྱི་སྲིད༵་པ་གསུམ༵་ན་མི་འདོད་པའི་སྡུག༵་བསྔལ༵་ཇི་སྙེད་ཅིག་ཡོད་པ་ཐམས་ཅད་ཀྱང་ཚེ་རབས་ཐོག་མ་མེད་པ་ནས་རང༵་ཉིད་ཁོ་ན་བདེ༵་ན་སྐྱིད་ན་ཅི་མ་རུང་སྙམ་དུ་བདག་གཅེས་པར་བཟུང་བའི་འདོ༵ད་པ་འདི་ཁོ་ན་ལ༵ས་བྱུང༵་བ་ཡིན་ཏེ། བློ་སྦྱོང་ལས། བདག་ནི་ལས་ངན་གྱི་རྩ་བ་སྟེ། རྒྱངས་ཀྱིས་བསྐྱུར་བའི་ཆོས་ཤིག་ཡིན། ཞེས་དང་། རྒྱལ་སྲས་ཐོགས་མེད་ཀྱིས། སྡུག་བསྔལ་མ་ལུས་བདག་བདེ་འདོད་ལས་བྱུང་། །ཞེས་དང་། སྤྱོད་འཇུག་ལས། འཇིག་རྟེན་བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་བྱུང་། །འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ། །དེ་ཀུན་བདག་བདེ་འདོད་ལས་བྱུང་། །མང་དུ་བཤད་ལྟ་ཅི་ཞིག་དགོས། །བྱིས་པས་རང་གི་དོན་བྱེད་དང་། །ཐུབ་པས་གཞན་གྱི་དོན་མཛད་པ། །འདི་གཉིས་ཀྱི་ནི་ཁྱད་པར་ལྟོས། །ཞེས་གསུངས་པ་བཞིན་ནོ། །
གཉིས་པ་ཚིག་རྐང་གཉིས་པས་བསྟན་ཏེ། དེ་ལྟར་གནས་སྐབས་མཐར་ཐུག་གི་བདེ༵་བ་དང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ༵་བའི་དངོས་པོ་མཐ༵འ་དག༵་ནི། གཞན་འགྲོ་བ་སེམས་ཅན་ཐམས་ཅད་གཅེས་པར་བཟུང་བའི་གཞ༵ན་ཕན༵་བྱང་ཆུབ་ཀྱི་སེམ༵ས་རིན་པོ་ཆེའི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ལས༵་འཁྲུང༵ས་བ་ཡིན་ཏེ། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །དེ་ལ་གལ་ཏེ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་ཡང་། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་དང་། སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ། བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་གང་དང་ལྡན་པ་དེའི་ལུས་དང་ངག་དང་སེམས་ཀྱི་རྩོམ་པ་ཐམས་ཅད་དོན་ཡོད་པ་སྟེ། རྟག་ཏུ་དགེ་བ་འབའ་ཞིག་ཏུ་རོ་གཅིག་པར་འགྱུར་རོ་ཞེས་དང་། སྤྱོད་འཇུག་ལས། བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅས་པའི་ཕྱག་བྱར་འགྱུར། །ཞེས་དང་། ཡང་དེ་ཉིད་ལས། གང་ནས་བཟུང་སྟེ་སེམས་ཅན་ཁམས། །ཞེས་སོགས་དང་། སྡོམ་གསུམ་ལས། འདི་འདྲའི་བྱང་ཆུབ་སེམས་ཀྱིས་རྩིས་ཟིན་ན། །གཉིད་སོགས་བག་མེད་གྱུར་ལའང་བསོད་ནམས་ཤུགས། །རྒྱུན་མི་ཆད་འབྱུང་རྒྱལ་བའི་སྲས་སུ་འགྱུར། །ཞེས་སོགས་གསུངས་སོ། །
གཞན་ཡང་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་ན་དུད་འགྲོ་ལ་ཟས་ཁམ་གཅིག་སྦྱིན་པའང་བྱང་སེམས་ཀྱི་སྤྱོད་པའི་གྲངས་སུ་འགྲོ་ལ། དེས་མ་ཟིན་ན་སྟོང་གསུམ་རིན་པོ་ཆེས་བཀང་སྟེ་བྱིན་ཡང་སྦྱིན་པ་ཙམ་ལས། བྱང་སེམས་ཀྱི་སྤྱོད་པའི་གྲངས་སུ་མི་འགྲོ་བར་གསུངས་སོ། །
གཉིས་པ་སེམས་བསྐྱེད་དངོས་བཤད་པ་ལ། སེམས་ཇི་ལྟར་བསྐྱེད་པའི་ཚུལ་དང་། གང་བསྐྱེད་པའི་ངོ་བོ་བཤད་པའོ། །དང་པོ་ལ། སྔོན་སངས་རྒྱས་ཀྱིས་ཐུགས་ཇི་ལྟར་བསྐྱེད་ཚུལ་དང་། རང་རེ་རྣམས་དེའི་རྗེས་སུ་བསྙེགས་ཏེ་སེམས་བསྐྱེད་ཚུལ་གཉིས་ལས། དང་པོ། དེའང་གོང་དུ་ཉེས་པ་དང་ཕན་ཡོན་དེ་ལྟར་ཡོད་པ་དེ༵་ཕྱི༵ར་སངས་རྒྱས་ཀྱིས་ཀྱང་ཐོག་མར་སེམས་བསྐྱེད་པའི་དགོས་པ་གཟིགས་ཏེ། འདུལ་བ་ལུང་ལས། སངས་རྒྱས་འདོད་ཆགས་བྲལ་ཐོས་ཤིང་། །གླང་པོ་དྲེགས་པ་ཤས་ཆེན་དང་། །འཇིག་རྟེན་སྡུག་བསྔལ་གྱུར་མཐོང་ནས། །ངས་ནི་བྱང་ཆུབ་སེམས་བསྐྱེད་དོ། །ཞེས་པ་བཞིན་དུ་འཇིག་རྟེན་ལྷ༵་དང་མི༵འི་གཙོས་འགྲོ་བ་ཡོངས་ཀྱི་གཙུག་རྒྱན་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པའི་སྟོ༵ན་པ༵་བཅོམ་ལྡན་འདས་དེ་ཉིད་ཀྱིས་སྔོན་སློབ་པ་ལམ་གྱི་གནས་སྐབས་སུ་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་ཆེན་གྲངས་མེད་གསུམ་ལ་ཚོགས་བསགས། མཐར་མངོན་པར་སངས་རྒྱས་པའོ། །
ཇི་ལྟར་ན་དང་པོ་ཐུགས་བསྐྱེད་པ་ནི། ཐེག་ཆེན་གྱི་མདོ་དྲིན་ལན་བསབ་པ་ལས། སྟོན་པ་འདི་དམྱལ་བའི་ཤིང་རྟ་འདྲེན་པ་གྱད་པཀྵི་ཏའི་སྐྱེ་བ་ལེན་པའི་ཚེ། གྲོགས་ཀ་མ་རུ་པ་ལ་སྙིང་རྗེ་སྐྱེས་པས་ཚེ་འཕོས་ནས་འཛམ་གླིང་ལྷོ་རྒྱུད་དུ་རྫ་མཁན་གྱི་ཁྱེའུ་སྣང་བྱེད་དུ་གྱུར་ཅིང་། དེ་བཞིན་གཤེགས་པ་ཐུབ་ཆེན་གྱི་དྲུང་དུ་བདེ་བར་གཤེགས་པ་ཁྱེད་སྐུ་ཅི་འདྲ་ཞེས་སོགས་བརྗོད་པས་དང་པོ་ཐུགས་བསྐྱེད་ཚུལ་བྱུང་། དེ་བཞིན་མདོ་སྡེ་བསྐལ་པ་བཟང་པོ་ལས་ཀྱང་དེ་དང་མཐུན་པར་གསུངས་ཏེ། ང་ནི་སྔོན་ཚེ་དམན་པར་གྱུར་པའི་ཚེ། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་དེ་ལ། །འཇམ་གང་ཞིག་ནི་དབུལ་བར་བྱས་ནས་ཀྱང་། །དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་སོ། །མདོ་པད་དཀར་སོགས་འདོད་ཚུལ་མི་འདྲ་བའང་ཡོད་དོ། །
བར་དུ་ཚོགས་བསགས་ཚུལ་ཡང་། ཐུན་མོང་ལྟར་འདུལ་ལུང་གི་གཞི་ལས། རེ་ཞིག་གྲངས་མེད་དང་པོ་ལ། །སངས་རྒྱས་ཤཱཀྱ་ཐུབ་པ་ནས། །འདྲེན་པ་ཡུལ་འཁོར་སྲུང་གི་བར། །དེ་བར་བདུན་ཁྲི་ལྔ་སྟོང་གི །སངས་རྒྱས་རྣམས་ནི་ངས་མཆོད་དོ། །ཞེས་དང་། གྲངས་མེད་གཉིས་པ་ནི། སངས་རྒྱས་མར་མེ་མཛད་ནས་ནི། །དབང་པོ་རྒྱལ་མཚན་ཐུབ་པའི་བར། །བདུན་ཁྲི་དྲུག་སྟོང་དག་གི་ནི། །སངས་རྒྱས་རྣམས་ནི་ངས་མཆོད་དོ། །ཞེས་དང་། གྲངས་མེད་གསུམ་པ་ནི། སངས་རྒྱས་མར་མེ་མཛད་ནས་བཟུང་། །སངས་རྒྱས་འོད་སྲུང་བར་དག་ཏུ། །བདུན་ཁྲི་བདུན་སྟོང་ང་ཡིས་མཆོད། །གྲངས་མེད་གསུམ་པོ་དེ་ལ་ནི། །རྒྱལ་བ་ང་ཡིས་མཆོད་བྱས་ཏེ། །བྱང་ཆུབ་ཕྱིར་ནི་སྤྱོད་པ་ནི། །དེ་ཚེ་ང་ལ་སྐྱོ་སེམས་མེད། །ཅེས་དང་། མཛོད་ལས། རྣམ་གཟིགས་རིན་ཆེན་གཙུག་ཏོར་ཅན། །གྲངས་མེད་གསུམ་གྱི་ཐ་མར་བྱུང་། །དང་པོ་ཤཱཀྱ་ཐུབ་ཆེན་ཡིན། །ཞེས་སོ། །
མཐར་མངོན་པར་སངས་རྒྱས་ཚུལ་ཡང་། ཐུན་མོང་ལྟར་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་བྱང་ཆུབ་པ་སྟེ། རྒྱུད་བླ་མ་ལས། ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་བའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་འཇུག་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་གྱིས་རོལ་པ་དང་། །ངེས་འབྱུང་དཀའ་བ་སྤྱད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་འཇོམས་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་ནི། །མྱ་ངན་འདའ་བར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་སོ། །དེ་ཡང་ལང་གཤེགས་ལས། སངས་རྒྱས་མངོན་པར་འཚང་མི་རྒྱ། །ཞེས་དང་། པད་དཀར་ལས། རིགས་ཀྱི་བུ་ང་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོའི་གོང་རོལ་དུ་མངོན་པར་རྫོགས་པར་སངས་རྒྱས་སོ། །ཞེས་སོགས་ནི་ཐུན་མིན་གྱི་འདོད་ཚུལ་ལོ། །
གཉིས་པ། དེས་ན་ཇི་ལྟར་སྔོན་གྱི་བདེ་བར་གཤེགས་པས་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་བཞིན་དེའི་རྗེ༵ས་སུ་བསྙེ༵གས་ཏེ༵་སེམས་བསྐྱེད་ཀྱི་བསླབ་བྱ་བླང་བར་བྱའོ། །དེ་ལེན་ཚུལ་ལ། སྤྱིར་ཤིང་རྟ་ཆེན་པོའི་སྲོལ་གཉིས་ཡོད་ཀྱང་འདིར་གསང་སྔགས་སྔ་འགྱུར་བའི་རང་ལུགས་ནི། གསང་སྔགས་ཀྱི་རྒྱུད་སྡེ་རྣམས་ལས་གསུངས་པའི་བྱང་སྡོམ་ཐོབ་ཚུལ་དང་། དེའི་བསླབ་བྱའི་རྐང་གྲངས་ཀྱང་ཕལ་ཆེར་ཀླུ་སྒྲུབ་ཀྱི་ལུགས་དང་མཐུན་པས་པདྨའི་རང་ལུགས་ནཱ་ག་རྫུ་ནར་མཐུན་ཞེས་པ་ལྟར་ལེན་ཚུལ་ཡང་རྒྱལ་སྲས་ཞི་བ་ལྷ་སོགས་ཀྱི་ཕྱག་བཞེས་ལྟར་ན། སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བ་ནི། ཡུལ་ཁྱད་པར་ཅན་སློབ་དཔོན་ལ་མཎྜལ་ཕུལ་ནས་གསོལ་བ་འདེབས་པ་སོགས་ཁྱད་པར་ཅན་བཞིའི་སྒོ་ནས་སོ། །
དངོས་གཞི་ལ། བློ་སྦྱོང་བ་དང་། དམ་བཅའ་བ་གཉིས་ལས། དང་པོ། སྤྱོད་འཇུག་ལས། ལུས་དང་དེ་བཞིན་ལོངས་སྤྱོད་དང་། །དུས་གསུམ་དགེ་བ་ཐམས་ཅད་ཀྱང་། །སེམས་ཅན་ཀུན་གྱི་དོན་བསྒྲུབ་ཕྱིར། །ཕངས་པ་མེད་པར་གཏང་བར་བྱ། །ཞེས་པའོ། །གཉིས་པ། སྤྱོད་འཇུག་ལས། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལའང་། །རིམ་པ་བཞིན་དུ་བསླབ་པར་བགྱི། །ཞེས་ལན་གསུམ་བྱའོ། །
དེའང་ཚིགས་བཅད་དང་པོས་བདེ་གཤེགས་རྣམས་ཀྱིས་ཐུགས་བསྐྱེད་ཚུལ་དང་། གཉིས་པས་རང་གིས་དམ་བཅས་ནས་སྨོན་འཇུག་གཉིས་ཀྱི་སེམས་བསྐྱེད་དང་སྡོམ་པ་ལེན་པར་བསྟན་ཏོ། །རྗེས་ལ་རང་གཞན་དགའ་བ་བསྒོམ་པ་གཉིས་ལས། དང་པོ། དེང་དུས་བདག་ཚེ་འབྲས་བུ་ཡོད། །ཅེས་སོགས་དང་། གཉིས་པ། བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །ཞེས་སོགས་བརྗོད་ནས་མཐར་གཏང་རག་དབུལ་བ་སོགས་བྱའོ། །
གཉིས་པ་གང་བསྐྱེད་པའི་ངོ་བོ་ལ། མཚན་ཉིད་དང་། དེའི་མཚན་གཞི། དེར་དབྱེ་བ་ལས། དང་པོ་ནི། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གཞན་དོན་དུ་བླ༵་ན་མེད༵་པའི་རྫོགས་པའི་བྱ༵ང་ཆུ༵བ་དང་མཚུངས་ལྡན་དུ་གྱུར་པའི་སེ༵མས་མཆོ༵ག་ཁྱད་པར་ཅན་ནོ། །
གཉིས་པ། ཐོགས་མེད་སྐུ་མཆེད་ཀྱིས་གཙོ་སེམས་དང་འཕགས་སེང་གཉིས་ཀྱིས་སེམས་བྱུང་འདོད་ལ། ཀུན་མཁྱེན་ཆེན་པོས་ནི་སེམས་བསྐྱེད་པས་སེམས་བྱུང་ཞར་ལ་སྐྱེ་བར་བཞེད་དེ། ཡིད་བཞིན་མཛོད་འགྲེལ་ལས། སེམས་བསྐྱེད་པས་ནི་སེམས་བྱུང་ཞར་ལ་སྐྱེ། སེམས་ཀྱིས་དོན་གྱི་ངོ་བོ་རང་སྟོབས་ཀྱིས་རིག སེམས་བྱུང་དོན་གྱིས་ཁྱད་པར་རང་སྟོབས་ཀྱིས་རིག སེམས་ནི་དོན་གྱི་ངོ་བོ་ཀ་བ་ལྟ་བུ་རང་སྟོབས་ཀྱིས་རིག་ལ། སེམས་བྱུང་གིས་དོན་གྱི་ཁྱད་པར་སྦོམ་ཕྲ་ལ་སོགས་རང་སྟོབས་ཀྱིས་རིག་སྟེ། དབུས་མཐའ་ལས། དེ་ལ་དོན་མཐོང་རྣམ་པར་ཤེས་ཞེས་དང་། དེའང་ཉི་མ་དང་ཟེར་སེམས་དང་སེམས་བྱུང་མཚུངས་པར་འཇུག་པས་ན། སེམས་བསྐྱེད་པས་སེམས་བྱུང་ཡང་བསྐྱེད་པའི་ཕྱིར་རོ། །ཞེས་སོ། །
གསུམ་པ། སྤྱོད་འཇུག་ལས། བྱང་ཆུབ་སེམས་དེ་མདོར་བསྡུས་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །ཞེས་སོ། །ས་མཚམས་ཀྱིས་དབྱེ་ན། དེ་ཡང་ས་གསེར་ཟླ་བ་སོགས་ཉི་ཤུ་རྩ་གཉིས་སོ། །དེ་ནི་དཔེ་དང་གྲོགས་དང་ཆོས་མཐུན་གྱི་སྒོ་ནས་སྦྱར་རོ། །
གསུམ་པ་ནི། དེ་ལྟར་བྱང་ཆུབ་ཀྱི་སེམས་དེའང་མདོར་བསྡུས་ན་བསམ་པ་བཟང་པོ་ཁོ་ནར་འདུ་བར་གསུངས་པས་དེ་བསྐྱེ༵ད་པ༵ར་བྱ་རི༵གས་ཏེ། རྗེ་བདག་ཉིད་ཆེན་པོས། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། །བསམ་པ་ངན་ན་ས་དང་ལམ་ཡང་ངན། །ཐམས་ཅད་བསམ་པ་དག་ལ་རག་ལས་པས། །རྟག་པར་བསམ་པ་བཟང་ལ་འབད་པར་བྱ། །ཞེས་དང་། ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོས། གལ་ཏེ་གྲོགས་ཁྱོད་ཡང་དག་ཆོས་ཤིག་བསྒྲུབ་དགོངས་ན་བློ་སྦྱོང་བློ་སྙིང་རྗེ་བྱང་སེམས་སྦྱོངས་ཞེས་སོ། །དེའང་བློ་སྦྱོང་ཚུལ་ལ་གཉིས་ཏེ། ཇོ་བོ་རྗེའི་གདམས་པ་ལས་བྱུང་བ་ལྟར་ན། མར་ཤེས་པ་དང་དྲིན་གཟོ་བ་སོགས་མན་ངག་བདུན་གྱིས་རིམ་བཞིན་བློ་སྦྱོང་བ་དང་། རྒྱལ་སྲས་ཞི་བ་ལྷའི་གདམས་པ་ལྟར་ན། བདག་གཞན་བརྗེ་བ་སོགས་ཀྱི་སྒོ་ནས་བློ་སྦྱང་བར་གསུངས་པ་ལྟར་དུ་ཉམས་སུ་ལེན་པར་བྱའོ། །ཞེས་པའོ། །
གསུམ་པ་འགལ་རྐྱེན་སྡིག་སྒྲིབ་སྦྱོང་བ་ནི། རྩ་བ་ལས།
རང་རྒྱུད་རིག་ཁམས་ཤེལ་དཀར་ཨ་དར་ཤ །
གློ་བུར་སྒྲིབ་པའི་རྡུལ་གྱིས་ཆེར་གཡོགས་ན། །
ཟབ་གསལ་ཏིང་འཛིན་གཟུགས་བརྙན་འཆར་དཀའ་བས། །
སྟོབས་བཞིའི་རས་དཀར་ངལ་བས་བསྐྱོད་པར་འོས། །
ཞེས་གསུངས་པའི་དོན་དེ་ལ་དབྱེ་ན། སྦྱང་གཞི་རིག་ཁམས་ཀྱི་ངོ་བོ་དང་། སྦྱང་བྱ་དྲི་མས་གོས་པའི་ཉེས་པ། གཉེན་པོ་བརྟེན་ཚུལ་ལ་གདམས་པ་དང་གསུམ་ལས། དང་པོ། དེའང་ད་ལྟ་གདུལ་བྱ་མཆོག་དམན་རབ་འབྲིང་རང་ར༵ང་གི་རྒྱུད༵་ན་ཡོད་པའི་རི༵ག་ཁ༵མས་བདེ་བར་གཤེགས་པའི་སྙིང་པོ་ཞེས་བྱ་བ་ནི་རང་གི་ངོ་བོ་ཡེ་ནས་སྒྲིབ་པས་གོས་མ་མྱོང་བས་རང་བཞིན་གདོད་ནས་རྣམ་པར་དག་པ། ཤེ༵ལ་དཀ༵ར་ཨ༵་ད༵ར་ཤ༵་སྟེ་ཤེལ་གྱི་མེ་ལོང་དྲི་མ་མེད་པའི་གཟུགས་སུ་བཀོད་པའོ། །དེ་ལ་སྐུ་དང་ཡེ་ཤེས་དབྱེར་མེད་ཀྱི་ཚུལ་དུ་བཞུགས་ཤིང་ཡེ་ནས་དྲི་མས་མ་གོས་ཕྱིར་སྤོང་བ་ཕུན་སུམ་ཚོགས་པ་དང་། སེམས་ཉིད་དེ་ངོ་བོ་སྟོང་པའི་ཆ་ནས་ཡོད་མེད་སོགས་ཁས་ལེན་དང་བྲལ་བས་སྤྲོས་པའི་མཐའ་ཐམས་ཅད་ལས་འདས་ཀྱང་། རང་བཞིན་གསལ་བའི་ཆ་ནས་སྟོབས་བཅུ་མི་འཇིགས་པ་བཞི་སོགས་རྒྱལ་བའི་ཡོན་ཏན་ཐམས་ཅད་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པའི་རྟོགས་པ་ཕུན་སུམ་ཚོགས་པའོ། །
དེ་ལྟ་བུའི་སྟོང་གསལ་གཉིས་ཀྱང་ངོ་བོ་ཐ་དད་པའི་ཕྱོགས་སུ་མ་ལྷུང་བར་སྐུ་གསུམ་ལྷུན་གྱིས་གྲུབ་པའི་བདག་ཉིད་དུ་ཀུན་ལ་ད་ལྟ་ཉིད་ནས་རང་ཆས་སུ་བཞུགས་ཡོད་པ་སྟེ། རྒྱ་མཚོ་ལས། ཡེ་ནས་མངོན་རྫོགས་སངས་རྒྱས་ཆོས། །ལུས་ཅན་ཀུན་ལ་གནས་པའི་ཕྱིར། །ལྷུན་གྲུབ་རྒྱལ་བའི་དཀྱིལ་འཁོར་ནི། །ལུས་ཅན་ཀུན་གྱི་ལུས་ལ་གནས། །ཞེས་དང་། ཏིང་རྒྱལ་ལས། དག་པ་དྭངས་བ་འོད་གསལ་བ། །མི་འཁྲུགས་འདུས་མ་བྱས་པ་ཉིད། །བདེ་བར་གཤེགས་པའི་སྙིང་པོ་སྟེ། །ཡེ་ནས་གནས་པའི་ཆོས་ཉིད་དོ། །ཞེས་དང་། རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་དང་། སྒྱུ་འཕྲུལ་ལས་ཀྱང་། ཀུན་རྫོགས་ཡོན་ཏན་འབར་བས་བརྒྱན། །ལྷུན་གྲུབ་དཀྱིལ་འཁོར་བླ་མེད་པ། །ཞེས་དང་། ཐུགས་ཐིག་ལས། གཞི་གནས་རིག་པ་ངོ་བོ་རང་བཞིན་དང་། །ཐུགས་རྗེ་གསུམ་སྟེ་རྒྱལ་བའི་སྙིང་པོ་ལ། །སྐུ་གསུམ་རང་ཆས་བཞུགས་པར་བཤད་པ་ཡིན། །ཞེས་རྒྱ་ཆེར་གསུངས་སོ། །
གཉིས་པ་ནི། རྣམ་འགྲེལ་ལས། དྲི་མ་རྣམས་ནི་གློ་བུར་བ། །ཞེས་པ་ལྟར་སྦྱང་བྱ་གློ༵་བུ༵ར་གྱི་སྒྲི༵བ་པ༵་ལ་བཞི་སྟེ། ལས་དང་། ཉོན་མོངས་པ། ཤེས་བྱ། བག་ཆགས་བཅས་ཀྱི་སྒྲིབ་པའོ། །དེ་ལ་ལས་ཀྱི་སྒྲིབ་པ་ནི། རང་བཞིན་གྱི་སྡིག་པ་དང་བཅས་པའི་ལྟུང་བ་གཉིས་སོ། །ཉོན་སྒྲིབ་ནི། མགོན་པོ་བྱམས་པས། སེར་སྣ་ལ་སོགས་རྣམ་རྟོག་གང་། །དེ་ནི་ཉོན་མོངས་སྒྲིབ་པར་འདོད། །ཅེས་སོ། །ཤེས་སྒྲིབ་ནི། སྔ་མའི་ལུང་ལས། འཁོར་གསུམ་རྣམ་པར་རྟོག་པ་གང་། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། །ཅེས་སོ། །བག་ཆགས་ཀྱི་སྒྲིབ་པ་ནི། མདོ་ལྟར་ན་རྩི་སྣོད་བཞིན་དུ་ཤེས་སྒྲིབ་ཤིན་ཏུ་ཕྲ་བའི་གནས་སྐབས་དང་། སྔགས་ལྟར་ན་གཉེན་པོ་རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱི་གཞོམ་བྱའི་སྣང་གསུམ་འཕོ་བའི་བག་ཆགས་དེ་ཡིན་ནོ། །དེ་དག་ཀྱང་ཉོན་ཤེས་གཉིས་སུ་འདུ་ཚུལ་བྱམས་ཆོས་ལས་གསུངས་པ་ལྟར་རོ། །
དེ་ལྟ་བུའི༵་རྡུལ༵་གྱི༵ས་རང་བཞིན་དེས་ཆེས་ཆེ༵ར་གཡོ༵གས་པར་གྱུར་ན་ཅི་ཉེས་ཤེ་ན༵། ལས་ཀྱིས་མཐོ་རིས་དང་བྱང་ཆུབ་གསུམ་ལ་སྒྲིབ། ཉོན་སྒྲིབ་ཀྱིས་ཐར་བ་དང་། ཤེས་སྒྲིབ་དང་བག་ཆགས་ཀྱི་སྒྲིབ་པས་ཐམས་ཅད་མཁྱེན་པ་ལ་སྒྲིབ་པར་གསུངས་པས་ཟབ༵་པ་རྫོགས་རིམ་དང་གས༵ལ་བ་བསྐྱེད་རིམ་གྱི་ཏི༵ང་ངེ་འཛི༵ན་བདེ་བ་ཆེན་པོའི་རང་བཞིན་གཟུ༵གས་བརྙ༵ན་ལྟ་བུ་དེ་ཤིན་ཏུ་འཆ༵ར་བར་དཀ༵འ་བས༵་ན་གློ་བུར་གྱི་དྲི་མ་དེ་སྦྱང་བ་ལ་འབད་པར་བྱ་སྟེ། ངེས་སྒྲོན་ལས། གློ་བུར་དྲི་མས་སྒྲིབ་པའི་ཕྱིར། །དྲི་མ་སྦྱང་ལ་འབད་པར་བྱ། །ཞེས་སོ། །
གསུམ་པ། དེ་ཇི་ལྟར་སྦྱང་ན། སྦྱོང་བྱེད་གཉེན་པོ་སྟོ༵བས་བཞི༵འི་སྒོ་ནས་སོ། །དང་པོ་རྟེན་གྱི་སྟོབས་ནི་བླ་མ་དང་སྐུ་གསུང་ཐུགས་རྟེན་གྱི་དྲུང་དུ་བཤགས་པའོ། །གཞན་ཡང་བྱང་སེམས་ལ་བརྟེན་ནས་བཤགས་པར་སྤྱོད་འཇུག་ལས་གསུངས་སོ། །གཉིས་པ་སུན་འབྱིན་པའི་སྟོབས་ནི་སྙིང་ནས་འགྱོད་པས་བཤགས་པ་སྟེ། ཕུང་པོ་གསུམ་པ་ལས། མཐོལ་ལོ་བཤགས་སོ། །མི་འཆབ་བོ། །མི་སྦེད་དོ་ཞེས་སོ། །སྡོམ་པའི་སྟོབས་ནི། བདེ་སྨོན་ལས། ཕྱིན་ཆད་སྲོག་ལ་བབས་ཀྱང་སྡིག་པའི་ལས། །ད་ནི་མི་བགྱིད་སེམས་ལ་དམ་བཅའ་བཟུང་། །ཞེས་པ་ལྟ་བུའོ། །ཀུན་ཏུ་སྤྱོད་པའི་སྟོབས་ནི་དགེ་བའི་གཉེན་པོ་ཁྱད་པར་ཅན་ཏེ། ཕྱག་རྡོར་དྲག་པོ་གསུམ་འདུལ་གྱི་རྒྱུད་ལས། ཨོཾ་བཛྲ་ས་ཏྭ་ཧཱུཾ། ཞེས་འབུམ་ཕྲག་གཅིག་བརྗོད་ན། རྩ་བའི་དམ་ཚིག་ཉམས་པ་ཞི་བར་འགྱུར་རོ་ཞེས་པ་ལྟ་བུའམ། གཞན་ཡང་བདུད་རྩི་འབེབས་སྦྱོང་སོགས་བརྟེན་ཚུལ་མང་ངོ་། །
དེ་ལྟར་སྟོབས་བཞི་དེ་ར༵ས་དཀ༵ར་གྱི་གཟུགས་སུ་བཀོད་ནས་ངལ༵་བས༵་བསྐྱོ༵ད་པའམ་སྒྲིབ་སྦྱོང་བྱེད་པར༵་འོས༵་ཏེ། ཙོང་ཁ་བས། མྱུར་བ་མྱུར་དུ་སྡིག་པ་མ་སྦྱངས་ན། །རང་རེ་རང་རེའི་ལས་འདི་དབང་བཙན་པས། །བདེ་བ་བདེ་བར་ཤེས་ཀྱང་འདོམས་དབང་མེད། །སྡུག་བསྔལ་སྡུག་བསྔལ་ཤེས་ཀྱང་འདོར་དབང་མེད། །ཅེས་པ་ལྟར་རོ། །ཞེས་པའོ། །
གསུམ་པ་དངོས་གཞི་སྒོམ་པའི་རིམ་པ་ནི། ཀུན་མཁྱེན་བླ་མས། དེ་ནས་དངོས་གཞི་ཇི་ལྟར་སྒོམ་པ་ནི། དང་པོ་དབེན་ཞིང་ཡིད་འོང་གནས་དག་ཏུ། །སྔོན་འགྲོའི་ཆོས་རྣམས་ལེགས་པར་རྫོགས་མ་ཐག །དངོས་གཞིའི་འོད་གསལ་ཡེ་ཤེས་བསྒོམ་པར་བྱ། །ཞེས་གསུངས་པ་ལྟར། ད་ནི་དངོས་གཞི་ལ། ཐ་མལ་སྣང་ཞེན་བཟློག་པར་ཕྱི་བསྐྱེད་རིམ་དང་། སྙིང་པོའི་དོན་ལ་འཇུག་པར་ནང་རྫོགས་རིམ། གཉིས་སུ་མེད་པའི་དོན་ལ་གསང་བ་རྫོགས་པ་ཆེན་པོའོ། །དང་པོ། རྩ་བ་ལས།
སྣང་གྲག་རིག་པ་ལྷ་སྔགས་ཆོས་ཉིད་ངང་། །
ཡེ་ནས་ཡིན་པར་ཤེས་པའི་ལྟ་བ་དང་། །
མ་བྲལ་སྒོམ་པའི་མདེའུ་ཁ་བསྒྱུར་བྱས་ནས། །
ཚར་གཅོད་རྗེས་སུ་འཛིན་ལ་དབང་སྒྱུར་མཛོད། །
ཅེས་གསུངས་པའི་དོན་དེ་ལ་དབྱེ་ན། ལྟ་བས་ཐག་བཅད་པ། སྒོམ་པས་ཉམས་སུ་ལེན་པ། སྤྱོད་པས་དངོས་གྲུབ་མངོན་དུ་བྱས་ཏེ་གཞན་དོན་བསྒྲུབ་པར་གདམས་པའོ། །འདིར་བསྐྱེད་རིམ་ཞེས་བྱ་བ་ནི། རང་བཞིན་གཞི་རྒྱུད་ཀྱི་དོན་ངེས་པའི་ལྟ་བ་དང་རྗེས་སུ་མཐུན་པས་སྣང་སྲིད་དག་མཉམ་གྱི་ཚུལ་ལ་བློ་བཅོས་ཤིང་གོམས་པའི་ཚུལ་གྱིས་འཇུག་པ་སྟེ། དེ་ལ་བསྐྱེད་པའི་རིམ་པའམ་ལུང་གཞན་ལས་རྗེས་སུ་དཔག་པའི་རྣལ་འབྱོར་ཞེས་ཀྱང་བྱའོ། །
འདིའི་སྒྲ་དོན་ནི་ཨཏྤནྟི་ཞེས་པ་བཅོས་མ་ལ་འཇུག་པས་བཅོས་མའི་རྣལ་འབྱོར་ཞེས་ཀྱང་བྱའོ། །དེས་བཅོས་མའི་བློ་ངོར་སྣང་སྲིད་དག་པ་རབ་འབྱམས་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་འཆར་བའི་བར་དུ་བསླབས་ནས་བསྐྱེད་རིམ་མཐར་ཕྱིན་ཏེ་སྣང་སྲིད་གཞིར་བཞེངས་ཀྱི་བསྐྱེད་རིམ་ཞེས་བྱ་བ་ཡིན་པར་གསུངས་ཤིང་། དེའང་བསྐྱེད་རིམ་གྱི་ཡེ་ཤེས་བསྒྲུབ་པའི་ཐོག་མར་སྤང་བྱ་ངོས་བཟུང་བ་ནི། རྡོ་རྗེ་གུར་ལས། ཐ་མལ་རྣམ་རྟོག་གཞོམ་དོན་དུ། །སྒོམ་པ་ཡང་དག་རབ་བསྒྲགས་སོ། །ཞེས་ཐ་མལ་གྱི་སྣང་ཞེན་དེ་ཡིན་ནོ། །
དེ་ལ་སྤྱིར་འཁོར་འདས་སྣང་བཏགས་ཀྱིས་བསྡུས་པའི་ཆོས་སམ་གཞི་ལམ་འབྲས་བུས་བསྡུས་པའི་ཆོས་སོ་ཅོག་ཡེ་ནས་དག་མཉམ་བདེན་པ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོའི་ངོ་བོར་རྫོགས་ཏེ། མིག་གི་ཡུལ་དུ་སྣ༵ང་བ་གཟུགས་སྣ་ཚོགས་སྐུའི་རང་བཞིན། སྒྲ་གྲ༵ག་ཐམས་ཅད་གསུང་གི་རོལ་བ། རི༵ག་པ༵་སྟེ་སེམས་ཀྱི་དྲན་རྟོག་ཐམས་ཅད་ཐུགས་ཀྱི་ངོ་བོར་ཤར་བ་སྟེ། མདོར་ན་གཟུང་བ་ཡུམ་དང་། འཛིན་པ་ཡབ། རོལ་བ་གཉིས་སུ་མེད་པའི་དཀྱིལ་འཁོར་ཆེན་པོ་ཡེ་ནས་ལྷ༵་སྔ༵གས་ཆོས་ཉིད་ཀྱི་རང་བཞིན་འབའ་ཞིག་ཡིན་པ་ལས་ལོགས་སུ་མ་དག་པའི་ཆོས་ནི་རྡུལ་ཙམ་ཡང་མ་གྲུབ་སྟེ། སྒྱུ་འཕྲུལ་དྲྭ་བ་ལས། རྡོ་རྗེ་ཕུང་པོའི་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། །བྱང་ཆུབ་སེམས་དཔའི་བདག་ཉིད་དེ། །ས་ཆུ་སྤྱན་དང་མཱ་མ་ཀཱི། །མེ་རླུང་གོས་དཀར་དམ་ཚིག་སྒྲོལ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །སྲིད་གསུམ་མ་ལུས་ཆོས་སོ་ཅོག །སངས་རྒྱས་ཉིད་ལས་གཞན་མ་ཡིན། །སངས་རྒྱས་ཉིད་ལས་གཞན་པའི་ཆོས། །སངས་རྒྱས་ཉིད་ཀྱིས་མི་རྙེད་དོ། །ཞེས་གསུངས་སོ། །
དེ་ལྟར་སྣང་སྲིད་དག་མཉམ་ཆེན་པོ་ཡིན་པའི་ངང༵་དེར་དབྱེར་མེད་མཉམ་པ་ཆེན་པོ་ཡེ༵་གདོད་མ་ན༵ས་གཤིས་ཇི་བཞིན་ཡིན་པ་ལ། གཏན་ཚིགས་ཀྱི་སྒོ་ནས་དེ་ལྟར་ཡི༵ན་པ༵ར་ཤེ༵ས་པའི༵་ལྟ་བས༵་ཐག་བཅད་པར་བྱའོ། །འདིར་དྲིཥྚའི་སྒྲ་ལས་ལྟ་བ་ཞེས་བྱ་སྟེ། གཞལ་བྱའི་ཡུལ་གང་ལ་ཤེས་རབ་ཀྱིས་སྒྲོ་འདོགས་བཅད་ནས་མཐའ་གཅིག་ཏུ་ངེས་པར་འཛིན་པའི་བློའོ། །
དེ་ལ་གཏན་ཚིགས་ནི་བཞི་སྟེ། རྟོགས་པ་བཞི་དང་། དག་པ་གསུམ། མཉམ་པ་བཞི། བདག་ཉིད་ཆེན་པོ་བཅས་ཀྱི་གཏན་ཚིགས་སོ། །དང་པོ་ནི། རྒྱུད་ལེའུ་བཅུ་གཅིག་པར། རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ། །བྱིན་གྱིས་བརླབས་དང་མངོན་སུམ་པར། །རབ་ཏུ་རྟོགས་པ་རྣམ་བཞི་ཡིས། །ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ། །ཞེས་གསུངས་ཏེ། རྒྱུ་གཅིག་པ་ནི། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་ནས་སྟོང་པའི་ངང་ལས་བྱུང་བས་སྣང་གཞིའམ་རྒྱུ་ནི་གཞི་དབྱིངས་གཅིག་པུ་དེ་ཉིད་ཡིན་པས་སོ། །ངག་སྦྱོར་ནི། འཁོར་འདས་ཀྱི་སྣང་བ་གཉིས་ཆོས་ཅན། དབྱིངས་ཀྱི་རང་བཞིན་ལ་སྐྱེ་བ་མེད་དེ། ཁྱོད་གཉིས་ཀའི་སྣང་གཞི་ཐམས་ཅད་དབྱིངས་གཅིག་པུ་ལས་མེད་པའི་ཕྱིར་རོ། །ཡིག་འབྲུའི་ཚུལ་ནི། ད་ལྟ་སྣང་དུས་ཉིད་ནའང་རང་བཞིན་གྱིས་མ་སྐྱེས་པའི་ངོ་བོར་སྣང་སྟོང་གཉིས་སུ་མེད་པར་གནས་ཏེ། སྣང་བ་ནི་ཨོཾ་དང་སྟོང་བ་ནི་ཨཱཿགཉིས་སུ་མེད་པ་ནི་ཧཱུྃ་གི་རང་བཞིན་དུ་གནས་པས་སྣང་བཞིན་སྟོང་། སྟོང་བཞིན་དུ་སྣང་བ་དང་སྣང་སྟོང་གཉིས་སུ་མེད་པའི་ངོ་བོར་གནས་སོ། །ངག་སྦྱོར་ནི།
དགོངས་རྒྱན་ལས་བྱུང་བ་ལྟར། སེམས་ཉིད་སྐྱེ་མེད་ཀྱི་གདངས་ཆོས་ཅན། རོལ་བ་འགག་མེད་ལྷའི་སྐུ་གསུང་ཐུགས་སུ་རང་སྣང་བ་ཡིན་ཏེ། མཚོན་དུ་མེད་པའི་ཡི་གེ་ཨ་ཉིད་མཚོན་བྱེད་ཡི་གེ་དུ་མར་མ་འགག་པར་སྣང་བས་མཚོན་ནས་རྟོགས་པའི་ཕྱིར་ཞེས་འགོད་དོ། །བྱིན་གྱིས་བརླབས་ནི། མེས་རང་བཞིན་ཚ་བས་བྱིན་གྱིས་བརླབས་པ་ལྟར་ཡེ་ནས་དག་པ་སྐུ་གསུམ་གྱི་ངོ་བོར་སངས་རྒྱས་པར་བྱིན་གྱིས་བརླབས་པས་སོ། །ངག་སྦྱོར་ནི། ལྷག་པའི་བདེན་གཉིས་ཆོས་ཅན། ངོ་བོ་དབྱེར་མེད་ཡིན་ཏེ། ཁྱོད་གཉིས་རང་བཞིན་དང་རོལ་བ་གཏན་ལ་ཕབ་པའི་བྱིན་རླབས་སམ་ཤུགས་ལས་དེ་ལྟར་ཐོན་པའི་ཕྱིར་ཞེས་འགོད་དོ། །མངོན་སུམ་པ་ནི། དེ་ལྟར་གནས་པའི་རང་བཞིན་རྣམས་ཀྱང་དུས་གཞན་ནམ་ལྐོག་ཏུ་གྱུར་པ་སོགས་མ་ཡིན་པར་སྣང་དུས་ཉིད་ནས་དག་པ་ལྷའི་ངོ་བོར་སྣང་བའོ། །ངག་སྦྱོར་ནི། བདེན་གཉིས་དབྱེར་མེད་ཆོས་ཅན། བློའི་སྤྱོད་ཡུལ་ལས་འདས་པ་ཡིན་ཏེ། རང་རིག་མངོན་སུམ་གྱིས་ཡུལ་མེད་རང་གསལ་དུ་མཐོང་བའི་ཕྱིར་ཞེས་འགོད་དོ། །
གཉིས་པ་དག་པ་གསུམ་ནི། རྩ་རྒྱུད་ལས། སྣོད་བཅུད་རྒྱུད་རྣམས་དག་རྟོགས་ཤིང་། །ཞེས་གསུངས་ཏེ། སྣོད་བཅུད་རྒྱུད་གསུམ་ཆོས་ཅན། ཡེ་ནས་སངས་རྒྱས་ཡིན་ཏེ། རིམ་བཞིན་དེ་བཞིན་གཤེགས་པ་ཡུམ་ལྔ་དང་ཡབ་ལྔ་ཡེ་ཤེས་ལྔར་དག་པའི་ཕྱིར་ཞེས་འགོད་དོ། །
གསུམ་པ་མཉམ་པ་བཞིའི་གཏན་ཚིགས་ནི། རྩ་རྒྱུད་ལས། མཉམ་གཉིས་ལྷག་པའི་མཉམ་གཉིས་ཀྱིས། །དཀྱིལ་འཁོར་ཀུན་ཏུ་བཟང་པོའི་ཞིང་། །ཞེས་གསུངས་ཏེ། འདི་ལྟར་སྣང་བའི་ཆོས་ཐམས་ཅད་ཆོས་ཅན། ཡེ་ནས་སངས་རྒྱས་ཡིན་ཏེ། མཉམ་པ་བཞིས་མཉམ་པར་གནས་པའི་ཕྱིར། མཉམ་པ་བཞི་ནི་ཆོས་ཐམས་ཅད་དོན་དམ་པར་མ་སྐྱེས་པ་དང་། ཀུན་རྫོབ་ཏུ་སྒྱུ་མར་མཉམ་པ་གཉིས་ཐུན་མོང་བ་དང་། དོན་དམ་པར་དཀོར་བདུན་དུ་མཉམ་པ་དང་། ཀུན་རྫོབ་སྐུ་དང་ཡེ་ཤེས་སུ་མཉམ་པ་གཉིས་ལྷག་པ་ཞེས་ཐུན་མིན་ལྟར་རོ། །དེར་མ་ཟད་ཐུན་མོང་ཐེག་པར་ཡང་། དམ་ཆོས་པདྨ་དཀར་པོ་ལས། འོད་སྲུང་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་ན་མྱ་ངན་ལས་འདས་པ་ཡིན་ལ། དེ་ཡང་གཅིག་ཡིན་གྱི་གཉིས་དང་གསུམ་མ་ཡིན་ནོ་ཞེས་ཚུལ་འདིས་སྒོ་ནས་མཐར་ཐུག་ཐེག་གཅིག་ཏུའང་བསྟན་པར་མཛད་དོ། །
བཞི་པ་བདག་ཉིད་ཆེན་པོའི་གཏན་ཚིགས་ནི། རྩ་རྒྱུད་ལས། རང་བྱུང་ཡེ་ཤེས་གནས་མེད་སྣང་། །ཞེས་གསུངས་ཏེ། འཁོར་འདས་ཀྱི་ཆོས་ཐམས་ཅད་ཆོས་ཅན། སྣང་ལུགས་སུ་དུ་མར་སྣང་ཡང་ཡིན་ལུགས་ལ་དེ་ལྟར་མ་གྲུབ་སྟེ། སེམས་ཉིད་སྐྱེ་མེད་རང་བྱུང་གི་ཡེ་ཤེས་གཅིག་གི་བདག་ཉིད་དུ་གནས་པའི་ཕྱིར་ཞེས་པ་ལྟར་རོ། །དེ་ལྟར་གཏན་ཚིགས་ཀྱི་སྒོ་ནས་ཆོས་ཐམས་ཅད་མི་མཉམ་པ་མེད་པར་རྟོགས་པ་ནི་ཡང་དག་པའི་ལྟ་བ་ཡིན་ཏེ། བྱང་ཆུབ་ཕྱོགས་བསྟན་པའི་མདོ་ལས། འཇམ་དཔལ་སུས་ཆོས་ཐམས་ཅད་མི་མཉམ་པ་མེད་ལ་གཉིས་སུ་མེད་ཅིང་། གཉིས་སུ་དབྱེར་མེད་པར་མཐོང་བ་འདི་ནི་ཡང་དག་པའི་ལྟ་བའོ། །ཞེས་པ་བཞིན་ནོ། །
གཉིས་པ་ནི། སྤྱིར་ལམ་སྒྲུབ་པ་ཐམས་ཅད་རང་རང་གི་ལྟ་བ་དང་མཐུན་པར་འཇུག་པ་ཆོས་ཉིད་ཡིན་པས་རྡོ་རྗེ་ཐེག་པའི་སྒོམ་པ་ལ་སོགས་པ་ཀུན་ཀྱང་དག་མཉམ་རྟོགས་པ་འདིའི་ཚུལ་དང་མཐུན་པ་འབའ་ཞིག་ཡིན་པས་མིག་དང་འདྲ་བའི་ལྟ་བ་འདི་མེད་ན་སྒོམ་སོགས་གཟུགས་བརྙན་ཙམ་དུ་འགྱུར་ལ། ཡང་དག་པའི་ལྟ་བ་འདི་ལྟ་བུས་ཟིན་པའི་སྒོམ་པ་ལ་སོགས་པ་ནི་རྡོ་རྗེ་ཐེག་པའི་ལམ་མཚན་ཉིད་པར་འགྱུར་བས་ལམ་ཀུན་གྱི་གནད་འདི་ཁོ་ན་ལ་ཐུག་པར་གསུངས་སོ། །དེས་ན་དག་མཉམ་བདེན་པ་དབྱེར་མེད་ཀྱི་ལྟ༵་བ་དེ་དང༵་མ༵་བྲལ༵་བའི་སྒོ་ནས་ལམ་ཟབ་མོ་དེ་ཉིད་སྒོ༵མ་པའི༵་ཚུལ་ལ་འཇུག་པར་བྱའོ། །འདིར་དང་གི་སྒྲས་ནི་གོང་གི་ལྟ་བ་སྡུད་པར་བྱེད་དོ། །
གལ་ཏེ་ལྟ་བ་དེ་དང་བྲལ་ནས་སྣོད་བཅུད་ཐམས་ཅད་དོན་དུ་དག་མཉམ་དབྱེར་མེད་ཀྱི་རང་བཞིན་མིན་ཡང་ཡིན་ནོ་སྙམ་པ་ཙམ་དུ་བསྒོམས་པས་ནི་འབྲས་བུ་ཐོབ་པར་མི་འགྱུར་ཏེ། ངེས་ཤེས་སྒྲོན་མེ་ལས། མིན་ནོ་སྙམ་དུ་ལྟ་བཞིན་དུ། །ཡིན་ནོ་སྙམ་པའི་སྒོམ་པ་གང་། །འགལ་འདུའི་རང་རྟགས་ངོམ་པ་ལ། །ལམ་དེ་ལམ་གྱི་གཟུགས་བརྙན་ཉིད། །སོལ་བ་བཀྲུས་པས་མི་དཀར་བཞིན། །མིན་ཀྱང་ཡིན་སྙམ་བཅོས་སྒོམ་གྱིས། །འབྲས་བུ་ཐོབ་པར་འགྱུར་ན་ནི། །བདེན་སྟོང་ངེས་ཤེས་མེད་བཞིན་དུ། །མུ་སྟེགས་ཉི་མ་པ་རྣམས་ཀྱིས། །སྣང་བ་སྤངས་པས་སྟོང་བ་སོགས། །བསྒོམས་པས་ཉོན་མོངས་སྤང་བར་འགྱུར། །ཞེས་གསུངས་པ་བཞིན་ནོ། །
དེའང་བསྐྱེད་རིམ་སྒོམ་པ་ལའང་། སྐྱེ་གནས་བཞིའི་བག་ཆགས་སྦྱོང་བྱེད་བདག་སྲས་གཞན་སྲས་མངོན་བྱང་ལྔ་བསྐྱེད་རྡོ་རྗེ་ཆོ་ག་བཞི་བསྐྱེད་པ་སོགས་རྒྱས་པ་དང་། འབྲིང་པོ་ཆོ་ག་གསུམ་བསྐྱེད་དང་། བསྡུས་པ་ཨ་ནུ་ལྟར་སྔགས་ཙམ་ལས་བསྐྱེད་པ་དང་། ཤིན་ཏུ་བསྡུས་པ་ཨ་ཏི་ལྟར་སྐད་ཅིག་དྲན་རྫོགས་སུ་སྒོམ་པ་བཞིའམ། ཡང་ན་མངལ་སྐྱེས་དང་རྫུས་སྐྱེས་གཉིས་དང་བསྟུན་ཏེ་རིམ་གྱིས་བ་དང་ཅིག་ཆར་བའི་བསྐྱེད་རིམ་གཉིས་སུ་ཡང་གསུངས་སོ། །
དེ་ཡང་སྲིད་པ་རིམ་པར་སྨིན་ཚུལ་དང་མཐུན་པ་ནི། སྟོང་པ་ཆེན་པོ། སྙིང་རྗེ་སྒྱུ་མ། ཕྱག་རྒྱ་གཅིག་པ། ཕྱག་རྒྱ་སྤྲོས་བཅས། ཚོམ་བུ་ཚོགས་སྒྲུབ་དང་ལྔའི་ཚུལ་གྱིས་བསྒྲུབས་པས་མར་འཁོར་བའི་བག་ཆགས་དག ཡར་མྱང་འདས་ཀྱི་འབྲས་བུ་རྫོགས། རྫོགས་རིམ་སྨིན་བྱེད་དུ་གྱུར་པའོ། །དེ་ལྟར་ལམ་རིམ་ལས། སྲིད་པ་རིམ་པར་སྨིན་ཚུལ་གྱིས། །འཇུག་པའི་ཡན་ལག་ལྔ་རུ་བཞག །ཅེས་གསུངས་པ་ལྟར་རྒྱས་པར་མཛོད་ཀྱི་ལྡེ་མིག་སོགས་ལས་ཤེས་པར་བྱའོ། །
གསུམ་པ་ནི། དེ་ཡང་བསྐྱེད་རིམ་རྐྱང་བ་རགས་པ་དང་ཕྲ་བའི་གསལ་སྣང་མཐར་ཕྱིན་པའི་ཚེ་ན་སྔགས་དང་ཕྱག་རྒྱ་ལ་སོགས་པ་གྲོགས་སུ་ལྡན་པའི་སྒོ་ནས་འོག་མིན་གྱི་བར་དུ་འཇིག་རྟེན་པའི་དངོས་གྲུབ་མཐའ་དག་འགྲུབ་ནུས་སོ། །དེ་ལྟ་བུའི་བསྐྱེད་རིམ་འགྲུབ་ན་དམིགས་པ་ཁོ་ནས་ཀྱང་ལས་ཅི་རིགས་པ་འགྲུབ་པར་གསུངས། དེས་ན་ཇི་སྐད་དུ། ལྟ་བས་ཇི་ལྟར་ཐག་བཅད་པ། །དེ་བཞིན་སྒོམ་དང་སྤྱོད་པས་སྐྱོངས། །ཞེས་གསུངས་པ་ལྟར་ལྟ་སྒོམ་དང་མ་བྲལ་བར་སྣོད་བཅུད་ཐམས་ཅད་སྐུ་གསུང་ཐུགས་ཡེ་ནས་གཉིས་སུ་མེད་པའི་སྒོ་ནས་སྤྱོད་པ་ནི་མདེ༵འུ་ཡི་གཟུགས་སུ་ཉེ་བར་བཀོད་དེ་དབང་ནོད་པ་སོགས་བསྙེན་སྒྲུབ་ཀྱི་ཡན་ལག་རྣམས་ལ་རིམ་བཞིན་ཁ༵་ལོ་བསྒྱུ༵ར་བར་བྱས༵་ནས༵་ལས་རབ་འབྱམས་ལ་དབང་འབྱོར་བར་བྱ་སྟེ། ཇི་ལྟར་ན་ལས་ནི་ཀརྨ་ཞེས་པའི་སྒྲ་ལས་སྒོ་གསུམ་གྱི་བྱ་བའི་ལས་ཏེ། དེའང་ཚད་མེད་བཞིའི་རྒྱུ་ལས་བྱུང་བའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་། ཤེས་རབ་ཆེན་པོས་ཟིན་པའི་སྒོ་ནས་གཙོ་བོ་གཞན་དོན་བསྒྲུབ་པ་ལ་དམིགས་པའི་ཐབས་མཁས་ཀྱི་མཛད་སྤྱོད་ཁྱད་པར་ཅན་ནོ། །
དེ་ལ་དབྱེ་ན། ཞི་བ། རྒྱས་པ། དབང་། དྲག་པོ་བཅས་ཀྱི་ལས་ཏེ། ཞི་བ་ལའང་ནད་གདོན་སྡིག་སྒྲིབ་དགྲ་འཇིགས་བྱད་ཕུར་ཞི་བ་སོགས་དང་། རྒྱས་པ་ལ་ཚེ་བསོད་ནམས་ཡེ་ཤེས་བཀྲག་མདངས་འཁོར་ནོར་སྟོབས་དཔལ་འབྱོར་བ་ཆོས་སོགས་རྒྱས་པར་བྱེད་པ་དང་། དབང་ལའང་རྒྱལ་བློན་བཙུན་མོ་པཎྜི་ཏ་སོགས་མི་དང་ལྷ་ཀླུ་གནོད་སྦྱིན་སོགས་མི་མ་ཡིན་དང་། ཉམས་རྟོགས་ཡོན་ཏན་སོགས་དཔལ་དང་བཟའ་བཏུང་གོས་རྒྱན་སོགས་འབྱོར་བ་དབང་དུ་བྱ་བ་དང་། དྲག་པོ་ལའང་དགུག་པ་དབྱེ་བ་བཅིང་བ་མནན་པ་བཟློག་པ་བསད་པ་བསྐྲད་པ་རྣམས་དང་། བྱས་པ་བཤིག་པ། སྨྱོ་རུ་གཞུག་པ། ལྟས་ངན་ཐོག་སེར་དབབ་པ་སོགས་དུ་མ་ཡོད་དོ། །དེའང་ངོ་བོའི་སྒོ་ནས་ཕྱི་མ་གཉིས་ཚ༵ར་གཅོ༵ད་པ་དང་སྔ་མ་གཉིས་རྗེ༵ས་སུ༵་འཛིན་པའི་ཚུལ་གྱིས་གཞན་ཕན་ལྷུར་ལེན་པའི་རིག་པ་འཛི༵ན་པ་རྣམས་ཀྱིས་ལྟ་སྒོམ་སྤྱོད་པའི་སྒོ་ནས་གནས་སྐབས་མཐར་ཐུག་གི་འབྲས་བུའི་དོན་དུ་ལས་རབ་འབྱམས་ལ༵་དབ༵ང་བསྒྱུར༵་བར་བྱས་ནས་སེམས་ཅན་ཐམས་ཅད་ལ་ཕན་པར་མཛོ༵ད་ཅིག་ཅེས་པའོ། །
གཉིས་པ་རྫོགས་རིམ་ནི། རྩ་བ་ལས།
སྲོག་རྩོལ་བྱེད་བཅིང་ལུས་ཀྱི་འཕྲུལ་འཁོར་གྱིས། །
བདེ་གསལ་མི་རྟོག་གྲོགས་སུ་འགུགས་ནུས་ན། །
འོད་གསལ་སྒྱུ་མའི་ལུས་ལ་དབང་འབྱོར་ཕྱིར། །
རྫོགས་རིམ་ཐུགས་ཀྱི་ཐིག་ལེར་བསྟིམ་པར་རིགས། །
ཞེས་གསུངས་པའི་དོན་ཏེ། དེའང་འདི་ལྟར་སྤྱིར་རིམ་གཉིས་ཀྱི་གོ་རིམ་དང་དངོས་གྲུབ་ཀྱི་ཁྱད་པར་ཡང་རིམ་ལྔ་ལས། བསྐྱེད་པའི་རིམ་པ་ལེགས་ཤེས་ཤིང་། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་བཞིན་དུ་གསུངས། །ཞེས་དང་། རྒྱུད་ཕྱི་མ་ལས། འཇིག་རྟེན་པ་ཡི་དངོས་གྲུབ་ནི། །བསྐྱེད་པའི་རིམ་པ་སྦྱོར་བས་ཐོབ། །འཇིག་རྟེན་འདས་པའི་དངོས་གྲུབ་ནི། །རྫོགས་པའི་རིམ་པ་སྦྱོར་བས་ཐོབ། །ཅེས་སོ། །
དེའང་ཧྥནྣ་ཞེས་པའི་སྒྲ་ལས་རྫོགས་པའམ་རང་བཞིན་ལ་ཡོད་པའི་དོན་དེ་གསར་དུ་མ་བསྐྱེད་ཀྱང་སྔོན་ནས་གྲུབ་པའི་ཆོས་ཤིག་སྒོམ་པའི་དོན་དང་རིམ་ནི་ལམ་གྱི་རིམ་པ་ཡིན་ཏེ། སྤྱི་དོན་ལས། ཐབས་ཀྱི་མན་ངག་ཟབ་མོ་གཞི་རྒྱུད་དག་མཉམ་ཆེན་པོར་རང་གནས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་མངོན་སུམ་དུ་འཆར་བར་བྱེད་པ་སྟེ། དེ་ལ་རྫོགས་རིམ་མམ་མངོན་སུམ་གྱི་རྣལ་འབྱོར་དང་གཉུག་མའི་ལམ་ཞེས་ཀྱང་བྱའོ། །ཞེས་སོ། །
ཉམས་སུ་ལེན་ཚུལ་གྱི་སྒོ་ནས་སེམས་ཀྱི་དམིགས་པ་དང་ལུས་ངག་གི་རྩོལ་བ་ལ་བརྟེན་ནས་མཚན་བཅས་ཀྱི་ལམ་དང་། རྩོལ་བྲལ་མཚན་མ་མེད་པའི་རྫོགས་རིམ་གཉིས་ཡོད་པ་ལས། འདིར་དང་པོ་ལྟར་གཞན་ལས་ཆེས་ཟབ་ཅིང་སྙིགས་དུས་ཚེ་ཐུང་གཅིག་ལ་སངས་རྒྱས་མངོན་དུ་བྱེད་པའི་ལམ་རྡོ་རྗེ་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་གི་རིམ་པ་དང་སྦྱར་ཏེ་བཤད་པ་ལ། སྦྱོར་བ་དྲུག་དང་། དེའི་མཐར་འབྲས། ཉམས་སུ་ལེན་པར་གདམས་པ་དང་གསུམ་ལས། དང་པོ་སྦྱོར་བ་དྲུག་ནི། སོར་སྡུད། བསམ་གཏན། སྲོག་རྩོལ། འཛིན་པ། རྗེས་དྲན། ཏིང་འཛིན་རྣམས་སོ། །དེ་ལ་རླུང་བྱེད་བཅིང་གི་སྒོ་ནས་སྔ་མ་བཞི་བསྟན་པ་དང་། ལུས་ཀྱི་འཕྲུལ་འཁོར་གྱི་སྒོ་ནས་ཕྱི་མ་གཉིས་བསྟན་ཏོ། །
དང་པོ་ནི། སྲོག་རྩོལ་བྱེད་བཅིང་ཞེས་པས་བསྟན་ཏེ། འདིར་སྲོ༵ག་ནི་པྲཱ་ཎ་ཞེས་པའི་སྒྲ་ལས་རླུང་གི་དོན་དང་། རྩོ༵ལ་བ་ནི་ཨཱ་ཡ་མ་ཞེས་པའི་སྒྲ་ལས་དེ་འགོག་པའམ་དེ་རྩོལ་བ་ལ་འཇུག་པས་སོར་སྡུད་སོགས་དང་པོ་བཞིས་རླུང་འགོག་པར་བྱེ༵ད་པ་དང་བཅི༵ང་པའི་སྒོ་ནས་འཇུག་པར་ཤེས་པར་བྱའོ། །ཇི་ལྟར་ན། དང་པོ། སོར་སྡུད་ནི། བསྡུས་རྒྱུད་ལས། སོ་སོར་སྡུད་པ་ལུས་ལ་ཡུལ་དང་ཡུལ་ཅན་བཅུ་པོ་རྣམས་ནི་རབ་ཏུ་འཇུག་པ་མེད་པའོ། །ཞེས་གསུངས་པ་ལྟར་སོར་སྡུད་ནི་ཡུལ་ཡུལ་ཅན་བཅུ་འདྲེས་བྱེད་ཀྱི་རླུང་ལུས་ལ་མི་འཇུག་པར་བྱེད་པ་ཡིན་ནོ། །འདི་ལ་མཚན་མོ་དང་ཉིན་མོའི་རྣལ་འབྱོར་གཉིས་ལས། དང་པོ།
སྦྱོར་བ་གནས་དབེན་ཞིང་སྟན་བདེ་བར་འཁོད་དེ་སྐྱབས་འགྲོ་དང་རྡོར་སེམས་མཎྜལ། བླ་མའི་རྣལ་འབྱོར་དང་ལྷན་སྐྱེས་ཀྱི་བསྐྱེད་རིམ་རྣམས་བྱས་ཏེ། ལུས་ཀྱི་བྱ་བྱེད་དང་། ངག་གི་སྨྲ་བརྗོད། ཡིད་ཀྱི་རྣམ་རྟོག་རྣམས་སྤངས་པ་སྟེ་མི་གཡོ་བ་གསུམ་ནི་སྔོན་འགྲོ་ཡིན་པས་ཞག་གཉིས་གསུམ་ལ་བསྒོམ་དགོས་པར་གསུངས།
དེ་ནས་དངོས་གཞི་རླུང་བཅུ་འཆིང་བ་ནི་ཐོག་མར་མུན་ཁང་དུ་ལུས་གནད་རྡོ་རྗེ་སྐྱིལ་ཀྲུང་བྱ། འོག་ཆགས་དམ་པོར་བྱས་པས་ཐུར་སེར་གྱི་རླུང་འཆིང་། སྒལ་ཚིགས་དང་ལྟག་པ་དྲང་པོར་བསྲང་། སྙིང་ཁ་ནས་ལྟེ་བའི་བར་གྱི་རྩ་དྲང་བ་ཡིས་སྲོག་རླུང་བཅིང་། ལྐོག་མས་ཨོལ་མདུད་ནོན་ཙམ་གྱིས་མགྲིན་པ་དགུག་པས་གྱེན་རྒྱུའི་རླུང་འཆིང་། དེ་དག་གི་ཤུགས་ལས་གསུས་པ་མཉམ་དུ་བྱུང་བས་མཉམ་གནས་ཀྱི་རླུང་འཆིང་། སོ་དང་མཆུ་རང་སར་བཞག ལྕེ་རྩེ་ཡ་རྐན་ལ་སྦྱར། མགྲིན་པ་སོ་དང་ལྕེ་མཆུ་འདི་དག་གིས་རྣ་བ་དང་ལྕེའི་རླུང་འཆིང་། སྦྱོར་བ་དེ་རྣམས་ཀྱིས་རླུང་ཁ་ནས་དལ་བུར་བཏང་ནས་སྣའི་རླུང་འཆིང་། ལག་གཉིས་མཐེ་བོང་གིས་སྲིན་ལག་གི་རྩ་བ་མནན་ནས་དེའི་ཕྱི་རོལ་ནས་སོར་མོ་རྣམས་ཀྱིས་བསྡམས་པའི་ཁུ་ཚུར་གཉིས་ཀྱིས་བརླའི་རྩ་བར་ཅུང་ཟད་མནན་ནས་བཞག གྲིམ་ལྷོད་རན་པར་བྱ་ཞིང་ལག་ངར་བསྲང་། དེས་ལུས་དབང་ལ་རྒྱུ་བའི་རླུང་དང་ཁྱབ་བྱེད་ཀྱི་རླུང་འཆིང་། མིག་གིས་སྨིན་མཚམས་ནས་སོར་བཅུ་དྲུག་གཞལ་བའི་སྟེང་གི་ནམ་མཁའ་ལ་རན་པར་བལྟ་ཞིང་མི་གཡོ་བར་བྱས་པས་མིག་ཏུ་རྒྱུ་བའི་རླུང་འཆིང་། དེ་ལ་མིག་གི་གཙུག་ཏོར་འཁོར་ལོས་བསྒྱུར་བའི་ལྟ་སྟངས་ཞེས་ཀྱང་བྱའོ། །དེ་ལྟར་རྩ་བ་དང་ཡན་ལག་གི་རླུང་བཅུ་འཆིང་བ་ཡིན་ནོ། །དེ་བཞིན་སེམས་ཀྱི་གནད་ཅི་ཡང་ཡིད་ལ་མི་བྱའོ། །དེ་ལྟར་མ་ཡེངས་བར་ཞག་གཅིག་གི་ཡུན་ཚད་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་ཡུན་ལ་གནད་དུ་བསྣུན་ནུས་ན་སྟོང་གཟུགས་འཆར་བར་གསུངས་སོ། །
གཉིས་པ་ཉིན་མོའི་རྣལ་འབྱོར་ལུས་གནད་སོགས་སྔར་བཞིན་དུ་འདྲ་ཞིང་། སྤྲིན་མེད་པའི་དུས་སུ་ཉི་མ་ལ་རྒྱབ་ཀྱིས་ཕྱོགས་ཏེ་ནམ་མཁའ་སྔོ་སེང་བ་དེར་སེམས་གསལ་རིག་འདྲེས་པའམ་དབྱེར་མེད་པར་ལྷུར་འཇོག་པའོ། །དེས་ན་ལུས་གནད་སོགས་འདི་དག་འོག་མ་རྣམས་ལའང་ཕལ་ཆེར་འདྲའོ། །
དེ་ལ་སྟོང་གཟུགས་ཀྱི་རྟགས་བཅུ་གང་ཞེ་ན། མཚན་མོའི་རྣལ་འབྱོར་ལ་བཞི་དང་ཉིན་མོའི་རྣལ་འབྱོར་ལ་དྲུག་ལས། དང་པོ་ནི། ཤེས་རབ་ཕྱོགས་ཀྱི་རླུང་དབུ་མར་འདུས་པ་ལས་དུ་བ་ལྟ་བུའི་རྟགས་སྣང་འབྱུང་། ཆུ་རླུང་དབུ་མར་འདུས་པ་ལས་སྨིག་རྒྱུ་ལྟ་བུ་འབྱུང་། མེ་རླུང་དབུ་མར་འདུས་པ་ལས་མཁའ་སྣང་སྟེ་སྲིན་བུ་མེ་འཁྱེར་ལྟ་བུར་འབྱུང་། རླུང་གི་རླུང་དབུ་མར་འདུས་པ་ལས་མར་མེ་འབར་བ་ལྟ་བུ་སོགས་མདོག་དང་དབྱིབས་ཉམས་སྣང་མང་དུ་བྱུང་ངོ་། །
གཉིས་པ། ཉིན་སྣང་གི་རྟགས་ཏེ་ཐབས་ཀྱི་ཕྱོགས་གཡོན་གྱི་རླུང་ནི། རླུང་གི་རླུང་དང་། མེའི་རླང་དང་། ཆུའི་རླུང་དང་། སའི་རླུང་དང་། ནམ་མཁའི་རླུང་དང་། ཡེ་ཤེས་ཀྱི་རླུང་རྣམས་དབུ་མར་འདུས་པ་ལས་རིམ་བཞིན་རྟགས་སེར་བོ་འབར་བའི་རྣམ་པ་དང་། ཟླ་བའི་རྣམ་པ་དང་། ཉི་མ་ལྟ་བུ་དང་། རྡོ་རྗེ་སྟེ་སྒྲ་གཅན་གྱི་རྣམ་པ་དང་། མཆོག་གི་ཆ་སྟེ་གློག་འོད་ལྟ་བུ་དང་། ཐིག་ལེའི་རྣམ་པ་སྟེ་དྲུག་གོ །གཞན་ཡང་ཉིན་མཚན་ཐུན་མོང་དུ་ནམ་མཁའ་སྤྲིན་མེད་དྭངས་བ་ལྟ་བུའི་རྟགས་བྱུང་ཡང་འདི་ནི་རྟགས་རྣམས་འཆར་བའི་གཞི་ཡིན་པས་བཅུ་ལས་ལོགས་སུ་མ་བགྲངས་བར་གསུངས། དེ་ལྟར་སོར་སྡུད་གོམས་པའི་ཚད་ནི། རྩ་དབུ་མར་སྒྲ་གཅན་གྱི་རཱེ་ཁ་ནག་པོ་ཤིན་ཏུ་ཕྲ་བ་སྐུ་ཡི་ཚད་ཙམ་མཐོང་བའི་བར་དུའོ། །དེའི་འབྲས་བུ་ནི། གནས་སྐབས་སུ་སྔགས་ཀྱི་བདེན་ཚིག་གྲུབ་པ་དང་། མཐར་འབྲས་སངས་རྒྱས་དུས་རྡོར་སེམས་སོགས་ཡེ་ཤེས་ཁམས་ཀྱི་ལྷ་དྲུག་ཚན་གཅིག་གི་དཀྱིལ་འཁོར་རབ་འབྱམས་འབྱུང་བར་གསུངས་སོ། །
གཉིས་པ། བསམ་གཏན་ནི། དུས་འཁོར་ལས། བསམ་གཏན་དག་ཀྱང་ཤེས་རབ་རྟོག་དང་དཔྱོད་པ་དགའ་དང་གཡོ་མེད་བདེ་བ་རྩེ་གཅིག་སེམས་པའོ། །ཞེས་པ་ལྟར། འདིར་ལུས་གནད་སོགས་སྔར་དང་འདྲ་ཞིང་སྟོང་གཟུགས་ལ་དམིགས་པའི་སེམས་བརྟན་ཆ་ཐོབ་པའི་ཕྱིར་དེ་ཕྱོགས་སུ་འཕྱོ་བའི་རྗེས་སུ་མི་འབྲང་བར་ལྟ་སྟངས་དང་རིག་པ་དང་པོ་གཏད་ས་དེ་ཁོ་ནར་གཏད་ཅིང་། སྟོང་གཟུགས་ལ་དཔྱད་ར་སོགས་རྣམ་རྟོག་གཞན་གང་ཡང་མི་འཇུག་པར་མཐོང་བ་དེ་དང་མི་འབྲལ་བར་བསྒོམ་པར་བྱའོ། །
སྟོང་གཟུགས་ཀྱི་མཚན་ཉིད་རགས་པ་མཐོང་བས་རྟོག་པ་དང་བྱེ་བྲག་མཐོང་བས་དཔྱོད་པ་དང་། དེ་བཞིན་དགའ་བ་དང་བདེ་བ་སེམས་གནས་པ་སྟེ་བསམ་གཏན་དང་པོའི་ཡན་ལག་ལྔའི་མིང་དང་མཐུན་པར་འབྱུང་། དེའང་བསམ་གཏན་དང་པོའི་དངོས་གཞིའི་སེམས་ནི་འདོད་ཉོན་སྤངས་ཤིང་འདིར་ནི་འདོད་པའི་སས་བསྡུས་པའང་དེ་ལྟར་ཡོད་པའི་ཁྱད་པར་རོ། །འདིར་ནི་སྔར་ལས་འཕགས་ཏེ་ཐིག་ལེ་ཆེན་པོ་ལ་མཉམ་པར་བཞག་ན་དེའི་ནང་སངས་རྒྱས་ཀྱི་སྐུ་མཐོང་བ་སོགས་འབྱུང་། ཐིག་ལེ་ཆེན་པོ་ནི་རྟགས་བཅུ་ཚང་པའི་ཐིག་ལེའོ། །
འབྲས་བུ་ནི། རྣམ་ཤེས་སོགས་མཁའ་ཁམས་དག་མི་བསྐྱོད་པ་སོགས་ལྷ་མཁའ་ཁམས་དྲུག་ཚན་གྱི་དཀྱིལ་འཁོར་འགྲུབ་བོ། །གསུམ་པ་སྲོག་རྩོལ་ནི། བསྡུས་རྒྱུད་ལས། སྲོག་གི་རྩོལ་བ་དག་ཀྱང་ལམ་ནི་གཉིས་པོ་བསྒྱེལ་ཞིང་དབུ་མར་སྲོག་ནི་ཞུགས་པ་དག་ཏུ་འགྱུར། །ཞེས་པ་ལྟར་སྲོག་རྩོལ་ནི་རླུང་བུམ་པ་ཅན་རྩ་དབུ་མའི་ནང་དུ་འཇུག་པའོ། །ཇི་ལྟར་ན་ཀུན་རྟོག་གི་བཞོན་པར་གྱུར་པའི་རླུང་རང་དབང་དུ་གྱུར་པའི་ཕྱིར་བསྒོམ་པ་ལ། རླུང་རོ་རྐྱང་གི་ལམ་གཉིས་སུ་རྒྱུ་བ་བཀག་ནས་དྷཱུ་ཏིའི་འཁོར་ལོ་རྣམས་སུ་འགྲོ་འོང་བྱེད་ཅིང་རིམ་གྱིས་འགོག་པར་བྱེད་པའོ། །དྷཱུ་ཏི་ནི་རྩ་དབུ་མ་སྟེ་ཚངས་པའི་དབྱུག་པ་ཞེས་ཀྱང་བྱའོ། །ལུས་གནད་གཞན་སྔར་དང་འདྲ་ལ། ལྟ་སྟངས་ནི་བདུད་རྩི་འཁྱིལ་བའི་ལྟ་སྟངས་ཞེས་ཐད་ཀ་ལས་ཅུང་ཟད་གྱེན་དུ་ཕྱོགས་པའི་སྨིན་མཚམས་སུ་ཧྲིག་གེར་བལྟ་ཞིང་། ཐོག་མར་རླུང་རོ་ལན་གསུམ་བསལ་ནས་སྔོན་དུ་རླུང་འབྱིན་འཇུག་གནས་གསུམ་ཙམ་ལ་སེམས་གཏད། དེ་ནས་གཡས་གཡོན་དབུས་སུ་རོ་རྐྱང་དབུ་མའི་རྩ་གསུམ་གསལ་བཏབ་ཕྱིར་འབྱིན་པ་རོ་མ་དང་དབུ་མ་ནས་ཕར་སོང་། ནང་དུ་རྔུབ་པ་རྐྱང་མ་དང་དབུ་མ་ནས་ཚུར་འོང་། གནས་པ་ན་དབུ་མ་ཁོ་ནར་གནས་པར་བསམ། དེ་རྗེས་འབྱིན་པ་ཨཱ་ཡི་སྒྲ་གདངས་བཅས་ཏེ་འོད་ཟེར་ཨཱཿདམར་པོའི་རྣམ་པར་འཕྲོ། དེ་དང་འདྲ་བར་རྔུབ་པ་ཨོཾ་དཀར་པོ། གནས་པ་ཧཱུྃ་སྔོན་པོའི་རྣམ་པ་དབུ་མ་ཁོ་ན་ནས་འགྲོ་འོང་གནས་གསུམ་བྱེད་པར་བསམ།
དེ་ལྟར་རྡོར་བཟླས་ཀྱིས་སྦྱངས་ནས་རྩ་དབུ་མའི་ལམ་དུ་རླུང་བུམ་པ་ཅན་འཛིན་པར་བསྒོམས་ནས་འབྱིན་རྔུབ་གནས་གསུམ་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་དང་དབྱེར་མེད་སྒྱུ་མ་ལྟར་རྟོགས་པ་ལས་མི་ཡེངས་པར་བྱའོ། །གོམས་པའི་ཚད་ནི་དབུ་མ་ཁོ་ནས་རླུང་འབབ་པའི་བར་དུའོ། །འབྲས་བུ་ནི། སངས་རྒྱས་བྱང་སེམས་ཀྱིས་ལུང་སྟོན་པ་དང་། མངོན་ཤེས་དྲུག་ཐོབ། འདུ་བྱེད་ཀྱི་ཕུང་པོ་རླུང་ཁམས་སོགས་དག་ནས་དོན་ཡོད་གྲུབ་པ་ཐོབ་པར་གསུངས།
བཞི་པ་འཛིན་པ་ནི། བསྡུས་རྒྱུད་ལས། ཐིག་ལེ་སྲོག་ནི་རབ་ཏུ་ཞུགས་ཤིང་གཉིས་ཀའི་བགྲོད་པ་བཅོམ་སྟེ་རྩེ་གཅིག་སེམས་པ་འཛིན་པའོ། །ཞེས་པ་ལྟར་སྲོག་མི་ཤིགས་པའི་ཐིག་ལེར་འཇུག་ཅིང་འགྲོ་འོང་བྱེད་པ་འཛིན་པའི་རྣལ་འབྱོར་ཡིན་ཏེ། རླུང་སེམས་དབུ་མར་ཞུགས་པ་ཉིད་མི་ཤིགས་པའི་ཐིག་ལེར་ཐིམ་ནས་བརྟན་པར་བྱ་བའི་ཕྱིར་སྲོག་དབུ་མའི་ཐིག་ལེར་ཞུགས་ནས་གཏུམ་མོ་འབར་བས་རང་བཞིན་གྱིས་ཞི་བདེ་ཁྱད་པར་ཅན་སྐྱེས་ཤིང་། ཐིག་ལེ་འཛག་མེད་དུ་འཆང་ནུས་པས་འཕོ་མེད་ཀྱི་བདེ་བ་འདྲེན་པས་དེ་སྒོམ་པར་བྱེད་པ་ཡིན་ནོ། །ངེས་ཚིག་ནི། དྷཱ་ར་ཎ་སྟེ་རླུང་འགྲོ་འོང་དང་བྲལ་བ་དབུ་མའི་ནང་དུ་འཛིན་པར་བྱེད་པའོ། །འབྲས་བུ་ནི་སྟོབས་བཅུ་སོགས་རྗེས་མཐུན་དང་། ཚོར་ཕུང་སོགས་དག་ནས་རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་གྲུབ་པའོ། །
གཉིས་པ་ཕྱི་མ་གཉིས་ནི། ལུས་ཀྱི་འཕྲུལ་འཁོར་ཞེས་པས་བསྟན་ཏེ། རྩ་རྒྱུད་ལས། གཏུམ་མོའི་སྣང་བ་གང་ཞིག་གྱུར་པ་ངེས་པར་ལུས་དང་ནམ་མཁའ་ལ་ཡང་རྗེས་སུ་དྲན་པར་འགྱུར། །ཤེས་རབ་ཐབས་ཀྱི་བདག་ཉིད་ཀྱིས་ནི་འགྱུར་མེད་བདེ་བའི་དབང་གིས་ཡེ་ཤེས་གཟུགས་ལ་ཏིང་ངེ་འཛིན། །ཞེས་པ་ལྟར་དང་པོ་གཏུམ་མོའི་འབར་སྣང་གསལ་ཞིང་རབ་ན་དུས་འཁོར་ཡབ་ཡུམ་དུ་གསལ་བ་སོགས་རང་དང་ཕྱག་རྒྱ་མའི་ལུ༵ས་ཀྱི༵་སྒྱུ་རྩལ་སྣ་ཚོགས་འཕྲུ༵ལ་ཐབས་ཀྱི་སྒོ་ནས་རྩ་གསུམ་འཁོ༵ར་ལོ་བཞིའམ་དྲུག་གསལ་བཏབ་ནས་མཁའ་གསང་བྱིན་གྱི༵ས་བརླབས་ཏེ་སྙོམས་པར་ཞུགས་པའི་ཐབས་ཤེས་དབྱེར་མེད་དོན་དམ་ལྷན་སྐྱེས་བདེ་བ་ཆེན་པོའི་ཡེ་ཤེས་ཐོབ་པར་གསུངས་སོ། །དེའང་རྗེས་དྲན་གྱི་སྐབས་སུ་སྤྱི་བོའི་ཧཾ་ཞུ་བའི་བདེ་བ་གནས་བཞིར་དྲངས་བས་དགའ་བཞིའི་མཐར་ནོར་བུའི་རྩེར་འཆིང་ཞིང་གྱེན་དུ་གཙུག་ཏོར་གྱི་བར་དུ་ཟློག་པའི་དགའ་བཞི་ཡང་ཡང་མྱོང་བའོ། །འདིར་ཀུནྡ་བྱང་ཆུབ་ཀྱི་སེམས་གཏོང་བར་བཅོལ་ཀྱང་མི་ལྟུང་བར་ནོར་བུ་ནས་ཤུགས་དྲག་གྱེན་དུ་རང་ཟློག་ཏུ་འགྲོ་བ་དང་། རང་ལུས་སྟོང་གཟུགས་འོད་ཀྱི་དཀྱིལ་འཁོར་དུ་སྣང་ཞིང་སྤྲོ་བསྡུའི་སྣང་བ་འབྱུང་ངོ་། །དེའི་འབྲས་བུ་ནི། རྣམ་སྨིན་གྱི་ལུས་གནས་མ་གྱུར་ཀྱང་སེམས་ལྷ་སྐུར་དངོས་སུ་གྱུར་བ་དང་། མངོན་ཤེས་སོགས་ཆེར་འཕེལ། མཐར་འདུ་ཤེས་དང་ཆུ་ཁམས་དག་ནས་འོད་དཔག་མེད་པའི་དཀྱིལ་འཁོར་གྲུབ་པའོ། །ཏིང་ངེ་འཛིན་གྱི་སྐབས་སུའང་ལམ་སྔ་མ་གོམས་པའི་ལག་རྗེས་གྲུབ་འབྲས་སུ་མས་བརྟན་གྱི་དགའ་བ་ཁྱད་པར་ཅན་སྐྱེ་བའི་སྟོབས་ཀྱིས་གསང་བའི་འཁོར་ལོ་དྷཱུ་ཏིའི་ནང་དུ་རླུང་སེམས་འགགས་ནས་མི་འགྱུར་པའི་བདེ་བ་སྐད་ཅིག་མ་དང་པོ་ནས་བརྩམ། མཐར་གཙུག་ཏོར་གྱི་འཁོར་ལོར་སྲོག་ཐིམ་སྟེ་མི་འགྱུར་བའི་བདེ་བ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྫོགས་པ་ན་ས་དང་པོ་རབ་ཏུ་དགའ་བ་ཐོབ་པར་གསུངས། མཐར་འབྲས་ནི། གཟུགས་ཕུང་དང་ས་ཁམས་དག་ནས་རྣམ་པར་སྣང་མཛད་འགྲུབ་པའོ། །
དེ་ལྟར་སྦྱོར་བ་དྲུག་གི་རྣལ་འབྱོར་འདི་ཅུང་ཟད་རྒྱས་པར་འདོད་ན་སྦྱོར་དྲུག་མན་ངག་དགོངས་གནད་གསལ་བྱེད་བེེཌཱུརྱའི་མེ་ལོང་དང་སྦྱོར་རྫོགས་གཉུག་མའི་སྒྲ་དབྱངས་སོགས་དང་། ཆེས་རྒྱས་པར་ནི་ཇོ་ནང་ཀུན་མཁྱེན་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་དང་ཀུན་མཁྱེན་མི་ཕམ་རྒྱ་མཚོའི་དུས་འཁོར་འགྲེལ་ཆེན་སོགས་ལས་ཤེས་པར་བྱའོ། །
གཉིས་པ་ནི། གོང་དུ་སོ་སོའི་སྐབས་སུ་བཤད་པའི་སོར་བསམ་སོགས་དང་པོ་བཞིས་གཏུམ་མོའི་བདེ༵་བ་དང་། རྗེས་ཏིང་གཉིས་ཀྱིས་བདེ་ཆེན་ལྷན་ཅིག་སྐྱེས་པའི་འོད་གས༵ལ་རྣམ་པར་མི༵་རྟོ༵ག་པའི་ཡེ་ཤེས་རྣམས་གྲོ༵གས་སུ༵་འགུ༵གས་པ་སྟེ་ཉམས་སུ་ལེན་པའི་སྒོ་ནས་གནས་སྐབས་ཀྱི་འབྲས་བུ་སོ་སོ། མཐར་ཐུག་དང་རྗེས་སུ་མཐུན་པར་གཏན་ལ་དབབ་ནུ༵ས་པར་གྱུར་ན༵། རྣམ་སྨིན་ཤ་ཁྲག་ལས་གྲུབ་པའི་ཟག་བཅས་ཀྱི་ལུས་འདི་དབྱིངས་སུ་ཡལ་ཏེ་མཐར་འབྲས་སྟོང་བ་འོད༵་གས༵ལ་བ་དང་། སྣང་བ་སྒྱུ༵་མའི༵་ལུ༵ས་གཉིས་འགྲུབ་བོ། །
དེ་གཉིས་ལས་དང་པོ་འོད་གསལ་ནི། སྤྱིར་བསྐྱེད་རིམ་གྱི་འོད་གསལ་ནི་རྗེས་མཐུན་དང་རྫོགས་རིམ་གྱི་འོད་གསལ་ནི་ཡང་དག་ཡིན་པར་གསུངས་ཏེ། རྗེ་མར་པས་ཀྱང་། དཔེའི་འོད་གསལ་གཞན་ལུས་ཤེས་རབ་མ་ལ་བརྟེན་པའི་ཡེ་ཤེས། དོན་གྱི་འོད་གསལ་ཉེ་བར་ཐོབ་པའི་བར་མ་དོར་ཀུན་གཞིའི་འོད་གསལ་དུ་ཐིམ་པའི་ཡེ་ཤེས། འོད་གསལ་རང་གི་ངོ་བོ་སངས་རྒྱས་ཐམས་ཅད་མཁའ་ཁྱབ་བྱང་ཆུབ་རྡོ་རྗེ། འོད་གསལ་གྱི་ཡོན་ཏན་ཉེར་ཐོབ་མུན་པའི་དྲི་མ་སངས་པས་གནས་ངན་ལེན་ཐམས་ཅད་ལས་གྲོལ་ཏེ། སྲིད་ཞིར་མི་གནས་པའི་གཟུགས་སྐུར་འགྲུབ་པའོ། །ཞེས་པ་ལྟར་རོ། །
འདིར་འོད་གསལ་ཞེས་པ་དུས་འཁོར་གྱི་ཆོས་སྐད་དུ་གསུངས་ཏེ། ཀུན་མཁྱེན་བླ་མས། དཔལ་དུས་ཀྱི་འཁོར་ལོ་དང་སྒྱུ་འཕྲུལ་དྲྭ་བ་ལས་འོད་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཞེས་དང་། དཔལ་གསང་བ་འདུས་པ་དང་གཤིན་རྗེ་གཤེད་སོགས་ལས་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་ཞེས་དང་། བདེ་མཆོག་འཁོར་ལོ་དང་རྡོ་རྗེ་གདན་བཞི་སོགས་ལས་བདེ་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོགས་ཞེས་གསུངས་སོ། །
གཉིས་པ་སྒྱུ་ལུས་ནི། གཏུམ་མོ་ལ་བརྟེན་ནས་ཡེ་རླུང་མཆོག་གི་དབུ་མར་བསྡུས་པའི་འབར་འཛག་གི་ཞི་བདེ་ཁྱད་པར་ཅན་ལས་རྣམ་པར་མི་རྟོག་པའི་སེམས་བསྐྱེད་མཐར་སྒྱུ་ལུས་ཙམ་པོ་བ་འགྲུབ་ཅིང་། དེའི་དོན་འོད་གསལ་གྱིས་དྲི་བྲལ་དུ་བྱས་མཐར་སྒྱུ་ལུས་ཁྱད་པར་ཅན་འགྲུབ་སྟེ། རིམ་ལྔ་ལས། དེ་ཉིད་རླུང་དང་ཡང་དག་ལྡན། །རྣམ་ཤེས་གསུམ་པོ་སླར་ཡང་ནི། །རྣལ་འབྱོར་པ་ཡི་ལུས་སུ་འབྱུང་། །དེ་ལ་སྒྱུ་མའི་ལུས་ཞེས་བརྗོད། །ཅེས་དང་། རིམ་ལྔ་བསྡུས་གསལ་ལས་ཀྱང་། རླུང་སེམས་ཙམ་ལས་འབྱུང་བ་ཡི། །སྒྱུ་མའི་ལུས་ནི་སྣང་བར་བཅས། །ཞེས་པ་ལྟར་རོ། །སྒྱུ་མའི་ལུས་དེ་ཇི་ལྟ་བུ་ཞིག་ཡིན་ན། མགོན་པོ་ཀླུས། མེ་ལོང་ནང་གི་གཟུགས་བརྙན་གྱིས། །སྒྱུ་མའི་ལུས་ནི་ཤེས་པར་བྱ། །ཁ་དོག་རྣམས་ནི་འཇའ་ཚོན་ལྟར། །ཁྱབ་པ་ཆུ་ཡི་ཟླ་བས་སོ། །ཞེས་སྐད་ཅིག་གིས་གཟུགས་རྫོགས་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་དང་། ཁ་དོག་གསལ་ཞིང་མ་འདྲེས་པ་འཇའ་ཚོན་ལྟ་བུ་དང་། གཅིག་གིས་གར་ཡང་ཁྱབ་པ་ཆུ་ཟླ་ལྟ་བུ་སྟེ་དཔེ་གསུམ་གྱི་སྒོ་ནས་བཤད་དོ། །
སྒྱུ་ལུས་དེའང་འོད་གསལ་གྱི་ངང་ལས་ཆུ་ལས་ཉ་འཕར་བ་བཞིན་དུ་ལྡང་ཚུལ་ཡང་། རིམ་ལྔ་ལས། ཇི་ལྟར་དྭངས་པའི་ཆུ་ཀླུང་ལས། །ཉ་དག་མྱུར་དུ་ལྡང་བ་ལྟར། །དེ་བཞིན་ཐམས་ཅད་སྟོང་བ་ལས། །སྒྱུ་འཕྲུལ་དྲྭ་བ་འབྱུང་བར་བཤད། །ཅེས་གསུངས་པ་བཞིན་ནོ། །དེ་ལྟར་འོད་གསལ་དང་སྒྱུ་ལུས་གཉིས་ཟུང་འཇུག་ཏུ་འགྲུབ་ཚུལ་ལ་ཕ་རྒྱུད་དང་མ་རྒྱུད་སོགས་འདོད་ཚུལ་མི་འདྲ་བ་ནི་རིམ་ལྔ་དང་སམྦུ་ཊ་སོགས་ལས་གསུངས་པ་ལྟར་ཡིན་ནོ། །
གསུམ་པ་ནི། དེ་ལྟར་དཔལ་ལྡན་དུས་ཀྱི་འཁོར་ལོའི་སྦྱོར་བ་ཡན་ལག་དྲུག་གི་རྣལ་འབྱོར་བསྒོམ་པ་ལ་བརྟེན་ནས་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཆེན་པོ་དང་མི་འགྱུར་བའི་བདེ་བ་ཆེན་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་གཉིས་སུ་མེད་པའི་ཟུང་འཇུག་གི་དོན་དེ་ལ༵་དབ༵ང་འབྱོ༵ར་བར་བྱ་བའི་ཕྱི༵ར་དུ། གཞན་ལས་ཆེས་ཟབ་བའི་མཚན་བཅས་རྫོ༵གས་རི༵མ་འདི་ཉིད་ཐུག༵ས་ཀྱི༵་ཐིག༵་ལེ༵ར་ཏེ་སྙིང་གི་བཅུད་དུ་བསྟི༵མ་པའམ་བསྒོམ་པར༵་བྱ་རི༵གས་སོ་ཞེས་ཟབ་ཆོས་འདི་དང་འཕྲད་པའི་སྐལ་ལྡན་རྣམས་ལ་བརྩེ་བས་གདམས་པའོ། །
དེ་ལྟར་གཞུང་ཚིག་ཤོ་ལོ་ཀ་འདི་ཉིད་སྐབས་འདིར་འཇམ་མགོན་བླ་མ་ཉིད་ཀྱིས་དུས་འཁོར་སྦྱོར་དྲུག་དང་སྦྱོར་ཞེས་གསུངས་པས་དེ་ལྟར་བྲིས་པ་ཡིན། གཞན་ཡང་ཀྱེ་རྡོར། བདེ་མཆོག་མཱ་ཡཱ་སོགས་མ་རྒྱུད་སྐོར་གྱི་རྫོགས་རིམ་དང་། གསང་བ་འདུས་པ། གཤེད་དམར་སོགས་ཕ་རྒྱུད་དང་། དེ་བཞིན་ཨ་ནུ་ཡོ་ག་སོགས་གསར་རྙིང་གི་རྒྱུད་སྡེ་རྣམས་ཀྱི་རྫོགས་རིམ་ལའང་གོང་བཞིན་སྦྱར་དུ་ཡོད་དོ། །
གསུམ་པ། རྫོགས་པ་ཆེན་པོ་ལ། ཉམས་སུ་ལེན་པར་བསྐུལ་བ་དང་། དངོས་གཞི་གཉིས་ལས། དང་པོ། རྩ་བ་ལས།
སྙིགས་ལྔའི་མུན་པ་ལྷག་པར་བདོ་སྐབས་སུ། །
ཐེག་བརྒྱད་རྒྱུ་སྐར་འོད་ཀྱིས་འཇོམས་དཀའ་བས། །
ཡང་གསང་སྙིང་ཐིག་ཉི་མའི་ཟེར་འཕྲེང་འབུམ། །
དད་གསུམ་རྟ་བདུན་ཁྱོགས་ཀྱིས་དྲང་བར་རིགས། །
ཞེས་གསུངས་པའི་དོན་དེ་ལ་དབྱེ་ན། ཐེག་པ་བརྒྱད་ཀྱིས་གདུལ་མི་ནུས་ཚུལ་དང་། ཐེག་པ་གཅིག་གིས་འདུལ་བར་བསྟན་པ། དད་པས་དེ་ཉིད་བསྒོམ་དགོས་པར་གདམས་པ་དང་གསུམ་ལས། དང་པོ། དེ་ལ་འདིར་ཡཱ་ན་ཞེས་པའི་སྒྲ་ལས་ཐེག་པའམ་བཞོན་པའི་དོན་ཏེ་ས་ལམ་གྱི་ཡོན་ཏན་རྣམས་གོང་ནས་གོང་དུ་འདེགས་པར་བྱེད་པས་ཐེག་པ་ཞེས་བྱ་སྟེ། ཡོན་ཏན་རིན་པོ་ཆེ་སྡུད་པ་ལས། ཐེག་པ་འདི་ནི་མཁའ་འདྲ་གཞལ་མེད་ཁང་ཆེན་ཏེ། །དགའ་སྐྱེད་བདེ་བ་མངོན་པར་འཐོབ་བྱེད་ཐེག་པའི་མཆོག །དེ་གང་ཞོན་ནས་སེམས་ཅན་ཐམས་ཅད་མྱ་ངན་བཟློ། །ཞེས་གསུངས་ཤིང་། སྤྱིར་ཐེག་པ་དབྱེ་བསྡུའི་རྣམ་གྲངས་ཚད་མེད་ཀྱང་འདིར་ཆེ་བ་དྲུག་ལྡན་གྱི་གསང་སྔགས་སྔ་འགྱུར་བའི་ཐུན་མིན་རང་ལུགས་ལྟར་ན། ཇི་སྐད་དུ། དྲི་མེད་བཤགས་རྒྱུད་ལས། མཚན་ཉིད་སྡེ་སྣོད་གསུམ་དང་ཐེག་པ་གསུམ། །ཕྱི་པ་ཐུབ་པའི་རྒྱུད་ལ་ཀྲི་ཡོག་གསུམ། །ནང་པ་ཐབས་ཀྱི་རྒྱུད་ལ་ཡོ་ག་གསུམ། །ཐེག་པ་རིམ་པ་དགུ་ཡི་དམ་ཚིག་རྣམས། །ཞེས་དང་། སྤྱི་མདོ་ལས་ཀྱང་། དམ་ཚིག་ངེས་པའི་ཐེག་པ་ནི། །གསུམ་དུ་ངེས་པར་བསྟན་པ་ཡིན། །ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིག །དབང་སྒྱུར་ཐབས་ཀྱི་ཐེག་པའོ། །ཞེས་ཕྱི་ཀུན་འབྱུང་འདྲེན་པའི་ཐེག་པ་གསུམ་དང་། ནང་དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་གསུམ། གསང་བ་དབང་སྒྱུར་ཐབས་ཀྱི་ཐེག་པ་གསུམ་སྟེ་རིམ་པ་དགུའོ། །དེ་ལ་ཡང་ཕྱི་མ་ཡང་གསང་བླ་ན་མེད་པ་འདིར་མ་བརྟེན་པར་བྱང་ཆུབ་ཐོབ་དཀའ་བར་ལོ་ཆེན་གྱི་སྡོམ་ཊིཀ་ཏུ་ཀླུ་བྱང་གི་མདོ་དྲངས་ནས་ཡང་ཡང་གསུངས། ཁྱད་པར་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྐྱེ་དགུའི་བསོད་ནམས་ཀྱི་དཔལ་དུ་ཤར་ནས་མདོ་ལུགས་ལྟར་ན་སྤྱིར་བསྟན་པའི་གནས་ཚད་ལ་འདུལ་ལུང་ཕྲན་ཚེགས་དང་། མདོ་སྡེ་བསྐལ་བཟང་། སྙིང་རྗེ་པད་དཀར་སོགས་ལས་མི་འདྲ་བར་གསུངས་ཀྱང་ཡོངས་གྲགས་སུ་མཁས་མཆོག་དབྱིག་གཉེན་ཞབས་ཀྱི་ཡུམ་གསུམ་གནོད་འཇོམས་དང་། གཞན་ཡང་འབུམ་ཊི་ཀ་སོགས་ལས་ལོ་ལྔ་སྟོང་དུ་གནས་པར་གསུངས་པའི་ལྔ་བརྒྱ་ཕྲག་བཅུ་ལས་ད་ལྟ་འབྲས་བུའི་དུས་ལས་ཡོལ་བ་དང་། སྔགས་ལུགས་ཀྱི་ཉིས་ལྡན་ཡོངས་སུ་འདས་ཏེ་ཚེ་དང་དུས་དང་ལྟ་བ་ཉོན་མོངས་སེམས་ཅན་ཏེ་སྙིག༵ས་མ་ལྔ༵་ཡི༵་མུ༵ན་པ༵་མཐུག་པོ་དེ་ཉིད་ལྷ༵ག་པར༵་དུ་བདོ༵་བ་སྟེ་ཆེས་ཆེར་འཁྲིགས་པའི་སྐབ༵ས་སུ༵་ནི། འོད་གསལ་རྫོགས་པ་ཆེན་པོ་མ་གཏོགས་པར་དེ་ལས་གཞན་པའི་མདོ་སྔགས་ཀྱི་ཐེག༵་པ་བརྒྱ༵ད་པོ་ནི་རྒྱུ༵་སྐར༵་གྱི་འོད༵་དང་འདྲ་བས་ན་དེ་ཉིད་ཀྱིས༵་གོང་གི་མུན་པ་དེ་འཇོམ༵ས་པར་ཤིན་ཏུ་དཀ༵འ་སྟེ། ལྷ་ཐམས་ཅད་ཡང་དག་པར་འདུས་པའི་རྒྱུད་ལས། རྫོགས་ལྡན་དང་པོ་བྱ་བའི་རྒྱུད། །གསུམ་ལྡན་གཉིས་པ་སྤྱོད་པའི་རྒྱུད། །གཉིས་ལྡན་གསུམ་པ་རྣལ་འབྱོར་རྒྱུད། །རྩོད་ལྡན་བཞི་བ་བླ་མེད་དོ། །དུས་བཞི་ལ་ནི་དགོངས་ནས་ཀྱང་། །རྒྱུད་ནི་རྣམ་པ་བཞིར་བཤད་དོ། །ཞེས་སྔོན་བསྐལ་པ་རྫོགས་ལྡན་གྱི་དུས་སུ་སྐྱེ་དགུ་རྣམས་རང་བཞིན་གྱིས་ཉོན་མོངས་པ་ཤས་ཆུང་བ་སོགས་ཀྱི་སྐབས་སུ་བྱ་རྒྱུད་སོགས་ཀྱིས་རིམ་བཞིན་གདུལ་བར་བྱས་ཤིང་། དེང་སང་ནི་སྙིགས་མ་ལས་ཀྱང་ཆེས་སྙིགས་མ་ཡིན་པས་བླ་མེད་རྒྱུད་སྡེ་ཁོ་ནས་གདུལ་བར་བྱ་བ་ཡིན་ནོ། །
དེས་ན་ཐེག་པ་གཞན་གྱིས་གདུལ་དཀའ་བའི་ཚུལ་འདི་ནི་གཞན་ཡང་རོང་ཟོམ་མ་ཧཱ་པཎྜི་ཏའི་སྦྲུལ་ནག་པོའི་སྟོང་ཐུན་དང་ཐེག་ཆེན་ཚུལ་འཇུག་སོགས་སུ་གསལ་བས༵་དེ་དག་ལས་ཞིབ་ཏུ་ཤེས་པར་བྱའོ། །
གཉིས་པ། དེ་ལྟར་བླ་མེད་ཐེག་པ་འདི་ནི་འགྲོ་བ་མཐའ་ཡས་པའི་རྣམ་པར་རྟོག་པ་མཐའ་ཡས་པ་གདུལ་བའི་ཆེད་དུ་ཐེག་པ་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་ཀྱང་འོད་གསལ་རྫོགས་པ་ཆེན་པོ་འདི་ལས་འཕྲོས་པ་ཡིན་ཏེ། དཔལ་གསང་པའི་སྙིང་པོ་ལས། སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད། །ཕྱོགས་བཅུ་ཀུན་ཏུ་རང་གྲགས་པ། །གསང་པའི་སྙིང་པོ་ལས་འཕྲོས་ཏེ། །ཞེས་སོ། །
དེའི་ཕྱིར་ན་ཐེག་པ་ཐམས་ཅད་ཀྱི་དགོངས་དོན་དྲི་མ་མེད་པ་རྒྱ་མཚོ་ལ་ཆུ་ཕྲན་གཞོལ་བ་ལྟར་འདིར་འདུས་པ་ཡིན་ཏེ། བཤད་རྒྱུད་རྒྱས་པ་ལས། མཉམ་ཉིད་དོན་རྟོགས་རང་རིག་རྒྱལ་པོ་དང་། །བླ་མེད་དོན་རྟོགས་ཐབས་ཆེན་འདི་དག་ཏུ། །རྒྱ་མཚོ་ཆེན་པོར་ཆུ་ཀླུང་བབས་པ་ལྟར། །རྣམ་པར་ཐར་བ་བསམ་ཡས་མ་ལུས་འདུ། །ཞེས་དང་། ཀློང་དྲུག་པ་ལས། བགྲང་དུ་ཡོད་པའི་སེམས་ཉིད་ལ། །ཐེག་པ་སོ་སོར་རང་ཤར་བས། །འདོད་རྒྱལ་ཡིད་དཔྱོད་མིན་པར་ནི། །སྙིང་པོ་ཡང་གསང་ཆེན་པོར་རྫོགས། །ཞེས་དང་། རང་ཤར་ལས་ཀྱང་། ལྟ་བ་ཀུན་གྱི་ཡང་རྩེ་ནི། །ཨ་ཏི་རྫོགས་པ་ཆེན་པོར་བཤད། །ཅེས་དང་། ངེས་སྒྲོན་ལས། དེ་ཕྱིར་གྲུབ་མཐའ་མཐའ་དག་གི། །གཏིང་ཕུགས་གང་དུ་གཞོལ་བ་ཡི། །བརྒྱ་ཕྲག་ཆོས་ཀྱི་ལེགས་བཤད་ཀླུང་། །འབབ་པའི་མཚོ་ཆེན་འདི་རྨད་བྱུང་། །ཞེས་སོགས་གསུངས་སོ། །
དེ་ཡང་རྒྱལ་བའི་བཀའ་བར་བ་སྟོང་ཉིད་ཀྱི་རང་བཞིན་ཀླུ་སྒྲུབ་ཡབ་སྲས་ཀྱི་བཞེད་པ་བཞིན་ཡེ་སྟོང་རྩ་བྲལ་རྣམ་ཐར་སྒོ་གསུམ་གྱི་བདག་ཉིད་ཅན་དང་། བཀའ་ཐ་མ་རང་བཞིན་འོད་གསལ་བ་ཐོགས་མེད་སྐུ་མཆེད་ཀྱི་བཞེད་པ་ལྟར་སྐུ་དང་ཡེ་ཤེས་ཡོན་ཏན་ཡར་ལྡན་གྱི་ཚུལ་དུ་ཡོད་པ་དེ་གཉིས་དབྱེར་མེད་རོ་གཅིག་ཏུ་གྱུར་ཏེ། བུ་རམ་གོར་མོའི་རོ་བཞིན་དུ་ཉམས་མྱོང་གི་སྒོ་ནས་རྟོགས་པ་ལ་རྫོགས་པ་ཆེན་པོ་ཞེས་གསུངས་ཏེ། རིག་འཛིན་འཇིགས་མེད་གླིང་པས། རྒྱལ་བའི་འཁོར་ལོ་བར་བ་རྣམ་ཐར་གསུམ། །བསྟན་བྱའི་སྙིང་པོ་སོ་སོ་རང་རིག་ཉིད། །སེམས་ཅན་ཁམས་ལ་བདེ་གཤེགས་སྙིང་པོ་རུ། །བཞུགས་པར་བཤད་ལ་རྫོགས་པ་ཆེན་པོར་གྲགས། །ཞེས་གསུངས་སོ། །
སྤྱིར་རྫོགས་པ་ཆེན་པོ་འདི་ལའང་། །སློབ་དཔོན་ཤྲཱི་སེང་ཧ་དང་བེེ་རོ་ཙ་ན་སོགས་ལས་རིམ་བཞིན་དུ་བརྒྱུད་ཅིང་། སེམས་ཉིད་རང་བྱུང་གི་ཡེ་ཤེས་འཁོར་འདས་ཀུན་ལ་ཁྱབ་ཀྱང་སྣང་སྟོང་ཕྱོགས་སུ་མ་ལྷུང་བར་གཏན་ལ་འབེབས་པ་སེམས་སྡེ་དང་། རིག་པ་རང་བྱུང་གི་ཡེ་ཤེས་ཆོས་ཉིད་ཀུན་ཏུ་བཟང་མོའི་ཀློང་དུ་ཆོས་ཅན་གྱི་སྣང་བ་ཐམས་ཅད་རང་སྣང་བཀོད་པའི་རྒྱན་ཙམ་ལས་ཤར་གྲོལ་གཉིས་སུ་མེད་པར་གཏན་ལ་འབེབས་པ་ཀློང་སྡེ། སློབ་དཔོན་པད་མ་འབྱུང་གནས་ནས་བརྒྱུད་པའི་མཁའ་འགྲོ་སྙིང་ཐིག་དང་། པཎ་ཆེན་བི་མ་ནས་བརྒྱུད་པའི་བི་མ་སྙིང་ཐིག་ཡིན་ལ། དེ་དག་གིས་གཞི་དབྱིངས་ཀ་དག་ཁྲེགས་ཆོད་དང་། ལམ་སྣང་ལྷུན་གྲུབ་ཐོད་རྒལ་བསྒོམས་ཏེ་འཁོར་འདས་སྤང་བླང་བྲལ་བ་བློ་འདས་རང་བྱུང་གི་ཡེ་ཤེས་སྐད་ཅིག་གཅིག་ལ་མངོན་དུ་བྱེད་པ་མན་ངག་གི་སྡེའོ། །
མདོར་ན་གསལ་བ་དང་སྟོང་པ། གཉིས་མེད་གཙོ་བོར་སྟོན་པས་རིམ་བཞིན་སེམས་ཀློང་མན་ངག་གི་སྡེ་གསུམ་དུ་ཕྱེས་ཏེ། ཨ་ཏི་བཀོད་པ་ཆེན་པོ་ལས། ཡིད་ཅན་རྣམས་ལ་སེམས་ཀྱི་སྡེ། །ནམ་མཁའ་ཅན་ལ་ཀློང་གི་སྡེ། །རིམ་རྩོལ་བྲལ་ལ་མན་ངག་གོ །ཞེས་དང་། ཐེག་མཆོག་མཛོད་ལས། དེའང་སེམས་མ་ཡིན་པའི་ཆོས་ལོགས་ན་མེད་པས་སེམས་ཀྱི་སྡེའོ། །དེ་དག་ནི་སེམས་རང་བྱུང་གི་ཡེ་ཤེས་ལས་གཞན་དུ་གྱུར་བ་འགོག་པ་ལ་དགོངས་པ་ཙམ་མོ། །ཆོས་ཉིད་ཀུན་ཏུ་བཟང་མོའི་ཀློང་ལས་འགྲོ་ས་གཞན་མེད་པར་སྨྲ་བ་ཀློང་གི་སྡེའོ། །འདི་དག་ནི་བརྗོད་བྱ་ཆོས་ཉིད་ཀྱི་ཀློང་ལས་གཞན་བྱུང་འགོག་པ་ལ་སེམས་པ་ཙམ་མོ། །ཡིན་ལུགས་གནད་ཐོག་ཏུ་འབེབས་པ་མན་ངག་གི་སྡེའོ། །འདི་དག་ནི་གནད་མ་ཡིན་པ་གཞན་དུ་ཁ་འབྱམས་དོན་ལས་འགྱིངས་བ་འགོག་པས་ཀུན་གྱི་རྩེ་མོར་ཕྱིན་པའོ། །ཞེས་སོ། །
མན་ངག་གི་སྡེ་དེ་ལ་ཡང་། ཇི་སྐད་དུ། བི་མའི་སྒྲོན་མ་སྣང་བྱེད་ལས། ཕྱི་སྐོར་ལུས་དང་འདྲ་སྟེ་ཐ་སྙད་རྒྱ་ཆེར་བསྟན། །ནང་སྐོར་མིག་དང་འདྲ་སྟེ་མཐོང་བ་བརྡ་ཡི་ཆོས། །གསང་སྐོར་སྙིང་དང་འདྲ་སྟེ་དྲན་བྱེད་གཟུངས་ཀྱི་ཆོས། །འདི་ནི་ལུས་ཀུན་རྫོགས་པའི་སྐྱེས་བུ་འདྲ། །ཞེས་པ་ལྟར་ཕྱི་སྐོར་ལུས་དང་འདྲ་བ། ནང་སྐོར་མིག་དང་འདྲ་བ། གསང་སྐོར་སྙིང་དང་འདྲ་བ། ཡང་གསང་བླ་མེད་ལུས་ཀུན་རྫོགས་པའི་སྐྱེས་བུ་དང་འདྲ་བ་རྣམས་སུ་ཡོད་པ་ལས། འདིར་ནི་ཕྱི་མ་ཡང༵་གས༵ང་བླ་ན་མེད་པ་སྙི༵ང་ཐི༵ག་གི་གདམས་པ་ཟབ་མོ་བྱིན་རླབས་དང་དངོས་གྲུབ་ཀྱི་ཉི༵་མ༵འི་ཟེ༵ར་ཕྲེ༵ང་འབུ༵མ་དུ་བརྡལ་བ་ཡིན་ཏེ། ཀུན་མཁྱེན་བླ་མས། དེ་ལ་ཡང་གསང་མཆོག་ཏུ་ངེས་པ་འདིར་ཞུགས་ན། ཁྲིད་དང་གདམས་ངག་ཐོབ་ནས་གོ་དོན་མ་རྙེད་ཀྱང་། སྐྱེས་པ་དང་བུད་མེད་བྱིས་པ་དེ་དག་ཐོས་པའི་ཕན་ཡོན་གྱིས་མྱུར་དུ་གྲོལ་བར་ངེས་ཏེ། འབྲས་བུ་ཐུས་ཀ་བླ་ན་མེད་པ་དང་འཕྲད་པ་ཡིན་པའི་ཕྱིར་རོ། །ཞེས་དང་། ཉི་ཟླ་ཁ་སྦྱོར་ལས། རབ་ལ་སྐྱེ་གཉིས་མི་དགོས་ཏེ། །འབྲིང་པོ་སྐྱེ་གཉིས་མཚམས་སུའོ། །ཐ་མ་རྣམས་ནི་དབུགས་དབྱུང་སྟེ། །སྤྲུལ་བ་པོར་ནི་རང་རྒྱུད་གྲོལ། །ཞེས་དང་། ཡང་ཐེག་མཆོག་མཛོད་ལས། གཏན་ཚིགས་བཀོད་ནས་དེ་ལྟར་གསུངས་ཤིང་། རྗེ་ཉིད་ཀྱི་མདོ་སྔགས་ཟུང་གི་ལྟ་མགུར་ལས་ཀྱང་། ད་ནི་མ་བསྒོམས་བག་མེད་ཁོ་ན་ཡིས་འདས་ཀྱང་། །སྲིད་པ་ཐ་མའི་ཆོས་ལ་ཐོས་བསམ་ཞིག་བྱས་ཡོད། །ཇི་ལྟར་ཕྱི་ཡང་བར་དོ་ཐ་མ་ལ་གྲོལ་ཕྱིར། །འུ་ཅག་སྐྱིད་པོ་འདུག་གོ་ཡིད་མཐུན་གྱི་སྙིང་གྲོགས། །ཞེས་སོ། །
གཞན་ཡང་རྫོགས་ཆེན་གྱི་ཆོས་དང་འཕྲད་པའི་ཕན་ཡོན་སློབ་དཔོན་དགའ་རབ་རྡོ་རྗེས། ཆོས་འདི་ཐོས་པ་ཙམ་གྱིས་ཀྱང་། །སྐྱེ་བ་བདུན་ལ་མི་ཐོགས་གྲོལ། །ཞེས་དང་། ཨོ་རྒྱན་ཆེན་པོས་ཀྱང་། བྲིས་པ་མཐོང་ཚད་འཚང་རྒྱའོ། །བཅིང་པ་རེག་ཚད་འཚང་རྒྱའོ། །ཀློག་པ་ཐོས་ཚད་འཚང་རྒྱའོ། །ཞེས་སོགས་གསུངས་ལ། དེ་བཞིན་ཆོས་འདི་དང་འཕྲད་པའང་བསྐལ་མང་གི་ཚོགས་སྔོན་དུ་སོང་བ་ཡིན་ཏེ།
ཀུན་མཁྱེན་བླ་མས། འོ་སྐོལ་དཔོན་སློབ་ཆོས་ཅན། སྔོན་སངས་རྒྱས་གྲངས་མེད་པ་ལ་མཆོད་ཅིང་ཀུན་ཏུ་བཟང་པོའི་འཁོར་དུ་འདུས་པ་ཡིན་ཏེ། ཡང་གསང་བླ་ན་མེད་པའི་ཐེག་པ་ལ་སྤྱོད་པའི་ཕྱིར་ཞེས་སོ། །དེ་ལྟ་མིན་ན་མཁས་པས་ལོ་བརྒྱར་འབད་ཀྱང་གྲུབ་མཐའ་འདིའི་ཆོས་སྐད་ཙམ་ཡང་མི་ཤེས་ཏེ། ངེས་ཤེས་སྒྲོན་མེ་ལས། གྲུབ་མཐའི་ཆོས་སྐད་ཙམ་འདིའི་དོན། །ལོ་བརྒྱར་བསྒྲིམས་ཏེ་བསམས་བྱས་ཀྱང་། །བློ་ཆེན་སྦྱང་བ་མི་དམན་མོད། །ཐུགས་སུ་ཆུད་པ་མ་ཡིན་ནོ། །ཞེས་པ་ལྟར་རོ། །
གསུམ་པ། དེ་ཡང་སྤྱིར་ཐར་ལམ་བགྲོད་པ་ལ་དད་པ་འདི་མེད་དུ་མི་རུང་བས་མཚན་ཉིད་ཐེག་པའི་སྐབས་ནས་ཀྱང་གལ་ཆེ་བར་གསུངས་ཏེ། རིན་ཆེན་ཕྲེང་བ་ལས། དད་ཅན་ཉིད་ཕྱིར་ཆོས་ལ་བསྟེན། །ཤེས་རབ་ལྡན་ཕྱིར་ཡང་དག་རིག །འདི་གཉིས་གཙོ་བོ་ཤེས་རབ་སྟེ། །དེ་ཡི་སྔོན་འགྲོ་དད་པ་ཡིན། །ཞེས་དང་། མདོ་ལས། དད་པ་སྔོན་འགྲོ་མ་ལྟར་བསྐྱེད་པ་སྟེ། །དོགས་པ་སེལ་ཞིང་ཆུ་བོ་རྣམས་ལས་གྲོལ། །དད་པ་བདེ་ལེགས་གྲོང་ཁྱེར་མཚོན་བྱེད་ཡིན། །ཞེས་དང་། རྒྱུད་བླ་མ་ལས། རང་བྱུང་ཉིད་ཀྱི་དོན་དམ་ནི། །དད་པ་ཉིད་ཀྱི་རྟོགས་བྱ་ཡིན། །ཞེས་དང་། །དེའི་ཕན་ཡོན་ཡང་། མདོ་ལས། གང་གིས་ཞིང་བཅུའི་རྡུལ་སྙེད་སེམས་ཅན་ལ། །བདེ་བ་ཀུན་གྱིས་བསྐལ་པར་བསྙེན་བཀུར་བས། །ཆོས་འདིར་དད་པའི་བསོད་ནམས་ཅི་འདྲ་བ། །ཁྱད་པར་འཕགས་པ་དེ་ཉིད་དེ་ལ་མེད། །ཅེས་སོ། །
དད་པ་མེད་པའི་ཉེས་པ་ནི། དཀོན་བརྩེགས་ལས། དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ཆོས་ནི་མི་འབྱུང་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །ཞེས་སོགས་གཞན་ཡང་ཡིད་བཞིན་མཛོད་རྩ་འགྲེལ་སོགས་ལས་རྒྱ་ཆེར་གསུངས། ཁྱད་པར་དུ་གསང་བ་མཆོག་གི་ལམ་འདིར་ནི་བླ་མ་ལ་སངས་རྒྱས་དངོས་ཀྱི་དད་པ་མེད་པར་རྟོག་གེ་མགོ་མཁྲེགས་ཅན་རྣམས་ལ་སྦྱོར་བའི་དངོས་གྲུབ་མི་འབྱུང་སྟེ། གཤིན་རྗེ་གཤེད་ཀྱི་རྒྱུད་རྟོག་པ་གསུམ་པ་ལས། རྟོག་ཅིང་དཔྱོད་པའི་རྟོག་གེ་བ། །དེ་ལ་སྦྱོར་བའི་དངོས་གྲུབ་རིང་། །བླ་མས་མན་ངག་བསྟན་བྱས་ཀྱང་། །སློབ་མར་ཡིད་གཉིས་ཡོད་པ་ན། །དེ་ལ་དངོས་གྲུབ་རིང་བར་བཤད། །བླ་མས་མན་ངག་སྦས་བྱས་ཀྱང་། །སློབ་མས་ཡིད་གཉིས་མི་ཟ་ཞིང་། །
བླ་མའི་ངན་ངག་དམ་པ་ཞེས། །གཅེས་སྤྲས་བྱས་ན་འགྲུབ་པར་ངེས། །ཞེས་དང་། འཇམ་དཔལ་རྩ་རྒྱུད་ལས། སྔགས་ལ་དད་པ་མེད་པས་ནི། །འབད་པ་དུ་མ་བྱས་གྱུར་ཀྱང་། །སྔགས་རྣམས་འགྲུབ་པར་མི་འགྱུར་བས། །མ་རུངས་དམ་ཚིག་མི་བསྟན་ཏོ། །ཞེས་པ་བཞིན་ནོ། །
དེའང་དད་པ་དང་ལྡན་ན་དངོས་གྲུབ་ཉེ་བ་ཡིན་ཏེ། ཡང་གཤིན་རྗེ་གཤེད་ཀྱི་རྒྱུད་ལས། ཆོས་ཉིད་བསམ་གྱིས་མི་ཁྱབ་པའི། །དོན་ལ་ཐེ་ཚོམ་མེད་པ་ཡི། །མཁས་པ་ལ་ནི་དངོས་གྲུབ་ཉེ། །ཞེས་དང་། དྲི་མེད་འོད་ལས། སྔགས་ཀྱི་ཐེག་པ་འདི་ལ་ཡིད་ཆེས་པ་རྣམ་པ་གསུམ་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། དང་པོ་རེ་ཞིག་རྒྱུད་ལ་ཡིད་ཆེས་པ་དང་། དེ་ནས་བླ་མ་ལ་ཡིད་ཆེས་པ་དང་། དེ་ནས་བདག་ཉིད་ལ་ཡིད་ཆེས་པ་སྟེ། འདི་གསུམ་གྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལམ་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་གསུངས་སོ། །
དེ་ལྟར་མ་ཤེས་ཀྱང་བླ་མ་ལ་དད་གུས་ཁྱད་པར་ཅན་དང་ལྡན་ན་བླུན་པོ་ཡིན་ཡང་བླ་མའི་བྱིན་རླབས་ཀྱིས་དངོས་གྲུབ་ཐོབ་པ་དང་། གལ་ཏེ་མཁས་པ་ཡིན་ཡང་བླ་མ་ལ་མ་དད་ན་རྫོགས་པ་ཆེན་པོའི་དོན་མི་རྟོགས་པར་གསུངས་ཏེ། རྒྱུད་ལས། ཡང་ན་བླུན་པོ་དད་པ་བརྟན། །དེ་ལ་སྦྱོར་བའི་དངོས་གྲུབ་ཉེ། །ཞེས་དང་། དུས་འཁོར་ལས། བསྐལ་པ་དུས་གསུམ་ཐམས་ཅད་དུ། །དཀོན་མཆོག་གསུམ་ལ་མཆོད་པ་དང་། །སྲོག་ཆགས་བྱེ་བའི་ཚེ་བསྐྱབས་པས། ཚེ་འདིར་སངས་རྒྱས་མི་འཐོབ་སྟེ། །བཀའ་དྲིན་ཅན་གྱི་བླ་མ་ལ། །དད་པ་ཡིས་ནི་མཉེས་བྱས་ན། །མཆོག་དང་ཐུན་མོང་དངོས་གྲུབ་ནི། །ཚེ་འདི་ཉིད་ལ་ངེས་པར་ཐོབ། །ཅེས་དང་། ཏཻ་ལོ་པས་ཀྱང་། རྡོ་རྗེ་འཆང་དབང་ཚེ་འདིར་ཐོབ་འདོད་པས། །ལམ་གྱི་མཐར་ཐུག་བླ་མ་དམ་པའི་ལམ། །མོས་གུས་མཐར་ཐུག་བླ་མའི་མོས་གུས་ཡིན། །ཞེས་དང་། འཇམ་དཔལ་རྫོགས་པ་ཆེན་པོའི་སྨོན་ལམ་ལས། གདོད་མའི་མགོན་པོ་དཔལ་ལྡན་བླ་མ་ལ། །མཉམ་ཉིད་ཆོས་སྐུར་ལྟ་བའི་མོས་གུས་ཀྱིས། །དོན་བརྒྱུད་དགོངས་པའི་བྱིན་རླབས་སྙིང་ལ་འཕོས། །རིག་པ་རྩལ་གྱི་དབང་ཆེན་ཐོབ་པར་ཤོག །ཅེས་དང་། དེ་བཞིན་གསང་འགྲེལ་འོད་གསལ་སྙིང་པོ་སོགས་ལས་ཚུལ་འདི་ལ་དད་པ་ཁོ་ནས་འཇུག་ཚུལ་མང་དུ་གསུངས་སོ། །
དེས་ན་དང་བ་དང་འདོད་པ། ཡིད་ཆེས་ཏེ་ད༵ད་གསུ༵མ་རྟ༵་བདུ༵ན་གྱིས་ཡོངས་སུ་དྲངས་བའི་ཁྱོ༵གས་ཀྱི༵ས་ལྔ་བདོའི་སྨག་ཆེན་ཀུན་ནས་འཇོམས་པར་བྱེད་པའི་ཉི་མའི་དཀྱིལ་འཁོར་དེ་ཉིད་ཡིད་ཀྱི་མཁའ་དབྱིངས་སུ་དྲ༵ངས་བ༵ར་བྱ་རི༵གས་སོ་ཞེས་ཚིག་སྦྱོར་མཐའ་དག་གཟུགས་རྒྱན་གྱི་སྒོ་ནས་གདམས་པའོ། །
གཉིས་པ་དངོས་གཞི་ལ། ཀུན་མཁྱེན་བླ་མས། སེམས་འགག་ཆ་ནི་ཁྲེགས་ཆོད་དང་། །ཡེ་ཤེས་ནང་གསལ་ཐོད་རྒལ་གཉིས། །ཟུང་འཇུག་རང་བྱུང་ཡེ་ཤེས་ཏེ། །སྙིང་ཐིག་གསང་བའི་ལམ་དུ་བཤད། །ཅེས་པ་ལྟར། ཀ་དག་ཁྲེགས་ཆོད་དང་། ལྷུན་གྲུབ་ཐོད་རྒལ་གྱི་ལམ་གཉིས་ལས། དང་པོ། རྩ་བ་ལས།
གང་ཤར་རིག་པ་མ་བཅོས་རྒྱ་ཡན་ལ། །
རང་བབ་རང་བཞག་ངང་དུ་ལྟོས་ཤིག་དང་། །
ཡེ་སྟོང་རྩ་བྲལ་རང་གསལ་ངོ་ཤེས་ན། །
ས་ལམ་ཅིག་ཆོད་འབྲས་བུའི་གཏན་སྲིད་ཟིན། །
ཞེས་གསུངས་པའི་དོན་དེ་ལ་དབྱེ་ན། རང་བཞག་གི་ཐབས་བསྟན་པ་དང་། ཐབས་དེ་ལས་བྱུ༵ང་བའི་ལྟ་བ་ངོ་སྤྲད་པ། དེའི་འབྲས་བུ་དང་གསུམ་ལས། དང་པོ། དེ་ལ་སྒོ་གསུམ་འཛིན་རྩོལ་དང་བཅས་པ་ཡིན་ན་ཆུ་རྙོག་པར་གཟུགས་བརྙན་མི་འཆར་བ་བཞིན་རིག་པ་ངོས་མི་ཟིན་པས་ན། ཐོག་མར་ལུས་གནད་རྣམ་སྣང་ཆོས་བདུན། ངག་གནད་སྨྲ་བརྗོད་སྤོང་པ། ཡིད་གནད་རིག་པ་ཡེ་ཤེས་ཆེན་པོའི་ངོར་རྣམ་རྟོག་ཐམས་ཅད་ཐད་ཀར་གཅད་པར་བྱ་སྟེ། དེའང་དགེ་མི་དགེའི་སྣང་བ་སྣ་ཚོགས་པ་མཚོ་ལ་གཟའ་སྐར་ཤར་བ་བཞིན་དུ་འགོག་མེད་རང་གསལ་གྱིས་ཚུལ་དུ་ག༵ང་ཇི་སྙེད་ཅིག་ཤ༵ར་བའི་རི༵ག་པ༵་རྣམས། ཡུལ་བཟང་ངན་དང་དུས་སྔ་ཕྱི་སོགས་གང་གི་ཡང་རྗེས་སུ་མི་འབྲང་བར་མ༵་བཅོ༵ས་མཉམ་པ་ཉིད་ཀྱི་ངང་དུ་ཐ་མལ་གྱི་ཤེས་པ་རྒྱ༵་ཡ༵ན་རང་བབས་སུ་བཞག་པས་རིག་པ་ངོས་ཟིན་པར་གསུངས་ཏེ། ཇི་སྐད་དུ། ཐ་མལ་ཤེས་པ་རྒྱ་ཡན་ལ། །ཚིག་གིས་མི་མཚོན་རང་གིས་རིག །ཅེས་གསུངས་ལ༵། དཔལ་ས་ར་ཧའི་ཞལ་ནས། བསམ་དང་བསམ་བྱ་རབ་ཏུ་སྤངས་ནས་སུ། །བསམ་མེད་བུ་ཆུང་ཚུལ་དུ་གནས་བྱ་ཞིང་། །བླ་མའི་ལུང་ལ་བསྒྲིམས་ཏེ་དེར་འབད་ན། །ལྷན་ཅིག་སྐྱེས་པ་འབྱུང་བར་ཐེ་ཚོམ་མེད། །ཅེས་དང་། འཕགས་པ་ཀླུ་སྒྲུབ་ཀྱིས། གར་ཡང་མ་དཔྱད་ཅིར་ཡང་མ་སེམས་ཤིག །བཅས་བཅོས་མ་བྱེད་རང་བབས་ལྷུག་པར་ཞོག །མ་བཅོས་པ་དེ་སྐྱེ་མེད་རིན་ཆེན་མཛོད། །དུས་གསུམ་རྒྱལ་བ་རྣམས་ཀྱི་གཤེགས་ཤུལ་ཡིན། །ཞེས་དང་། ལྟ་བའི་ཉམས་མགུར་སྒྲ་བརྙན་སྤྲིན་གྱི་རོལ་མོ་ལས། སྣ་ཚོགས་འགྱུ་དྲན་གྱི་སེམས་དེ་བཙལ་བས། །རྙེད་མེད་གཤིས་ལུགས་ཀྱི་བབས་སུ་ཤར་བ། །དྲི་མེད་རིག་ཁམས་དེ་ཡིན་པར་འདུག་པས། །འཁྲུལ་བྲལ་ཡེ་ཤེས་དེས་སྐྱོབ་པར་རེའོ། །ཞེས་སོགས་ལྟར་རོ། །
གཉིས་པ། དེ་ཡང་དཔལ་རོང་ཟོམ་ཆེན་པོས། རྫོགས་པ་ཆེན་པོའི་དོན་ཇི་བཞིན་དུ་ཤེས་བཞིན་ཆེན་པོའི་སྣོད་ཀྱིས་བཟུང་ནས་བཏང་སྙོམས་ཆེན་པོའི་ངང་ལ་གནས་པའོ། །ཞེས་དང་། ཨོ་རྒྱན་ཆེན་པོས། ད་ལྟའི་རང་རིག་ཤེས་པ་ས་ལེ་བ༔རྫོགས་པ་ཆེན་པོའི་ལྟ་བ་དེ་ཀ་ཡིན༔ ཞེས་སོགས་གསུངས་པ་ལྟར་ཅི་ཡང་མི་བསམ་པར་ར༵ང་བ༵བས་སུ་བཞག་པ་དེ་ཡི་གཤིས་ལ་བཅས་བཅོས་སྤུ་ཙམ་མ་བྱས་ར༵ང་བཞ༵ག་གི་ང༵ང་དུ༵་བབས་ཀྱིས་ཤེས་པ་ཁོ་རང་གི་ངོ་བོ་ལ་ཁོ་རང་གིས་ཅེར་གྱིས་ལྟོ༵ས་ཤི༵ག་ད༵ང་ཞེས་པ་སྟེ། ལྟ་མགུར་ལས། གང་ཤར་ཁྲེགས་ཆོད་ཀྱི་ཤེས་རབ་རལ་གྲིས། །ཐད་ཀར་ཁོལ་བྱུང་གི་སེམས་ལ་བཏབ་པས། །འདི་ཡིན་འདི་མིན་གྱི་ངོས་བཟུང་བྲལ་ཙམ། །ངོ་བོ་སྐྱོང་རྒྱུ་དེ་ཨེ་ཡིན་སྙམ་མོ། །ཞེས་པ་ལྟར་སྐབས་དེར་ཐ་མལ་གཉུག་མའི་ཤེས་པ་རང་གི་ངོ་བོ་ནི་ཡེ༵་སྟོ༵ང་རྩ༵་བ་དང་བྲ༵ལ་ཞིང་། མཐའ་དབུས་གཉིས་སུ་མེད་པའི་དོན་ལ་ཁོ་ཐག་ནང་ནས་ཆོད་པ། སྨྲ་བསམ་བརྗོད་ལས་འདས་པ་སྟོང་སངས་ནམ་མཁའ་ལྟ་བུ་དེ་ནི་ངོ་བོ་ཀ་དག་ཆོས་སྐུའི་ཡེ་ཤེས་ཏེ། ཀློང་གསལ་ལས། ངོ་བོ་ཀ་དག་ཡེ་ཤེས་ནི། །མ་རིག་རྟོག་པ་ཀུན་དང་བྲལ། །ཞེས་སོ། །དེ་ལྟར་ངོ་བོ་སྟོ༵ང་ན་ཡང་ར༵ང་བཞག་གི་ཚུལ་ཉམས་སུ་མྱོང་བ་ཡི་གས༵ལ་ཆ་འགག་པ་མེད་པ་ས་ལེ་བ་དེ་ནི་རང་བཞིན་ལྷུན་གྱིས་གྲུབ་པ་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། ཐལ་འགྱུར་ལས། རང་བཞིན་ལྷུན་གྲུབ་ཡེ་ཤེས་ཞེས། །མ་སྐྱེས་མ་འགག་ཅིར་མི་དགོངས། །ཡུལ་དག་ངེས་པ་མེད་ཕྱིར་རོ། །རྩལ་དང་ཡོན་ཏན་འགག་མེད་པས། །རོལ་བ་ཙམ་དུ་སྣང་བ་ལས། །སྣ་ཚོགས་རྫོགས་པའི་གཞི་མའོ། །ཞེས་སོ། །དེ་ལྟར་ངོ་བོ་སྟོང་པ་དང་རང་བཞིན་གསལ་བ་གཉིས་དབྱེར་མེད་ཅིང་ཅིར་ཡང་འཆར་དུ་རུང་བ་འཁོར་འདས་ཀུན་ལ་ཁྱབ་བྱེད་དུ་བཞུགས་པར་ངོ༵་ཤེ༵ས་པ་ནི་ཐུགས་རྗེ་ཀུན་ཁྱབ་སྤྲུལ་པའི་སྐུ་སྟེ། རྒྱུད་ལས། འགག་མེད་རྩལ་ནི་ཅིར་ཡང་འཆར། །སྟོང་གསལ་རིག་ཅིང་འགྱུར་བ་མེད། །ཅེས་གསུངས་པ་ལྟར་རོ། །
གསུམ་པ་ནི། དེ་ལྟར་ངོ་བོ་སྟོང་པ་རང་བཞིན་གསལ་བ་ཐུགས་རྗེ་ཀུན་ཁྱབ་གསུམ་དབྱེར་མེད་པའི་ལྟ་བ་ཡོངས་སུ་རྫོགས་པའི་མཐར་ཐུག་མངོན་དུ་གྱུར་པ་ན༵། ས༵་བཅུ་ལ༵མ་ལྔའི་ཡོན་ཏན་ཐམས་ཅད་རིམ་མིན་ཅི༵ག་ཆར་དུ་ཆོ༵ད་དེ་མཐར་ཐུག་གི་འབྲ༵ས་བུ༵་བླ་ན་མེད་པ་ཆོས་སྐུའི༵་གཏ༵ན་སྲི༵ད་ཀྱི་བཙན་ས་ཟི༵ན་པ་ན་མ་དག་འཁྲུལ་བའི་སྣང་ཤེས་ཐམས་ཅད་བཙལ་ཀྱང་མི་རྙེད་དེ། རྩལ་ཆེན་ཡོན་ཏན་རྫོགས་པ་ལས། སྣང་སྲིད་འཁོར་འདས་ཆོས་སོ་ཅོག །གདོད་ནས་རང་བྱུང་ཡེ་ཤེས་ངང་། །མ་གཡོས་རྩལ་ཆེན་ལྷུན་གྱིས་རྫོགས། །དངོས་བྲལ་སྟོང་པའི་རང་སྣང་ངོ་། །ཞེས་གསུངས་སོ། །
དེས་ན་མན་ངག་ཟབ་མོ་འདི་ཉིད་ཉམས་སུ་བླངས་ཏེ་བསྒོམ་པར་བྱ་དགོས་ཏེ། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། ངོ་བོའི་ཆོས་ཐམས་ཅད་སྟོང་བར་ཤེས་པར་གྱིས་ཤིག རང་བཞིན་གྱི་ཆོས་ཐམས་ཅད་གསལ་བར་ཤེས་པར་གྱིས་ཤིག ཐུགས་རྗེའི་ཆོས་ཐམས་ཅད་སེམས་ཅན་ལ་ཁྱབ་པར་ཤེས་པར་གྱིས་ཤིག ཅེས་སོ། །གལ་ཏེ་རིག་ངོ་འཕྲོད་ཀྱང་ཕྱིས་སུ་དེའི་ངང་བསྐྱངས་ཏེ་མ་བསྒོམས་ན། ཀུན་མཁྱེན་བླ་མའི་ཞལ་ནས། རིག་ངོ་འཕྲོད་ཀྱང་གོམས་འདྲིས་མ་བྱས་ན། །རྣམ་རྟོག་དགྲས་འཁྱེར་གཡུལ་ངོའི་བུ་ཆུང་འདྲ། །ཞེས་དང་། རིག་འཛིན་འཇིགས་མེད་གླིང་པས་ཀྱང་། རིག་ངོ་འཕྲོད་ཀྱང་དྲན་པས་མ་བསྐྱངས་ན། །འཁོར་བའི་ས་བོན་རྣམ་རྟོག་མི་ཟད་ཅིང་། །ཆགས་སྡང་རྨོངས་གསུམ་རྒྱུན་མི་ཆད་པ་ཡིས། །
དལ་འབྱོར་མི་ལུས་དོན་མེད་ཟད་ཉེན་ཡོད། །ཅེས་གསུངས་པ་ལྟར་ཡིན་པས་ཟབ་མོ་ཀ་དག་གི་དོན་འདི་ནན་གྱིས་བསྒོམ་པར་བྱའོ། །ཞེས་པའོ། །
གཉིས་པ་ལྷུན་གྲུབ་ཐོད་རྒལ་ནི། རྩ་བ་ལས།
ཅོག་གཞག་ངང་ནས་བཞུགས་སྟངས་གཟིགས་སྟངས་ཀྱིས། །
རང་སྣང་དབྱིངས་ཐིག་རིག་པར་ལོངས་སྤྱད་ན། །
གཟུང་འཛིན་འཁོར་བའི་མུན་པ་དབྱིངས་སུ་ཡལ། །
སྣང་བཞི་མཐར་འཁྱོལ་འཕོ་ཆེན་འོད་སྐུར་སྨིན། །
ཞེས་གསུངས་པའི་དོན་དེ་ལ་དབྱེ་ན། སྦྱོར་བ་ཅོག་གཞག་གི་ཉམས་ལེན་དང་། དངོས་གཞི་སྒོམ་པའི་རིམ་པ་དང་། རྗེས་འབྲས་བུའི་སྣང་ཉམས་འཆར་ཚུལ་བཅས་གསུམ་ལས། དང་པོ། དེའང་འོད་གསལ་ཆེན་པོ་ལྷུན་གྲུབ་ཐོད་རྒལ་གྱི་ལམ་འདི་ནི་ཀ་དག་ལས་ཁྱད་ཆོས་བདུན་གྱི་སྒོ་ནས་འཕགས་པར་ཀུན་མཁྱེན་ཆེན་པོས་གསུངས་ཤིང་། འདིར་ཡང་གོང་བཞིན་ལུས་གནད་ཀྱི་འཛིན་རྩོལ་དང་། ངག་གནད་སྨྲ་བརྗོད།
སེམས་གནད་འཕྲོ་འདུ་ཐམས་ཅད་སྤངས་ཏེ་རང་བབས་ཅོ༵ག་གཞ༵ག་ཆེན་པོའི་ང༵ང་ན༵ས་ཁྲེགས་ཆོད་ཀྱི་ལྟ་བ་ཉམས་སུ་ལེན་པའོ། །སྐབས་དེར་ཅོག་གཞག་བཞིར་གསུངས་ཏེ། སྒྲོན་མ་སྣང་བྱེད་ལས། རི་བོ་ཅོག་བཞག་ལྟ་བའི་ཚད། །རྒྱ་མཚོ་ཅོག་བཞག་སྒོམ་པའི་ཚད། །སྣང་བ་ཅོག་བཞག་སྤྱོད་པའི་ཚད། །རིག་པ་ཅོག་བཞག་འབྲས་བུའི་ཚད། །ཅེས་སོ། །
གཉིས་པ། དེ་ཇི་ལྟར་བསྒོམ་ན། ཡེ་ཤེས་ཆེན་པོའི་རང་གདངས་མངོན་དུ་བྱ་བའི་ཕྱིར་བཞུ༵གས་སྟ༵ངས་གསུམ་སྟེ། མུ་ཏིག་ཕྲེང་བ་ལས། ལུས་ཀྱི་གནད་ནི་རྣམ་གསུམ་སྟེ། །སེང་གེའི་ཚུལ་དང་གླང་ཆེན་དང་། །དྲང་སྲོང་ལྟ་བུར་གནས་པར་བྱ། །ཞེས་གསུངས་པ་ལྟར་ཆོས་སྐུའི་བཞུགས་སྟངས་སེང་གེ་ལྟ་བུ། ལོངས་སྐུའི་བཞུགས་སྟངས་གླང་ཆེན་ལྟ་བུ། སྤྲུལ་སྐུའི་བཞུ༵གས་སྟ༵ངས་དྲང་སྲོང་ལྟ་བུ་གང་རུང་དང་། དེ་ནས་གཟི༵གས་སྟ༵ངས་གསུམ་སྟེ། རྩ་རྒྱུད་ལས། སྒོ་གནད་ལྡོག་ཕབ་ཟུར་གྱིས་བལྟ། །ཞེས་གསུངས་པ་བཞིན་ཆོས་སྐུ་ལ་ཆོས་ཉིད་ཀྱི་སྤྱན་ཡོད་པས་གཟིགས་སྟངས་གྱེན་དུ་ལྡོག་པ་དང་། ལོངས་སྐུ་ལ་ཡེ་ཤེས་ཀྱི་སྤྱན་ཡོད་པས་གཟིགས་སྟངས་ཟུར་ལ་གཏད་པ་དང་། སྤྲུལ་སྐུ་ལ་ཤེས་རབ་ཀྱི་སྤྱན་ཡོད་པས་གཟིགས་སྟངས་ཐུར་ལ་ཕབ་པ་རྣམས་ཡོད་པ་ལས་དེ་དག་ལ་བརྟེན་པའི་གནད་ཀྱི༵ས་ནམ་མཁའ་རྐྱེན་བྲལ་སོགས་ལ་བལྟས་པས། ར༵ང་སྣ༵ང་དུ་དབྱི༵ངས་རྣམ་པར་དག་པའི་སྒྲོན་མ་འོད་ལྔའི་མུ་ཁྱུད་ཅན་ཞིང་ཁམས་ཀྱི་རྟེན་གཞིར་གྱུར་པ་དང་། དེའི་ནང་ཐི༵ག་ལེ་སྟོང་བའི་སྒྲོན་མ་འོད་ལྔའི་ཐིག་ལེ་ཅན་གཞལ་ཡས་ཁང་གི་རྟེན་གཞིར་གྱུར་པ་དང་། དེའི་དབུས་སུ་རི༵ག་པ་རྡོ་རྗེ་ལུ་གུ་རྒྱུད་ལྷ་སྐུའི་རྟེན་གཞིར་གྱུར་པ་རྣམས་འཆར་བས་དེ་ལ་ཞེན་པ་མེད་པ༵ར་ལོ༵ངས་སྤྱ༵ད་པའི་སྒོ་ནས་འགག་བསྡམས་ན༵། ཇི་སྐད་དུ། ཀུན་མཁྱེན་བླ་མའི་ཚིག་དོན་རིན་པོ་ཆེའི་མཛོད་ལས། ཐོད་རྒལ་གྱི་སྣང་བ་དང་པོ་འཆར་དགོས། སྒོམ་དུས་མ་ཞེན་དགོས། ཕྱིས་ཟད་དགོས་ཏེ་རིག་པ་རླུང་དང་སྦྲགས་ནས་རང་ས་ཟིན་དགོས་པའི་ཕྱིར་ཏེ། རླུང་གི་ཆ་དག་དགོས། རིག་གདངས་ཀྱི་ཆ་འཕེལ་བ་ལས་སླར་ནང་དབྱིངས་སུ་ཟད་དགོས། འདིའི་དགོངས་པ་རྟོགས་པར་དཀའ་བའི་གནས་ཏེ་ཁོ་བོས་ཀྱང་རིང་མོ་ཞིག་ནས་བླ་མའི་དྲིན་གྱིས་རྟོགས་པ་ཡིན་ནོ། །ཞེས་གསུངས་པ་ལྟར་ཕྱི་གཟུ༵ང་བ་དང་ནང་འཛི༵ན་པ་རུ་སྒྲོ་བཏགས་པའི་མ་དག་འཁོ༵ར་བ༵འི་འཁྲུལ་སྣང་གི་མུ༵ན་པ༵་ཐམས་ཅད་ཆོས་ཉིད་བསལ་བཞག་བྲལ་བའི་དབྱི༵ངས་སུ༵་ཡ༵ལ་ཏེ། རང་བཞིན་རྫོགས་པ་ཆེན་པོའི་འོད་གསལ་གྱི་སྣང་བ་ཁྱད་པར་ཅན་འཇམ་དཔལ་སྒྱུ་འཕྲུལ་དྲ་བ་སོགས་རྒྱུད་སྡེ་ཆེན་པོ་རྣམས་ནས་ཀྱང་གབ་པའི་ཚིག་གིས་བསྟན་པ་འདི་ཉིད་མངོན་དུ་འགྱུར་རོ། །
གསུམ་པ་ནི། སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས། དེ་ལས་སྣང་བ་བཞིར་འགྱུར་ཏེ། །ཆོས་ཉིད་མངོན་སུམ་སྣང་བ་ཡིས། །ཡིད་དཔྱོད་འཛིན་པའི་ཚིག་ལས་འདས། །ཉམས་སྣང་གོང་དུ་འཕེལ་བ་ཡིས། །འཁྲུལ་བའི་སྣང་བ་ནུབ་པ་དང་། །བར་དོའི་ཡེ་ཤེས་མངོན་དུ་བྱེད། །རིག་པ་ཚད་ཕེབས་སྣང་བ་ཡིས། །སྐུ་གསུམ་རྟོག་པའི་ལམ་སྣང་འདས། །ཆོས་ཉིད་ཟད་པའི་སྣང་བ་ཡིས། །ཁམས་གསུམ་འཁོར་བའི་རྒྱུན་ཐག་བཅད། །ཅེས་སྣ༵ང་བ་བཞི༵ར་གསུངས་ཏེ། དེ་ལྟར་བསྒོམས་པས་དབྱིངས་ཐིག་རིག་པ་རྣམས་གསལ་བོར་ཉམས་སུ་མྱོང་བ་ཆོས་ཉིད་མངོན་སུམ་གྱི་སྣང་བ་དང་། དེ་དག་ལྷག་པོར་མཆེད་ནས་འོད་སྣང་དཔག་ཏུ་མེད་པར་སྣང་བ་ནི་ཉམས་གོང་འཕེལ། དེ་ནས་དབྱིངས་ཐིག་རིག་པ་རིམ་བཞིན་དུ་ཞིང་དང་གཞལ་ཡས་ཁང་ལྷ་སྐུར་རྫོགས་ནས་དག་པ་འབའ་ཞིག་གི་གདངས་མངོན་དུ་གྱུར་བ་ནི་རིག་པ་ཚད་ཕེབས། ཆོས་ཅན་གྱི་སྣང་བ་ཐམས་ཅད་ཆོས་ཉིད་གཞོན་ནུ་བུམ་སྐུའི་ཀློང་དུ་བཙན་ས་ཟིན་པའམ་ཟད་པ་ནི་ཆོས་ཉིད་ཟད་སའོ། །དེ་དག་མཐ༵ར་འཁྱོལ༵་ཏེ་མྱ་ངན་ལས་འདས་པའི་གྲོང་ཁྱེར་དམ་པར་འཇུག་པ་ནི། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད་ལས། མྱ་ངན་ལས་འདས་པ་དེ་ཡང་གཉིས་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་པ་དང་། མངོན་པར་རྫོགས་པར་སངས་རྒྱས་པའོ། །དེ་ལ་ཡང་དག་པར་རྫོགས་པར་སངས་རྒྱས་པ་ནི། ཕུང་པོ་ལྷག་མ་མེད་པར་སངས་རྒྱས་པའོ། །མངོན་པར་རྫོགས་པའི་སངས་རྒྱས་པའི་སྐྱེས་བུ་དེ་ལ། འོད་དང་། སྒྲ་དང་། གདུང་དང་། སྐུ་དང་། ས་གཡོ་བ་ལ་སོགས་པ་འབྱུང་ངོ་། །
ཞེས་བཤད་པའི་སྔ་མ་ནི་ལྕེ་བཙུན་ཆེན་པོ་དང་། ཕྱི་མ་ནི་རྒྱལ་བའི་དབང་པོ་ཀུན་མཁྱེན་ཀློང་ཆེན་པ་ཡིན་པར་རིག་འཛིན་འཇིགས་མེད་གླིང་པ་སོགས་ཀྱིས་གསུངས་པ་བཞིན་དུ། མཐར་ཐུག་གདོད་མའི་ས་ལ་གཤེགས་ཏེ་སྐུ་གསུམ་གྱི་བདག་ཉིད་འཇའ་ལུས་འཕོ༵་བ་ཆེ༵ན་པོ་ཅིར་ཡང་སྣང་བ་འོ༵ད་ཀྱི་སྐུ༵ར་སྨི༵ན་ནས་ནམ་མཁའ་ཇི་སྲིད་དུ་འགྲོ་དོན་མཛད་པར་འགྱུར་བས་རིག་འཛིན་བརྒྱུད་པའི་ཟབ་ལམ་འདི་བསྒོམ་པར་བྱའོ། །ཞེས་པའོ། །
གསུམ་པ། ཐ་མར་དགེ་བ་བསྟན་བཅོས་ཀྱི་མཇུག་གྲུབ་པའི་བྱ་བ་བཟང་པོ་ལ། ཇི་ལྟར་བརྩམ་པའི་ཚུལ་དང་། དེ་ལྟར་བརྩམས་པའི་དགེ་བ་གཞན་དོན་དུ་བསྔོ་བ་དང་། རྩོམ་པའི་ཡུལ་སོགས་བཤད་པ་དང་གསུམ་ལས། དང་པོ་ནི། རྩ་བ་ལས།
དེ་སྐད་གྲོང་ཚིག་དུམ་ཆོད་སྙིང་གི་གཏམ། །
བློ་གསལ་དགྱེས་པའི་སྙན་ཚིག་བདོག་མིན་ཡང་། །
ཐོལ་བྱུང་ཀློང་རྡོལ་འདེམ་ཀ་སྤང་བ་འདི། །
སྔ་འགྱུར་རིག་འཛིན་བརྒྱུད་པའི་རང་གཤིས་ལགས། །
ཞེས་གསུངས་པའི་དོན་ཏེ། དེ་ལྟར་མདོ་སྔགས་དགོངས་དོན་ཀུན་གྱི་གནད་གཅིག་ཏུ་དྲིལ་བ་ཐར་བ་དང་ཐམས་ཅད་མཁྱེན་པའི་ལམ་ཆ་ཚང་བར་སྟོན་བྱེད་མན་ངག་གི་སྒོ་ནས་དེ༵་སྐ༵ད་དུ་སྨྲས་པ་འདིའང་། ཡིད་དབང་འཕྲོག་པའི་སྙན་ཚིག་གི་རྒྱན་དུ་མ་བཀོད་པར་མཆོག་དམན་ཀུན་གྱིས་ཤིན་ཏུ་གོ་སླ་བའི་གྲོ༵ང་ཚི༵ག་ཕལ་བའི་སྐད་རྣམས་དུ༵མ་ཆོ༵ད་དུ་བྱས་ཏེ་ཚིགས་སུ་བཅད་པའི་སྒོ་ནས་སྙིང་དུ་སྡུག་པའི་བུ་ལ་མ་ཡིས་ཤ་ཚའི་སྙི༵ང་གི༵་གཏ༵མ་བཞིན་དུ་བརྩེ་བ་ཆེན་པོས་གདམས་པ་འདི་ལའང་བློ༵་གས༵ལ་སྙན་ཚིག་ལ་དགའ་བ་རྣམས་ཚིག་སྒྲོས་ཙམ་གྱི་ཆ་ནས་དགྱེ༵ས་པ༵་སྐྱེད་ནུས་པའི༵་སྙ༵ན་ངག་གི་ཚི༵ག་ཕྲེང་སྣ་ཚོགས་ཀྱི་མཛེས་རྒྱན་བདོ༵ག་པ་སྟེ་ཡོད་པ་མི༵ན་ན་ཡ༵ང་། དོན་གྱི་ཆ་ནས་ནི་སྐབས་འདིར་འཇམ་དཔལ་ཐུགས་ཀྱི་བྱིན་རླབས་ཡིད་ལ་སྨིན་པའི་མཐུ་ཉིད་ལས། སྡུག་འབད་ཀྱི་སྒོ་ནས་རྟོག་བཟོ་མིན་པར་གློ་བུར་ཐོ༵ལ་བྱུ༵ང་གི་ཚུལ་དུ་རིག་སྟོང་ཆོས་སྐུའི་ཀློ༵ང་མཛོད་ལ་དབང་བསྒྱུར་ནས་རྩོལ་མེད་དུ་རྡོ༵ལ་བ་རྣམས་བཅས་བཅོས་མི་དགོས་པར་ཐད་ཀར་ཡི་གེར་བཀོད་པ་ལས། ཚིག་དང་དོན་གྱི་བཟང་ངན་ལ་རྣམ་རྟོག་གི་དཔྱད་པ་མང་པོའི་འདེ༵མ་ཀ༵་སྤ༵ང་བ༵་སྟེ་འདེམ་སྒྲིག་མི་བྱེད་པ་འདི༵་ནི། གསང་སྔགས་སྔ༵་འགྱུ༵ར་བའི་གྲུབ་བརྙེས་ཀྱི་སྐྱེས་ཆེན་དམ་པ་རི༵ག་འཛི༵ན་བརྒྱུད༵་པ་དང་བཅས་པ་རྣམས་ཀྱིས་རྩོལ་མེད་དགོངས་གཏེར་གྱི་བསྟན་བཅོས་མཛད་པའི༵་ར༵ང་གཤི༵ས་སམ་བརྒྱུད་པ་གོང་མའི་རྣམ་ཐར་ན་གསལ་བ་བཞིན་དུ་ཐུན་མོང་མིན་པའི་ཁྱད་ཆོས་ལ༵གས་སོ། །ཞེས་པའོ། །
གཉིས་པ། རྩ་བ་ལས།
དགེ་བ་འདི་ཡིས་མ་ལུས་འགྲོ་བ་རྣམས། །
སྐུ་བཞིའི་རྒྱལ་ཐབས་མཆོག་ལ་དབང་འབྱོར་ཞིང་། །
བདག་ཀྱང་འཇམ་དཔལ་དཔའ་བོའི་སྙིང་སྟོབས་དང་། །
སྐད་ཅིག་ཙམ་ཡང་འབྲལ་བར་མ་གྱུར་ཅིག །
ཅེས་གསུངས་པའི་དོན་ཏེ། དེ་ལྟར་བརྩམས་པའི་ལེགས་པར་བྱས་པའི་དགེ༵་བ༵འི་རྩ་བ་འདི༵་ཡི༵ས་ནི།
ཕྱོགས་བཅུ་འཇིག་རྟེན་གྱི་ཁམས་མ༵་ལུ༵ས་པ་ན་གནས་པའི་མཐའ་ཡས་པའི་འགྲོ༵་བ༵་རྣ༵མས་གནས་སྐབས་ལྷ་དང་མིའི་བདེ་འབྲས་ཕུན་སུམ་ཚོགས་པ་ལ་ལོངས་སྤྱད་ཅིང་། མཐར་ཐུག་སྐུ༵་བཞི༵་ཡེ་ཤེས་ལྔའི༵་བདག་ཉིད་སངས་རྒྱས་ཀྱི་ཡོན་ཏན་རྒྱ་མཚོ་ལྟ་བུའི་རྒྱ༵ལ་ཐ༵བས་མཆོ༵ག་ཏུ་གྱུར་བ་ལ༵་མངའ་དབ༵ང་འབྱོ༵ར་ཞི༵ང་། རྩོམ་པ་པོ་བད༵ག་ཀྱ༵ང་དེང་ནས་བཟུང་སྟེ་འགྲོ་ཁམས་ཀྱི་རྒྱ་མཚོ་མ་སྟོངས་བར་རྒྱལ་སྲས་འཇ༵མ་དཔ༵ལ་དཔའ་བོས་ནམ་མཁའ་ཇི་སྲིད་དུ་འགྲོ་དོན་མཛད་པར་དམ་བཅས་པ་ལྟར་བརྩོན་ཏེ། དེའང་མདོ་སྡུད་པ་ལས། བདག་གིས་བདེ་བ་བཏང་ནས་རེ་བ་མེད་སེམས་ཀྱིས། །སེམས་ཅན་གཞན་གྱི་དོན་ལ་ཉིན་མཚན་མེད་པར་བརྩོན། །བུ་གཅིག་པ་ལ་མ་ནི་རིམ་གྲོ་བྱེད་པ་ལྟར། །བསམ་པ་ཐག་པས་རྣམ་པར་སྐྱོ་མེད་གནས་པར་བྱ། །ཞེས་དང་། སྡོང་པོ་བཀོད་པ་ལས། བདག་གི་མིང་ལན་གསུམ་དྲན་པས་འཁོར་བའི་ནང་དུ་བག་ཚའི་འཇིགས་པ་མེད་པར་གྱུར་ཅིག སེམས་ཅན་འགའ་ཞིག་སེམས་འཕྱོས་པས་ཀྱང་བདག་གི་མིང་འཛིན་པར་བྱེད་ན། དེར་སྡུག་བསྔལ་རྣམ་པ་ཐམས་ཅད་དུ་མི་འབྱུང་ངོ་། །ཞེས་སོགས་དང་། ཡེ་ཤེས་དམ་པས་ཞུས་པ་ལས། ཉེས་པ་གང་བྱུང་ཡང་བདག་ཚེ་འདི་ཉིད་དུ་དམན་པའི་མྱང་འདས་མངོན་སུམ་བྱས་ན་མི་རིགས་པས་ངས་སེམས་ཅན་སྨིན་པར་བྱ་བའི་ཕྱིར་ཕྱི་མའི་བར་དུ་འཁོར་བར་འཁོར་བར་བྱ་ཞིང་ཞུམ་པར་མི་བྱ། ཞེས་སོགས་དང་། སྤྱོད་འཇུག་ལས། ནམ་མཁའ་ཇི་སྲིད་གནས་པ་དང་། །འགྲོ་བ་ཇི་སྲིད་གནས་གྱུར་པ། །དེ་སྲིད་བདག་ནི་གནས་གྱུར་ནས། །འགྲོ་བའི་སྡུག་བསྔལ་སེལ་བར་ཤོག །ཅེས་འཁོར་བ་ཇི་སྲིད་དུ་འགྲོ་དོན་མཛད་པར་མ་ཟད་དེ་ལ་ལྷག་པར་དགའ་བས་འཇུག་སྟེ་མདོ་རྒྱན་ལས། དེ་ཡི་ཆོས་ཀུན་སྒྱུ་མ་ལྟ་བུ་དང་། །སྐྱེ་བ་སྐྱེད་མོས་ཚལ་འགྲོ་ལྟར་རྟོགས་ནས། །འབྱོར་བའི་དུས་དང་རྒུད་པའི་དུས་ནའང་འདིར། །ཉོན་མོངས་སྡུག་བསྔལ་དག་གིས་འཇིགས་པ་མེད། །ཅེས་དང་། ཞི་བ་ལྷས། དེ་ལྟར་རྒྱུད་ནི་གོམས་གྱུར་པ། །གཞན་གྱི་སྡུག་བསྔལ་ཞི་དགའ་བས། །པདྨའི་མཚོ་ལ་ངང་བ་ལྟར། །མནར་མེད་པར་ཡང་འཇུག་པར་འགྱུར། །ཞེས་གསུངས་པ་ལྟར་ཞུམ་པ་མེད་པའི་སྙི༵ང་སྟོ༵བས་མཆོག་ད༵ང་ཐ་ན་སྐ༵ད་ཅི༵ག་ཙ༵མ་དུ་ཡ༵ང་འབྲ༵ལ་བ༵ར་མ༵་གྱུར་བར་བསྟན་པ་དང་འགྲོ་བའི་དོན་ཆེན་འབད་མེད་ལྷུན་གྱིས་འགྲུབ་པར་གྱུ༵ར་ཅི༵ག་ཅེས་པའོ། །དེ་ལྟར་བྱང་ཆུབ་ཀྱི་དགེ་རྩ་དང་འབྲེལ་བའི་བསྔོ་བ་ཁྱད་པར་ཅན་ཏེ། རྒྱུད་དཔུང་བཟང་ལས། དཔེར་ན་ཆུ་ཀླུང་རྒྱ་མཚོར་ཕྱིན་པ་ན། །ལན་ཚྭའི་རོ་ནི་གཅིག་ཏུ་གྱུར་བ་ལྟར། །དེ་བཞིན་བྱང་ཆུབ་ཕྱིར་ནི་བསྔོ་བ་ཡི། །བསོད་ནམས་རྒྱལ་བའི་རོ་ནི་གཅིག་ཏུ་འགྱུར། །ཞེས་དང་། མངོན་རྟོགས་རྒྱན་ལས། ཡོངས་སུ་བསྔོ་བ་ཁྱད་པར་ཅན། །དེ་ཡི་བྱེད་པ་མཆོག་ཡིན་ནོ། །ཞེས་གསུངས་པ་བཞིན་ནོ། །
གསུམ་པ་ནི། རྩ་བ་ལས། ཞེས་པ་འདི་ནི་ཞེས་སོགས་ཀྱི་དོན་དེ་ལ་དབྱེ་ན། ཡུལ་གང་དུ་མཛད་པ་དང་། མཛད་པ་པོ་སུ་ཡིན་པ། དུས་ནམ་ཡིན་པ་དང་གསུམ་ལས། དང་པོ། དེ་ལ་སྙིང་གཏམ་སྙིང་གི་ཐིག་ལེ་ཞེ༵ས་བྱ་བ༵་འདི༵་ཉིད་མཛད་པའི་ཡུལ་ནི༵། དེ་བཞིན་གཤེགས་པ་ཤིན་ཏུ་རྒྱས་པའི་སྡེ་སྣོད་སངས་རྒྱས་ཕལ་པོ་ཆེའི་རྒྱ་ནག་མིའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཞུགས་གནས་ལུང་བསྟན་པའི་ལེའུ་ལས། བྱང་ཤར་གྱི་མཚམས་སུ་རི་བོ་དྭངས་བསིལ་ཞེས་བྱ་བ། བསྐལ་པ་དང་པོའི་དུས་ནས་བྱང་ཆུབ་སེམས་དཔའི་ཚོགས་ཡང་དག་པར་འདུ་བའི་གནས་ཡིན་ཏེ། ད་ལྟ་ཡང་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་རང་གི་འཁོར་བྱང་ཆུབ་སེམས་དཔའ་སྟོང་ཕྲག་བཅུའི་ཚོགས་དང་བཅས་པས་གནས་དེར་རྟག་ཏུ་གནས་ཤིང་། དམ་པའི་ཆོས་རྒྱ་ཆེར་སྟོན་བཞིན་བཞུགས་སོ། །ཞེས་དང་། ཡང་ལུང་དེ་ལས། ཙི་ནའི་ཡུལ་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཞུགས་གནས་ཕོ་བྲང་ཞིག་ཡོད་པའི་མིང་ལ་སྲེད་མེད་བུའི་བྲག་ཁུང་ཞེས་བྱ་བ། བསྐལ་པ་དང་པོའི་དུས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འཚོགས་ཤིང་བཞུགས་པའི་གནས་ཡིན་ནོ། །ཞེས་གསུངས་སོ། །
འདིར་སྲེད་མེད་བུའི་བྲག་ཁུང་ཞེས་པ་ནི་ད་ལྟ་ཤར་རིའི་རྩེའི་བྲག་ཁུང་རྒྱ་སྐད་དུ་ལོ་ཡན་ཁུའུ་ཟེར་ཞིང་། འཇམ་མགོན་ཉིད་ཀྱིས་ཁྲིད་ཡིག་སངས་རྒྱས་ལག་སྟེར་སོགས་འཇམ་དཔལ་ཞི་སྒྲུབ་སྐོར་དང་། རྒྱུད་འགྲེལ་སོགས་མཛད་པའི་གནས་ཡིན་ནོ། །ཡང་གཟུངས་རིན་པོ་ཆེའི་གཏེར་མཛོད་མཁན་ཆེན་བྱང་ཆུབ་སེམས་དཔའི་འགྱུར་ལས། དེ་ནས་བཅོམ་ལྡན་འདས་ཀྱིས་གསང་པའི་བདག་པོ་ལག་ན་རྡོ་རྗེ་ལ་བཀའ་བསྩལ་པ། ང་ཉིད་མྱ་ངན་ལས་འདས་པའི་འོག་ཏུ། བྱང་ཤར་གྱི་མཚམས་སུ་མ་ཧཱ་ཙི་ན་ཞེས་བྱ་བའི་ཡུལ་ཆེན་པོ་ཡོད་པ་དེར་ལྷུན་པོ་རྩེ་མོ་ལྔ་པ་ཞེས་བྱ་བའི་རི་བོ་ཡོད་ལ། དེ་ན་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་སྤྱོད་ལམ་ཅི་བདེ་བའི་ཚུལ་གྱིས་གནས་ཏེ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར་དམ་པའི་ཆོས་རབ་ཏུ་སྟོན་ཅིང་རྒྱ་ཆེར་འཆད་པར་འགྱུར་རོ། །ཞེས་དང་། གཞན་ཡང་བཀའ་དང་བསྟན་བཅོས་རྣམས་ལས་ཡང་ཡང་བསྔགས་པའི་འཇམ་དབྱངས་སྤྲུལ་པའི་ཞིང་མཆོག་རྒྱ༵་ན༵ག་རི༵་བོ༵་རྩེ༵་ལྔ༵འི་ཤར་རིའི་རྒྱུད་དུ་གཏོགས་པ་ཡ༵ང་གསང་ཉམས་དགའ་བའི་དབེ༵ན་གནས་བྱིན་རླབས་ཀྱི་སྤྲིན་ཕུང་འཁྲིགས་ཤིང་དངོས་གྲུབ་ཀྱི་འཇའ་ཚོན་བཀྲ་བ། སྐྱེ་བོ་དུ་མ་ལ་འཇམ་དཔལ་གྱིས་ཞལ་ཡང་ཡང་གཟིགས་པས་བོད་རྒྱ་སོག་གསུམ་སོགས་ལ་ཞལ་གཟིགས་བ་གམ་གླིང་ཞེས་རླུང་ལྟར་གྲགས་པའམ། ཡང་ན་ལྷག་པའི་ལྷ༵་མཆོ༵ག་རྗེ༵་བཙུ༵ན་འཇ༵མ་དཔ༵ལ་གཞོ༵ན་ནུ༵ས་རྒྱ༵ལ་སྲ༵ས་ཁྲི༵་ཕྲ༵ག་གཅི༵ག་ལ༵་ཟ༵བ་པ་ཇི་ལྟ་བ་དང་རྒྱ༵ས་པ་ཇི་སྙེད་པའི་ཆོ༵ས་ཀྱི༵་འཁོ༵ར་ལོ་བསྐོ༵ར་བ༵ས་རྒྱལ་སྲས་ཁྲི་གླིང་ཞེས་ཡོངས་སུ་གྲགས་པའི༵་རི༵་རྩེ༵་ཉམས་དགའ་བ་དེར༵་མཛད་པའོ། །
གཉིས་པ་ནི། ངག༵་དབ༵ང་བློ༵་གྲོ༵ས་མཚུ༵ངས་མེ༵ད་དམ་ཡོངས་གྲགས་སུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་ཞེས་པ་རྒྱ་གར་གྱི་སྐད་དུ་ཨ་བྷྱ་ལཀྵཾ་ཀ་ར་སྟེ། འཇམ་དཔལ་རྩ་རྒྱུད་ལས། ཡི་གེ་ཨ་མིང་བདག་ཉིད་ཆེ། །སྟོན་པའི་བསྟན་པ་གཅེས་འཛིན་བྱེད། །བློ་ལྡན་ཡོན་ཏན་ཀུན་གྱིས་བཀུར། །ཐམས་ཅད་བྱང་ཆུབ་ལུང་བསྟན་ཏེ། །ང་ཡི་བྱང་ཆུབ་མཆོག་འཐོབ་འགྱུར། །འཇིག་རྟེན་ཀུན་གྱི་སྦྱིན་གནས་འགྱུར། །སྲིད་པ་གསུམ་གྱི་མཐའ་ཡང་བྱེད། །སྔགས་དང་རྒྱུད་ལ་མངོན་བརྩོན་པས། །གྲགས་པ་འཛིན་པར་ཤེས་པར་བྱ། །ཞེས་དང་། པདྨའི་ལུང་བྱང་རབ་གསལ་འཕྲུལ་གྱི་མེ་ལོང་ལས། ད་ལྟ་སྔགས་པ་རྡོ་རྗེ་བདུད་འཇོམས་ཀྱི། །སྤྲུལ་པའི་སྐྱེས་བུ་ཁམས་ཕྱོགས་ཉག་གི་སྟོད། །ཆུ་ཆེན་གཡས་ཟུར་གངས་རི་རྩེ་གསུམ་གྱི། །
མདུན་དུ་བརྟུལ་ཞུགས་ཅན་གྱི་སྐལ་ལྡན་ནི། །འབྲུག་གི་ལོ་ཅན་ལས་རབ་གླིང་པ་ཞེས། །བླ་མེད་གསང་ཆེན་ལམ་ལ་གནས་པ་འབྱུང་། །ཞེས་སོགས་ནས། དེའི་འོག་མདོ་ཁམས་སྨད་དུ་ཨ་ཡི་མིང་། །སྡེ་སྣོད་འཛིན་པ་བྱ་ཡི་ལོ་པ་འབྱུང་། །ཞེས་སོགས་གསུངས་ལ། དེ་བཞིན་འབྲེལ་ཚད་ཀྱི་སེམས་ཅན་བདེ་བ་ཅན་དུ་འགོད་པར་ཡང་། རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་མ་འོངས་ལུང་བསྟན་ལས། གསེར་རྔ་དམ་ལྷ་ཡི་བླ་ལུང་དུ། །དཔལ་ཨོ་རྒྱན་གྱི་སྤྲུལ་པ་འཇིགས་མེད་མཚན། །འཁོར་རྣམ་བཞིའི་བྱང་སེམས་སྡེ་ཚོགས་ལ། །ཆོས་མདོ་སྔགས་ཀྱི་བསྟན་པ་ཉི་བཞིན་གསལ། །ཁོང་འགྲོ་དོན་ས་བརྟན་སྤོ་ལ་རེག །འཁོར་དག་པའི་གདུལ་བྱ་ཕྱོགས་བཅུར་ཁྱབ། །དེར་འབྲེལ་ཀུན་བདེ་ཆེན་ས་ལ་འགོད། །ཅེས་སོགས་གཞན་ཡང་གཏེར་ལུང་ཚད་མེད་པས་བསྔགས་པ་དེ་ནི་གཞུང་འདིའི་མཛད་པ༵་པོ་ཡིན་ནོ། །
གསུམ་པ་མཛད་པའི་དུས་ནི། དཔལ་ལྡན་ཕུག་པའི་ལུགས་ཀྱི་རབ་བྱུང་བཅུ་བདུན་པའི་ཐོག་མ་སྟེ། དད་ལྡན་བོད་རིགས་ཁྲི་ཕྲག་གི་གཙོས། རྒྱ་དང་སོག་པོ། མན་ཇུ། དབྱིན་རིགས་སོགས་འཁོར་གྲངས་མེད་པར་འདུས་ཏེ་གནས་དེར་སྨོན་ལམ་བཏབ་པའི་དུས་བཟང་པོ་འབྱུང་བ་སུམ་ལྡན་མེ་མོ་ཡོས་ཀྱི་ལོ་ཡིན་ནོ། །
དེའང་མདོ་ཕལ་པོ་ཆེ་ལས་གསུངས་པའི་གཞོན་ནུ་ནོར་བཟང་གིས་དགེ་བའི་བཤེས་གཉེན་བརྒྱ་རྩ་བཅུ་བསྟེན་ནས་མཐར་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གསུང་སྐབས་འཇམ་དཔལ་བཞུགས་པའི་སྒྲུབ་ཕུག་ནས། རྒྱལ་ཀུན་མཁྱེན་པའི་རང་གཟུགས་ཀུན་མཁྱེན་མི་ཕམ་རྒྱ་མཚོ་ཞིང་འདི་ལས་དགོངས་པ་ཆོས་སྐུའི་དབྱིངས་སུ་བསྟིམས་ཚུལ་མཛད་པའི་དུས་ཆེན་ཏེ་ས་ག་ཟླ་བའི་ཚེས་ཉེར་དགུ་ལ་འཇམ་དཔལ་དབྱངས་ཀྱི་ཞལ་མངོན་སུམ་དུ་གཟིགས་པ་ཡིན་ནོ། །
དེ་ནས་སྣྲོན་ཟླའི་ཚེས་གཅིག་ལ་ཕུག་པ་དེའི་ཤར་ཕྱོགས་ཀྱི་ཉེ་འགྲམ་དུར་ཁྲོད་ཆེན་པོ་བསིལ་སྦྱིན་དང་ཉེ་བའི་རྒྱལ་སྲས་ཁྲི་གླིང་དེར་ཕྱིན་ཏོ། །དེ་ནས་ཚེས་གསུམ་གྱི་སྔ་དྲོར་ཤར་ཕྱོགས་ནས་ཉིན་བྱེད་གཞོན་ནུས་འཛུམ་ཕྲེང་ལམ་ལམ་དུ་ངོམ་བཞིན་དྲི་བྲལ་ནམ་མཁའི་ལམ་ནས་དལ་གྱིས་རྒྱུ་བ་ལ་སྤྲིན་དཀར་མཛེས་པའི་འོད་རིས་ཀྱི་བླ་བྲེ་ཕྱོགས་སུ་འཐེན་ཞིང་། ཁོར་ཡུག་ཀུན་ཏུ་རྨ་བྱ་སྒེག་མོའི་སྒྲོ་མདངས་འཕོས་པའི་མཚར་སྡུག་ནེའུ་གསིང་གཡུ་ཡི་དགའ་ཚལ་ན། བསིལ་ལྗོངས་ཀྱི་ཞིང་ན་མེད་པའི་ཟོས་ན་ཚེ་རབས་དྲན་ཞིང་བློ་གྲོས་ཀྱི་རྩལ་ཁ་ཕྱོགས་མེད་དུ་རྒྱས་པའི་དཀར་དམར་འཇམ་དཔལ་མེ་ཏོག་སྣ་ཚོགས་ལ་སྦྲང་རྩིའི་ཐིག་ལེ་འབུམ་གྱི་འཛུམ་དཀར་གཡོ་བའི་ལྡིང་ཁང་དེར། རྐང་དྲུག་བུ་མོའི་ཚོགས་ཀྱང་གདངས་སྙན་གླུ་ཡིས་བྲེལ་ཞིང་ཡིད་འོང་ཕྱེ་མ་ལེབ་ཀྱང་བྲོ་གར་གྱིས་གཡེངས་ཏེ་ཀུན་ནས་རྩེན་པ་དང་། འཇམ་མཉེན་ལྕུག་ཕྲན་གཡོ་བའི་གཡུ་ལྗོན་གྱི་རྩེ་ན་རབ་མཛེས་ཁུ་བྱུག་གཞོན་ནུའི་མགྲིན་པ་ཀུ་མུད་དཀར་པོའི་དགའ་ཚལ་ལ་སྙན་འཇེབས་ངག་གི་དཔལ་མོའི་ཟླ་ཟེར་གྱིས་འཁྱུད་དེ། ཡིད་འཕྲོག་རོལ་མོ་འབུམ་གྱི་འགྱུར་ཁུག་ལྷང་ལྷང་དུ་དགོད་པས་སྐྱེ་དགུ་རྣམས་ཀྱི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་པའི་དུས་སུ། དཀར་གསལ་ཟླ་གཞོན་འཛུམ་པའི་ཞལ་ཁྱིམ་ཡང་རེ་ཞིག་སྐྱེངས་པའི་ཚུལ་གྱིས་མཚར་སྡུག་ཆུ་ལྷའི་ཕང་བར་འབྲོ་བ་ལ་དོགས་པའི་ལྷ་གུར་གྱི་ནང་ནས་དུ༵ས་ཚོ༵ད་སྐ༵ར་མ༵་ཉེ༵ར་གསུ༵མ་གྱི༵་ཡུ༵ན་ལ༵་ཤ༵ར་མ༵ར་སྤེ༵ལ་བ༵་དགེ༵འོ། །ཞེས་པའོ། །
སླར་སྨྲས་པ།
དུས་གསུམ་རྒྱལ་བ་ཀུན་གྱི་དགོངས་པའི་བཅུད། །
འཇམ་དབྱངས་བླ་མའི་ཐུགས་ཀྱི་འོ་མཚོ་ལས། །
ཕྱུང་བའི་འདོད་འབྱུང་ཡིད་བཞིན་ནོར་བུ་འདི། །
བསོད་ནམས་ལྡན་པ་ཁོ་ནའི་དཔལ་དུ་འགུགས། །
ཁོ་བོའི་རྗེས་འཇུག་སྐལ་ལྡན་སློབ་བུ་དང་། །
མ་འོངས་འབྱུང་འགྱུར་དད་ལྡན་ཚོགས་རྣམས་ལ། །
ཤ་ཚའི་སྙིང་གཏམ་འདི་ཉིད་གདམས་པ་ལས། །
གཞན་པའི་མན་ངག་མེད་ཅེས་ཡང་ཡང་གསུངས། །
འདི་ཡང་རྟོག་བཟོའི་བསྲེས་བསླད་མ་ཞུགས་པར། །
རྩོལ་མེད་རིག་ཁམས་ཆོས་སྐུའི་ཀློང་ཡངས་ནས། །
འཇམ་དཔལ་དཔའ་བོའི་བྱིན་རླབས་གདངས་རྩལ་ལས། །
ཤར་བའི་ཆོས་འདི་བྱིན་རླབས་ཆེ་ཞེས་གསུངས། །
ཨེ་མ་གང་ཞིག་ལམ་བཟང་འདི་བོར་ནས། །
གཞན་ཞིག་འཚོལ་བའི་ངལ་བ་ལྷུར་ཞེན་པ། །
བླུན་པོས་ཙན་དན་ས་མཆོག་བོར་ནས་སུ། །
ཤིང་གཞན་འཚོལ་བའི་རྣམ་ཐར་མ་ལགས་སམ། །
བྱིས་པའི་རྣམ་རྟོག་རི་མོར་སྤེལ་བ་ལ། །
རང་གཞན་ཀུན་ལ་དགོས་པ་མེད་མོད་ཀྱང་། །
ཁུངས་དག་ལུང་དང་བླ་མའི་ཞལ་རྒྱུན་རྣམས། །
འདི་རུ་བྲིས་ལ་ཡིད་རྟོན་ཅིས་མི་རིགས། །
འོན་ཀྱང་ཆོས་འདིའི་ཕྱི་ནང་གསང་བའི་དོན། །
ས་བཅུའི་སེམས་དཔས་ཇི་བཞིན་གཞལ་མིན་ན། །
བདག་འདྲས་བསྐལ་པ་སྟོང་དུ་འབད་བྱས་ཀྱང་། །
ཕྱོགས་ཙམ་མིན་འདི་ཀུན་གྱི་ཐུགས་ལ་མངའ། །
བདག་ནི་ཟབ་མོའི་དོན་གང་རྟོགས་མིན་པས། །
བསྟན་བཅོས་རྩོམ་པའི་གྲགས་སྙན་བྲག་ཆ་ཡི། །
ཡིད་འཕྲོག་དྲི་ཟའི་རོལ་མོར་བསྙེགས་མིན་ཡང་། །
ཟབ་ཆོས་འདི་ལ་འབྲེལ་བ་འཇོག་ཕྱིར་བྲིས། །
རྒྱལ་དང་རྒྱལ་སྲས་བདེན་ཚིག་གྲུབ་པའི་གསུང་། །
དེང་སང་ཕལ་ཆེར་རང་གར་ལུས་མཐོང་ན། །
རྨོངས་པའི་སྨྱོན་ལས་གཞན་དོན་འགྱུར་དཀའ་ཡང་། །
རང་བློ་ལེགས་བཤད་གནས་ལ་གོམས་ཕྱིར་བྲིས། །
སྨྲ་ལ་དགའ་བའི་རྟོག་གེ་ཁ་ཅིག་གིས། །
འཇམ་དཔལ་མིའི་གཟུགས་སྤྲུལ་པའི་གསུང་ལ་ཡང་། །
ཐར་བ་མེད་ཅེས་ཅ་ཅོ་སྒྲོག་མཐོང་ན། །
ཚུལ་འདིས་མགུ་ཐབས་དཀའོ་གྲོགས་པོ་དག །
རྡོ་རྗེའི་ཚིག་གི་དགོངས་གཏེར་ཟབ་མོ་ལ། །
བྱིས་བློའི་དྲི་མས་རྙོག་པར་བྱས་པ་རྣམས། །
རྡོ་རྗེ་མཆེད་དང་ཆོས་སྐྱོང་སྲུང་མ་ལ། །
སྙིང་ནས་འཆགས་ན་བཟོད་པར་མཛད་དུ་གསོལ། །
འདིར་འབད་རྣམ་དཀར་ཉི་མའི་འོད་ཕྲེང་གིས། །
མུ་མེད་སྲིད་པའི་གདུང་བ་ཀུན་འཕྲོག་ཅིང་། །
རྣམ་དག་བདེ་ཆེན་ཞིང་དུ་དབུགས་དབྱུང་ནས། །
འཇམ་དབྱངས་བླ་མའི་གོ་འཕང་མྱུར་ཐོབ་ཤོག །
བདག་ཀྱང་དེང་ནས་སྒོ་གསུམ་བྱེད་རྩོལ་ཀུན། །
རྣམ་པ་སྣ་ཚོགས་ཐབས་ཀྱིས་འགྲོ་བ་ལ། །
ཕན་པར་སྒྲུབ་པ་ཁོ་ནའི་སྤྱོད་པ་ཅན། །
འཇམ་མགོན་ཁྱོད་དང་སྐལ་བ་མཉམ་པར་སྨོན། །
མགོན་ཁྱོད་ཞིང་ཁམས་གང་དུ་སྤྲུལ་བ་ན། །
ཉམ་ཆུང་བདག་ཀྱང་འབྲལ་མེད་རྗེས་བཟུང་ནས། །
རྣམ་དག་ཁྲིམས་ཀྱི་པད་དཀར་དྲི་བསུང་གིས། །
རབ་འབྱམས་རྒྱལ་ཀུན་མཉེས་པའི་དཔྱིད་དུ་སྨོན། །
ཞེས་སྙིང་གཏམ་སྙིང་གི་ཐིག་ལེའི་ཚིག་འགྲེལ་འདིའང་བཀའ་དྲིན་མཚུངས་པ་མེད་པའི་འཇམ་མགོན་བླ་མ་ཡིད་བཞིན་ནོར་བུ་ཉིད་ཀྱི་ཞལ་སྔ་ནས་ལན་དུ་མར་ཁྲིད་གནང་བགྱིས་ཏེ་ཞལ་གསུང་གི་བདུད་རྩི་སྤྱི་བོར་སོན་པའི་སྐལ་བ་དང་ལྡན་ཞིང་། ཟབ་ཆོས་འདིར་ཚིག་ཙམ་གྱིས་ཀྱང་བག་ཆགས་ཕྲན་བུ་རེ་འཇོག་སྙམ་པའི་མོས་འདུན་རེ་བྱུང་ནའང་། རང་ཉིད་ཚུལ་འདི་ལ་འཇུག་པའི་མཚན་ཉིད་ཀྱི་ཕྱོགས་ཙམ་ཡང་མི་ལྡན་པ་ལེགས་པར་ཤེས་ནས་རེ་ཞིག་བཞག་ཀྱང་། ཕྱིས་སུ་སྐྱབས་རྗེ་མཆོག་ཉིད་ཀྱིས་ཚུལ་འདི་འབྲི་བའི་བཀའ་གནང་དང་ཁྱད་པར་དུ་འདི་ལ་འགྲེལ་བ་ཞིག་བྲིས་ན་ཚེ་རབས་ཀུན་ཏུ་རྗེས་སུ་འཛིན་ཅིང་མི་འབྲལ་བའི་རྟེན་འབྲེལ་ཡོད་ཅེས་ཡང་ཡང་གསུང་གི་དབུགས་དབྱུང་ཐོབ་པ་དང་། གཞན་ཡང་མཆེད་གྲོགས་དམ་པ་དུ་མས་ཀྱང་ཡང་ཡང་གསུང་གིས་བསྐུལ་བ་ལ་བརྟེན་ནས། ཆོས་རྗེ་མཆོག་གིས་རྒྱ་ནག་དང་བོད་དུ་གསུང་སྐབས་ཟིན་བྲིས་ཐོར་བུ་བྱས་པ་རྣམས་ལ་གཞིར་བྱས་ཏེ་འཇའ་ལུས་པ་བཅུ་གསུམ་བྱོན་པའི་གདན་ས་ཁྱད་པར་ཅན་གསང་ཆེན་འོད་སྐུར་གྲོལ་བའི་ཡང་དབེན་གྱི་འདོད་དགུ་ཀུན་འབྱུང་གླིང་ནས། མདོ་གྲྭ་བསོད་དར་རྒྱས་སུ་འབོད་པའམ་སྐབས་འདིར་འཇམ་མགོན་བླ་མ་མཆོག་གིས་ངག་དབང་ཚུལ་ཁྲིམས་དྲི་མེད་དུ་བཏགས་པ་དེས་དམུས་ལོང་གཟུགས་ལ་དཔྱོད་པའི་ངང་ཚུལ་གྱིས། རང་ལོ་ཉེར་དྲུག་པ་ཕྱི་ལོ་༡༩༨༨དེ་ས་འབྲུག་དཔྱིད་ཟླ་འབྲིང་པོའི་ཚེ་བཅོ་ལྔ་ལ་གྲུབ་པར་བགྱིས་པ་འདིས་ཀྱང་བདག་སོགས་འབྲེལ་ཐོགས་ཐམས་ཅད་ཚེ་རབས་ཀུན་ཏུ་བླ་མ་མཆོག་གིས་རྗེས་སུ་བཟུང་ནས་བསྟན་དང་འགྲོ་བའི་དོན་ལ་སྨན་པའི་རྒྱུར་གྱུར་ཅིག ཕྱིས་སུ་རང་ལོ་རེ་གསུམ་པར་ཞུ་དག་ཅུང་ཟད་བགྱིས་ཏེ་སླར་གཏན་ལ་ཕབ་པའོ། །མངྒ་ལཾ། ། ། །
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༩ རྡོ་རྗེ་ཕ་ལམ་གྱི་ཕྲེང་རྡོག་༣༦༥
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡ བསླབ་བྱ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༢ འོད་དཔག་མེད་ཀྱི་ཞིང་ཡིད་ལ་བྱེད་པའི་མདོ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༣ ས་ཡི་སྙིང་པོའི་རྩ་བའི་སྨོན་ལམ་གྱི་མདོ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༤ བཀྲ་ཤིས་པའི་མདོ་ཞེས་བྱ་བ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༥ ཕ་མའི་དྲིན་ལན་གཞལ་དཀའ་བའི་མདོ་ཞེས་བྱ་བ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༦ ཕ་མ་སྐྱོབ་པའི་མདོ་ཞེས་བྱ་བ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༧ བུ་མོ་མ་ཏཾ་གའི་མདོ་ཞེས་བྱ་བ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༨ ལུང་དག་ལྡན་ཞེས་བྱ་བ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༩ སངས་རྒྱས་འདའ་ཁའི་ཞལ་ཆེམས་ཀྱི་མདོ་ཞེས་བྱ་བ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༠ རབ་བྱེད་ཞེ་གཉིས་པའི་མདོ་ཞེས་བྱ་བ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༡ རབ་ཏུ་བྱུང་བའི་ཕན་ཡོན་ལ་བསྟོད་པ་ཚིགས་སུ་བཅད་པའི་མདོ་ཞེས་བྱ་བ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༢ བདེ་ཆེན་ཞིང་སྦྱོང་གི་བསྟན་བཅོས་ཚིགས་བཅད་མའི་རྣམ་པར་བཤད་པ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༣ རྒྱ་ནག་རི་བོ་རྩེ་ལྔའི་གནས་བཤད་མཐོང་ལྡན།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༤ སྙིང་གཏམ་སྙིང་གི་ཐིག་ལེའི་འགྲེལ་བ།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༥ དྲན་ངོགས་ཀྱི་ནུབ་བསྐྱོད།
མཁན་པོ་བསོད་དར་རྒྱས་ཀྱི་གསུང་འབུམ། ༡༦ དྲན་ངོགས་ཀྱི་རྨི་སྣང་།
འབྲེལ་ཡོད་ཀློག་དེབ།
སངས་རྒྱས་ཤཀྱཱ་ཐུབ་པ་ལ་ཕྱག་འཚལ་ལོ།།
只有你自己能看到